Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: July, 2019

ཨིན་ཡུལ་གྲོས་ཚོགས་སུ་བོད་ནང་འདྲ་མཉམ་ཐོག་འགྲུལ་སྐྱོད་ཆོག་པའི་ཁྲིམས་འཆར་ཆེད་འདོན། 

ཨིན་ཡུལ་གྲོས་ཚོགས་སུ་བོད་ནང་རང་དབང་ཐོག་ཕར་འགྲོ་ཚུར་འོང་གི་འགྲོ་སྐྱོད་ཆོག་པའི་ཁྲིམས་འཆར་ Reciprocal Access to Tibet ཞེས་པ་ཆེད་འདོན་གནང་བ་དང་འབྲེལ། ཁྲིམས་འཆར་དེ་བརྒྱུད་ནས་ཨིན་ཡུལ་གཞུང་གི་ངོས་ནས་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཐོག་རྒྱུན་མི་ཆད་པར་བརྙས་བཅོས་གཏོང་བཞིན་པའི་བྱ་སྤྱོད་ལ་བཟོད་སྒོམ་མུ་མཐུད་ནས་གནང་གི་མིན་ཞེས་གསུངས་འདུག ཁྲིམས་འཆར་དེ་ཁ་སང་ཕྱི་ཚེས་ ༢༣ ཉིན་ཨིན་ཡུལ་གྱི་གྲོས་ཚོགས་འོག་མའི་ཉིན་རྒྱབ་ཚོགས་དུས་ཐོག་ཨིན་ཡུལ་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Tim Loughton ལགས་ཀྱིས་ཆེད་འདོན་གནང་འདུག་པ་དང་། སྐབས་དེར་ཁོང་གིས་རྒྱ་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་ད་བར་བོད་མི་ས་ཡ་གཅིག་ལྷག་ཚེ་སྲོག་ཤོར་བ་དང་བོད་མི་ ༡༥༠ ལྷག་གིས་རྒྱ་གཞུང་ལ་ཞི་རྒོལ་གྱི་རང་ལུས་མེར་བསྲེགས་གནང་བ་དང་། དེ་བཞིན་རྒྱ་གཞུང་གིས་བོད་མཐོ་སྒང་གི་ཁོར་ཡུག་གཏོར་བཤིག་ཚབས་ཆེན་གཏོང་བཞིན་པ་བཅས་ད་ལྟའི་ཆར་བོད་ཀྱི་སྣོད་བཅུད་གཉིས་ཀར་ཛ་དྲག་དང་དང་ཚབས་ཆེའི་གནས་སྟངས་སུ་འགྱུར་བཞིན་ཡོད་ཀྱང་། རྒྱ་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། རྒྱལ་ཚོགས་ཀྱི་རྟོག་ཞིབ་མི་སྣ་སོགས་རང་དབང་ཐོག་ནས་བོད་ནང་གི་གནས་སྟངས་རྒྱུས་ལོན་དང་རྟོག་ཞིབ་ཆེད་སྐྱོད་རྒྱུར་བཀག་འགོག་བྱེད་བཞིན་ཡོད་པར་འགྲེལ་བརྗོད་གནང་སྟེ་ཨིན་ཡུལ་གཞུང་ནས་བོད་མིའི་གནད་དོན་ཁུལ་སིམ་པོར་བསྡད་རྒྱུ་མེད་ཅེས་གསུངས་པ་དང་འབྲེལ་གྲོས་ཚོགས་སུ་ཁྲིམས་འཆར་དེ་འགོད་འབུལ་ཞུས་འདུག སྐུ་ཞབས་ Tim Loughton ལགས་ཀྱིས་ཁྲིམས་འཆར་དེ་དང་འབྲེལ་ནས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཁག་ནས་ཁེ་ཕན་བླངས་ཏེ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་རང་དབང་ཐོག་ནས་སྐོར་སྐྱོད་ཀྱིས་རྒྱ་གཞུང་ལྟ་གྲུབ་ཁྱབ་སྤེལ་དང་དྲིལ་བསྒྲགས་སྤེལ་བཞིན་པའི་ལས་དོན་ཁག་མཚམས་འཇོག་ངེས་པར་བྱེད་དགོས་པ་དང་། ལྷག་པར་དུ་ཉེ་སྔོན་ཨ་རིའི་གྲོས་ཚོགས་ངོས་ནས་ཨ་རིའི་མི་སེར་དང་གཞུང་འབྲེལ་མི་སྣ་ཁག་བོད་ནང་རང་དབང་ཐོག་འདྲ་མཉམ་འགྲོ་འོང་བྱ་རྒྱུའི་ཁྲིམས་འཆར་ཞིག་གཏན་འབེབས་གནང་བ་གཞིར་བཟུང་ད་ཆ་ཡོ་རོབ་དང་ཨིན་ཡུལ་གཞུང་གཉིས་ནས་ཨ་རི་ལྟར་གཅིག་མཚུངས་ཀྱི་བཞེངས་ཕྱོགས་འཛིན་རྒྱུའི་དུས་ལ་བབ་ཡོད་པ་དང་། ཁྲིམས་འཆར་དེ་བརྒྱུད་ནས་རྒྱ་ནག་གཞུང་ལ་ཨིན་ཡུལ་གཞུང་གི་ངོས་ནས་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཐོག་རྒྱུན་མི་ཆད་པར་བརྙས་བཅོས་གཏོང་བཞིན་པའི་བྱ་སྤྱོད་དེར་སྣང་མེད་དང་བཟོད་སྒོམ་མུ་མཐུད་ནས་གནང་རྒྱུ་མེད་ཅེས་རྒྱ་གཞུང་ལ་གསལ་འདོན་བྱ་རྒྱུ་ཡིན་པ་གསུངས་འདུག སྐུ་ཞབས་ Tim Loughton ལགས་ཀྱིས་ད་རེས་ཁྲིམས་འཆར་དེ་དང་འབྲེལ་ནས་ཨིན་ཡུལ་ཕྱི་སྲིད་ལས་ཁུངས་ནས་ལོ་གཅིག་ནང་ཚུད་ལ་ཨིན་ཡུལ་གྱི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། ཡུལ་འཁོར་སྤྲོ་འཆམ་པ་བཅས་བོད་དང་རྒྱ་ནག་གི་མངའ་ཁུལ་ཁག་ཏུ་འགྲོ་འོང་ག་ཚོད་ཙམ་གང་ཐུབ་པའི་གྲངས་ཐོ་ཁག་མཚུངས་བསྡུར་གྱིས་ལོ་འཁོར་སྙན་ཐོ་ཞིག་གྲོས་ཚོགས་ནང་འགོད་འབུལ་ཞུ་དགོས་པའི་དགོས་འདུན་ཡང་ཆེད་འདོན་གནང་ཡོད་པ་རེད། ཁ་སང་གྲོས་ཚོགས་འཐུས་མི་སྐུ་འཚབ་ Tim Loughton ལགས་ཀྱིས་ཨིན་ཡུལ་གྲོས་ཚོགས་སུ་ཁྲིམས་འཆར་དེ་འགོད་འབུལ་ཞུས་གྲུབ་རྗེས་སྤྱི་ཚོགས་དྲྭ་ལམ་ཐོག་བརྙན་པར་ལམ་ནས་ཁྲིམས་འཆར་དེ་དང་འབྲེལ། རྒྱ་གཞུང་གི་ངོས་ནས་བོད་དེ་ཕྱི་ལ་སྒོ་མོ་ཕྱེས་ནས་བོད་ནང་གི་དངོས་ཡོད་གནས་བབ་ལ་རྟོག་ཞིབ་གནང་འཇུག་དགོས་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་བོད་མི་དང་འཛམ་གླིང་ཁྱོན་ཡོངས་སུ་ཡོད་པའི་བོད་མིའི་ཐོག་དྲང་བདེན་མ་བྱེད་ཚེ་དེ་འབྲེལ་རྒྱ་ནག་གཞུང་གི་འགན་ཡོད་མི་སྣ་ཁག་ཨིན་ཡུལ་དུའང་ཡོང་རྒྱུའི་རེ་བ་དུས་ནམ་ཡང་མ་བྱེད་ཅེས་གསུངས་འདུག རླུང་འཕྲིན་ཁང་གིས་ཁྲིམས་འཆར་དེ་དང་འབྲེལ་ནས་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཀྱི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཀུན་དགའ་ལགས་སུ་བཅར་འདྲི་ཞུས་པར་ཁྲིམས་འཆར་དེ་ནི་ད་བར་ས་གནས་སུ་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་ཚོགས་སྒེར་ཁག་དང་བོད་མི་སོགས་ནས་ལོ་མང་རིང་ནས་ཞུ་འབོད་རིམ་པ་ཞུས་པའི་གྲུབ་འབྲས་ཤིག་ཡིན་པ་མ་ཟད། རིང་མིན་ཁྲིམས་འཆར་དེ་གྲོས་ཚོགས་སུ་བགྲོ་གླེང་བརྒྱུད་ནས་གཏན་འབེབས་གནང་རྒྱུའི་ལས་རིམ་ཡོད་པ་དེ་ལྟར་ཡང་། ད་རེས་ཨིན་ཡུལ་གྱི་གནད་འགགས་ཆེ་བའི་གྲོས་ཚོགས་ཀྱི་དུས་ཚོད་དེ་ལྟ་བུའི་ཐོག་བོད་ནང་གི་གནད་དོན་དང་ཁྲིམས་འཆར་དེ་ཆེད་འདོན་གནང་བ་ནི་རྒྱལ་ཁ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་མ་ཆོག་ཡོད་མ་རེད་ཅེས་གསུངས་སོང་།

