Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: January, 2019

༸གོང་ས་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་བྷི་ཧཱར་དང་ཨུཏྲཔྲདེཤ། དེ་བཞིན་མུམ་བའི། ལྡི་ལི་བཅས་ཀྱི་ནང་མང་ཚོགས་ལ་བཀའ་སློབ་དང་ཆོས་འབྲེལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་ནས་དེ་རིང་སྔ་དྲོ་ཆུ་ཚོད་ ༨༌༠༠ ཙམ་ལ་རྒྱ་གར་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་གྱི་ཉེ་འདབས་སུ་ཆགས་པའི་གྷ་གྷལ་གནམ་ཐང་ལ་༸ཞབས་སོར་བདེ་བར་འཁོད་སོང་།སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་བོད་པའི་གསར་འགོད་པ་ཚོར་ཐེངས་འདིའི་བདུན་ཕྲག་བཞི་ལྷག་ཙམ་གྱི་མཛད་འཕྲིན་དེ་ཏོག་ཙམ་རིང་དྲག་རྐྱེན་སྐུ་ཐང་ཆད་ཡོད་པ་དང་། ལྷག་པར་དུ་གནས་མཆོག་དོ་རྗེ་གདན་དུ་རྡུལ་ཐལ་མང་བའི་དབང་གིས་མང་ཚོགས་ཁྲོད་དུ་ནད་ཡམས་ལྟ་བུ་བྱུང་བ་བཞིན་༸གང་ཉིད་མཆོག་ལའང་༸སྐུའི་འཕྲོད་བཞེས་ལ་བདེ་མིན་ཕྲན་བུ་བྱུང་ཡོད་ཀྱང་། ད་ལྟར་༸སྐུ་ཁམས་གསལ་ཐང་ཡིན་ཞེས་བཀའ་བསྩལ་ཡོད། རྩ་བའི་གོང་ས་མཆོག་སྔར་ལོའི་ཕྱི་ཟླ་ ༡༢ ཚེས་ ༢ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་གྱིས་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་བྷི་ཧཱར་དང་ཨུཏྲཔྲདེཤ།  མུམ་བའི། དེ་བཞིན་ལྡི་ལི་བཅས་ཀྱི་ནང་མང་ཚོགས་ལ་བཀའ་སློབ་དང་ཆོས་འབྲེལ་གྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་ཡོད་པ་རེད།

