Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: July, 2019

ཨ་རིས་བོད་ཐོག་འཛིན་པའི་སྲིད་བྱུས་རྣམས་ནུས་ཤུགས་ལྡན་པ་ཞིག་བཟོ་རྒྱུ་ཡིན་ཞེས་གསུངས་འདུག

ཁ་སང་ཨ་རིའི་གྲོང་ཁྱེར་ New york ནང་རྟེན་གཞི་བྱས་པའི་ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཡུན་རིང་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་གཉིས་ཟུང་འབྲེལ་ཐོག་ཁུལ་དེའི་ཕུན་ཚོགས་བདེ་བཞིའི་ཚོགས་ཁང་ནང་དུ་ Town hall ཞེས་བོད་དོན་ཐོག་གི་ཚོགས་ཆེན་ཞིག་ཚོགས་འདུག་པ་དང་། ཚོགས་ཆེན་དེའི་ཐོག་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་ཨ་རའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ Tom Suozzi ལགས། དེ་བཞིན་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Mecacci ལགས། བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་གཙོས་པའི་ས་གནས་བོད་མི་བཅས་ནས་མཉམ་ཞུགས་གནང་འདུག   སྐབས་དེར་སྐུ་ཞབས་ JIM MCGOVERN ལགས་ནས། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བོད་མི་རྣམས་བཙན་བྱོལ་དུ་གྱར་ཏེ་ལོ་ངོ་ ༦༠ འཁོར་བའི་དུས་མཚམས་འདིར་བོད་དོན་ཐོག་ཚོགས་ཆེན་ཞིག་གོ་སྒྲིག་ཞུ་ཐུབ་པ་དེ་ནི་དུས་ཚོད་ཀྱི་དགོས་མཁོ་ཞིག་ཏུ་གཟིགས་ཀྱི་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཐོག་ཚོང་དང་དཔལ་འབྱོར་སོགས་ཀྱི་སྟོབས་ཤུགས་ངོམས་ཏེ། བོད་ནང་ལ་བོད་མིའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་དང་། འདུ་འཛོམས་དང་ཆོས་དད་ཀྱི་རང་དབང་། དེ་བཞིན་༸གོང་ས་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཐེ་བྱུས་བྱས་པ་མ་ཟད། རྒྱ་གར་གཞུང་ལ་དེ་འབྲེལ་གནོན་ཤུགས་རིགས་སྤྲོད་བཞིན་པ་དེ་ནི་ངོས་ལེན་ཞུ་ཐབས་མེད་པ་ཞིག་རེད་ཅེས་གསུངས་པ་དང་ཆབས་ཅིག ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་དང་མང་ཚོགས་རྣམས་ལ་༸གོང་ས་མཆོག་གིས་དུས་ནས་དུས་སུ་རྒྱལ་སྤྱིའི་ཐོག་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་སླད་སྐུ་ལས་ཚད་མེད་བསྐྱོན་བཞིན་དེར་རམ་འདེགས་གནང་རྒྱུ་དང་། བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གོང་འཕེལ་གཏོང་རྒྱུའི་སླད་མཉམ་མཐུན་གྱི་འགན་ཡོད་པ་རེད་ཅེས་གསུངས་འདུག ལྷག་པར་དུ་སྐུ་ཞབས་ JIM MCGOVERN ལགས་ནས། ཨ་རིས་བོད་དོན་དང་འབྲེལ་བའི་ལས་གཞི་དང་སྲིད་བྱུས་གང་འདྲ་ཞིག་བརྩམས་ཀྱང་། Tibet Policy Act 2002 ཞེས་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་དགོངས་དོན་ལྟར་གནང་དགོས་ཀྱི་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ལྷག་གི་རིང་ལ། རྒྱ་ནག་གཞུང་ནས་བོད་རྒྱའི་གནད་དོན་ཞི་འགྲིག་ཡོང་ཐབས་སུ་དོན་དམ་གྱི་གྲོས་མོལ་ཡོང་རྒྱུར་འབད་བརྩོན་མ་གནང་པའི་ཁར། འགྲོ་བ་མིའི་ཐོབ་ཐང་ཁག་སྔར་ལྷག་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་སྟབས། ཨ་རིས་བོད་ཐོག་འཛིན་པའི་སྲིད་བྱུས་རྣམས་ནུས་ཤུགས་ལྡན་པ་ཞིག་བཟོ་རྒྱུ་གལ་ཆེན་པོ་ཞིག་གཟིགས་བཞིན་ཡོད་པ་ལྟར། བདུན་ཕྲག་རྗེས་མར་ཨ་མི་རི་ཀའི་གྲོས་ཚོགས་སུ་ Strengthen Tibet Policy  Act ཞེས་པའི་གྲོས་ཆོད་གྲོས་འཆར་གསར་པ་ཞིག་ཆེད་འདོན་གནང་གི་ཡིན་ཞེས་གསུངས་འདུག སྐུ་ཞབས་ JIM MCGOVERN ལགས་ཀྱིས་སྐབས་དེར་གྲོས་ཆོད་གྲོས་འཆར་གསར་པ་དེ་ངོ་སྤྲོད་གནང་གསལ་ལྟར་བྱས་ན། གྲོས་ཆོད་གྲོས་འཆར་གསར་པ་དེའི་ནང་གཙོ་ཆེ་ཤོས་རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ཆོས་ཕྱོགས་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས་གནད་དོན་དེའི་འགན་དབང་༸གོང་ས་མཆོག་དང་བོད་པའི་ནང་པ་ཚོར་ཡོད་པ་དང་། གལ་སྲིད་རྒྱ་ནག་གཞུང་ནས་གནད་དོན་དེར་ཐེས་བྱུས་རིགས་བྱས་ཚེ། ཨ་རིའི་གཞུང་ནས་ Global Magnitsky Act ཞེས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཁྲིམས་འཆར་ཐོག་ནས་རྒྱ་ནག་གི་འགོ་ཁྲིད་ལ་ཉེས་ཆད་གཏོང་དགོས་པ་དང་། ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་ཐོག་ལས་དོན་གཙོ་བོ་བོད་རྒྱ་ཞི་མོལ་ཡོང་ཐབས་སུ་དངོས་ཤུགས་རྒྱུད་གསུམ་ནས་རྒྱ་ནག་ལ་འབྲེལ་བ་བྱེད་དགོས་པ། དེ་བཞིན་བོད་ནང་ཡོད་པའི་ཨ་མི་རི་ཀའི་ཚོང་གི་ལྟེ་གནས་དང་བཟོ་གྲྭ་རྣམས་ཀྱིས་བོད་ཀྱི་ཁོར་ཡུག་ལ་དོ་ཕོགས་གཏོང་གི་ཡོད་མེད་ཕྱི་གསལ་ནང་གསལ་བཟོ་དགོས་པ། རྒྱ་ནག་གཞུང་ནས་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རའི་གཞུང་ཚབ་ཁང་འཛུགས་མ་བཅུག་གི་བར་དུ་ཨ་རི་ནང་རྒྱ་ནག་གི་གཞུང་ཚབ་འཕར་མ་འཛུགས་རྒྱུའི་ཆོག་མཆན་སྤྲོད་རྒྱུ་མིན་པ། ཨ་རི་གཞུང་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་དང་། བོད་ནང་གི་བོད་མིའི་གནས་སྟངས་གོང་འཕེལ་སླད་མ་དངུལ་གྱི་རོགས་རམ་ཁག་མུ་མཐུད་གནང་དགོས་པ་སོགས་ཁ་གསལ་འཁོད་ཡོད་འདུག དེ་བཞིན་སྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས་ Tom Suozzi ལགས་ནས། རྒྱ་ནག་གཞུང་གིས་ད་ཆ་ཤིན་ཅང་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་དག་བོད་ནང་དེ་སྔ་ནས་ལག་བསྟར་བྱེད་བཞིན་ཡོད་པ་འགྲེལ་བརྗོད་དང་སྦྲགས། རྒྱལ་སྤྱི་མང་ཚོགས་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་དེ་དག་ངེས་པར་ཐེར་འདོན་གནང་དགོས་པ་སོགས་གསུངས་འདུག   གཞན་ཡང་སྐབས་དེར་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Mecacci ལགས་དང་བྱང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ནས་བོད་དོན་དང་འབྲེལ་བའི་གསུངས་བཤད་གནང་པ་མ་ཟད། ས་གནས་བོད་མི་རྣམས་ནས་གྲོས་ཚོགས་འཐུས་མི་རྣམ་གཉིས་ལ་བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་སོགས་དང་འབྲེལ་དྲི་བ་དྲི་ལན་སོགས་གནང་འདུག