རེས་གཟའ་མིག་དམར། ༢༠༡༩།༠༧།༢༣

ཉན་པ།: Listen ཕབ་ལེན། Download ༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་རྒྱ་གར་གཞུང་ནས་བཞེངས་ཕྱོགས་བརྟན་པོ་འཛིན་དགོས། རྒྱ་གཞུང་གིས་མི་སྒེར་གཅིག་ལ་རྨོངས་དད་ཅན་གྱི་ཆབ་སྲིད་ལག་བསྟར་བྱེད་བཞིན་པ། བྱ་དོ་རིན་པོ་ཆེ་མཆོག་ལ་བྷུར་ཡ་ཐའི་སྲིད་གཞུང་གིས་ཆེ་བསྟོད་གཟེངས་རྟགས་ཕུལ་བ། བོད་ཀྱི་བེུད་ཅིག་ལ་རྒྱལ་སྤྱིའི་ Table Soccer ཞེས་པའི་རྩེད་འགྲན་ཁྲོད་ཨང་དང་པོ་སོན་འདུག Top Gun ཞེས་པའི་གློག་བརྙན་ནང་ཐེ་ཝན་དང་ཉི་ཧོང་གི་རྒྱལ་དར་ནག་གསུབ། གླུ་གཞས་ལས་རིམ། གླུ་བ་སྐལ་བཟང་རྣམ་གྲོལ་ལགས་ཀྱི་གླུ་གཞས་སྒུག Tuesday 23/07/2019 India has to stand up to China on Dalai Lama’s succession Symposium held on Xi’s book on governance of China in minority languages Republic of Buryatia felicitates Jador Rinpoche Tibetan girl wins Table Soccer World Series junior doubles title Top Gun sequel: Japan and Taiwan flags replaced on famous Tom Cruise jacket MUSIC FEATURE: ‘Gug’ by Kalsang Namdol

༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་རྒྱ་གར་གཞུང་ནས་བཞེངས་ཕྱོགས་བརྟན་པོ་འཛིན་དགོས།