༸གོང་ས་མཆོག་གིས་ལྕམ་ནན་སི་པེ་ལོ་སི་མཆོག་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོར་བསྐྱར་འདེམས་བྱུང་བར་འཚམས་འདྲི་མཛད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་ནན་སི་པེ་ལོ་སི་མཆོག་སྐབས་ ༡༡༦ པའི་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོར་བསྐྱར་དུ་བསྐོ་བཞག་བྱུང་བར་དགའ་བསུའི་འཚམས་འདྲི་མཛད་འདུག དེ་ཡང་ཁ་སང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་གནས་ཐོག་༸གོང་ས་མཆོག་གིས་འཚམས་འདྲིའི་གསུང་འཕྲིན་འདོན་སྤེལ་གནང་བའི་ནང་དུ། ཨ་རི་ནི་འཛམ་གླིང་རང་དབང་ལུང་པའི་སྣེ་ཁྲིད་རྒྱལ་ཁབ་ཅིག་ཡིན་པ་དང་། གཉན་འཕྲང་ཆེ་བའི་དུས་སྐབས་འདིར་ལྕམ་སྐུ་མཆོག་གིས་ཚོགས་གཙོའི་ལས་དོན་བརྒྱུད་ཁ་ཕྱོགས་བཟང་པོ་ཞིག་ཏུ་སྣེ་འཁྲིད་ཐུབ་རྒྱུ་ཡིན་པར་༸མགོན་པོ་མཆོག་ལ་ཡིད་ཆེས་བརྟན་པོ་ཡོད་པ་བཀའ་ནན་དང་སྦྲགས། བོད་ཀྱི་ལོ་རྒྱུས་ཁྲོད་ཆེས་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་ལྕམ་སྐུ་མཆོག་ནས་སེམས་ཐག་ཉེ་པོ་དང་བློ་གཅིག་སེམས་གཅིག་གི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་གནང་བ་དེ་ནི། བོད་མི་རྣམས་ལ་རེ་བ་དང་སྙིང་སྟོབས། དེ་བཞིན་བོད་དོན་བདེན་མཐའ་གསལ་རྒྱུའི་རེ་བ་སྐྱེ་གཞི་ཞིག་ཡིན་པ་བཀའ་གནང་འདུགལྷག་པར་དུ་དེང་སྐབས་བོད་ནང་སྡུག་སྦྱོང་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་གཙོས་མ་འོངས་ངེས་གཏན་མེད་པར་འགྱུར་བ་ཆེན་པོ་འགྲོ་བཞིན་པའི་དུས་སྐབས་འདིར། མཐར་དྲང་བདེན་དང་རྒྱུ་མཚན་ལ་བརྟེན་ནས་མི་སྡེའི་སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཞིང་རྒྱས་པ་ཞིག་ཡོང་རྒྱུ་ཡིན་པར་༸མགོན་པོ་མཆོག་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་བཀའ་གནང་འདུག དེ་ཡང་ཉེ་ཆར་ཨ་མི་རིའི་ཀའི་སྲིད་འཛིན་ལས་ཡུན་གྱི་བར་མའི་འོས་བསྡུའི་ཁྲོད། ཨ་རིའི་མང་གཙོ་ཚོགས་པར་མང་མོས་རྒྱལ་ཁ་ཐོབ་ཡོད་པ་དང་། ཁ་སང་ཚེས་ ༣ ཉིན་སྐབས་ ༡༡༦ ཨ་རིའི་གྲོས་ཚོགས་ཀྱི་ལས་ཡུན་དབུ་འཛུགས་ཐོག་འཐུས་མི་གསར་འདེམས་བྱུང་བ་རྣམས་ཀྱིས་དམ་འབུལ་ཞུས་པ་དང་། སྐབས་ ༡༡༦ པའི་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིར་སླར་ཡང་འདེམས་ཐོན་བྱུང་བའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནེན་སི་པེ་ལོ་སི་མཆོག་ལ་མང་མོས་ཀྱི་ཐོག་ནས་གྲོས་ཚོགས་ཀྱི་ཚོགས་གཙོར་འདེམས་བསྐོ་བྱུང་ཡོད་པ་རེད། ལྕམ་ནེན་སི་པེ་ལོ་སི་མཆོག་ཕྱི་ལོ་ ༡༩༨༧ ལོར་ཐོག་མར་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་བ་དང་། ཕྱི་ལོ་༢༠༠༧ ལོར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམས་ཐོན་བྱུང་བ་དང་འབྲེལ། ཨ་རིའི་ནང་དུ་བུད་མེད་ཚོགས་གཙོར་བསྐོ་བཞག་བྱུང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། རྩ་བའི་ལྕམ་ནེན་སི་པེ་ལོ་སི་མཆོག་ནི་ཡུན་རིང་ནས་བོད་དོན་དང་བོད་མིའི་གནས་སྟངས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེར་གནང་མཁན་ཞིག་དང་། ལྷག་པར་དུ་༧གོང་ས་མཆོག་ལ་གུས་བཀུར་ཆེ་བསྟོད་ཞུས་མཁན་ཞིག་ཡིན་པ་རེད། ལྕམ་ནན་སི་པི་ལོ་སི་མཆོག་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོར་བསྐྱར་འདེམས་བྱུང་བར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཀྱང་། གཞུང་འབྲེལ་དྲ་གནས་བརྒྱུད་བོད་མིའི་སྒྲིག་འཛུགས་ཡོངས་ཀྱི་ཚབ་ཞུས་ཏེ་ལྕམ་སྐུ་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་འདུག་པ་དང། ད་རེས་ཁོང་བསྐྱར་འདེམས་བྱུང་བ་དེ་ནི་ཁོང་གིས་ཨ་རིའི་རྒྱལ་ཁབ་ཀྱི་རིན་ཐང་ལ་གཞིགས་པའི་དབུ་ཁྲིད་བཟང་པོའི་བྱ་བཞག་གི་མཚོན་རྟགས་ཤིག་ཡིན་པ་དང་། ད་ལན་ཁོང་ལ་རྒྱལ་ཁ་ཐོབ་བ་དེ་ནི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཡོངས་ཀྱི་རྒྱལ་ཁ་ཡིན་པ་གསུངས་འདུག ཁ་སང་ལྕམ་ནན་སི་པི་ལོ་སི་མཆོག་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོར་བསྐྱར་འདེམས་བྱུང་བ་དང་འབྲེལ། ཨ་རིའི་སྲིད་འཛིན་ Donald Trump མཆོག་གི་གཙོས་པའི་གནད་དོན་མི་སྣ་ཡོངས་ཀྱིས་ཁོང་ལ་འཚམས་འདྲི་གནང་མུས་ཡིན་པ་མ་ཟད། ངོ་དེབ་དང་ Twitter སོགས་སྤྱི་ཚོགས་དྲ་རྒྱ་ཐོག་ལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་དག་ཅིག་ནས། ལྕམ་སྐུ་མཆོག་ལ་དགའ་བསུའི་འཚམས་འདྲི་གནང་བཞིན་འདུག    

