Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: March, 2019

ཆབ་སྲིད་བཙོན་ཟུར་དགེ་བཤེས་ངག་དབང་མཁས་བཙུན་ལགས་དགོངས་པ་རྫོགས་འདུག

ཕྱི་ལོ་ ༡༩༨ ༠ འི་ནང་བོད་རང་དབང་བསྐྱར་གསོའི་འཐབ་རྩོད་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་ཁག་ནང་མཉམ་ཞུགས་གནང་མཁན་བོད་ཀྱི་རྒྱལ་གཅེས་འཐབ་རྩོད་པ་ཆབ་སྲིད་བཙོན་ཟུར་དགེ་བཤེས་ངག་དབང་མཁས་བཙུན་ལགས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག དགུང་ལོ་ ༥༣ ལ་ཕེབས་པའི་ཆབ་སྲིད་བཙོན་ཟུར་དགེ་བཤེས་ངག་དབང་མཁས་བཙུན་ལགས་དམ་པ་ཁོང་སྙུང་གཞི་དྲག་པོ་བཞེས་ནས་དྲག་སྐྱེད་མ་བྱུང་བར་ཟླ་བ་འདིའི་ཚེས་ ༤ ཉིན་གྱི་མཚན་མོའི་ཕྱག་ཚོད་ ༡༌༡༤ ཐོག་ལྡི་ལི་མེེག་སི་སྨན་ཁང་དུ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག   བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་བཤེས་ངག་དབང་མཁས་བཙུན་ལགས་དམ་པ་ཁོང་ནི་ཕྱི་ལོ་ ༡༩༦༦ ལོར་སྟོད་ལུང་བདེ་ཆེན་རྫོངས་གྲོང་ཚོར་ཡབ་སྲིད་ཆོས་དང་ཡུམ་བྱམས་པ་དབྱངས་ཅན་གྱི་བུར་འཁྲུངས་ཤིང།  ཕྱི་ལོ་ ༡༩༨༣ ལོོར་འབྲས་སྤུངས་དགོན་དུ་ཆོས་ཞུགས་གནང་བ་དང་། ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་འབྲས་སྤུངས་ཀྱི་དགེ་འདུན་པས་སྣེ་འཁྲིད་པའི་འོག་བོད་རང་དབང་བསྐྱར་གསོའི་འཐབ་རྩོད་ཀྱི་ལས་འགུལ་ནང་ཐོག་མར་མཉམ་ཞུགས་གནང་ཡོད། དེ་ནས་རིམ་པས་ལྷ་སའི་སྐོར་ལམ་དུ་བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་རབ་དང་རིམ་པ་སྤེལ་ཡོད་པ་རེད། དམ་པ་ཁོང་ཕྱི་ལོ་ ༡༩༩༡ ཟླ་ ༤ པར་བཙན་བྱོལ་དུ་འབྱོར་བ་དང་དྷ་ས་རིགས་ལམ་སློབ་གཉེར་ཁང་དུ་བོད་ཀྱི་བརྡ་སྤྲོད་རིག་གནས་ལ་སློབ་གཉེར་གནང་བ་མ་ཟད་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གླིང་ཚ་བ་ཁང་ཚན་དུ་སློབ་ཞུགས་ཀྱིས་གཞུང་ཆེན་མཚན་ཉིད་རིག་པའི་གཞུང་ལུགས་ལ་སློབ་གཉེར་མཐར་ཕྱིན་གནང་སྟེ་དགེ་བཤེས་དམ་འཇོག་གནང་བ་དང་ཆབས་ཅིག་ཏུ་སློབ་དགེའི་ཕྱག་ལས་ཡང་གནང་ཡོད། རླུང་འཕྲིན་ཁང་གིས་དེ་སྔ་ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་རྒྱ་གཞུང་ལ་ངོ་རྒོལ་གནང་རྐྱེན་འཛིན་བཟུང་བྱས་པའི་ཆབ་སྲིད་བཙོན་ཟུར་གྲྭ་ངག་དབང་འོད་འབར་ལགས་སུ་དགེ་བཤེས་ངག་དབང་མཁས་བཙུན་ལགས་དམ་པ་ཁོང་གི་སྐོར་བཀའ་འདྲི་ཞུས་ཡོད།

རེས་གཟའ་མིག་དམར། ༢༠༡༩།༠༣།༠༥

ཉན་པ།: Listen ཕབ་ལེན། Download ཁེ་ན་ཌའི་རྒྱལ་སར་གསུམ་བཅུའི་དུས་དྲན་སྔ་སྣུར་སྲུང་བརྩི་ཞུས་འདུག བྷོ་ཙ་ཝ་ནའི་སྲིད་འཛིན་ཟུར་པ་མཆོག་གསུམ་བཅུའི་དུས་དྲན་ཐོག་ལྷན་ཞུགས་གནང་རྒྱུར་འགག་པ། ཆོས་དད་འདྲ་མིན་གྱི་སྐུ་ཚབ་ནས་རྒྱ་ནག་གིས་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པ་ཐེར་འདོན། ཁེ་ན་ཌ་བོད་ཕྲུག་ལས་འཆར་ཚོགས་པས་སློབ་ཕྲུག་ ༢༠ ལ་སློབ་ཡོན་གནང་འཆར། གླུ་གཞས་ལེ་ཚན། ནེ་ལུང་ཚེ་རིང་སྟོབས་ལྡན་ལགས་དང་གཞིས་ནས་རེ་སྐུལ་སྐོར་གླེང་བ། Tuesday 05/03/2019 Botswana expresses displeasure over Khama attending Tibet Uprising event American faith groups unite to decry restrictions on religious freedom in China TCP announces scholarship for atleast 20 underprivileged Tibetan students Tibetans in Canada observe 60th Tibet Uprising Day in Ottawa MUSIC FEATURE: ‘A Message from Tibetans in Tibet’ by Nelung Tobden