ཉེ་ལམ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་གནས་ཚུལ་ཁག་གཅིག་ཐོན་བཞིན་པ་ལྟར་དེ་རིང་ DNA གསར་ཁང་གིས་རྒྱལ་ཁབ་ཁག་གི་ཆབ་སྲིད་དང་རིག་གཞུང་ཐོག་བཤད་པ་དང་དཔྱད་རྩོམ་སྤེལ་མཁན་སྐུ་ཞབས་ Prasenjit Chowdhury ལགས་ནས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་དེར་རྒྱ་དཀར་ནག་གཉིས་ཀྱི་བཞེངས་ཕྱོགས་སོགས་དང་འབྲེལ་བའི་དཔྱད་གཏམ་ཞིག་སྤེལ་འདུག དེའི་ནང་སྐུ་ཞབས་ Prasenjit Chowdhury ལགས་ཀྱིས་ཉེ་ཆར་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཚན་པའི་འགན་འཛིན་གཞོན་པ་ Wang Neng Sheng དང་། པེ་ཅིང་དུ་རྟེན་གཞི་བྱས་པའི་བོད་རིག་པའི་ཞིབ་འཇུག་བསྟི་གནས་ཁང་གི་སྤྱི་ཁྱབ་ Zha Luo ཟེར་བ་གཉིས་ནས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས། རྒྱ་གར་གཞུང་ལ་ཐེ་བྱུས་གནང་རྒྱུའི་དབང་ཆ་གང་ཡང་མེད་པ་མ་ཟད་གལ་སྲིད་རྒྱ་གར་གཞུང་ནས་བཙན་བྱོལ་བོད་གཞུང་ཟེར་བས་བདམས་པའི་༸སྐུའི་ཡང་སྲིད་ལ་ངོས་འཛིན་ཞུ་ཚེ་རྒྱ་གར་དང་རྒྱ་ནག་དབར་གྱི་ཆབ་སྲིད་གནད་དོན་ལ་དོ་ཕོག་ཤུགས་ཆེར་འགྲོ་ངེས་ཡིན་པའི་ཉེན་བརྡ་བཏང་བ་ལུང་འདྲེན་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་ནས་ངོས་འཛིན་ཞུས་པའི་༸སྐུའི་ཡང་སྲིད་ལ་ངོས་ལེན་མེད་ཅེས་ཡོངས་བསྒྲགས་གནང་བ་ལྟར། རྒྱགར་གཞུང་ནས་རྒྱ་དཀར་ནག་གཉིས་ཀྱི་གནད་དོན་ཐོག་རྒྱ་ནག་ལ་ཆེས་དགའ་དགའ་དང་ཞི་འཇམ་གྱི་རྣམ་འགྱུར་མ་བསྟན་པར་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་བཞེངས་ཕྱོགས་བརྟན་པོ་ཞིག་འཛིན་དགོས་པའི་སྐུལ་མ་གནང་འདུག ཁོང་ནས་དེ་སྔ་ཕྱི་ལོ་ ༡༩༥༤ ལོར་རྒྱ་གར་གྱི་སྲིད་བློན་ནེཧ་རུ་མཆོག་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པའི་གྲོས་མཐུན་ལ་མཚན་རྟགས་བསྐྱོན་པ་དང་། ཕྱི་ལོ་ ༢༠༠༣ རྒྱ་ནག་གིས་འབྲས་ལྗོངས་ས་མཚམས་ས་ཁུལ་ཁག་ཅིག་རྒྱ་ནག་གི་ཆ་ཤས་ཡིན་སྐོར་བརྗོད་སྐབས་གནད་དོན་འགྲིག་འཇགས་ཡོངས་ཐབས་སུ་སྲིད་བློན་ Atal Bihari Vajpayee མཆོག་གིས་སླར་བོད་དེ་རྒྱ་ནག་གི་ཤས་ཡིན་སྐོར་གསུངས་པ་དང་། དེ་བཞིན་ད་ལྟའི་རྒྱ་གར་གཞུང་འཛིན་ཚོགས་པའི་ངོས་ནས་གཞུང་འབྲེལ་གནད་ཡོད་མི་སྣ་རྣམས་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲོག་ཞུས་པའི་མཛད་རིམ་ཐོག་མཉམ་ཞུགས་གནང་མི་ཆོག་པའི་བརྡ་ཁྱབ་བཏང་ཡོད་པ་སོགས་ལུང་འདྲེན་གྱིས་རྒྱ་གར་གཞུང་ནས་མུ་མཐུད་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་གི་གནང་སྟངས་ལྟར་རྒྱ་ནག་ལ་འཇིགས་སྣང་ཁོ་ན་གནང་ནས་བཞུགས་ཚེ་རིམ་པས་རྒྱལ་སྤྱིའི་ཐོག་ནས་རྒྱ་གར་ལ་གཟིགས་ཕྱོགས་མི་ལེགས་པ་ཞིག་ཡོང་ངེས་ཡིན་པ་གསུངས་འདུག ལྷག་དུ་སྐུ་ཞབས་ Prasenjit Chowdhury ལགས་ནས་རྒྱ་གར་གཞུང་ནས་རྒྱ་ནག་གི་འདོད་མོས་ལྟར་འདས་པའི་ལོ་ངོ་དེ་དག་ཁྲོད་དུ་བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཅེས་བརྗོད་པ་བཞིན་ཡོད་ཀྱང་། རྒྱ་དཀར་ནག་དབར་གྱི་ས་མཚམས་གནད་དོན་དེ་ནི་ད་ལྟའང་ཀྱ་གེ་ཀྱོག་གེ་ངང་གནས་ཡོད་པར་འགྲེལ་བརྗོད་དང་འབྲེལ་ཏེ་རྒྱ་གར་གཞུང་ནས་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་གོང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་གྲུབ་འབྲས་ཐོན་ཡོད་མེད་ལ་དཔྱད་ཞིབ་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་རྒྱ་ནག་ལ་རྒྱབ་སྐྱོར་གནང་ཚེ་དེ་སྔ་རྒྱ་གར་གྱིས་བོད་ཐོག་ནོར་འཁྲུལ་བཟོས་ཟིན་པའི་སྲིད་བྱུས་ཐོག་ཁ་སྣོན་ཆགས་རྒྱུ་ཡིན་པ་དང་། རྒྱ་ནག་གཞུང་ནས་ཀྱང་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་རྒྱ་དཀར་ནག་དབར་གྱི་ས་མཚམས་གནད་དོན་དང་འབྲེལ་བ་བཏགས་ཚེ་དེས་རྒྱ་ནག་གཞུང་ནས་རྒྱ་གར་གཞུང་ལ་ཡིད་ཆེས་མེད་པའི་རྣམ་པ་ཞིག་མཚོན་གྱི་རེད་ཅེས་ནན་པོ་གསུངས་འདུག གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ Reuters  གསར་ཁང་གི་བཅར་འདྲིར་བཀའ་ལན་མཛད་སྐབས་མ་འོངས་པར་༸སྐུའི་ཡང་སྲིད་དེ་རང་དབང་གི་རྒྱལ་ཁབ་ནས་གཅིག་དང་རྒྱ་ནག་སྲིད་གཞུང་གིས་ངོས་འཛིན་བྱས་པའི་གཅིག་བཅས་གཏན་འབེབས་བྱུང་ཚེ། མི་མང་གི་ངོས་ནས་རྒྱ་ནག་གིས་བདམས་པའི་ཡང་སྲིད་དེར་གུས་བརྩི་ཞུ་ཐབས་མེད་སྟབས་རྒྱ་ནག་ལ་དཀའ་ངལ་འཕར་མ་ཞིག་ཆགས་ངེས་ཡིན་པར་བཀའ་ནན་བསྩལ་བ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་རྒྱ་གར་དུ་མི་ལོ་དྲུག་ཅུ་ལྷག་གི་རིང་བཞུགས་ཞག་མཛད་བཞིན་ཡོད་སྟབས་༸སྐུའི་ཡང་སྲིད་དེ་རྒྱ་གར་རང་དབང་ལུང་པའི་ནང་ལ་འཁྲུངས་སྲིད་སྐོར་བཀའ་བསྩལ་ཡོད་པ་རེད། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ཏེ་དེ་སྔ་ཕྱི་ལོ་ ༢༠༡༡ ལོར་ཚོགས་པའི་ཆོས་ཚོགས་ཐེངས་ ༡༡ པའི་ཐོག་མགོན་པོ་༸གང་ཉིད་མཆོག་གི་ཡང་སྲིད་དེ་༸རྒྱལ་མཆོག་༸རྗེ་དགེ་འདུན་གྲུབ་པའི་དགུང་གྲངས་ཙམ་དུ་ཕེབས་སྐབས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་། བོད་མི་གཙོས་པའི་དད་ལྡན་མང་ཚོགས་རྣམས་ལ་གོ་བསྡུར་གྱིས་༸རྒྱལ་དབང་༸སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་གནང་རྒྱུ་ཡིན་པ་མ་ཟད། གལ་སྲིད་༸སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་དགོས་གལ་དུ་གཟིགས་ཚེ་དེའི་གནང་སྒོའི་འགན་དབང་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་གི་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་ལས་གཞན་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་ཚོས་མཚོན་པའི་སྲིད་དབང་འཛིན་པ་སུ་ཞིག་ལའང་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ཀྱང་༸རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་ཞུ་མི་དགོས་པ་བཅས་ཀྱི་བཀའ་སློབ་ནན་པོ་ཕེབས་ཡོད་པ་རེད།  