རེས་གཟའ་ཕུར་བུ། ༢༠༡༩།༠༡།༠༣

ཉན་པ།: Listen ཕབ་ལེན། Download བོད་མི་གནས་སྐོར་བ་ཚོ་ཉིན་གསུམ་གྱི་ནང་ཚུད་ཕྱིར་ལོག་དགོས་པའི་ཉེན་བརྡ། ཨ་རིའི་སྲིད་འཛིན་གྱིས་ཨེ་ཤ་ཡིའི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་པ། བོད་ཀྱི་འགྲེམས་སྟོན་ཁང་གིས་དྲྭ་རྒྱར་བསྐྱར་བཅོས་དང་གསར་སྒྲིག ཐེ་ཝན་གྱིས་རྒྱ་ནག་གི་རྒྱལ་ཁབ་གཅིག་གི་ལམ་ལུགས་གཉིས་ངོས་ལེན་མེད་པར་ཕྱིར་བསྒྲགས། དམིགས་བསལ་ལས་རིམ། བུད་མེད་ཀྱི་ཟླ་མཚན་དང་འབྲེལ་བའི་འཕྲོད་བསྟེན་ལས་རིམ། Thursday 03/01/2019 China imposes travel ban on Tibetans in Tibet, forces pilgrims to rush back Trump signs Asia Reassurance Initiative Act into law Tibet Museum launches newly revamped website Taiwan rejects China's 'reunification' proposal Health and Wellness: Mensturation