བྷོ་ཙ་ཝ་ནའི་སྲིད་འཛིན་ཟུར་པ་མཆོག་གསུམ་བཅུའི་དུས་དྲན་ཐོག་ལྷན་ཞུགས་གནང་རྒྱུར་དགག་པ།

ཁ་སང་ International APA ཞེས་པའི་དྲྭ་རྒྱར་གནས་ཚུལ་བཀོད་པར་ Botswana རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་བ་སྐུ་ཞབས་ Ian Khama མཆོག་གིས་སྲིད་གཞུང་ལ་ཁོང་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་བའི་གསུམ་བཅུའི་དུས་དྲན་ཐེངས་ ༦༠ ཐོག་ལ་ལྷན་ཞུགས་གནང་འཆར་ཡོད་སྐོར་གནས་ཚུལ་ཞུས་འདུག ཁོང་གིས་གནས་ཚུལ་ཡར་ཞུས་ནས་བཞུགས་སྒར་དུ་ཕེབས་འདོད་ཡོད་པའི་གྲ་སྒྲིག་གནང་ཡོད་ནའང་།   ད་ལྟའི་ལས་ཐོག་སྲིད་འཛིན་གྱི་གཏན་འཇགས་དྲུང་ཆེ་ Morupisi  ལགས་ཀྱིས་གནས་ཚུལ་ལ་ལན་འདེབས་ཀྱིས་ Botswana རྒྱལ་ཁབ་ཀྱི་ངོས་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་འཛིན་བྱེད་ཀྱི་ཡོད་སྟབས། བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་ལེན་རང་བཞིན་བྱེད་བཞིན་ཡོད་པར་བརྗོད་ནས་ད་ལྟའི་སྲིད་གཞུང་གི་ངོས་ནས་སྲིད་འཛིན་ཟུར་པ་མཆོག་འདི་ལོའི་བོད་ཀྱི་གསུམ་བཅུའི་དུས་དྲན་ལ་ཞུགས་རྒྱུར་མ་དངུལ་གཏོང་ཐབས་མེད་པའི་རྣམ་འགྱུར་བསྟན་འདུག སྐབས་དེར་སྲིད་འཛིན་ཟུར་པ་ Ian Khama མཆོག་གིས་སྲིད་འཛིན་ཟུར་པ་ཞིག་ཡིན་ཕྱིན་རྩ་ཁྲིམས་ཀྱི་ནང་དུ་འཁོད་དོན་ལྟར། ལོ་གཅིག་ལ་ཕྱོགས་སྐྱོད་ཀྱི་འགྲུལ་བཞུད་ཐེངས་བཞི་གནང་ཆོག་གི་ཡོད་པས་ཁོང་གིས་སྲིད་གཞུང་གི་ཐག་གཅོད་དེར་ངོས་ལེན་མེད་པའི་ལན་འདེབས་གནང་འདུགགཞན་ཡང་ཁོང་གིས་སྲིད་གཞུང་གི་བཅའ་ཁྲིམས་ཀྱིས་གཏན་འབེབས་གནང་བའི་ཐག་གཅོད་ཐོག་ནས་ཁོང་ས་ཕྱོགས་གང་དུ་ཕེབས་པ་དང་མི་སུ་དང་མཇལ་འཕྲད་གནང་བ་སོགས་ཀྱི་ཆ་རྐྱེན་གཅིག་ཀྱང་འཁོད་མེད་སྟབས། སྲིད་གཞུང་གིས་ཁོར་ལ་མི་སུ་ཞིག་དང་མཇལ་འཕྲད་གནང་རྒྱུར་བཀག་སྡོམ་བྱེད་ཐབས་མེད་པ་མ་ཟད། ཁོང་དང་ཁོང་གི་ཕྱག་རོགས་གཉིས་ཟླ་བ་འདིའི་ཚེས་ ༨ ཉིན་ཕྱིར་ཐོན་གནང་ངེས་ཡིན་པ་དང་། སྲིད་གཞུང་གི་ཐག་གཅོད་དེ་ཁོང་གིས་ཁྲིམས་རྩོད་པ་གླས་པའི་ཐོག་ནས་ཁ་གཏད་གཅོག་རྒྱུ་ཡིན་སོགས་གསུངས་ཡོད་པ་རེད། གསར་ཁང་གིས་གནས་ཚུལ་བཀོད་པར་ཁོང་སྔོན་ཆད་སྲིད་འཛིན་ལས་ཐོག་ཡིན་སྐབས་སུ་རྒྱ་ནག་གི་གནོན་ཤུགས་ལ་ལྟོས་མེད་ཡུལ་དེའི་ནང་༸གོང་ས་༸སྐྱབས་མཆོག་གདན་འདྲེན་ཞུས་ཏེ་རྒྱ་ནག་དང་ལྷན་དུ་འབྲེལ་ཐག་བཅད་ཡོད་པས་ཐེངས་འདིར་ཁོང་གསུམ་བཅུའི་དུས་དྲན་ལ་ལྷན་ཞུགས་གནང་རྒྱུར་རྒྱབ་སྐྱོར་མ་ཐོབ་པ་དེ་ནི་རྒྱ་ནག་གི་གནོན་ཤུགས་ལ་སྐྲག་ནས་ཡིན་པར་འགྲེལ་བརྗོད་གནང་འདུག རྩ་བའི་ཕྱི་ལོ་ ༢༠༡༧ ལོར་སྐུ་ཞབས་ Ian Khama མཆོག་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཐོག་ཡིན་སྐབས་ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ Botswana རྒྱལ་ཁབ་ཏུ་གདན་ཞུ་གནང་ནས་༸གོང་ས་མཆོག་ནི་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མཁན་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཡིན་པར་ཆེ་བསྟོད་ཞུས་པར་བརྟེན་རྒྱ་ནག་གིས་གནོན་ཤུགས་སྤྲད་ནས་༸གོང་ས་མཆོག་ཡུལ་དེར་གདན་འདྲེན་ཞུ་ཐབས་མེད་པར་བརྗོད་ཡོད་ཀྱང་། སྐབས་དེར་ཁོང་གིས་བྷོ་ཙ་ཝ་ན་ནི་མང་གཙོའི་རྒྱལ་ཁབ་ཅིག་ཡིན་སྟབས་རང་གི་རྒྱལ་ཁབ་ལ་བདག་དབང་ཡོད་པ་ལྟར་རྒྱ་ནག་གིས་གནས་ཚུལ་དེར་ཐེ་གཏོགས་བྱེད་མི་ཆོག་པ་བརྗོད་ཡོད་པ་རེད། སྐབས་དེར་༸གང་ཉིད་མཆོག་ཆིབས་སྒྱུར་མཛད་རྒྱུར་ཐུགས་འདོད་ཆེན་པོ་ཡོད་ཀྱང་༸སྐུ་གཟུགས་ཀྱིས་མ་ལྕོགས་པས་ཆིབས་སྒྱུར་གྱི་ལས་རིམ་དེ་ཐུགས་འགྱོད་དང་སྦྲགས་ཏེ་ཕྱིར་འཐེན་གནང་དགོས་བྱུང་ཡོད་ཀྱང་། སླད་མར་གོ་སྐབས་གཞན་ཞིག་བྱུང་ཚེ་༸གང་ཉིད་མཆོག་ངེས་པར་དུ་ཕེབས་རྒྱུ་ཡིན་པར་ཞལ་བཞེས་བཀྲིན་བསྩལ་ཡོད་པ་རེད།      