Top Gun ཞེས་པའི་གློག་བརྙན་ནང་ཐེ་ཝན་དང་ཉི་ཧོང་གི་རྒྱལ་དར་ནག་གསུབ།

རྒྱ་ནག་གིས་ཨ་རིའི་ནང་བཟོ་སྐྲུན་བྱས་པའི་ Top Gun འམ་མེ་དམའི་ཡང་རྩེ་ཞེས་པའི་གློག་བརྙན་གྱི་སྔོན་འགྲོའི་ཁྱབ་བསྒྲགས་ཀྱི་འཁྲབ་སྟོན་པ་ Tom Cruise ལགས་ཀྱི་སྟོད་གོས་སྒང་གི་ཐེ་ཝན་དང་ཉི་ཧོང་གི་རྒྱལ་དར་གྱི་མཚོན་རྟགས་དེ་མེད་པར་བཟོས་པར་བརྟེན་གནད་དོན་དེ་སྤྱི་ཚོགས་ཀྱི་དྲྭ་ལམ་ཁག་ཏུ་གླེང་རྙོག་རང་བཞིན་ཞིག་ཏུ་གྱུར་འདུག དེ་རིང་གསར་ལམ་ཁག་ཏུ་མེ་མདའི་ཡང་རྩེ་ཞེས་པའི་གློག་བརྙན་དེ་དང་ཐོག་ ༡༩༨༦ ལོར་ཐོག་མར་འཁྲབ་ཁྲིད་བྱས་ཏེ་ཁྲོམ་རར་ཐོན་པར་མི་མང་གིས་དགའ་བསུ་ཆེན་པོ་ཐོབ་པ་ལྟར། ལོ་ངོ་ ༣༤ རྗེས་སུ་སླར་གློག་བརྙན་དེའི་མུ་འབྲེལ་གཉིས་པ་དེ་ཕྱི་ལོ་ ༢༠༢༠ ནང་དངོས་སུ་ཁྲོམ་རར་གཟིགས་འབུལ་ཞུ་འཆར་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ་ཐེངས་འདིའི་གློག་བརྙན་ནང་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་ Tom Cruise ལགས་ཀྱི་སྟོད་གོས་སྟེང་གི་ཐེ་ཝན་དང་ཉི་གོང་གི་རྒྱལ་དར་མེད་པར་ནག་གསུབ་བཏབ་ཡོད་སྟབས། དེ་ནི་ཕྱོགས་གཅིག་ནས་རྒྱལ་སྤྱིའི་ཁྲོམ་རའི་ཁྲོད་ནས་རྒྱ་ནག་གི་ཉེན་ཁ་གཡོལ་ཐབས་ཤིག་དང་ཕྱོགས་གཞན་ཞིག་ནས་གློག་བརྙན་དེ་བཟོ་སྐྲུན་གནང་བར་རྒྱ་ནག་གིས་མ་རྩ་ཆེད་འཛུགས་བྱས་ཡོད་པར་བརྗོད་བཞིན་འདུག དེ་རིང་ The Hollywood Reporter གསར་ཁང་གིས་རྒྱ་ནག་ནི་འཛམ་གླིང་གི་གློག་བརྙན་གྱི་ཁྲོམ་ཆེ་ཤོས་གཉིས་པ་དེ་ཡིན་སྟབས་གློག་བརྙན་སྒྲིག་སྦྱོར་བས་རྒྱ་ནག་གི་མངོན་འདོད་ལྟར་ཉི་ཧོང་དང་ཐེ་ཝན་གྱི་རྒྱལ་དར་གྱི་མཚོན་རྟགས་དེ་ནག་གསུབ་བཏང་ནས་པེ་ཅིན་སྲིད་གཞུང་དང་མཉམ་འབྲེལ་ལམ་གསར་འཛུགས་ཀྱིས་གློག་བརྙན་དེ་གཟིགས་འབུལ་ཞུ་རྩིས་ཡོད་པར་བརྗོད་འདུག པེ་ཅིན་གྱི་མ་རྩ་ཆེད་གཏོང་བ་དང་འབྲེལ་བ་ཐད་ཀར་ཡོད་མེད་གང་ཞིག་ལ་ Hollywood གློག་བརྙན་སྒྲིག་བཟོ་ཁང་གིས་དུས་རྒྱུན་ནས་གློག་བརྙན་སྒྲིག་སྦྱོར་སྐབས་སུ་རྒྱ་ནག་གི་དཔོན་རིགས་དང་རྒྱལ་ཞེན་ཆེ་བའི་མི་མང་ལ་གནོད་པའི་ཡིག་ངག་དང་རི་མོ་སོགས་ཀྱི་མཚོན་དོན་གང་ཡང་འཇོག་གི་མེད་པར་འཁོད་འདུག ཐེ་ཝན་དང་ཉི་ཧོང་གཉིས་ལ་ལོ་རྒྱུས་ཀྱི་ཁྲོད་དུ་རྒྱ་ནག་དང་ལྷན་དུ་འཁོན་སེམས་རང་བཞིན་གྱི་འབྲེལ་ལམ་ཞིག་ཡོད་པས་མེ་མདའི་ཡང་རྩེ་ཞེས་པའི་ཨ་རིའི་དམག་མིས་ཐེ་ཝན་དང་ཉི་ཧོང་ལ་འབྲེལ་བ་བཙུགས་པའི་གློག་བརྙན་དེ་ནི་རྒྱ་ནག་གིས་དམ་དྲག་བྱེད་ངེས་ཞིག་ཡིན་ཀྱང་ད་ཆ་རྒྱལ་ཁབ་དེ་གཉིས་ཀྱི་རྒྱལ་དར་གློག་བརྙན་ལས་ནག་གསུབ་བཏང་ཟིན་པར་གནས་སྟངས་དེ་ཡོངས་སུ་འགྱུར་བ་ཐེབས་ཡོད་པར་བརྗོད་འདུག སྔོན་ཆད་ཨ་རིའི་ངོས་ནས་བོད་ནང་གི་ལོ་བདུན་ལྟ་བུའི་གློག་བརྙན་དེ་བཟོ་སྐྲུན་བྱས་ཡོད་པ་ལྟར་གློག་བརྙན་དེའི་ནང་རྒྱ་ནག་གི་ཁྲིམས་ལུགས་དབང་འཛིན་ལ་སྐྱོན་བརྗོད་བྱས་ཡོད་ཀྱང་། དེ་ནས་བཟུང་ཨ་རིའི་ངོས་ནས་རྒྱ་ནག་གི་ཆེ་མཐོང་ལ་གནོད་པའི་གློག་བརྙན་གཅིག་ཀྱང་བཟོ་སྐྲུན་བྱས་མེད་པ་མ་ཟད། རྒྱ་ནག་གི་ནམ་ཡང་བརྟན་བརླིང་རང་བཞིན་ལྡན་པའི་འཕྲུལ་ལས་སྔོན་ཐོན་གྱི་ཚོང་གྲོགས་རྒྱལ་ཁབ་ཅིག་ཡིན་པར་སྟོན་ཐབས་བྱེད་བཞིན་ཡོད་པ་བརྗོད་འདུག རྩ་བའི་མེ་དམའི་ཡང་རྩེ་ཞེས་པའི་གློག་བརྙན་དེ་ཐོག་མ་ ༡༩༨༦ ལོར་གསར་དུ་འཁྲབ་པ་ཞིག་ཡིན་ཞིང་། གློག་བརྙན་དེའི་འཁྲབ་ཁྲིད་པའི་སྟོད་གོས་ཀྱི་སྟེང་དུ་ཐེ་ཝན་དང་ཉི་ཧོང་གི་རྒྱལ་ཁབ་ཀྱི་རྒྱལ་དར་ཡོད་ནའང་། གློག་བརྙན་དེའི་མུ་འབྲེལ་གཉིས་པའི་ནང་འཁྲབ་ཁྲིད་པའི་སྟོད་གོས་སྟེང་གི་རྒྱལ་དར་གྱི་རི་མོ་གཉིས་ཡོངས་སུ་བསྒྱུར་ཟིན་སྟབས་ཐེ་ཝན་དང་ཉི་ཧོང་གི་མང་ཚོགས་ཁྲོད་དུ་གནད་དོན་དེར་གླེང་སློང་ཆེན་པོ་གནང་བཞིན་པ་མ་ཟད་ཨ་རིའི་གློག་བརྙན་བཟོ་གྲྭ་དེར་རྒྱ་ནག་གིས་དངུལ་དངོས་གཉིས་ཀྱི་ཁེ་བཟང་སྤྲད་ཡོད་པར་དོགས་འདྲི་བྱེད་བཞིན་ཡོད་པ་རེད།