བོད་མི་གནས་སྐོར་བ་ཚོར་ཉིན་གསུམ་གྱི་ནང་ཚུད་བོད་དུ་ཕྱིར་ལོག་དགོས་པའི་བཙན་བཤད།

ཕྱི་ལོ་ ༢༠༡༨ ལོའི་ལོ་མཇུག་ཏུ་བོད་མཚོ་སྔོན་གྱི་ས་གནས་བོད་མི་མང་དག་ཅིག་ནས་གནས་སྐོར་དུ་ཡོང་ཐབས་གནང་ཡང་རྒྱ་གཞུང་གིས་གློ་བུར་དུ་ཕྱིར་བསྐྱོད་མི་ཆོག་པའི་བཀག་སྡོམ་བྱས་ཡོད་པ་མ་ཟད། རྒྱ་གར་ལ་གནས་སྐོར་དུ་འབྱོར་བའི་བོད་རིགས་ཁག་གཅིག་གི་ཁྱིམ་མི་ཚོར་རྫོང་ཉེན་རྟོག་དང་ས་གནས་ཉེན་རྟོག་པས་སྡིགས་ར་སྐུལ་བ་དང་སྦྲགས། ཉིན་གསུམ་གྱི་ནང་ཚུད་བོད་དུ་ཕྱིར་ལོག་དགོས་པའི་བཙན་བཀའ་བཏང་འདུག ཁ་ཉིན་ཚེས་ ༡ ཉིན་བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བར་ཕྱི་ལོ་ ༢༠༡༨ ལོའི་ལོ་མཇུག་ཏུ་བོད་མཚོ་སྔོན་ནས་ས་གནས་བོད་མི་མང་པོ་ཞིག་གིས་གནས་སྐོར་ཆེད་དུ་ཕྱིར་བསྐྱོད་ལག་འཁྱེར་ཞུས་པ་ལྟར་ཕྱིར་བསྐྱོད་ལག་འཁྱེར་ཐོབ་པ་དང་། ཡང་བོད་མི་ལ་ལས་རྒྱ་སྒོར་ ༦༠༠༠ སྤྲད་ནས་གནམ་གྲུའི་འཛིན་བྱང་ཉོས་ཟིན་ཡོད་ཀྱང་། རྒྱ་གཞུང་གིས་གློ་བུར་དུ་ཕྱིར་བསྐྱོད་མི་ཆོག་པའི་བཀའ་བརྒྱ་བཏང་ནས་གནམ་གྲུའི་འཛིན་བྱང་གི་རིན་པ་ལས་རྒྱ་སྒོར་ ༡༠༠༠ ལས་ཕྱིར་སློག་བྱས་མེད་པ་རེད་འདུག བོད་མི་མི་ཉུང་བ་ཞིག་གནས་སྐོར་ལ་ཕེབས་ཡོད་པ་ལྟར། ཉིན་ཤས་ནས་བཟུང་མཚོ་སྔོན་ཕྱོགས་ཀྱི་རྫོང་ཉེན་རྟོག་པ་དང་ས་གནས་ཉེན་རྟོག་པས་བོད་མི་དེ་དག་གི་ཁྱིམ་མི་ཚོར་ཁ་པར་ཡང་ཡང་བཏང་ནས་ཉིན་གསུམ་གྱི་ནང་ཚུད་བོད་དུ་ཕྱིར་ལོག་དགོས་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། ཅི་སྟེ་དུས་བཅད་ལྟར་བསླེབ་མ་ཐུབ་ཚེ་དྲྭ་ཐོག་ནས་ཕྱིར་བསྐྱོད་ལག་འཁྱེར་ནུས་མེད་བཟོས་ཏེ་ཕྱིར་ལོག་མི་ཆོག་པ་བཟོ་རྒྱུ་ཡིན་པ་སོགས་ཀྱི་སྡིགས་ར་སྐུལ་ཡོད་པ་རེད། གནད་དོན་དེ་ནི་མཚོ་སྔོན་གཅིག་པུ་མིན་པར་སི་ཁྲོན་ནས་ཡིན་པའི་བོད་མི་གནས་སྐོར་བ་འགའ་ལའང་ངལ་བ་གཅིག་མཚུངས་འཕྲད་པའི་གནས་ཚུལ་ཐོན་འདུག བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་རྒྱ་གཞུང་གིས་ ༢༠༡༩ ལོའི་ཟླ་ ༡ ནས་ཟླ་ ༤ བར་དུ་བོད་པ་ཚོར་ཕྱིར་བསྐྱོད་ལག་འཁྱེར་སྤྲད་རྒྱུ་མིན་པ་དང་། ཕྱི་ཕྱོགས་སུ་འགྲོ་མི་ཆོག་པའི་བཀག་འགོག་བྱས་པའི་གནས་ཚུལ་འཐོན་བཞིན་ཡོད་པ་དེ་ལྟར་ཡང་། དེའི་ཐོག་གནས་ཚུལ་གང་ཡིན་གསལ་རྟོགས་ཐུབ་ཀྱི་མི་འདུག རྩ་བའི་ཕྱི་ལོ་ ༢༠༡༧ ལོའི་དུས་འཁོར་དབང་ཆེན་གྱི་སྐབས་རྒྱ་གཞུང་གིས་བོད་མི་མང་པོར་ཕྱིར་བསྐྱོད་ལག་ཁྱེར་མ་སྤྲད་པ་དང་། སྤྲད་ཟིན་ཁག་ལས་ཕྱིར་བསྡུ་བྱས་པ་མ་ཟད། ཁམས་རྟའུ་དང་ལི་ཐང་སོགས་ནས་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་དང་སྤུན་མཆེད་ཐུག་འཕྲད་ལ་དམིགས་ཏེ་རྒྱ་གར་ལ་གནས་སྐོར་དུ་ཕེབས་པའི་བོད་རིགས་མང་དག་ཅིག་ལ་རྒྱ་གཞུང་གིས་འཇིགས་སྐུལ་དྲག་པོའི་འོག་མཐོང་མཆན་མ་རྫོགས་པའི་སྔོན་དུ་ཕྱིར་ལོག་དགོས་པའི་བཀའ་བརྒྱ་བཏང་བར་བརྟེན། བོད་མི་ཚོས་གནས་མཇལ་ཞུ་མཚམས་བཞག་ནས་ཕྱིར་མ་ལོག་ཀ་མེད་བྱུང་ཡོད་པ་མ་ཟད། ཕྱི་ལོ ༢༠༡༦ ལོར་བོད་ནས་གསར་དུ་འབྱོར་བའི་བོད་མི་སེར་སྐྱ་ཁྱོན་ ༤༡ ཙམ་བལ་ཡུལ་དང་རྒྱ་གར་གྱི་ས་མཚམས་ནས་བལ་པོའི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཕྱིར་ལོག་དགོས་བྱུང་བའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།

ཨ་རིའི་སྲིད་འཛིན་གྱིས་བོད་ཀྱི་འབྲུ་དོན་འཁོད་པའི་ཨེ་ཤ་ཡའི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་ནས་ཁྲིམས་གཞི་ཆགས་པ།