རེས་གཟའ་ཉི་མ། ༢༠༡༩།༠༧།༢༡

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་དང་རྒྱ་ནག་གི་ཐེ་བྱུས། Sunday 21/07/2019 Dalai Lama’s Reincarnation and China

རེས་གཟའ་སྤེན་པ། ༢༠༡༩།༠༧།༢༠

ཉན་པ།: Listen ཕབ་ལེན། Download བོད་མཐོ་སྒང་གི་གནམ་གཤིས་ཀྱི་འཇིག་ཉེན་དེ་ཛ་དྲག་གི་ངོ་བོར་འགྱུར་བཞིན་པ། ཐེ་ཝན་གཞུང་ནས་ཧོང་ཀོང་སྐྱབས་བཅོལ་བར་རོགས་རམ་གནང་གཏན་ཁེལ་འདུག བོད་རིགས་གཞོན་སྐྱེས་ཚོར་འཕྲད་བཞིན་པའི་དཀའ་ངལ་ལ་གདོང་ལེན་གནང་ཕྱོགས་ཀྱི་ཟབ་སྦྱོང་། ཡོ་རོབ་བོད་ཀྱི་ཕོར་པའི་རྐང་སྤོལ་རྩེད་འགྲན་མཐའ་མའི་རྒྱལ་ཁ་ Yak Boys United རུ་ཁག་ལ་ཐོབ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྐོར། Saturday 20/07/2019 Time to declare a Climate Emergency in Tibet Taiwan pledges help for Hong Kong protesters seeking sanctuary Workshop on challenges faced by Tibetan youth in exile Yak Boys United from Paris bags 2019 Euro Tibet Cup Monlam Tibetan IT Research Centre: Interview

༢༠༡༩ ལོའི་ཡོ་རོབ་བོད་ཀྱི་ཕོར་པའི་རྐང་སྤོལ་རྩེད་འགྲན་མཐའ་མའི་རྒྱལ་ཁ་ Yak Boys United རུ་ཁག་ལ་ཐོབ།

༢༠༡༩ ལོའི་ཡོ་རོབ་བོད་ཀྱི་ཕོར་པ་ཞེས་པའི་ཡོ་རོབ་གནས་སྡོད་བོད་མིའི་ནང་ཁུལ་དབར་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཆེས་ཤོས་ཀྱི་རྒྱལ་ཁ་དེ་པེ་རིས་ནས་ཡིན་པའི་ Yak Boys United རྐང་སྤོལ་རུ་ཁག་ལ་ཐོབ་སོང་། ཟླ་བ་འདིའི་ཕྱི་ཚེས་ ༡༥ ནས་བྷེལ་འཇམ་ས་གནས་གཞོན་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་དོན་ལྟར་བྷེལ་འཇམ་ནང་གྲོང་ཁྱེར་ Antwerpen དུ་ཡོ་རོབ་ཁུལ་དུ་གནས་སྡོད་བོད་མིའི་དབར་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཡོ་རོབ་བོད་ཀྱི་ཕོར་པ་ཞེས་ཐེངས་ ༡༡ པ་དེ་རྩེད་འགྲན་གནང་ཡོད་ཅིང་། འདི་ལོའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐོག་ཡོ་རོབ་ས་ཁུལ་འདྲ་མིན་ནས་བོད་མིའི་རྐང་རྩེད་སྤོ་ལོའི་རུ་ཁག་ ༡༩ ནས་མཉམ་ཞུགས་ཀྱིས་འདས་པའི་ཉིན་གྲངས་ལྔའི་རིང་རུ་ཁག་ཕན་ཚུན་དབར་རྩེད་འགྲན་གནང་སྟེ་ཁ་སང་ཕྱི་ཚེས་ ༡༩ ཉིན་འདི་ལོའི་རྩེད་འགྲན་ནང་རྩེ་ཕུད་སོན་པ་སུད་སི་ Tibet Zurich བོད་མིའི་རྐང་རྩེད་སྤོ་ལོའི་རུ་ཁག་དང་། ཕ་རན་སི་ Yak Boys United རུ་ཁག་དབར་རྩེད་འགྲན་གནང་ཡོད་པ་དང་། རུ་ཁག་ཕན་ཚུན་དབར་སྐར་མ་ ༩༠ ནང་རྩེད་འགྲན་གནང་ཡོད་སྟབས་ཕ་རན་སི་ Yak Boys United རུ་ཁག་ནས་སུད་སི་ Tibet Zurich རུ་ཁག་ལ་སྤོ་ལོ་གསུམ་བླུགས་ཏེ་སྤོ་ལོ་གསུམ་དང་ཀླད་ཀོར་གྱི་ཐོག་ནས་ཕ་རན་སི་ Yak Boys United རུ་ཁག་ལ་ ༢༠༡༩ ལོའི་ཡོ་རོབ་བོད་ཀྱི་ཕོར་པའི་རྐང་སྤོལ་རྩེད་འགྲན་གྱི་རྒྱལ་ཁ་ཐོབ་ཡོད་པ་རེད། སྐབས་དེར་རྩེད་འགྲན་གྲུབ་མཚམས་སུ་བྷེལ་འཇམ་ས་གནས་གཞོན་ནུའི་ཐད་གཏོང་དྲྭ་ལམ་ཐོག་མཐའ་མའི་རྩེད་འགྲན་ནང་རྒྱལ་ཕམ་བྱུང་མཁན་གཉིས་ཀྱི་རུ་ཁག་སོ་སོའི་རོ་དཔོན་གཉིས་ནས་ད་བར་རྩེད་འགྲན་འདིའི་ཐོག་རྒྱབ་སྐྱོར་གནང་མཁན་ཚོར་ཐུགས་རྗེ་ཞུས་པ་དང་འབྲེལ་ཐེངས་འདིའི་སྐབས་སུ་མྱོང་ཚོར་ཇི་བྱུང་འགྲེལ་བརྗོད་གནང་སོང་། རླུང་འཕྲིན་ཁང་ནས་རྩེད་འགྲན་མཐའ་མ་གྲུབ་རྗེས་ཡོ་རོབ་བོད་ཀྱི་ཕོར་པའི་རྐང་སྤོལ་རྩེད་འགྲན་གོ་སྒྲིག་གནང་མཁན་བྷེལ་འཇམ་ས་གནས་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོ་བསོད་ཚེ་ལགས་སུ་བཅར་འདྲི་ཞུས་པར་ལོ་རེ་བཞིན་རྩེད་འགྲན་ནང་མཉམ་ཞུགས་གནང་མཁན་དང་དོ་སྣང་གནང་མཁན། དེ་བཞིན་མང་ཚོགས་བཅས་ཀྱི་རྒྱབ་སྐྱོར་ཇེ་ཆེར་འགྲོ་བཞིན་ཡོད་པ་མ་ཟད། ལྷག་པར་དུ་རྩེད་འགྲན་དེ་གོ་སྒྲིག་གནང་བ་ནས་བཟུང་བོད་རིགས་ན་གཞོན་རྩེད་འགྲན་པ་ཚོའི་རྐང་སྤོལ་རྩེད་ཕྱོགས་ལའང་ཡར་རྒྱས་འགྲོ་བཞིན་འདུག་ཅེས་གསུངས་ཡོད། རྩ་བའི་འདི་ལོའི་ཡོ་རོབ་བོད་ཀྱི་ཕོར་པ་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༡༡ ནང་ཡོ་རོབ་རྒྱལ་ཁབ་ཕ་རན་སི་དང་འཇར་མི་ནི། སུད་སི། ཨོ་སི་ཊི་རི་ཡ། ཧོ་ལེན་ཌ། ཕ་རན་སི། བྷེལ་འཇམ་བཅས་རྒྱལ་ཁབ་དྲུག་ནས་བོད་མིའི་རྩེད་འགྲན་རུ་ཁག་ ༡༩ མཉམ་ཞུགས་གནང་ཡོད་པ་དང། རྩེད་འགྲན་ཐོག་སྤོ་ལོ་མང་ཤོས་བླུགས་མཁན་དེ་སུད་སི་ Bern རུ་ཁག་གི་ཨོ་ལོ་ལགས་ལ་ཐོབ་ཡོད་པ་དང། ཁོང་གིས་རྩེད་འགྲན་ནང་ཁྱོན་སྤོ་ལོ་ ༡༩ བླུགས་འདུག དེ་བཞིན་ཀུན་སྤྱོད་ལེགས་ཤོས་ཀྱི་རུ་ཁག་དེ་ཕ་རན་སི་སྤུན་ཟླ་རྐང་སྤོལ་རུ་ཁག་ལ་ཐོབ་ཡོད་པ་རེད།  