བྱ་དོ་རིན་པོ་ཆེ་མཆོག་ལ་ཆེན་པོ་ཧོར་ཡུལ་གྱི་བྷུར་ཡ་ཐའི་སྲིད་གཞུང་གིས་ཆེ་བསྟོད་གཟེངས་རྟགས་ཕུལ་བ།

རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་དང་དང་རྒྱུད་སྟོད་གྲྭ་ཚང་གཉིས་ཀྱི་མཁན་ཟུར་བྱ་དོ་རིན་པོ་ཆེ་མཆོག་གིས་ལོ་མང་རིང་ཕྱིའི་རྒྱལ་ཁབ་ཁག་དང་ཁྱད་པར་དུ་ཆེན་པོ་ཧོར་གྱི་ཡུལ་དུ་ཆེད་ཕེབས་ཀྱིས་ཁུལ་དེའི་དད་ལྡན་མང་ཚོགས་ཀྱི་ཁམས་དང་མོས་པ། བསམ་པ་བཅས་དང་མཐུན་པའི་སྒོ་ནས་ལོ་ངོ་དུ་མའི་རིང་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བར་མཛད་པ་མ་ཟད། ལྷག་དོན་རིན་པོ་ཆེ་མཆོག་གིས་ཟླ་བ་འདིའི་ནང་ཆེན་པོ་ཧོར་གྱི་བྷུར་ཡ་ཐའི་ས་གནས་སུ་དད་ལྡན་སྟོང་ཕྲག་བརྒལ་བར་བཅོམ་ལྡན་འདས་དཔལ་དུས་ཀྱི་མའཁོར་ལོའི་བཀའ་དབང་ཟབ་མོ་བཀྲིན་བསྩལ་བ་བཅས་ལ་བརྟེན་ནས་བཀྲིན་གཏང་རག་དང་འབྲེལ་རིན་པོ་ཆེ་མཆོག་ལ་ཌི་ཛ་ཡའི་ནང་པའི་ཆེས་མཐོ་གཙུག་ལག་ཁང་གི་ངོས་ནས་འབུམ་རམས་པའི་མཚན་མཐོང་ཕྱག་ཁྱེར་དང་བྷུར་ཡ་ཐའི་གཞུང་གིས་བྷུར་ཡ་ཐའི་གཟེངས་བསྟོད་ཀྱི་ལེགས་སྐྱེས་བཅས་འབུལ་བཞེས་གནང་འདུག གཞི་རྩའི་༸སྐྱབས་རྗེ་བྱ་དོ་སྤྲུལ་སྐུ་བསྟན་འཛིན་འབྱུང་གནས་རིན་པོ་ཆེ་མཆོག་ནི་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་ཡོད་པ་དང་། དེ་རྗེས་སྐུ་ཐོག་གོང་མའི་མཛད་པ་མུ་མཐུད་བསྐྱང་སླད་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་བསྐྱངས་དང་སྐྱོང་མུས་ཡིན་པ་མ་ཟད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བསྩལ་ཕེབས་དོན་བཞིན་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་མཁན་རབས་ལྔ་པར་བསྐོ་གཞག་གནང་བ་ལྟར་མཁན་པོའི་མཛད་འགན་བཞེས་ཡོད། ཕྱི་ལོ་ ༢༠༡༣ ལོ་ནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དང་མཁན་རིན་པོ་ཆེའི་མཛད་འཁུར་རིམ་པར་བཞེས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བླ་མ་དུ་མའི་དྲུང་ནས་དབང་ལུང་མན་ངག་ཁྲིད་སོགས་ཞུ་མྱོང་ཡོད་པ་རེད།

བོད་ཀྱི་བེུད་ཅིག་ལ་རྒྱལ་སྤྱིའི་ Table Soccer  ཞེས་པའི་རྩེད་འགྲན་ཁྲོད་ཨང་དང་པོ་སོན་པ།