ཉེ་ཆར་ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་ Asia Reassurance Initiative Act ཞེས་རྒྱ་གར་རྒྱ་མཚོ་དང་ཞི་བདེའི་རྒྱ་མཚོའི་བར་གྱི་ཞི་བདེ་སྲུང་སྐྱོབ་ཤུགས་ཆེ་རུ་གཏང་དགོས་པ་ནི་ཨ་རིའི་བདེ་འཇགས་སྲུང་སྐྱོབ་ལ་ཐད་ཀར་འབྲེལ་བ་ཡོད་པ་དང་། ཨ་རིས་རྒྱ་གར་ལ་ཕྱི་འབྲེལ་དང་དཔལ་འབྱོར། བདེ་འཇགས་སྲུང་སྐྱོབ་བཅས་ཀྱི་འབྲེལ་བ་ཤུགས་ཆེ་རུ་གཏང་རྒྱུའི་ཁྲིམས་འཆར་མཚན་རྟགས་བསྐྱོན་ནས་ཁྲིམས་གཞི་ཆགས་འདུག རྩ་བའི་ Indopacific ས་ཁུལ་ནང་རྒྱ་གར་རྒྱ་མཚོ་དང་ལྷོ་ཕྱོགས་རྒྱ་ནག་རྒྱ་མཚོ་ཐེ་བའི་ནུབ་ཕྱོགས་དང་དབུས་ཕྱོགས་ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་ཁག་བཅས་མངའ་ཁུལ་དེའི་ཁོངས་སུ་འཛམ་གླིང་གི་ས་ཁོངས་ཕྱེད་ཀ་ཙམ་དང་འཛམ་གླིང་མི་འབོར་ཁྱོན་བསྡོམས་པའི་ཕྱེད་ཀ་ཙམ་གནས་སྡོད་བྱེད་མུས་ཡིན་པ་མ་ཟད། རྒྱལ་སྤྱིའི་ཚོང་འབྲེལ་གྱི་དངོས་ཟོག་གསུམ་ཆ་གཅིག་ས་ཁུལ་དེའི་བརྒྱུད་ནས་འོར་འདྲེན་བྱེད་ཀྱི་ཡོད་པ་དང་། རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོ་བརྒྱུད་ཞི་བདེ་དང་སྲུང་སྐྱོབ་ཤུགས་ཆེ་རུ་གཏང་རྒྱུ་དེ་ཨ་རིའི་བདེ་འཇགས་སྲུང་སྐྱོབ་དང་ཐད་ཀར་འབྲེལ་བ་ཡོད་པར་ངོས་འཛིན་གནང་སྟེ་རྒྱ་གར་དང་ཨ་རི་གཉིས་ཀྱི་ཕྱི་འབྲེལ་ཐབས་བྱུས་དང་དཔལ་འབྱོར། བདེ་འཇགས་སྲུང་སྐྱོབ་བཅས་ཀྱི་ཐོག་ལ་འབྲེལ་ལམ་ཤུགས་ཆེན་པོ་གནང་དགོས་གལ་ཡིན་པར་ངོས་འཛིན་འདུག སྲིད་འཛིན་མཆོག་གི་མཚན་རྟགས་བསྐྱོན་པའི་ཁྲིམས་གཞི་དེའི་བརྒྱུད་ཨ་རིས་རྒྱ་གར་དང་མཉམ་དུ་འབྲེལ་ལམ་ཤུགས་ཆེར་གནང་རྒྱུ་དང་རྒྱ་ནག་གི་ལྷོ་ཕྱོགས་རྒྱ་ནག་རྒྱ་མཚོ། རྒྱ་གར་རྒྱ་མཚོའི་ནང་རྒྱལ་སྤྱིའི་ཁྲིམས་གཞིར་བརྩི་མེད་ཀྱིས་ལག་བསྟར་སྤེལ་མུས་ཁག་མཚམས་འཇོག་དགོས་པ་འཁོད་འདུག ལྷག་པར་དུ་ཁྲིམས་གཞི་ Indo Pacific བརྒྱུད་མང་གཙོ་འཕེལ་རྒྱས་གཏང་རྒྱུ་དང་འབྲེལ་བའི་ནང་གསེས་དོན་ཚན་ཁག་ཏུ་ཨ་རིའི་གཞུང་གི་ངོས་ནས་ཕྱི་ལོ་ ༢༠༡༩ ནས་ ༢༠༢༣ བར་ས་ཁུལ་དེའི་ནང་མང་གཙོ་གོང་འཕེལ་དང་སྤྱི་ཚོགས་སྲ་བརྟན། འགྲོ་བ་མིའི་ཐོབ་ཐང་། ཁྲིམས་ཀྱི་དབང་སྒྱུར། དེ་བཞིན་འགན་ཁུར་བླངས་ནས་ཕྱི་གསལ་ནང་གསལ་ཡོང་བར་ལོ་རེར་ཨ་སྒོར་ས་ཡ་ ༢༡༠ འགྲོ་གྲོན་གཏང་རྒྱུ་ཡིན་པ་དང་། དེའི་ཁོངས་ནས་ཁག་ཅིག་རྒྱ་ནག་ནང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ཁྲིམས་ཀྱི་དབང་སྒྱུར་གོང་འཕེལ་གཏང་ཕྱིར་ཨ་རིའི་གཞུང་ནས་ལས་འཆར་ཁག་གི་ཐོག་འགྲོ་གྲོན་གནང་རྒྱུ་ཡིན་པ་དང་། རྒྱ་དཀར་ནག དེ་བཞིན་བལ་ཡུལ་གསུམ་གྱི་ནང་གནས་སྡོད་བོད་མི་ཚོས་ཆོས་དང་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ། ཤེས་ཡོན་བཅས་ཀྱི་ཐོག་ཕྱག་ལས་གནང་མཁན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཐོག་འགྲོ་གྲོན་གཏང་རྒྱུ་ཡིན་པ་མངོན་གསལ་ཐོག་ནས་བོད་ཅེས་གསལ་སྟོན་གནང་བ་འཁོད་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་ཁྲིམས་གཞི་གསར་པའི་སྐོར་གནས་ཚུལ་སྤེལ་བ་དང་སྦྲགས། ཨ་རིའི་གྲོས་ཚོགས་དང་གཞུང་གི་ངོས་ནས་ཁྲིམས་གཞི་གཏན་འབེབས་གནང་བར་དགའ་བསུ་ཞུས་འདུག ལས་འགུལ་ཁང་གི་གཙོ་འཛིན་སྐུ་ཞབས་ Matteo Meccaci ལགས་ཀྱིས་ཁྲིམས་གཞི་དེའི་བརྒྱུད་བོད་དེ་བཞིན་སྟོབས་ཤུགས་ཀྱི་ཆབ་སྲིད་དང་རིག་གཞུང་དབར་ལ་འཐབ་རྩོད་ཀྱི་ས་ཁུལ་ཡིན་པས་ཨ་རིར་གནད་ཆེའི་ས་ཁུལ་ཆགས་ཡོད་པ་མངོན་གསལ་གནང་བ་མ་ཟད་ཁྲིམས་ཀྱི་དབང་སྒྱུར་དང་གཞི་རྩའི་ཐོབ་ཐང་ལ་བརྩི་སྲུང་ཞུས་པའི་བོད་བྱུང་ཚེ་རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་དུ་ཞི་བདེ་བག་ཕེབས་ཡོང་བར་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་པ་གསུངས་འདུག རྩ་བའི་རེས་གཟའ་ཟླ་བའི་ཉིན་ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་བསྐྱོན་པའི་ཁྲིམས་གཞི་དེ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Cory Gardner ལགས་དང་ Ed Markey ལགས་གཉིས་ཀྱིས་དབུས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Marco Rubio ལགས་དང་ Ben Cardin ལགས་བཅས་ནས་འདི་ལོའི་ཕྱི་ཟླ་ ༤ ནང་ཐོག་མར་ངོ་སྤྲོད་གནང་བའི་ཁྲིམས་གཞི་ཡིན་པ་རེད།