བོད་མཐོ་སྒང་གི་གནམ་གཤིས་ཀྱི་འཇིག་ཉེན་དེ་ཛ་དྲག་གི་ངོ་བོར་འགྱུར་བཞིན་པ།

བོད་མཐོ་སྒང་ནི་བཟོ་ལས་ཐོན་སྐྱེད་ཆེས་དར་བཞིན་པའི་མི་གྲངས་མང་ཤོས་ཀྱི་ཨེ་ཤ་ཡའི་རྒྱ་དཀར་ནག་གཉིས་ཀྱི་དབར་གནས་རྒྱལ་ཁབ་ཅིག་ཡིན་པར་བརྟེན་དངོས་ཟོག་ཐོན་སྐྱེད་ཀྱི་དུད་རླངས་དང་རྫས་འགྱུར་གྱིས་བོད་མདོ་དབུས་མཐོ་སྒང་ངམ་འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་འཁྱགས་རོམ་དང་གངས་རི་ཞུ་ཚད་ལྡབ་འགྱུར་གྱིས་མང་དུ་འཕེལ་བཞིན་ཡོད་སྟབས་བོད་མཐོ་སྒང་གི་ཁོར་ཡུག་གི་གནས་བབ་ཆེས་ཉེན་ཚབ་ཅན་དུ་འགྱུར་བཞིན་ཡོད་པ་གསུངས་འདུག དེ་རིང་གསར་གནས་ཁག་ཏུ་བོད་མཐོ་སྒང་གི་འཁྱགས་རོམ་ཞུ་ཚད་དང་རི་བོ་ཧི་མཱ་ལ་ཡའི་གནམ་གཤིས་འགྱུར་ལྡོག་གི་ཆེད་མཁས་པ་སྐུ་ཞབས་ Michael Buckley ལགས་ཀྱིས་འཛམ་གླིང་གི་རྩིས་རིག་གི་གྲུབ་དོན་ལྟར་ན། ང་ཚོའི་འཛམ་གླིང་འདིའི་ཁོར་ཡུག་གི་འཇིགས་ཉེན་དེ་ཕྱིར་ལྡོག་ཐབས་མེད་པའི་ཉེན་ཁ་ཞིག་འཕྲད་རྒྱུ་ཡིན་སྟབས་མང་ན་ལོ་བཅུ་གཉིས་དང་ཉུང་ན་ལོ་བདུན་གྱི་རྗེས་སུ་སྤྱི་ཡོངས་ཀྱི་འཛམ་གླིང་གི་ཁོར་ཡུག་ཉམས་ཉེས་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་རྒྱུ་ཡིན་པ་ལུང་འདྲེན་གྱིས་ས་སྒང་རིང་མོ་སྟེང་གི་ཤེས་ཡོན་གྱི་ལྟེ་གནས་བདུན་སྟོང་ལྷག་མཉམ་འབྲེལ་གྱིས་འགྲོ་བ་མིའི་རིགས་ཀྱི་ཨ་མ་ལྟ་བུའི་རང་བྱུང་ཁོར་ཡུག་དེ་འཇིག་ཉེན་ཡོད་པའི་གནས་སུ་ལྷུང་ཡོད་པའི་གསལ་བསྒྲགས་གནང་ཡོད་ཀྱང་། བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་ཐད་ནས་ད་དུང་ལྷིང་འཇགས་སུ་གནས་ཡོད་པར་བརྗོད་འདུག ཆེད་མཁས་པས་འཛམ་གླིང་གི་ས་ཕྱོགས་གང་སར་ཁོར་ཡུག་གི་ཚོགས་འདུ་དང་གྲོས་ཆོད་མང་དུ་འཇོག་བཞིན་ཡོད་ནའང་རྒྱ་དཀར་ནག་གཉིས་ཀྱིས་དེ་ལྟ་བུར་ཚོགས་ཞུགས་བྱེད་ཀྱི་མེད་པར་བརྗོད་དེ། རྒྱ་དཀར་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་མ་ཁོངས་ཡོད་ཚད་རྡོ་སོལ་ལ་བསྟེན་ཡོད་སྟབས་ཕྱི་ལོ་ ༢༠༣༠ ལོ་བར་དུ་རྒྱ་དཀར་ནག་གིས་རྡོ་སོལ་སྤྱོད་སྒོ་ཉུང་དུ་གཏོང་རྒྱུའི་རྣམ་འགྱུར་གང་ཡང་མངོན་གྱི་མེད་པར་བརྗོད་དེ་དེ་ནི་ཧ་ཅང་འཕྱི་དྲག་པའི་གནས་བབ་ཅིག་ཏུ་འགྱུར་ཉེན་ཡོད་པ་གསལ་བཤད་གནང་འདུག འཛམ་གླིང་གི་ལྷོ་བྱང་གཉིས་ཀྱི་འཁྱགས་རོམ་རྣམས་ཀྱང་ག་ལེར་ཞུ་འགོ་ཚུགས་བཞིན་པ་ལྟར།  འཛོམ་གླིང་གི་སྣེ་གསུམ་པར་འབོད་པའི་བོད་མཐོ་སྒང་གི་འཁྱགས་རོམ་རྣམས་ཀྱང་ཞུ་བཞིན་ཡོད་པར་འགྲེལ་བརྗོད་ཀྱིས།   འཛམ་གླིང་གི་མི་འབོར་གྱི་བརྒྱ་ཆ་བཅོ་ལྔའམ།   མི་གྲངས་ཐེར་འབུམ་གཅིག་དང་ཕྱེད་ཀ་ལྷག་བོད་མཐོ་སྒང་གི་འཁྱགས་རོམ་ནས་བཞུར་ཡོང་བའི་གཙང་ཆུ་ཁག་ལ་བརྟེན་ཡོད་པས་བོད་མཐོ་སྒང་གི་ཁོར་ཡུག་གི་འཇིག་ཉེན་ནི་ཨེ་ཤ་ཡའི་འཚོ་རྟེན་གྱི་ཉེན་ཁ་ཆེ་ཤོས་ཤིག་ཡིན་པ་མངོན་གསལ་གནང་འདུག་པ་དང་། ཁོང་གིས་ཚན་རིག་གི་གྲུབ་དོན་གྱི་སྟེང་ནས་འགྲེལ་བརྗོད་བྱས་པར་ལོ་རབས་བདུན་ཅུའི་ནང་གི་བོད་མཐོ་སྒང་གི་འཁྱགས་རོམ་ཞུ་ཚད་དང་དེ་རིང་གི་འཁྱགས་རོམ་ཞུ་ཚད་ལ་ཟུང་སྐར་བརྒྱུད་ནས་དཔྱད་འབྲས་སུ་དེང་སྐབས་འཁྱགས་རོམ་ཞུ་ཚད་དེ་ལྡབ་གཉིས་ཀྱིས་མང་དུ་འཕེལ་ཡོད་པ་ལུང་འདྲེན་གནང་འདུག   འཛམ་གླིང་ལྷོ་བྱང་གཉིས་མ་བརྩིས་པ་ཡིན་ན་བོད་མཐོ་སྒང་དུ་ས་འོག་གི་གཏན་འཇགས་འཁྱགས་རོམ་མང་ཤོས་ཀྱི་ས་ཁུལ་ཞིག་ཆགས་ཡོད་ཀྱང་ཕྱི་ལོ་ ༢༠༠༦ ལོ་ནས་བཟུང་བོད་མཐོ་སྒང་དུ་རྒྱ་ནག་གིས་མེ་འཁོར་ལྕགས་ལམ་གསར་རྒྱག་གིས་གཏེར་ཁ་སྔོག་འདོན་ཤུགས་ཆེར་བྱེད་བཞིན་པར་བརྟེན་བོད་མཐོ་སྒང་གི་གནམ་གཤིས་ཀྱི་དྲོད་ཚད་ཆེ་ཕྱིན་ཏེ། དྲོད་ཁང་གི་ཤུགས་རྐྱེན་དེ་རྫས་འགྱུར་གྱི་ནུས་པ་ལས་ལྡབ་ ༣༠ ལྷག་མང་དུ་འཕེལ་ཡོད་རྐྱེན་བོད་མཐོ་སྒང་གི་ས་འོག་གི་གཏན་འཇགས་འཁྱགས་རོམ་ཞུ་བཞིན་པ་མ་ཟད་བོད་དེ་བྱེ་ཐང་ཅན་དུ་འགྱུར་བཞིན་ཡོད་པ་ཡང་མངོན་གསལ་གནང་འདུག ཁོང་གིས་བོད་མཐོ་སྒང་གི་འཁྱགས་རོམ་འཇིག་ཉེན་རྐྱེན་གྱིས་རང་བྱུང་གི་གོད་ཆག་སྟེ་ཆུ་ལོག་དང་མཚོ་རླུང་གི་གནད་དོན་མང་དུ་འབྱུང་བཞིན་པར་བརྗོད་ཡོད་པ་མ་ཟད། བོད་མཐོ་སྒང་གི་གཙང་ཆུ་དག་ལ་རྒྱ་ནག་གིས་ཆ་མཛོད་མང་དུ་བརྒྱབས་ཡོད་པ་དག་ཀྱང་རིམ་བཞིན་སྐམ་རྒྱུ་ཡིན་པ་འགྲེལ་བརྗོད་ཀྱིས་དེ་དུས་འཛམ་གླིང་གི་མི་འབོར་ཐེར་འབུམ་མང་པོར་གཙང་ཆུའི་དཀའ་ངལ་འཕྲད་རྒྱུ་ཡིན་པ་ཚོད་དཔག་གནང་ནས་དཀའ་ངལ་དེ་ནི་མི་རིགས་ཀྱི་ལོ་རྒྱུས་ནང་ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་བྱུང་མ་མྱོང་བའི་གནད་དོན་ཞིག་ཡིན་པར་ཉེན་བརྡ་བཏང་འདུག ཁོང་གིས་ཚན་རིག་གིས་ཞིབ་འཇུག་གྲུབ་དོན་ལྟར་ན་རི་བོ་ཧི་མཱ་ལ་ཡི་འཁྱགས་རོམ་ཞུ་རྐྱེན་གཙོ་བོ་དེ་ནི་རྡོ་སོལ་དང་ཤིང་ནགས་བསྲེགས་པའི་དུག་རྫས་མང་པོ་གངས་ཁྲོད་དུ་འབབ་པའི་གནས་བབ་དང་འབྲེལ་ཡོད་པ་འགྲེལ་བརྗོད་གནང་བ་མ་ཟད། གངས་དང་འཁྱགས་རོམ་གྱིས་ཉི་འོད་ལྡོག་འཕྲོས་བྱེད་ཀྱིན་ཡོད་ནའང་བསྲེགས་སྦྱོར་གྱི་དུ་བ་ནག་པོ་དེས་ཉི་འོད་ཚུར་འཇུབ་ཀྱི་ཡོད་པ་གསལ་བཤད་གནང་བ་དང་སྦྲགས། རྒྱ་ནག་གི་བཟོ་ལས་ཀྱི་རྐྱེན་གྱིས་རི་བོ་ཧི་མཱ་ཡི་འཁྱགས་རོམ་ཞུ་ཚད་ཀྱི་བརྒྱ་ཆ་ལྔ་བཅུ་ལྷག་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་། རྒྱ་གར་གྱིས་ཀྱང་བརྒྱ་ཆ་བདུན་ལྷག་ཞུ་བཞིན་ཡོད་པར་གསལ་བཤད་གནང་སྟེ་རྡོ་སོལ་བསྲེགས་པའི་དུག་རྫས་ནག་པོ་དེ་ནི་འཁྱགས་རོམ་ཞུ་བ་གཅིག་པོར་གནོད་པ་བྱེད་སྤྱད་ཙམ་མིན་པར་འགྲོ་བ་མིའི་རིགས་ཀྱི་འཕྲོད་བསྟེན་ལའང་གནོད་ཚབ་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་འདུག སྐུ་ཞབས་ Michael Buckley ལགས་ཀྱིས་འཛམ་གླིང་གི་ས་ཕྱོགས་གང་སར་ཁོར་ཡུག་གི་ཉེན་ཚབ་སྲུང་སྐྱོབ་ཀྱི་ཚོགས་འདུ་སྣང་མང་ཞིག་འཚོགས་བཞིན་ཡོད་ཀྱང་རྒྱ་ནག་གིས་དུས་རྒྱུན་ནས་ཚོགས་ཞུགས་བྱེད་ཀྱི་མེད་པར་མངོན་གསལ་གནང་བ་དང་ཆབས་ཅིག་ཏུ་བོད་མཐོ་སྒང་གི་ཁོར་ཡུག་ལ་ཉེན་ཁ་ཞིག་འཕྲད་ཚེ་ དེ་ནི་ཨེ་ཤ་ཡ་གཅིག་པོའི་དཀའ་ངལ་ཞིག་མིན་པར་གོ་ལ་སྤྱིའི་མི་གྲངས་སྟོང་མང་པོའི་འཚོ་གནས་ལ་དཀའ་ངལ་འཕྲད་རྒྱུ་ཡིན་སྟབས་བོད་མཐོ་སྒང་གི་ཁོར་ཡུག་གི་གནས་བབ་དེ་ཛ་དྲག་གི་ངོ་བོར་གནས་ཡོད་པའི་གསལ་བསྒྲགས་ཤིག་གནང་རྒྱུའི་དུས་ལ་བབ་འདུག་ཅེས་སྡོམ་ཚིག་གནང་འདུག རྩ་བའི་སྐུ་ཞབས་ Michael Buckley ལགས་ཀྱིས་དེ་སྔོན་བོད་ནང་གི་འཁྱགས་རོམ་ཞུ་འགྱུར་དང་འབྲེལ་བའི་ཕྱག་དེབ་ཅིག་ལྗགས་རྩོམ་གནང་སྟེ་རྒྱ་ནག་གིས་ལོ་རབས་ལྔ་བཅུ་བ་ནས་བཟུང་བོད་མི་རིགས་དམར་གསོད་བཏང་ཡོད་པ་ལྟར། ད་ཆ་རྒྱ་ནག་གིས་བཟོ་ལས་ཐོན་སྐྱེད་ཤུགས་ཆེར་བཏང་ནས་བོད་མཐོ་སྒང་གི་ཁོར་ཡུག་འབག་བཙོག་གི་ངོ་བོར་བཟོ་བཞིན་པ་མ་ཟད། གཙང་ཆུ་ཁག་ལ་ཆུ་མཛོད་གསར་རྒྱག་གིས་བོད་ཀྱི་གཙང་ཆུ་ཁག་ཕྱིར་རྒྱ་ནག་ཏུ་ནང་འདྲེན་བྱེད་ཀྱི་ཡོད་པ་རེད་ཅེས་པའི་དཔེ་དེབ་ཅིག་འདོན་སྤེལ་གནང་འདུག