ཉེ་ལམ་ཟླ་བ་ ༦ ཚེས་ ༢༨ ནས་ཟླ་བ་ ༧ ཚེས་ ༧ བར་ཡོ་རོབ་རྒྱལ་ཁབ་སི་པེན་གྱི་གྲོང་ཁྱེར་ Mucia ནང་རྒྱལ་སྤྱིའི་རྒྱལ་ཁབ་ ༤༠ ལྷག་གི་རྩེད་འགྲན་པ་ ༣༥༠ ལྷག་མཉམ་ཞུགས་ཀྱིས་རྒྱལ་སྤྱིའི་ Table Soccer ཞེས་པ་རྩེད་འགྲན་གནང་ཡོད་པ་དང་། རྩེད་འགྲན་དེའི་ཁྲོད་རྡོ་རྗེ་གླིང་ནས་ཡིན་པ་དང་ད་ཆ་རྒྱལ་ས་ལྡི་ལིར་གནས་སྡོད་བོད་པའི་བུ་མོ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་རྒྱ་གར་རྒྱལ་ཁབ་ཀྱི་སྐུ་ཚབ་ནས་ཕྱག་རོགས་ Yash ལགས་དང་ལྷན་དུ་ན་གཞོན་ Table Soccer རྩེད་འགྲན་ཁོངས་སུ་མཉམ་ཞུགས་གནང་བ་ལྟར་རྩེད་འགྲན་རིམ་པ་གནང་མཐར་རྒྱ་གར་དང་སི་པེན་དབར་འགྲན་བསྡུར་གནང་སྐབས་རྒྱ་གར་ལ་རྒྱལ་ཁ་ཐོབ་ཡོད་པ་རེད། གཞི་རྩའི་རྩེད་མོ་དེ་ཅོག་ཙེ་སྟེང་དུ་ལྕགས་ཐུར་བེད་སྤྱོད་བརྒྱུད་སྤོ་ལོ་བླུགས་ཀྱི་ཡོད་པའི་རྐང་སྤོལ་དང་འདྲ་མཚུངས་ཀྱི་རྩེད་མོ་ཞིག་ཆགས་ཀྱི་ཡོད་པ་དང་། རྩེད་མོ་དེ་ཐོག་མ་ཡོ་རོབ་ནས་དར་ཁྱབ་བྱུང་བ་ཞིག་ཡིན་པ་རེད། བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་སྤྱིར་འཛིན་རིམ་བཞི་པ་ནས་རྩེད་མོ་དེར་དོ་དབྱིངས་སླེབས་ཡོད་པ་དང་འཛིན་རིམ་བརྒྱད་པའི་སྐབས་ནས་བཟུང་དོ་སྣང་ཤུགས་ཆེར་སོང་ཡོད་སྟབས་རྩེད་འགྲན་ནང་མཉམ་ཞུགས་གནང་མཐར་གཟེངས་རྟགས་མང་པོ་ཐོབ་ཡོད་སྐོར་གསུངས་སོང་བ་དང་། དེ་བཞིན་ད་རེས་ཁོང་རྩེད་འགྲན་ཐོབ་སྐབས་རང་ཉིད་བོད་མི་ཞིག་ཡིན་པ་དང་ཡང་སྒོས་རྒྱ་གར་གྱི་སྐུ་ཚབ་གནང་བའི་ཐོག་ནས་ རྒྱལ་ཁ་ཐོབ་པར་སྤོབས་པ་ཚད་མེད་བྱུང་བ་གསུངས་སོང་།  རྩ་བའི་ལོ་ན་ ༡༦ ལ་སོན་པའི་བསྟན་འཛིན་བདེ་སྐྱིད་ལགས་ནི་རྡོ་རྗེ་གླིང་དུ་སྐྱེས་པ་དང་། ལྡི་ལི་ནང་འཚར་ལོངས་བྱུང་ཞིང་། ཁོང་ད་ཆ་ལྡི་ལི་ནང་རྟེན་གཞི་བྱས་པའི་GD Goenka སློབ་གྲྭའི་ནང་འཛིན་རིམ་བཅུ་གཅིག་ནང་སློབ་སྦྱོང་བྱེད་བཞིན་པ་དང་དེ་སྔ་བལ་ཡུལ་དང་མ་ལེ་ཤ་ཡ་བཅས་སུ་རྩེད་འགྲན་སླད་ཕེབས་མྱོང་ཡོད་པ་རེད།

རེས་གཟའ་ཟླ་བ། ༢༠༡༩།༠༧།༢༢

ཉན་པ།: Listen ཕབ་ལེན། Download ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དགོངས་པ་རྫོགས་པར་མྱ་ངན་རྗེས་དྲན། ཨ་རིས་བོད་ཐོག་འཛིན་པའི་སྲིད་བྱུས་རྣམས་ནུས་ཤུགས་ལྡན་པ་ཞིག་བཟོ་རྒྱུ་ཡིན་ཞེས་གསུངས་འདུག བསྟན་འཛིན་གསལ་སྒྲོན་ལགས་སུ་རྒྱལ་ཚོགས་ཀྱི་ Innovative Disruptor གཟེངས་རྟགས་ཕུལ་བ། སངས་རྒྱས་ཀྱི་བཀའ་བསྟན་ལ་སློབ་སྦྱོང་བྱེད་དགོས་པའི་ལམ་སྟོན་མཛད་པ། སྦེལ་ཇམ་ནང་གི་འཁྲུགས་རྐྱེན་དེ་ཁྲིམས་ཐོག་ལ་སླེབས་ཡོད། Monday 22/07/2019 Dalai Lama and CTA condoles demise of former Delhi CM Sheila Dikshit Tibetans in Delhi shut down shops, pay respect to deceased former Delhi CM US Lawmakers pledge to introduce new bill to strengthen Tibet Policy Act Tibetan entrepreneur Tenzin Seldon awarded the UN Innovative Disruptor Award Dalai Lama speaks to Korean Buddhist nuns, lauds their effort Police looking into youth scuffle in Belgium, Tibetan communities call for restraint