རྒྱ་ནག་གིས་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པ་ཐེར་འདོན་གནང་བ།

ཁ་སང་ཟླ་ ༣ ཚེས་ ༤ ཉིན་ཨ་རི་ནང་ཡོད་པའི་བོད་པ་དང་ཡུ་གུར། དེ་བཞིན་ཕ་ལུང་གྷོང་སོགས་རྒྱ་ནག་གི་དམ་དྲག་དང་བཙན་གནོན་འོག་ཡོད་པའི་ཆོས་དད་འདྲ་མིན་གྱི་སྐུ་ཚབ་རྣམས་ཀྱིས་རྒྱལ་ས་ཝ་ཤིན་ཊོན་དུ་གསར་འགོད་ལྷན་ཚོགས་ཤིག་ཚོགས་འདུག་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་མུ་མཐུད་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཁག་གཅིག་ཐེར་འདོན་གནང་འདུག ལྷན་ཚོགས་དེའི་འབྲེལ་མཐུད་པ་ Greg Mitchell ལགས་ཀྱིས་ཐེངས་འདིའི་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གི་བྱ་སྤྱོད་ཁག་གཅིག་གསལ་འདོན་བརྒྱུད་དེ་རྒྱ་གཞུང་ནས་རང་ཉིད་ཀྱི་རྩ་ཁྲིམས་དང་། རྒྱལ་སྤྱིའི་ཁྲུམས་ལུགས་ཁག དེ་བཞིན་མང་ཚོགས་ཀྱི་རང་དབང་དང་ཐོབ་ཐང་བཅས་ལ་གུས་བརྩི་ཞུ་དགོས་པའི་བརྡ་ལན་ནན་པོ་སྤྲོད་རྒྱུ་ཡིན་ཞེས་གསུངས་འདུག ཡུ་གུར་ཚོང་ལས་སྡེ་ཚོགས་ཀྱི་འགོ་ཁྲིད་ Kuzzat Altay ལགས་ཀྱིས་རྒྱ་ནག་གཞུང་གི་ཤིན་ཅང་ཁུལ་དུ་བཀག་ཉར་ཁང་མང་པོ་གསར་རྒྱག་བྱས་ཏེ་ས་གནས་ཡུལ་མི་མང་དག་ཅིག་ངེས་མེད་འཛིན་བཟུང་བྱེད་བཞིན་པའི་ཁྲོད། སྔར་ལོའི་ཕྱི་ཟླ་ ༢ པའི་ནང་ལ་དགུང་ལོ་ ༦༧ ལ་ཕེབས་པ་ཁོང་གི་པཱ་ལགས་ཀྱང་འཛིན་བཟུང་གནང་ཡོད་པ་སོགས་གསུངས་འདུག ལྷག་པར་དུ་ཁོང་གིས་དེ་སྔ་རྒྱ་ནག་དང་འབྲེལ་བའི་གནད་དོན་ཐད་ནས་འདི་བོད་པ་དང་འབྲེལ་བ་རེད། དེ་ཡུ་གུར་དང་འབྲེལ་བ་རེད། འདི་ཕ་ལུང་གྷོང་དང་འབྲེལ་བ་རེད་སོགས་བཤད་དེ་ཐུན་མོང་གི་ནུས་པ་ཐོན་མེད་སྐོར་གསུངས་པ་དང་འབྲེལ། ད་ནས་བཟུང་བོད་པ་དང་ཡུ་གུར། ཕ་ལུང་གྷོང་སོགས་རྒྱ་ནག་གི་བཙན་གནོན་དམ་དྲག་འོག་ཡོད་པ་ཚང་མ་ཐུན་ཐོང་གི་ནུས་པ་འདོན་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་འདུག དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས་རྒྱ་གཞུང་གིས་བོད་ནང་ཆོས་དད་རང་དབང་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་སྤྱི་རིགས་ཐོག་ལ་དམ་དྲག་བྱེད་བཞིན་པ་མ་ཟད། ད་བར་བོད་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་བྱུང་བ་དེ་དག་རྣམས་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་ཀྱི་མཇུག་འབྲས་ཤིག་ཡིན་པ་སོགས་གསུངས་ཡོད།  ཁོང་གིས་ད་དུང་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་ཚོང་འབྲེལ་གྱི་གནད་དོན་ཐད་རྒྱ་ནག་ལ་གཅིག་ལན་གཅིག་འཇལ་གྱི་སྲིད་བྱུས་ལག་བསྟར་གནང་གི་ཡོད་པ་ལྟར་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་གནད་དོན་གཙོས་པའི་ཡུལ་གཉིས་ཆབ་སྲིད་འབྲེལ་ལམ་ཁྲོད་དེ་མཚུངས་ལག་བསྟར་གནང་གལ་ཡིན་པ་གསུངས་འདུག