བོད་རིགས་གཞོན་སྐྱེས་ཚོར་འཕྲད་བཞིན་པའི་དཀའ་ངལ་ལ་གདོང་ལེན་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་།

རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་རྒྱ་གར་གི་སྙན་གྲགས་ཆེ་བའི་ JNU འམ་ནེཧ་རུ་གཙུག་ལག་སློབ་གཉེར་ཁང་དུ་ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་ཀྱི་རིང་བཙན་བྱོལ་ནང་གི་བོད་རིགས་གཞོན་སྐྱེས་ཚོར་འཕྲད་བཞིན་པའི་དཀའ་ངལ་ལ་གདོང་ལེན་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཞིག་ཚོགས་ཀྱི་ཡོད་པ་དང་། ནེཧ་རུ་གཙུག་ལག་སློབ་གཉེར་ཁང་གི་བོད་ཀྱི་གླེང་སྟེགས་དང་དབྱིན་ཇིའི་རྒྱལ་ས་ལོན་ཊོན་གྱི་ Westminister  གཙུག་ལག་སློབ་གྲྭ་ཐུན་མོང་ནས་གོ་སྒྲིག་ཞུས་པའི་ཟབ་སྦྱོང་ཐོག་རྒྱ་གར་ནང་ཡོད་པའི་བོད་རིགས་གཞོན་སྐྱེས་སྤྱི་དང་ལྷག་དོན་བཙན་བྱོལ་བོད་མིར་ཁྲིམས་ཀྱི་དཀའ་ངལ་དང་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ།   ཤེས་ཡོན། བོད་པའི་ཚོགས་པ་ཁག་ལ་བཙན་བྱོལ་བ་ཡིན་པའི་ཆ་ནས་འཕྲད་བཞིན་པའི་དཀའ་ངལ་སོགས་ཀྱི་བརྗོད་གཞི་འདྲ་མིན་ཐོག་གྲོས་བསྡུར་གནང་གི་ཡོད་པ་རེད།    ཟབ་སྦྱོང་འདིའི་ཐོག་ཚོགས་བཅར་བ་ཙམ་མ་གཏོགས་གཞན་ཕྱི་མི་སུ་གང་ཡང་ཕེབས་ཆོག་གི་མེད་ནའང་། རྒྱ་གར་གྱི་ས་ཕྱོགས་གང་ས་ནས་ཕེབས་པའི་སློབ་ཕྲུག་དང་མཐོ་རིམ་སློབ་གྲྭའི་སློབ་མ། བོད་མི་ལས་འགུལ་བ། དེ་བཞིན་ལས་བྱེད་དང་ཉམས་ཞིབ་པ་སོགས་ཁྱོན་ཚོགས་བཅར་བ་མི་གྲངས་ ༦༠ ལྷག་ཡོད་པ་དང་། ཚོགས་བཅར་བ་དེ་དག་དབར་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས་སློབ་ཕྲུག་ཞིག་ལ་མཐོ་རིམ་སློབ་གྲྭ་ཁག་ཏུ་སློབ་འཇུག་སྐབས་འཕྲད་པའི་དཀའ་ངལ་དང་། སློབ་ཡོན་གྱི་དཀའ་ངལ་སོགས་དཀའ་ངལ་མང་དག་ཅིག་ལ་གདོང་ལེན་གནང་དགོས་སྟབས། ད་རེས་ཚོགས་བཅར་ཚོས་ངལ་བ་འདྲ་མིན་འཕྲད་བཞིན་པ་རྣམས་མཉམ་སྤུངས་ཀྱིས་ཐུན་མོང་གི་དཀའ་ངལ་ཞིག་ལ་ངོས་འཛིན་ཐུབ་ཐབས་དང་། དེ་འབྲེལ་དཀའ་ངལ་དེ་དག་ལ་གདོང་ལེན་གནང་ཕྱོགས་ཀྱི་ཐབས་ལམ་སོགས་ཀྱི་སྐོར་བཀའ་བསྡུར་གནང་གི་འདུག གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་གྲངས་གཉིས་ཀྱི་ཟབ་སྦྱོང་ཐོག་བོད་རིགས་གཞོན་སྐྱེས་རྣམས་ལ་རྒྱ་གར་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་། ཤེས་ཡོན་དང་འབྲེལ་བའི་བོད་ཕྲུག་ཁྱིམ་སྡེ། སཾ་བྷོ་ཊ་སློབ་སོགས་ཀྱི་སློབ་ཁག་གི་འགན་འཛིན།  སྤྱི་ཚོགས་ཞབས་ཞུ་བ་དང་དེ་བཞིན་ལས་འགུལ་སོགས་ནས་ཟབ་ཁྲིད་གནང་གི་ཡོད་པ་ལྟར་གཞོན་སྐྱེས་ཕན་ཚུན་དབར་དགོངས་ཚུལ་བརྗེ་རེས་གནང་གི་ཡོད་པ་རེད།