སངས་རྒྱས་ཀྱི་བཀའ་བསྟན་འགྱུར་དེ་ཚོ་སློབ་དེབ་ནང་བཞིན་སློབ་སྦྱོང་བྱེད་དགོས།

བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ལོར་ཕྱི་ལུགས་ལྟར་དགུང་ལོ་བརྒྱད་ཅུ་གྱ་བཞིར་སོན་པ་ལྟར། དགུང་ནའི་བབ་དང་སྐུའི་འཕྲོད་བཞེས་ཀྱི་གནས་སྟངས་ཆ་ནས་ད་ཆ་༸མགོན་པོ་གང་ཉིད་ཀྱི་ཕྱི་ཕྱོགས་ཀྱི་མཛད་འཆར་ཡོད་ཚད་ཉུང་འཕྲི་བྱས་ཏེ་བཞུགས་སྒར་གྱི་ཁུལ་དུ་སྐུ་བཞུགས་གནང་བཞིན་ཡོད་ནའང་།  ད་སྐབས་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་གྱི་མི་གྲངས་མང་པོ་ཆེད་དུ་རྡ་སར་བཅར་སྟེ་མགོན་པོ་གང་ལ་མཇལ་བཅར་ཞུ་མཁན་རྒྱུན་ཆད་མེད་པར་ཡོང་བཞིན་པ་ལྟར། དཔལ་ལྡན་དགའ་ལྡན་ཕོ་བྲང་གིས་བདུན་ཕྲག་གཅིག་གི་ནང་དུ་ཐེངས་གསུམ་ལ་མཇལ་བཅར་བ་རྣམས་ལ་མཇལ་ཁ་སྩོལ་རྒྱུའི་གོ་སྐབས་གནང་གི་ཡོད་པ་རེད། དེ་འབྲེལ་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བཅར་སྐབས་རྒྱལ་སྒོའི་ཕྱི་ཕྱོགས་སུ་ཨུ་རུ་སུ་དང་ལྷོ་ཀོ་རི་ཡ། དེ་བཞིན་རྒྱལ་གར་ལྷོ་ཕྱོགས་དང་འབྲུག་བཅས་ནས་ནས་གཟབ་འཕྱོར་ལེགས་པར་སྤྲོས་པའི་ཕྱི་རྒྱལ་མི་རིགས་མང་དག་ཅིག་མཇལ་རྒྱུ་འདུག་པ་དང་། དེའི་ཁོངས་སུ་དུས་རྒྱུན་ནས་སློབ་གྲྭ་དང་སྨན་ཁང་སོགས་ཆེད་འཛུགས་ཀྱིས་ཨེ་ཤ་ཡའི་རྒྱལ་ཁབ་སྐྱོ་བོ་ཁག་ལ་རོགས་རམ་བྱེད་མཁན་ལྷོ་ཀོ་རི་ཡའི་བཙུན་མ་ Neung Haeng ལགས་དང་ཕྱག་རོགས་ཁག་གཅིག་འདུག་པ་དང་། ཁོང་གིས་མཇལ་ཁའི་སྐབས་༸གོང་ས་མཆོག་ལ་ཁོ་མོས་རྒྱ་གར་ལྷོ་ཕྱོགས་ཀྱི་འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་ཁག་གཅིག་གདན་ཞུས་ཀྱིས་ནང་ཆོས་ཀྱི་སློབ་སྦྱོང་གནང་རྒྱུདང་དེ་བཞིན་ཀོ་རི་ཡའི་ནང་༸དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་འཛིན་སྐྱོང་སྤེལ་གསུམ་གྱི་ལས་དོན་ཁག་གཅིག་གི་སྐོར་ལ་བཀའ་སློབ་ལམ་སྟོན་ཞུས་འདུག དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་དེ་རིང་མཇལ་ཁའི་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་དུ་༸གོང་ས་མཆོག་གིས་སྐབས་དེར་ལྷོ་ཀོ་རི་ཡའི་དད་ལྡན་དེ་དག་གི་ཕྱག་ལས་ལ་བསྔགས་བརྗོད་མཛད་པ་དང་འབྲེལ། ནང་པའི་ཆོས་ལ་ཐུགས་སྣང་དང་སངས་རྒྱས་ཀྱི་བཀའ་བསྟན་འགྱུར་དེ་ཚོ་སློབ་དེབ་ལྟ་བུར་བརྩིས་ནས་སློབ་སྦྱོང་བྱེད་དགོས་པའི་ལམ་སྟོན་བསྩལ་འདུག   ཡང་མཇལ་མང་ཁྲོད་དུ་རྡ་སར་ལོ་མང་གི་རིང་ལ་ནང་ཆོས་སྦྱངས་ནས་སྒོམ་སྒྲུབ་བྱེད་བཞིན་པའི་ཀོ་ར་ཡའི་བཙུན་མ། བསྟན་འཛིན་སྒྲོན་གསལ་ལགས་ཀྱིས་མིག་ཟུང་ནས་མཆི་མ་ཐོན་བཞིན་དུ།   ཁོང་མོ་སྔོན་ཆད་ཐེངས་དང་པོ་རྒྱ་གར་ལ་སླེབས་དུས་བོད་དང་༸རྒྱལ་བ་རིན་པོ་ཆེའི་སྐོར་ལ་ཤེས་རྟོགས་ཅི་ཡང་མེད་ཀྱང་།  རྗེས་སུ་༸སྐྱབས་མགོན་རིན་པོ་ཆེ་མཇལ་དུས་རང་ཉིད་ལ་དམིགས་བསལ་གྱི་ཚོར་བ་ཞིག་བྱུང་བ་ལྟར།  འདི་གར་སློབ་སྦྱོང་བྱེད་ཞོར་གཞན་དོན་གྱི་ཆེད་དུ་ཕྱག་ལས་གནང་གི་ཡོད་པར་འགྲེལ་བརྗོད་གནང་གི་འདུག མ་ཟད་དེ་རིང་གི་མཇལ་མང་ཁྲོད་མི་གྲངས་ ༡༥ ལས་གྲུབ་པའི་རྒྱ་གར་ལྷོ་ཕྱོགས་Chennai ནས་ཕེབས་པའི་ནང་མི་ཞིག་འདུག་པ་ནི། ནང་དེའི་པ་ལགས་སྐུ་ཞབས་Ravi kumar ལགས་ཀྱི་སྐྱེས་སྐར་དང་སྟབས་བསྟུན་ཆེད་དུ་བཞུགས་སྒར་དུ་ཕེབས་པ་དང་འབྲེལ་དེ་རིང་༸གོང་ས་མཆོག་གི་མཇལ་བཅར་ཞུས་པ་ཞིག་རེད་འདུག     ངའི་སྐྱེས་སྐར་དང་སྟབས་བསྟུན་ནས་འདི་གར་༸གོང་ས་སྐྱབས་མགོན་ཆེན་པོ་དང་མཇལ་བས་དགའ་ཚོར་དཔག་མེད་སྐྱེས་བྱུང་།    ༸མགོན་པོ་གང་ཉིད་ཀྱིས་ང་ཚོར་དེང་རབས་ཀྱི་དངོས་གཙོ་རིང་ལུགས་གཅིག་པོ་མ་ཡིན་པར་གཙོ་བོ་རྒྱ་གར་གྱི་ནང་དུ་གནའ་བོའི་རིག་གཞུང་ཉར་ཚགས་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་བཀའ་གནང་སྟེ།  མི་སྒེར་སུ་ཞིག་ཡིན་རུང་སེམས་ཞི་བདེ་གནས་དགོས་གལ་དང་།  དེ་བཞིན་དེང་རབས་ཀྱི་རྡུལ་ཕྲན་གྱི་རྣམ་བཞག་སོགས་ཀྱི་ཐད་ནས་ཀྱང་བཀའ་གནང་སོང་། ང་རང་ཕྱིར་ལྷོ་ཕྱོགས་སུ་སོང་སྟེ་༸སྐྱབས་མགོན་རིན་པོ་ཆེ་ཡིས་གསུང་བ་དག་ལག་ལེན་གྱིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་སྲུང་སྐྱོབ་ཀྱི་ཐོག་ལ་མི་མང་ལ་གོ་རྟོགས་སྤེལ་རྒྱུ་ཡིན། དེ་བཞིན་སྐབས་དེར་ཨུ་རུ་སུ་ནས་ཕེབས་པའི་མཇལ་བཅར་བ་ཞིག་ལ་མགོན་པོ་གང་མཇལ་བའི་ཚོར་བ་ཅི་བྱུང་གི་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས།  ༸གོང་ས་མཆོག་ཐེངས་གསུམ་མཇལ་མྱོང་ཡོད་པ་དང་། ག་དུས་ཁོང་མཇལ་བ་ཡིན་ན།   རང་ཉིད་ལ་སྟོབས་ཤུགས་གསར་བ་ཞིག་སླེབས་པ་ལྟ་བུའི་ཚོར་བ་བྱུང་གི་ཡོད་པ་དང་། ཐེངས་འདིར་ཀྱང་ཁོང་ལ་མཇལ་སྐབས་མགོན་པོ་གང་གིས་རང་ཉིད་ཀྱི་རྒྱལ་ཁབ་དང་རང་གི་གཉེན་འབྲེལ་རྣམས་ལ་ཐུགས་སྨོན་སྐྱབས་འཇུག་ཞུས་སོང་ཞེས་དགའ་ཚོར་ཆེན་པོའི་འགྲེལ་བརྗོད་བྱས་སོང་།  

ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དགོངས་པ་རྫོགས་པར་མྱ་ངན་རྗེས་དྲན་དང་གདུང་སེམས་མཉམ་སྐྱེད།