རེས་གཟའ་ཟླ་བ། ༢༠༡༩།༠༣།༠༤

ཉན་པ།: Listen ཕབ་ལེན། Download ཨ་རི་ནང་བོད་རང་བཙན་གྱི་གོམ་བགྲོད་ལས་འགུལ་དབུ་འཛུགས། ཁེ་ན་ཌའི་ཕྱོགས་འགལ་ཚོགས་པས་བོད་མིར་གདུང་སེམས་མཉམ་སྐྱེད་ཡོད། ནོར་ཝེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་ཁ་བའི་འོག་གི་མེ་ལྕེ་གཟིགས་འབུལ། ལྷོ་ཕྱོགས་སུ་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་འདུག དོན་གྲུབ་དབང་ཆེན་ལགས་ཀྱིས་བོད་དོན་སྐོར་སྐྱོད་གནང་བ། Monday 04/03/2019 ‘Rangzen March’ from Philadelphia to New York Canadian opposition leader expresses solidarity to Tibet Tibetan film screened at Human rights wrongs festival in Oslo MWA workshop for Tibetans in Mangalore and Bangalore Dhundup Wangchen arrives in Zurich, will embark on Tibet awareness Europe tour

དོན་གྲུབ་དབང་ཆེན་ལགས་ཡོ་རོབ་ཁུལ་དུ་བོད་དོན་སྐོར་སྐྱོད་དབུ་འཛུགས།

འཇིགས་བྲལ་གློག་བརྙན་བཟོ་སྐྲུན་གནང་མཁན་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཡོ་རོབ་རྒྱལ་ཁབ་ཁག་ཏུ་བོད་དོན་སྐོར་སྐྱོད་ཆེད་དེ་རིང་ཁོང་གི་པཱ་ལགས་དང་ལྷན་སུད་སི་གྲོང་ཁྱེར་ཛུ་རིག་ནང་བདེ་འབྱོར་བྱུང་འདུགཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་གཞུང་གིས་བཙོན་འཇུག་འོག་ལོ་དྲུག་ལྷག་གི་རིང་བཙོན་ཁང་དུ་མི་སྤྱོད་ལས་འདས་པའི་མནར་གཅོད་མྱངས་པའི་སྐུ་ཞབས་དོན་གྲུབ་དབང་ཆེན་ལགས་ཕྱི་ལོ་ ༢༠༡༧ ཟླ་ ༡༢ པའི་ནང་བོད་ནས་བྲོས་བྱོལ་གྱིས་སུད་སི་བརྒྱུད་ནས་ཨ་རིའི་ California མངའ་སྡེའི་གྲོང་ཁྱེར་ San Fransico ནང་འབྱོར་ཡོད་པ་རེད། ད་རེས་ཡོ་རོབ་རྒྱལ་ཁབ་ནང་དུ་བོད་དོན་སྐོར་སྐྱོད་ཆེད་ཕེབས་གནང་བ་འདི་ནི་ཁོང་བོད་ནས་བྲོས་བྱོལ་དུ་ཕེབས་རྗེས་ཡོ་རོབ་ཁུལ་དུ་བོད་དོན་སྐོར་སྐྱོད་གནང་བ་དེ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད།སྔ་དྲོ་གནམ་ཐང་དུ་ཡོ་རོབ་ཕྱོགས་བཞུགས་སྤྱི་འཐུས་དང་ས་གནས་དོན་གཅོད་ཀྱི་ལས་བྱེད། སུད་སི་དང་ liechtenstein བོད་རིགས་ཚོགས་པའི་སྐུ་ཚབ་དང་ཚོགས་སྐྱིད་ཁག་གི་སྐུ་ཚབ། དེ་བཞིན་མང་ཚོགས་བཅས་ཕེབས་བསུར་བཅར་ནས་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད།  རླུང་འཕྲིན་ཁང་གིས་ཁོང་ལ་བཅར་འདྲི་ཞུས་པར་སྤྱིར་ཁོང་ཨ་རི་ནས་ནས་ཨོ་སི་ཊོ་ལི་ཡ་ནང་རང་ཉིད་ཀྱི་ཨ་མ་ལགས་དམ་པ་རྡོ་རྗེ་མཚོ་ལགས་ཀྱི་འདས་མཆོད་ཆེད་དུ་ཕེབས་ཡོད་པ་དང། དེ་ནས་ཁུལ་དེའི་ནང་གནས་བཞུགས་དགུང་ལོ་ ༨༠ ལ་ཕེབས་པ་ཕ་རྡོ་རྗེ་ཚེ་རིང་ལགས་དང་ལྷན་དུ་སུད་སི་ནང་ཕེབས་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། ད་རེས་བོད་མི་ཚོས་ཁོང་ལ་ཕེབས་བསུ་དེ་ལྟར་ཞུས་པ་གཟིགས་སྐབས་བོད་ནང་གི་འཐབ་གྲོགས་རྣམས་དྲན་ཡིད་ལ་དྲན་བཞིན་ཡོད་པར་འགྲེལ་བརྗོད་གནང་ཡོད།ལས་རིམ་ལྟར་ན་སྐུ་ཞབས་དོན་གྲུབ་དབང་ཆེན་ལགས་ནས་སུད་སི་ནང་ཇི་ནི་ཝའི་ལྷན་ཚོགས་ཐོག་བོད་དོན་གསུང་བཤད་གནང་རྒྱུ་དང། Brussels ཁུལ་དུ་བོད་མིའི་གསུམ་བཅུའི་དུས་དྲན་ཐོག་ལ་ལྷན་བཞུགས་གནང་རྒྱུ་དང་། ཇར་མ་ནི། ནི་ཐར་ལན་ཌི། ཅེཀ སུད་སི་སོགས་ཡོ་རོབ་རྒྱལ་ཁབ་ཁག་ཏུ་བོད་དོན་སྐོར་སྐྱོད་གནང་རྒྱུ་ཡིན་པ་ལྟར་ཐེངས་འདིའི་བོད་དོན་སྐོར་སྐྱོད་དེ་བཞིན་སུད་སི་བོད་ཀྱི་དོན་ཁང་ནས་གོ་སྒྲིག་གནང་བ་ཞིག་ཆགས་ཀྱི་འདུག བརྙན་པར།  