རེས་གཟའ་པ་སངས། ༢༠༡༩།༠༧།༡༩

ཉན་པ།: Listen ཕབ་ལེན། Download རྒྱ་གཞུང་གིས་ངོས་འཛིན་བྱས་པའི་ཏཱ་ལའི་བླ་མར་བོད་མིས་ཁས་ལེན་གནང་མི་སྲིད། དགའ་ལྡན་ཕོ་བྲང་ཡིག་ཚང་གིས། ཨ་རིའི་སྲིད་འཛིན་གཞོན་པས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་སྐོར་གླེང་བ། རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཀྱིས་བོད་ཀྱི་བཙོན་པ་དགུའི་གནས་སྟངས་ཞུ་སྐུལ། ༸གོང་ས་མཆོག་གིས་ཡོ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་ཚོགས་གཙོ་གསར་པར་འཚམས་འཕྲིན་བསྩལ་བ། བོད་སྨན་གྱིས་བོད་མིའི་མཚན་མཐོང་ལ་ཕན་གྱི་ཡོད་པ་བཀའ་བསྩལ་འདུག རྒྱ་ནག་རི་བོ་རྩེ་ལྔར་ནང་པའི་དགོན་པ་བཙན་དབང་གིས་གཏོར་བཤིག Friday 19/07/2019 Dalai Lama’s office refutes China’s remarks on reincarnation issue US Vice President highlights Panchen Lama’s case at IRF Ministerial UN Special Rapporteurs ask China for information on 9 Tibetan prisoners Dalai Lama congratulates the newly elected President of the European Commission Dalai Lama speaks on importance of Sowa Rigpa to outgoing students Lamas closely monitored, temple destroyed at Shanxi

༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་ཏཱ་ལའི་བླ་མའི་ཡང་སྲིད་ལ་བོད་མིས་ཁས་ལེན་གནང་མི་སྲིད་ཅེས་གསུངས་སོང་།

༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་མཆོག་ནས་རྒྱ་གཞུང་གིས་འདས་པའི་ལོ་རྒྱུས་ཀྱི་བསླབ་བྱ་ལ་མ་བརྟེན་པར་མུ་མཐུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་བཞིན་པ་དེ་ནི་རིག་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་གང་ཡང་མེད་པར་ཆབ་སྲིད་ཀྱི་དགོས་དབང་རྐྱང་པའི་འོག་ནས་བཙན་དབང་གིས་སྐད་ཆ་བཤད་པ་འབའ་ཞིག་ཡིན་པར་སྐྱོན་བརྗོད་དང་སྦྲགས། མ་འོངས་པར་རྒྱ་གཞུང་གིས་འདེམས་སྒྲུག་བྱས་པའི་ཏཱ་ལའི་བླ་མའི་ཡང་སྲིད་ལ་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་གཙོ་གྱུར་ནང་པ་སུས་ཀྱང་༸རྒྱལ་བའི་ཡང་སྤྲུལ་དུ་ངོས་ལེན་དང་དད་མོས་གནང་གི་མ་རེད་ཅེས་མངོན་གསལ་གནང་སོང་། ཉེ་སྔོན་༸གོང་ས་མཆོག་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་སྔ་རྗེས་སུ་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་གྱི་གསར་ལམ་ཁག་གཅིག་ལ་བོད་པའི་ཆབ་སྲིད་ཀྱི་གནས་སྟངས་དང་མགོན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་སོགས་ཀྱི་ཐད་བཀའ་ལན་བསྩལ་རྗེས་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཚན་པའི་འགན་འཛིན་གཞོན་པ་ Wang Neng Sheng དང་པེ་ཅིང་དུ་རྟེན་བྱས་པའི་བོད་རིག་པའི་ཞིབ་འཇུག་བསྟི་གནས་ཁང་གི་སྤྱི་ཁྱབ་ Zha Luo གཉིས་ནས་སྐབས་དེར་བོད་ཀྱི་རྒྱལ་ས་ལྷ་སར་སྐོར་སྐྱོད་ལ་ཕེབས་པའི་རྒྱ་གར་གྱི་གསར་འགོད་སྡེ་ཁག་ཞིག་གི་དྲི་བར་ལན་འདེབས་དང་འབྲེལ། ༸སྐུའི་ཡང་སྲིད་ཀྱི་གནད་དོན་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས། རྒྱ་གཞུང་གིས་ངོས་འཛིན་མེད་པར་ཏཱ་ལའི་བླ་མའི་༸སྐུའི་ཡང་སྲིད་གཅིག་བཙན་བྱོལ་དང་ཡང་ན་རྒྱལ་ཁབ་གང་དུའང་༸སྐུ་འཁྲུངས་རུང་དེར་ངོས་ལེན་རྩ་བ་ནས་མེད་སྐོར་ནན་བརྗོད་བྱས་པ་མ་ཟད། གནད་དོན་དེའི་ཐད་རྒྱ་གར་གཞུང་ལ་ཐེ་བྱུས་གནང་རྒྱུའི་དབང་ཆ་གང་ཡང་མེད་པ་དང་གལ་ཏེ་རྒྱ་གར་གཞུང་ནས་བཙན་བྱོལ་བོད་གཞུང་ཟེར་བས་བདམས་པའི་༸སྐུའི་ཡང་སྲིད་ལ་ངོས་འཛིན་ཞུ་ཚེ་དེས་རྒྱ་གར་དང་རྒྱ་ནག་དབར་གྱི་ཆབ་སྲིད་གནད་དོན་ལ་དོ་ཕོག་ཤུགས་ཆེར་འགྲོ་ངེས་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་ཁ་སང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་སུ་དེ་འབྲེལ་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་༸གོང་ས་མཆོག་གིས་དེ་སྔ་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཁ་གསལ་བཀའ་གནང་ཟིན་ཡོད་པ་དང་ལྷག་དོན་ཕྱི་ལོ་ ༢༠༡༡ ལོར་ཚོགས་པའི་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་ཆོས་ཚོགས་ཐེངས་ ༡༡ ཐོག་ཡོངས་ཁྱབ་གསལ་བསྒྲགས་ཤིག་བསྩལ་ཡོད་པ་སོགས་ལུང་འདྲེན་གནང་སྟེ། ༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་གདམ་ཕྱོགས་ནི་སྲོལ་རྒྱུན་རང་བཞིན་གྱི་༸སྐུ་སྒེར་གྱི་འགན་དབང་ཡིན་པ་དང་ཡང་སྲིད་དང་འབྲེལ་བའི་ལམ་སྟོན་རྣམས་དེ་སྔ་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ལམ་ནས་ཁ་གསལ་བཀའ་བསྩལ་ཟིན་ཡོད་སྟབས། རྒྱ་གཞུང་ལ་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐོབ་ཐང་མེད་པར་ནན་བརྗོད་གནང་བ་མ་ཟད། ད་ཆ་གནད་དོན་དེའི་ཐད་གླེང་སློང་དང་བགྲོ་གླེང་བྱ་དགོས་དོན་གང་ཡང་མེད་ཅེས་ནན་བརྗོད་གནང་སོང་། རྔ་བ་ཚེ་རྒྱམ་ལགས་ཀྱིས་ད་དུང་སྤྱིར་རྒྱ་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་བཤད་པའི་སྐད་ཆ་དེ་དག་གི་ནང་དོན་ཡོངས་རྫོགས་བསྐྱར་ཟློས་ཤ་སྟག་ཡིན་པ་དང་རྒྱ་གཞུང་གིས་ད་བར་འདས་པའི་ལོ་རྒྱུས་ནས་བསླབ་བྱ་ནམ་ཡང་མ་ལེན་པར་མུ་མཐུད་དེ་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་བཞིན་པ་དེ་ནི་རིག་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་གང་ཡང་མེད་པར་ཆབ་སྲིད་ཀྱི་དགོས་དབང་རྐྱང་པའི་འོག་ནས་བཙན་པོའི་དབང་ཡོད་ཀྱི་སྐད་ཆ་འབའ་ཞིག་ཡིན་པར་སྐྱོན་བརྗོད་དང་སྦྲགས་ཏེ། འདི་ལྟ་བུའི་གནས་བབས་དེར་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་གཙོ་བོར་གྱུར་པའི་ནང་པ་སུས་ཀྱང་ཁས་ལེན་དང་དད་མོས་གནང་མི་སྲིད་པ་རེད་ཅེས་བསྐྱར་ནན་གནང་ཡོད། གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ Reuters  གསར་ཁང་གི་བཅར་འདྲིར་བཀའ་ལན་མཛད་སྐབས་རྒྱ་ནག་གི་ངོས་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་༸གང་ཉིད་མཆོག་ལས་ལྷག་པའི་སེམས་ཁྲལ་བྱེད་བཞིན་ཡོད་པར་བཀའ་བསྩལ་དང་འབྲེལ། མ་འོངས་པར་༸སྐུའི་ཡང་སྲིད་དེ་རང་དབང་གི་རྒྱལ་ཁབ་ནས་གཅིག་དང་རྒྱ་ནག་སྲིད་གཞུང་ནས་ངོས་འཛིན་བྱས་པའི་གཅིག་བཅས་གཏན་འབེབས་བྱུང་ཚེ་མི་མང་གི་ངོས་ནས་རྒྱ་ནག་གིས་བདམས་པའི་ཡང་སྲིད་དེར་གུས་བརྩི་ཞུ་ཐབས་མེད་སྟབས། རྒྱ་ནག་ལ་དཀའ་ངལ་འཕར་མ་ཞིག་ཆགས་ངེས་ཡིན་པར་བཀའ་ནན་བསྩལ་བ་མ་ཟད་མགོན་པོ་༸གང་ཉིད་མཆོག་རྒྱ་གར་དུ་མི་ལོ་དྲུག་ཅུ་ལྷག་གི་རིང་བཞུགས་མྱོང་ཡོད་སྟབས་༸སྐུའི་ཡང་སྲིད་དེ་རྒྱ་གར་རང་དབང་ལུང་པར་འཁྲུངས་སྲིད་སྐོར་བཀའ་བསྩལ་ཡོད་པ་རེད། སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་སྔ་རྗེས་སུ་རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་གསེར་བུམ་དཀྲུགས་ཏེ་རྒྱ་ནག་ནང་ལོག་ནས་ངོས་འཛིན་ཞུ་དགོས་པ་ལས་བཙན་བྱོལ་དུ་འཁྲུངས་ན་འགྲིག་གི་མེད་སྐོར་འགྲེལ་བརྗོད་བྱས་པ་མ་ཟད། རྒྱ་གཞུང་གིས་ངོས་འཛིན་མེད་པའི་༸སྐུའི་ཡང་སྲིད་ཞིག་ལ་རྒྱ་གར་གཞུང་ནས་ངོས་ལེན་གནང་ཚེ་དེས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་བཟོ་སྲིད་པའི་ཉེན་བརྡ་བཏང་ཡོད་པའི་ཁྲོད། སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་གཞུང་ལ་སྐྱོན་བརྗོད་དང་སྦྲགས་ཏེ། རྒྱ་གཞུང་འདི་ཆོས་ལུགས་ཀྱི་ལམ་སྲོལ་དང་ལོ་རྒྱུས་ལ་བརྩི་མེད་རྡོག་རོལ་བཏང་མཁན་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་མི་བྱེད་མཁན། དེ་བཞིན་༸གོང་ས་མཆོག་ལ་གུས་བརྩི་མེད་མཁན་བཅས་ཆགས་ཀྱི་ཡོད་སྟབས་རྒྱ་གཞུང་ལ་༸སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་ཐོབ་ཐང་མེད་ཅེས་གསུངས་པ་འདུག ལ་ལས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ནི་སྲོལ་རྒྱུན་རང་བཞིན་གྱི་༸སྐུ་སྒེར་གྱི་དབང་ཆ་ཡོད་སྟབས། རྒྱ་གཞུང་ནས་༸སྐུའི་ཡང་སྲིད་ཐད་ཐེ་གཏོགས་བྱས་པ་དེ་ནི་དུས་རབས་མང་པོར་བརྒྱུད་པའི་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ལམ་ལུགས་ལ་རྩིས་མེད་བ་ཙམ་ཞིག་ཡིན་པར་སྐྱོན་བརྗོད་གནང་བཞིན་འདུག ༸སྐུ་པར་༸དཔལ་ལྡན་དགའ་ལྡན་ཕོ་བྲང་།

ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་ Mike Pence མཆོག་གི་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་སྐོར་གླེང་བ།

ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཚོགས་བཞིན་པའི་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་གི་ལྷན་ཚོགས་ཐེངས་གཉིས་པའི་ཉིན་མཐའ་མའི་ཐོག་ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་ Mike Pence མཆོག་གིས་རྒྱ་ནག་ནང་གི་ཆོས་དད་རང་དབང་གི་གནས་སྟངས་སྐོར་གླེང་སྐབས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་འབུར་འདོན་དང་སྦྲགས་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་སྐྱོ་པོ་ཡོད་པ་གསུངས་འདུག སྲིད་འཛིན་གཞོན་པ་སྐུ་ཞབས་ Mike Pence མཆོག་གིས་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་རྩིས་མེད་རྡོག་རོལ་གཏང་ཡུལ་ས་གནས་དང་ཆོས་ལུགས་ཁག་རེ་རེ་བཞིན་གསལ་འདོན་གནང་སྐབས། དེ་སྔ་ཕྱི་ལོ་ ༡༩༩༥ ལོར་རྒྱ་ནག་གཞུང་གིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་གོང་མའི་ཡང་སྲིད་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཁོར་དང་བཅས་པ་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ད་ཆ་ཁོང་རྣམ་པ་གར་སོང་ཆ་མེད་གྱུར་ནས་ལོ་ཉི་ཤུ་རྩ་བཞི་འགྲོ་བཞིན་ཡོད་པ་འབུར་འདོན་དང་སྦྲགས། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་དེ་དག་ཁྲོད་དུ་བོད་མིའི་ཆོས་དད་རང་དབང་ཐོག་བཟང་ཕྱོགས་ཀྱི་ཡར་རྒྱས་མེད་པར་མུ་མཐུད་དམ་དྲག་དང་སྔར་ལྷག་ཚོད་འཛིན་བྱེད་བཞིན་ཡོད་པ་གསུངས་འདུག སྲིད་འཛིན་གཞོན་པ་མཆོག་ནས་རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་དུ་ཁ་ཆེའི་ཆོས་དད་པ་ས་ཡ་གཅིག་ལྷག་འཛིན་བཟུང་བཀག་ཉར་བྱེད་བཞིན་པའི་གནད་དོན་དང་། རྒྱ་ནག་ཁྱོན་ཡོངས་སུ་ཡོད་པའི་ཡི་ཤུའི་ལྷ་ཁང་དང་དཔེ་ཆ་ཁག་རྩ་གཏོར་གཏོང་བཞིན་པའི་གནད་དོན། ལྷག་པར་དུ་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ཐོག་ཕྱག་ལས་གནང་མཁན་ཚོ་འཛིན་བཟུང་བཙན་ཁྲིད་བྱས་པ་མ་ཟད། ཁོང་རྣམ་པའི་ནང་མི་སྤུན་མཆེད་ཚོར་སུན་གཙེར་ཆེན་པོ་བཟོ་བཞིན་པ་སོགས་འགྲེལ་བརྗོད་དང་འབྲེལ། ཨ་རིའི་སྲིད་གཞུང་གི་ངོས་ནས་རྒྱ་ནག་དང་ལྷན་དུ་ཚོང་དོན་གཙོས་པའི་གྲོས་མོལ་གང་འདྲ་ཞིག་གནང་ཡང་། རྒྱ་ནག་ནང་དཀའ་སྡུག་མྱོང་བཞིན་པའི་ཆོས་དད་པ་རྣམ་པའི་གནད་དོན་ངེས་པར་དུ་གླེང་རྒྱུ་ཡིན་ཞེས་ཞལ་བཞེས་གནང་འདུག གཞི་རྩའི་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱིས་གོ་སྒྲོག་ཞུས་པའི་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་གི་ལྷན་ཚོགས་ཐེངས་གཉིས་པའི་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་གྱི་སྐུ་ཚབ་ཆིག་སྟོང་ལྷག་ནས་མཉམ་ཞུགས་གནང་ཐོག་ཕྱི་ཚེས་ ༡༦ ནས་ཁ་སང་བར་ཉིན་གྲངས་གསུམ་རིང་འཚོགས་ཡོད་པ་དང་། ལྷན་ཚོགས་ཉིན་གཉིས་པའི་སྐབས་སུ་ཞིང་གཤེགས་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་གཙོས་པའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་གྱི་གནད་དོན་ཐོག་དངོས་སུ་དཀའ་སྡུག་ཚད་མེད་མྱངས་མཁན་རྒྱལ་སྤྱིའི་སྐུ་ཚབ་ཁག་གཅིག་ཨ་རི་ཕོ་བྲང་དཀར་པོའི་ནང་ཨ་རིའི་སྲེད་འཛིན་སྐུ་ཞབས་ཌོ་ནལཌ་ཊམ་མཆོག་དང་མཇལ་འཕྲད་བརྒྱུད་བཀའ་མོལ་ཞུ་རྒྱུའི་གོ་སྐབས་ཀྱང་གནང་ཡོད་པ་རེད། ཨ་རིའི་སྲིད་འཛིན་མཆོག་དང་བཀའ་མོལ་ཞུ་རྒྱུའི་ལས་རིམ་ལས་ཁྲོད་དུ་ཁ་སང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲོན་ཚབ་པ་ Lu Kang གིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཨ་རིས་གོ་སྒྲིས་ཞུས་པའི་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་གི་ལྷན་ཚོགས་ཐོག་རྒྱ་ནག་ནང་ཆོས་དད་རང་དབང་མེད་སྐོར་བརྗོད་པ་རྣམས་བདེན་པ་མིན་པ་དང་། རྒྱ་ནག་ནང་སོ་སོའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཞིར་བཟུང་ཆོས་དད་རང་དབང་ཡོད་ཅེས་བརྗོད་པ་དང་ཆབས་ཅིག ཨ་རི་གཞུང་ནས་ལྷན་ཚོགས་དེའི་ཐོག་རྒྱ་ནག་གི་ཆོས་ཕྱོགས་སྲིད་བྱུས་ལ་མི་འདོད་པའི་མི་སྣ་ཁག་གཅིག་གདན་ཞུས་ཀྱིས་སྲིད་འཛིན་ Donald Trump མཆོག་དང་གླེང་མོལ་ཞུ་རྒྱུའི་གོ་སྐབས་སྐྲུན་པ་དེ་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་པ་ཞིག་རེད་ཅེས་ཨ་རི་གཞུང་ལ་སྐྱོན་བརྗོད་བྱས་འདུག འོན་ཀྱང་ཨ་རི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་Mike Pompeo མཆོག་ནས་ཁ་སང་ལྷན་ཚོགས་ཀྱི་མཇུག་བསྡོམ་གསུངས་བཤད་དང་སྦྲགས། རྒྱ་ནག་རྒྱལ་ཁབ་དེ་ནི། དུས་རབས་འདིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་ཤིང་ཅང་མི་མང་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་ནི་དུས་རབས་འདིའི་ནག་ཉེས་ཆེ་ཤོས་དེ་རེད་ཅེས་རྒྱ་ནག་ལ་མུ་མཐུད་བསྐྱོན་བརྗོད་ནན་པོ་བྱས་འདུག ལྷག་པར་དུ་སྐུ་ཞབས་ Mike Pompeo མཆོག་ནས་རྒྱ་ནག་གཞུང་ནས་རྒྱ་ནག་ནང་ཙམ་མ་ཟད་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་སྐུ་ཚབ་ལ་ཐེངས་འདིའི་ལྷན་ཚོགས་ཐོག་མཉམ་ཞུགས་གནང་རྒྱུ་མེད་པའི་གནོན་ཤུགས་སྤྲད་ཡོད་པར་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གཞུང་ནས་གནོན་ཤུགས་སྤྲད་པ་དེ་རྒྱ་ནག་ནང་ལ་ཆོས་དད་རང་དབང་མེད་པའི་རྣམ་པ་གསལ་པོ་མཚོན་གྱི་ཡོད་ཅེས་གསུངས་པ་དང་ཆབས་ཅིག་ཏུ་གནོན་ཤུགས་དེར་ལྟོས་མེད་ལྷན་ཚོགས་ཐོག་མཉམ་ཞུགས་གནང་མཁན་ཡོངས་ལ་བསྔགས་བརྗོད་གནང་འདུག གཞི་རྩའི་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་གི་ལྷན་ཚོགས་འདི་བཞིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གི་སྲིད་གཞུང་ནས་རྒྱལ་སྤྱིའི་མང་ཚོགས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུར་དམིགས་ཏེ་ལྷན་ཚོགས་དང་པོ་དེ་སྔར་ལོའི་ཕྱི་ཟླ་བདུན་པའི་ནང་ཚོགས་ཡོད་པ་དང་། ལས་དོན་དེའི་སླད་ཨ་རི་གཞུང་དང་ལྷན་ཚོགས་ནས་ལོ་རེར་ཨ་སྒོར་ས་ཡ་བཞི་བརྒྱ་ལྷག་གི་འགྲོ་གྲོན་གནང་བཞིན་ཡོད་པ་རེད།

Latest news