རེས་གཟའ་ལྷག་པ། ༢༠༡༩།༠༡།༠༢

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་ནས་བཞུགས་སྒར་དུ་ཆིབས་ཞལ་བསྒྱུར་བ། ཨ་རིའི་ནང་བོད་མིའི་ངོ་བོ་མཚོན་པའི་འགྲེམས་སྟོན་གནང་འདུག ཏཱ་ལའི་བླ་མའི་དགེ་རྩས་༸སྐུའི་བླ་གཟའ་སྔ་སྣུར་གྱིས་ཉམ་ཐག་ལ་ཟས་ནོར་སྦྱིན་པ། ཕྱི་ལོ་ ༢༠༡༩ ལོ་འཁོར་མོ་རྒྱལ་སྤྱིའི་༸རྗེ་ཙོང་ཁ་པའི་ལོར་སྲུང་བརྩི་ཞུ་རྒྱུ། ཧོང་ཀོང་ནང་མང་ཚོགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་ཕྱི་ལོ་གསར་པ་དབུ་འཛུགས། བཀའ་སློབ་ལས་རིམ། ༸གོང་ས་མཆོག་གིས་ལྷ་བབ་གནས་སུ་བྱམས་བརྩེའི་སྐོར་བསྩལ་བའི་བཀའ་སློབ། Wednesday 02/01/2019 Dalai Lama leaves Bodh Gaya after concluding two weeks visit Oxford Pitt Rivers Museum hosts Photographic show on live of Tibetans 2019 to be celebrated as Je Tsongkhapa Year Thousands march in Hong Kong against China 'repression' after grim 2018 FEATURE: Dalai Lama speech on Compassion in Sankisa