ནོར་ཝེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་ཁ་བའི་འོག་གི་མེ་ལྕེ་གཟིགས་འབུལ།

འདི་ལོའི་ནོར་ཝེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་དངོས་བྱུང་གློག་བརྙན་དུས་སྟོན་དེ་ཟླ་ ༢ ཚེས་ ༢༥ ནས་ཟླ་ ༣ ཚེས་ ༣ བར་རྒྱལ་ས་ཨོས་ལོར་འཚོགས་ཡོད་པ་ལྟར། ཁ་ཉིན་ཚེས་ ༢ ཉིན་དངོས་བྱུང་གློག་བརྙན་དུས་སྟོན་ཐོག་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིང་གཤེགས་དམ་པ་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་གློག་བརྙན་ཁ་བའི་འོག་གི་མེ་ལྕེ་ཞེས་པ་དེ་གཟིགས་འབུལ་ཞུས་ནས་ནོར་ཝེ་རྒྱལ་ཁབ་ཀྱིས་ཅི་ལྟར་བོད་དོན་རྒྱབ་སྐྱོར་གནང་དགོས་མིན་གྱི་ཐད་ནས་བགྲོ་གླེང་དང་གྲོས་བསྡུར་གནང་ཡོད་པ་རེད།རླུང་འཕྲིན་ལ་ཡུལ་དངོས་ནས་གནས་ཚུལ་མཁོ་སྤྲོད་གནང་བར་དངོས་བྱུང་གློག་བརྙན་དུས་སྟོན་དེ་ལོ་ལྟར་ནོར་ཝེ་རྒྱལ་ཁབ་གཙོས་པའི་རྒྱལ་སྤྱིའི་དངོས་བྱུང་གློག་བརྙན་ཁྱོན་ ༣༠ ཙམ་ཆེད་དུ་གཟིགས་འབུལ་ཞུ་བཞིན་ཡོད་པ་ལྟར། འདི་ལོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་མཚོན་པའི་ཁ་བའི་འོག་གི་མེ་ལྕེ་ཞེས་པའི་དངོས་བྱུང་གློག་བརྙན་དེ་གཟིགས་འབུལ་ཞུ་རྒྱུའི་གོ་སྐབས་ཐོབ་འདུག གློག་བརྙན་དུས་སྟོན་ཐོག་ནོར་ཝེར་རྟེན་གཞི་བྱས་པའི་བོད་རིགས་དག་གིས་ཀྱང་ཆ་ཤས་བླངས་ནས་འཛུལ་ཞུགས་གནང་ཡོད་པ་མ་ཟད། བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིང་གཤེགས་དམ་པ་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་ཀྱིས་མི་རིགས་ལ་བཅངས་པའི་ཆོད་སེམས་དང་སྙིང་སྟོབས་བཅས་པར་ཡི་རངས་བསྔགས་བརྗོད་ཞུས་ཡོད་དང་འབྲེལ། རང་ཉིད་བོད་མི་ཞིག་ཡིན་པའི་ངོས་ནས་རང་གི་འཇོན་ཚོད་ལ་དཔག་པའི་མི་རིགས་ཀྱི་འཐབ་རྩོད་དེ་སྒོ་ཀུན་ནས་ཤུགས་སྣོན་རྒྱག་དགོས་པའི་སྐུལ་མ་གནང་ཡོད།རྩ་བའི་དུས་སྟོན་དེ་ནི་ནོར་ཝེ་རྒྱལ་ཁབ་ཀྱི་གློག་བརྙན་དུས་སྟོན་ཆེ་ཤོས་ཡིན་པ་མ་ཟད། མི་མང་གིས་ཆེས་དགའ་མོས་གནང་བཞིན་པའི་དུས་སྟོན་དམིགས་བསལ་བ་ཞིག་ཡིན་པ་ལྟར། དུས་སྟོན་དེའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་གཙོར་བཟུང་གིས་སྤྱི་ཚོགས་ནང་གི་གནས་ཚུལ་མང་དག་ཅིག་གི་བདེན་པ་ཕྱི་ལ་མངོན་གྱི་ཡོད་པར་བརྟེན་རྒྱལ་སྤྱའི་སྤྱི་ཚོགས་ཁྲོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་དང་། ཆེད་མཁས་པ། སྒྱུ་རྩལ་བ། དེ་བཞིན་ཚོགས་སྐྱིད་དང་སློབ་ཕྲུག་གི་འཐུས་ཚབ་མི་སྣ་བཅས་འདུ་འཛོམས་ཀྱིས་གནད་དོན་མང་པོའི་ཐོག་ངོ་སྤྲོད་དང་གྲོས་བསྡུར་སོགས་གནང་བཞིན་ཡོད་པ་ལྟར།  ནོར་ཝེ་བོད་རིགས་མཐུན་ཚོགས་ཀྱིས་སྐབས་འདིའི་ཁ་བའི་འོག་གི་མེ་ལྕེ་ཞེས་པའི་བོད་ཁུལ་གྱི་དངོས་བྱུང་གློག་བརྙན་དེ་ངོ་སྤྲོད་གནང་ཡོད།ནོར་ཝེ་རྒྱལ་ཁབ་ཀྱི་ཉེས་ཡངས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ John Peder Egenes ལགས་དང་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ Petter Eide ལགས། གཞན་ཡང་གཙུག་ལག་སློབ་ཆེན་གྱི་སློབ་དཔོན Halvor Eifring ལགས་སོགས་ཀྱིས་ནོར་ཝེ་གཞུང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས་ཀྱི་ཐད་གྲོས་བསྡུར་གནང་ཡོད་པ་རེད།གཞི་རྩའི་ཁ་བའི་འོག་གི་མེ་ལྕེ་ཞེས་པའི་དངོས་བྱུང་གི་གློག་བརྙན་དེ་ནི། བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིང་གཤེགས་དམ་པ་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་མུན་ནག་གི་བཙོན་འཇུག་ཁྲོད་དུ་མི་ལོ་ཧྲིལ་པོ་ ༣༣ རིང་ལ་དཀའ་སྡུག་དང་མནར་གཅོད་མྱངས་བའི་སྐུ་ཚེའི་ལོ་རྒྱུས་མཚོན་པའི་དཔེ་དེབ་དེར་གཞིར་བཞག་གིས་ཕྱི་ལོ་ ༢༠༠༨ ལོར་ཇར་པན་གྱི་གློག་བརྙན་བཟོ་སྐྲུན་པ་ལྕམ Makoto Sasa ལགས་ཀྱིས་དངོས་བྱུང་གློག་བརྙན་ཏུ་བཟོ་སྐྲུན་གནང་བ་ཞིག་རེད།

ཁེ་ན་ཌའི་ཕྱོགས་འགལ་ཚོགས་པ་ནས་བོད་མིར་གདུང་སེམས་མཉམ་བསྐྱེད་ཡོད།

ཟླ་བ་འདིའི་ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་གནང་བའི་གསུམ་བཅུའི་དུས་དྲན་ཉིན་མོ་དེ་ནི་བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་མི་ལོ་ ༦༠ འཁོར་བའི་དུས་ཚིགས་ཁེལ་གྱི་ཡོད་སྟབས། རྒྱལ་སྤྱིའི་ཁྲོད་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་འབྲེལ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་དོན་དང། བོད་དོན་དྲིལ་བསྒྲགས་སླད་གོམ་བགྲོད་སོགས་ཀྱི་ལས་གཞི་འདྲ་མིན་སྤེལ་མཁན་མང་དག་ཅིག་བྱུང་ཡོད་པ་རེད། ཐེངས་འདིའི་གསུམ་བཅུའི་དུས་དྲན་དང་བསྟུན་ཁ་ཉིན་ཁེ་ན་ཌ་རྙིང་ཞེན་ཚོགས་པ་དང་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་སྐུ་ཞབས་ Andrew Scheer ལགས་ཀྱིས་བོད་དོན་འཐབ་རྩོད་ལ་གདུང་སེམས་མཉམ་བསྐྱེད་ཡོད་པའི་སྤྱི་བསྒྲགས་ཤིག་སྤེལ་འདུག ཁ་སང་ CanadaTibetCommittee ཞེས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ Twitter ཐོག་ཁེ་ན་ཌའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་སྐུ་ཞབས་ Andrew Scheer ལགས་ནས་ཁེ་ན་ཌར་གནས་བཞུགས་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད་པའི་སྤྱི་བསྒྲགས་ཤིག་སྤེལ་འདུག སྤྱི་བསྒྲགས་དེའི་ནང་སྐུ་ཞབས་  Andrew Scheer ལགས་ཀྱིས་ད་རེས་བོད་མི་ཚོས་སླར་ཡང་རང་སྲིད་རང་སྐྱོང་རྩོད་བཞིན་པ་དང་སྦྲགས། འདི་ལོའི་གསུམ་བཅུའི་དུས་དྲན་འདི་ནི་བོད་མི་རྣམས་ཀྱིས་དྲང་བདེན་དང། འདྲ་མཉམ་སླད་སྙིང་སྟོབས་ཞུམ་པ་མེད་པའི་སྒོ་ནས་འཚེ་མེད་ཞི་བའི་འཐབ་རྩོད་གནང་ནས་མི་ལོ་ ༦༠ འཁོར་གྱི་ཡོད་པ་དང་། ཁེ་ན་ཌར་གནས་བཞུགས་བོད་མི་ཚོས་རྒྱ་ནག་གི་དྲག་གནོན་འོག་ཡོད་པའི་བོད་མི་རྣམས་ཀྱི་ཆོས་དད་རང་དབང་རྡོག་རོལ་བཏང་བའི་གནད་དོན་ཁག་རྒྱལ་སྤྱིའི་སྡིངས་ཆའི་ཐོག་དུས་ནས་དུས་སུ་གླེང་བའི་ལས་དོན་དག་ལ་ངོས་འཛིན་དང་ཆབས་ཅིག་ཏུ་བོད་མི་རྣམས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་བར་ཡི་རང་བསྔགས་བརྗོད་གནང་འདུག ཁོང་གིས་ད་དུང་འདས་པའི་མི་ལོ་ ༦༠ ནང་བོད་རང་དབང་གི་དོན་དུ་བོད་མི་མང་དག་ཅིག་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་སྙིང་སྟོབས་ལ་རྗེས་དྲན་དང་འབྲེལ། ཁོང་ཚོའི་བརྗོད་དུ་མེད་པའི་བློ་སྟོབས་ཀྱི་རྣམ་ཤེས་དེ་ནི་ང་ཚོ་ལ་སེམས་ཤུགས་སྟེར་བའི་མིག་དཔེ་ཞིག་ཏུ་གྱུར་ཡོད་པ་གསུངས་འདུག ལྷག་དོན་ཁེ་ན་ཌའི་རྙིང་ཞེན་ཚོགས་པས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་དོན་དུ་མུ་མཐུད་ནས་རྩོད་རྒྱུ་དང་ཁེ་ན་ཌར་གནས་བཞུགས་བོད་མི་དང་སྒོས་བོད་མི་ཡོངས་ཀྱི་ཞི་བདེ་དང་དྲང་བདེན་གྱི་འཐབ་རྩོད་ལ་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་གསུངས་ཡོད། རྩ་བའི་འདི་ལོ་བོད་མི་བཙན་བྱོལ་དུ་གྱར་ནས་མི་ལོ་ ༦༠ འཁོར་བའི་དུས་ཚིགས་དང་བསྟུན། རྒྱལ་སྤྱིའི་ཁྲོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ལས་འགུལ་འདྲ་མིིན་སྤེལ་བཞིན་པ་མ་ཟད། ཉེ་ཆར་ཨ་རིའི་ཁེ་ལིི་ཕོ་ནི་ཡའི་གྲོང་སྡེ་རིཆ་མོནཌ་གྲོང་སྡེ་ལྷན་ཚོགས་ནས་དམིགས་བསལ་བསྒྲགས་གཏམ་ཞིག་སྤེལ་ཏེ་ཕྱི་ཟླ་ ༣ ཚེས་ ༨ ཉིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་དང། གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དེ་བོད་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་གཏན་ཁེལ་བ་མ་ཟད། Prague གྲོང་སྡེ་ལྷན་ཚོགས་ནས་ཀྱང་བོད་དོན་ལ་རྒྱབ་སྐྱོར་སླད་ཕྱི་ཟླ་ ༣ ཚེས་ ༨ ནས་ ༡༠ བར་དེ་གའི་ཚོགས་ཁང་ཆེན་མོ་དང།  Czech སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་གྲོང་སྡེ་ ༧༠༠ ལྷག་ཏུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུ་བཅས་ཀྱི་གནས་ཚུལ་ཐོན་ཡོད་པ་རེད།