༸གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་ནས་བཞུགས་སྒར་དུ་ཆིབས་ཞལ་བསྒྱུར་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༨ ལོའི་གནས་མཆོག་རྡོ་རྗེ་གདན་ཁུལ་གྱི་ཆོས་འབྲེལ་སོགས་ཀྱི་མཛད་འཆར་ཁག་ལེགས་པར་གྲུབ་ནས་དེ་རིང་སྔ་དྲོ་ཕྱིར་བཞུགས་སྒར་དྷ་རྨ་ས་ལར་ཆིབས་ཞལ་བསྒྱུར་གནང་སོང་།དེ་རིང་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢ ཉིན་སྔ་དྲོ་རྡོ་རྗེ་གདན་གྱི་༸རྒྱལ་བའི་བཞུགས་གནས་དགའ་ལྡན་འཕེལ་རྒྱས་གླིང་གི་གཟིམ་ཆུང་ནས་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཆེན་མོའི་ནང་ཞབས་ཐང་ལ་ཆིབས་བསྒྱུར་གྱིས་གནས་གཟིགས་མཛད་ཡོད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་བྱང་ཆུབ་མཆོད་རྟེན་གྱི་རྟེན་གཙོ་སྟོན་པ་ཐུབ་པའི་་དབང་པོའི་སྐུ་བརྙན་ཆོས་མཇལ་དང་ཐུགས་སྨོན་སོགས་གཞི་རྒྱ་ཆེན་པོ་མཛད་ཡོད་པ་རེད།  དེ་རྗེས་སྔ་དྲོ་ཚོུད་ ༨ ཙམ་ལ་གནས་གཟིགས་གྲུབ་མཚམས་གནས་མཆོག་རྡོ་རྗེ་གདན་ནས་གྷ་ཡ་གནམ་ཐང་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མཛད་ཡོད་པ་རེད།གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྔ་ལོའི་ཕྱི་ཟླ་ ༡༢ ཚེས་  ༡༦ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ནས་དེ་རིང་བར་ཉིན་གྲངས་ ༢༠ རིང་བཞུགས་ཞག་མཛད་པའི་ཁྲོད་ཀིརྟི་བྱེས་པ་གྲྭ་ཚང་གིས་གོ་སྒྲིག་ཞུས་པའི་དྲང་ངེས་ལེགས་བཤད་སྙིང་པོའི་མཁས་པའི་བགྲོ་གླེང་གི་ཚོགས་མགོན་དུ་དབུ་བཞུགས་མཛད་ཡོད་པ་རེད། གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་ཁབ་འདྲ་མིན་ཁག་ ༧༠ ལྷག་ནས་ཕེབས་པའི་དད་ལྡན་མི་གྲངས་བཞི་ཁྲི་ལྷག་ལ་ལག་ལེན་སོ་བདུན་མ་དང་། ཚད་མ་རྣམ་འགྲེལ། འཇིགས་བྱེད་དཔའ་གཅིག་བཅས་ཀྱི་བཀའ་དབང་བཀྲིན་བསྩལ་བ། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་ནས་རྒྱལ་སྤྱིའི་ལེགས་སྦྱར་དང་པྭ་ལིའི་ཆོས་བརྒྱུད་ཀྱི་བགྲོ་གླེང་ཐོག་དབུ་བཞུགས་མཛད་པ་མ་ཟད་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་སོགས་བཀྲིན་བསྩལ་ཡོད་པ་རེད།ཁ་ཉིན་༸གོང་ས་༸མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Nitish Kumar མཆོག་དང་མཇལ་འཕྲད་གནང་བ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཡོད་པ་རེད། ཤེས་རྟོགས་བྱུང་བར་༸གོང་ས་༸སྐྱབས་མགོན་ཆེན་མཆོག་དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྐུ་ངལ་གསོ་བཞུགས་མཛད་རྒྱུ་དང་སང་ཉིན་ལྡི་ལི་ནས་བཞུགས་སྒར་དྷ་རྨ་ས་ལར་ཆིབས་བསྒྱུར་བསྐྱང་གི་ཡོད་པ་རེད།

རེས་གཟའ་མིག་དམར། ༢༠༡༩།༠༡།༠༡

ཉན་པ།: Listen ཕབ་ལེན། Download བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་པ། སྲིད་སྐྱོང་མཆོག་གིས་ཕྱི་ལོ་གསར་བཞད་ལ་འཚམས་འདྲི་གནང་བ། རྒྱ་གཞུང་ནས་ཡུ་ནན་ཁུལ་དུ་ཁ་ཆེ་ལྷ་ཁང་གསུམ་སྒོ་བརྒྱབ་འདུག དགུན་དུས་གུང་སེང་སྐབས་ཕྲུ་གུ་ཚོས་སྒྱུ་རྩལ་དང་ཟབ་སྦྱོང་ཁག་ཏུ་མཉམ་ཞུགས། གླུ་གཞས་ལས་རིམ། དམ་ཚིག Tuesday 01/01/2019 Bihar CM calls on Dalai Lama in Bodh Gaya Sikyong greets Tibetans and Tibet supporters on New Year China closes three Muslim mosques in Yunnan Special feature: Workshops for Children on winter vacation MUSIC FEATURE: Tibetan new song ‘Dhamtsik’ by Lhamo Kyap and Takthar Dorje

བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་པ།

ཁ་སང་ཟླ་ ༡༢ ཚེས་ ༣༡ ཕྱི་དྲོར་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Nitish Kumar མཆོག་ནས་གནས་མཆོག་རྡོ་རྗེ་གདན་གྱི་༸གོང་ས་མཆོག་གི་བཞུགས་གནས་ཕོ་བྲང་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་པ་ལྟར། དེ་རིང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཁྱབ་བློན་ཆེན་མཆོག་ལ་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་བཅོམ་ལྡན་འདས་ཀྱིས་ལམ་སྟོན་མཛད་པ་བཞིན་གཞན་ཕན་གྱི་ཀུན་སློང་ལྡན་པའི་ཐོག་ནས་མང་ཚོགས་ཀྱི་ཞབས་འདེགས་ཞུ་དགོས་གལ་ཡིན་པར་ལམ་སྟོན་རྒྱ་ཆེ་མཛད་འདུག༸གོང་ས་མཆོག་དང་ལྷན་དུ་སྐར་མ་ ༤༥ རིང་གི་མཇལ་མོལ་དེ་གྲུབ་མཚམས་བློན་ཆེན་མཆོག་ནས་རྡོར་གདན་གྱི་བྱང་ཆུབ་ཆེན་པོའི་རྟེན་གཙོ་མཆོད་རྟེན་རིན་པོ་ཆེར་གནས་གཟིགས་གནང་རྗེས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་ཁོང་གིས་གནས་མཆོག་རྡོ་རྗེ་གདན་དུ་༸གོང་མཆོག་ནས་བཀའ་ཆོས་ཀྱི་མཛད་འཕྲིན་སྐྱོང་བཞིན་པའི་ཁྲོད་ཉེ་ཆར་མགོན་པོ་༸གང་ཉིད་མཆོག་༸སྐུ་ཐང་ཆད་པའི་དབང་གིས་ཆོས་འབྲེལ་བར་མཚམས་བཞག་དགོས་པའི་གནས་ཚུལ་ཐོས་མ་ཐག་འཕྲལ་དུ་མགོན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུའི་འདོད་པ་བྱུང་། ཁོང་རང་ཉིད་ནས་ད་བར་༸གོང་ས་མཆོག་གི་མཇལ་ཁ་ཐེངས་ཁ་ཤས་ཞུས་མྱོང་ཡོད་པ་མ་ཟད་ལྷག་དོན་༸རྒྱལ་བའི་བཞུགས་གནས་བཞུགས་སྒར་དྷ་རྨ་ས་ལ་ཡང་ཆེད་བཅར་གནང་མྱོང་ཡོད་སྐོར་གསུངས་འདུག དེ་བཞིན་༸གོང་ས་མཆོག་གིས་རྒྱུན་དུ་ནང་པའི་ཆོས་དང་རྒྱ་གར་གྱི་དཔལ་ནཱ་ལེནྡཱའི་གནའ་བོའི་རིག་གནས་དང་འབྲེལ་བའི་དགོངས་བཞེས་ཐོག་ལ་བཀའ་མོལ་ཡང་ཡང་ཡོང་གི་ཡོད་པ་ལྟར་ད་རེས་དེ་དག་ཐོག་བཀའ་མོལ་གནང་སྐོར་གསུངས་པ་དང་ཆབས་ཅིག མང་ཚོགས་ཀུན་ལ་ཕྱི་ལོ་གསར་བཞད་ལ་འཚམ་འདྲི་གནང་ཡོད་པ་རེད།

Latest news