བོད་རང་བཙན་གྱི་གོམ་བགྲོད་ལས་འགུལ་དབུ་འཛུགས།

ཁ་སང་ཨ་རིའི་མངའ་སྡེ་ Pennsylvania གྲོང་ཁྱེར་ Philadelphia ནང་རིང་མིན་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་གནང་བའི་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པ་དང་སྟབས་བསྟུན་བོད་རང་བཙན་གོམ་བགྲོད་ལས་འགུལ་ཞིག་དབུ་འཛུགས་གནང་འདུག ཁ་སང་སྔ་དྲོ་ཚོུད་ ༨༌༣༠ ཐོག་ཨ་རིའི་ནང་གནས་བཞུགས་རང་བཙན་དོན་གཉེར་བ་ཁག་གཅིག་གིས་མ་སྐུལ་དང་བླངས་ཀྱིས་གོ་སྒྲིག་འོག་ Philadelphia ནང་རྟེན་གཞི་བྱས་པའི་ཨ་རིའི་རང་བཙན་བསྒྲགས་གཏམ་སྤེལ་ཡུལ་རང་བཙན་ཚོགས་ཁང་ཆེན་མོའི་མདུན་ནས་དབུ་འཛུགས་གནང་འདུག་པ་དང་། ཉིན་དང་པོའི་ལས་འགུལ་ནང་ཁྱོན་བོད་མི་ ༥༥ ལྷག་ནས་མཉམ་ཞུགས་ཀྱིས་དང་ཐོག་ Philadelphia ནས་དབུ་འཛུགས་ཏེ་མི་ལེ་ ༡༥ ཙམ་གོམ་བགྲོད་གནང་འདུག གོམ་བགྲོད་པ་དེ་དག་གིས་ཨ་རིའི་ Pennsylvania ནས་དབུ་འཛུགས་གནང་སྟེ་རིམ་པས་ནིའུ་ཇར་སི་དང་ནིའུ་ཡོག་བཅས་མངའ་སྡེ་གསུམ་ནང་གོམ་བགྲོད་གནང་གི་འདུག་པ་མ་ཟད་ཕྱི་ཟླ་ ༣ ཚེས་ ༩ ཉིན་ནིའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་དུ་གོམ་བགྲོད་མཇུག་སྒྲིལ་གནང་གཏན་ཁེལ་ཡོད་པ་རེད།  རང་བཙན་གོམ་བགྲོད་ཀྱི་ལས་འགུལ་དང་འབྲེལ་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་ལས་འགུལ་གྱི་འབོད་སྒྲ་དང་དགོས་འདུན་དོན་ཚན་ལྔ་ཆེད་བཀོད་གནང་ཡོད་པ་ནི་རྒྱ་ནག་གི་དབང་སྒྱུར་བོད་ནས་ཕྱིར་འཐེན་བྱས་ཏེ་བོད་ཀྱི་བདག་དབང་བོད་མིར་ཕྱིར་སྤྲོད་དགོས་པ། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་བོད་ཀྱི་སྲིད་དོན་བཙོན་པ་ཡོངས་འཕྲལ་དུ་གློད་བཀྲོལ་དགོས་པ། བོད་མིའི་རང་དབང་སྒེར་ལངས་བརྒྱུད་ནས་དགོས་འདུན་ཁག་ལ་ཨ་རིའི་ས་གནས་དང་མངའ་སྡེ། གྲོས་ཚོགས་དང་དབུས་གཞུང་བཅས་ནས་རྟོག་ཞིབ་གནང་ཐོག་བོད་མིའི་མངོན་འདོད་བསྒྲུབ་པར་རྒྱབ་སྐྱོར་གནང་རོགས། རྒྱལ་ཚོགས་ཀྱི་སྐུ་ཚབ་དང་རྒྱལ་སྤྱིའི་གསར་འགོད་ཚོགས་ཆུང་བོད་ནང་ཕེབས་ནས་བོད་ནང་གི་གནས་སྟངས་དང་བོད་མིས་རང་ལུས་མེར་བསྲེགས་གནང་བའི་དགོས་འདུན་སོགས་ཀྱི་ཐད་རྟོག་ཞིབ་གནང་དགོས་པ་མ་ཟད། དེ་བཞིན་ཨ་རིའི་གཞུང་དང་མང་ཚོགས་ཚོས་རྒྱ་ནག་གི་བཙན་འཛུལ་གྱི་རྒྱ་སྐྱེད་ལ་ངེས་པར་དུ་དོ་འཁུར་དང་འགོག་གནོན་དགོས་པ་བཅས་ཡིན་པ་རེད། ཁྱད་པར་དུ་ངག་དབང་བཀྲིས་ལགས་ཀྱིས་གོམ་བགྲོད་ཀྱི་བརྒྱུད་རིམ་ཁྲོད་ལམ་བར་དུ་ས་གནས་མང་ཚོགས་ལ་དགོས་འདུན་ལྔ་ཅན་འཁོད་པའི་ཞུ་སྙན་དང་བསྒྲགས་གཏམ་འགྲེམས་སྤེལ་གནང་རྒྱུ་དང་ནིའུ་ཡོག་ཏུ་ཡོད་པའི་རྒྱལ་ཚོགས་ཀྱི་ལས་ཁུངས་དང་ཨ་རིའི་གྲོས་ཚོགས་འཐུས་མི་བཅས་ཀྱི་མཚན་ཐོག་ལ་བོད་དོན་ཞུ་སྙན་དང་མཇལ་འཕྲད་ཡོང་ཐབས་གནང་རྒྱུ་མ་ཟད། རྒྱ་ནག་གཞུང་ཚབ་ལའང་ཡིག་ཆ་ཁག་གཅིག་འབུལ་རྒྱུའི་ལས་རིམ་བང་སྒྲིག་གནང་འདུག རྩ་བའི་ཐེངས་འདིའི་བོད་རང་བཙན་གོམ་བགྲོད་ལས་འགུལ་ནང་རྐང་འགན་བཞེས་མཁན་གཙོ་བོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གཅེན་པོ་སྟག་འཚེ་རིན་པོ་ཆེའི་སྲས་ཀུན་དགའ་ནོར་བུ་ལགས་དང་ས་གནས་གཞོན་ནུའི་རྒྱུན་ལས་བསྟན་འཛིན་བདང་འདུས་ལགས། བློ་དགའ་རང་བཙན་ལགས། སཱ་ནི་བསོད་ནམས་ལགས། དོན་གྲུབ་ལྷ་དར་ལགས། བསམ་དགའ་ལགས་དང་ཐུབ་བསྟན་ཆོས་ཉིད་ལགས་བཅས་ཁྱོན་མི་བདུན་ཡོད་པ་རེད།

Latest news