རེས་གཟའ་སྤེན་པའི་ཉིན་རྒྱལ་ས་ལྡི་ལིར་ལོ་ངོ་ ༡༥  དང་ལས་ཡུན་ ༣  རིང་མུ་མཐུད་སྤྱི་ཁྱབ་བློན་ཆེན་གནང་མཁན་ལྕམ་སྐུ་ Shiela Dikshit  མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་མ་ཐག  ལྡི་ལི་ས་གནས་འགོ་འཛིན་གྱི་གཙོས་པའི་བོད་སྒར་བསམ་ཡས་གླིང་དང་། ལ་དྭགས་རྡ་རམ་ས་ལ་སོགས་ཀྱི་བོད་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་ཁག་གཅིག་ཁོང་གི་གཟིམ་ཁང་དུ་བཅར་ཏེ་མྱ་ངན་གུས་འདུད་དང་། ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་བཅས་ཞུས་ཡོད་པ་མ་ཟད།     རེས་གཟའ་ཉི་མའི་ཉིན་ཟ་ཁང་དང་ཚོང་ཁང་སོགས་ཚང་མ་སྒོ་བརྒྱབས་པ་དང་། ལྷག་པར་ཁ་སང་རྒྱལ་ས་ལྡི་ལིའི་   Nigam Bodh Ghat  ཁུལ་དུ་ཁོང་གི་སྐུ་ཕུང་ཞུགས་འབུལ་སྐབས་སུའང་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གནད་ཡོད་དཔོན་རིགས་མང་པོ་ཞིག་ཕེབས་ཡོད་པ་དང་ལྷན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་ཟུར་པ་རྒྱ་རི་སྒྲོལ་མ་མཆོག་དང་། ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ། དེ་བཞིན་ལྡི་ལི་ས་གནས་འགོ་འཛིན་དང་། ཚོགས་པ་པ་ཁག་གི་སྐུ་ཚབ་བཅས་ཀྱང་ཆེད་ཕེབས་ཀྱིས་དམ་པ་དེར་མྱ་ངན་གུས་འདུད་ཞུས་གནང་འདུག འདི་ག་རླུང་འཕྲིན་ཁང་གིས་ནང་སྲིད་བཀའ་བློན་ཟུར་པ་རྒྱ་རི་སྒྲོལ་མ་ལགས་སུ་བཀའ་འདྲི་ཞུ་སྐབས། དམ་པ་དེ་ཉིད་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ ༸ གོང་ས་ ༸ སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཉེ་བའི་དབུ་ཁྲིད་ཞིག་དང་།    ལྷག་པར་དུ་ཁོང་སྐུ་སྒེར་གྱི་ངོས་ནས་ཕྱི་ལོ་  ༢༠༠༦ ལོར་ལྡི་ལིའི་ནང་ཁྲིམས་མཐུན་མ་ཡིན་པའི་ཁང་པ་གཏོར་བཤིག་གཏོང་བའི་དུས་སྐབས་དེར།  བོད་མིའི་སྡོད་སྒར་བོད་སྒར་བསམ་ཡས་གླིང་དང་།   ལ་དྭགས་རྡ་རམ་ས་ལ་གཉིས་ལ་དམིགས་བསལ་གྱི་རོགས་འདེགས་ཤུགས་ཆེན་གནང་ཡོད་པ་བཅས་ཀྱིས་ཁོང་ནི་བོད་མིར་ཤིན་ཏུ་ནས་བཀྲིན་ཆེ་བའི་རྒྱ་གར་གྱི་དབུ་ཁྲིད་གྲས་ཤིག་ཡིན་སྟབས། ཁོང་དགོངས་པ་རྫོགས་པ་དེ་བོད་མིར་གྱོང་གུད་དང་བློ་ཕམ་ཆེན་པོ་བྱེད་དགོས་པའི་གནད་དོན་ཞིག་ཀྱང་ཆགས་ཡོད་པ་རེད་གསུངས་སོང་། གཞི་རྩའི་རྒྱལ་ས་ལྡི་ལིའི་ནང་ལོ་ངོ་ ༡༥ རིང་མུ་མཐུད་སྤྱི་ཁྱབ་བློན་ཆེན་གནང་མཁན་ལྕམ་སྐུ་ Sheila Dikshit མཆོག་སྙིང་ཁྲག་འགག་པའི་དབང་གིས་རེས་གཟའ་སྤེན་པའི་ཉིན་རང་ལོ་་༨༡ སྐབས་དགོངས་པ་རྫོགས་པ་ཞིག་ཡིན་པ་དང་།   ཁོང་ནི་རྒྱལ་ས་ལྡི་ལི་དེ་དེང་དུས་ཀྱི་གྲོང་ཁྱེར་ཞིག་ཏུ་བཟོ་མཁན་གྱི་འཆར་འགོད་པ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་མ་ཟད།    ཁོང་ནི་ཁོར་ཡུག་ལ་དམིགས་བསལ་གྱི་ཐུགས་སྣང་ཆེན་པོ་གནང་མཁན་ཞིག་ཡིན་པ་དང་།     ལོ་ངོ་ ༡༥ ལས་རྒྱུན་དེའི་རིང་ཁོང་གིས་ལྡི་ལིའི་མཁའ་རླུང་གཙང་བཟོ་དང་འབྲེལ་བའི་  CNG རླངས་རྫས་ལས་འཁོར་ཐུབ་པའི་མོ་ཊ་བེད་སྤྱོད་ཡོང་ཐབས་ཀྱི་སྐུལ་མ་གནང་སྟེ་ད་ཆ་ལྡི་ལིའི་ནང་གཞུང་གི་སྤྱི་སྤྱོད་འགྲུལ་སྐྱེལ་རླང་འཁོར་ཕལ་ཆེ་བ་རླངས་རྫས་བེད་སྤྱོད་བྱེད་ཀྱི་ཡོད་པ་མ་ཟད།   དེ་བཞིན་སྒེར་པ་ཁག་གཅིག་དང་ལྷག་པར་དུ་ཚོང་ལས་སྐྱེལ་འདྲེན་གྱི་མོ་ཊ་རིགས་གཅིག་ཀྱང་ CNG རླངས་རྫས་བེད་སྤྱོད་བྱེད་ཀྱི་ཡོད་པ་བཅས་ཀྱིེས་རྒྱལ་ས་ལྡི་ལིའི་མཁའ་རླུང་ལ་ཕན་ཐོག་ཆེན་པོ་བྱུང་ཡོད་པ་མ་ཟད།   རྒྱུན་ལྡན་ཧིན་རྡུའི་ཆོས་བྱེད་པ་ཞིག་ཡིན་ན་སྐུ་ཕུང་ཤིང་ཐོག་ནས་ཞུགས་འབུལ་གནང་སྲོལ་ཡོད་ནའང་།   ཁ་སང་ཁོང་གི་སྐུ་ཕུང་དེ་དམ་པ་དེའི་ཞལ་ཆེམས་ལྟར་  CNG  རླངས་རྫས་ཀྱི་ཐོག་ནས་ཞུགས་འབུལ་ཞུས་ཡོད་པ་རེད། དེའི་བར་ན་ཁ་སང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་ ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་སྐུ་ Sheila Dikshit དམ་པ་དེ་ཉིད་ཀྱི་བུ་སྐུ་ཞབས་ Sandeep Dikshit ལགས་ཀྱི་མཚན་ཐོག་ལ་ཐུགས་གསོའི་འཚམས་འཕྲིན་ཞིག་ཕུལ་བའི་ནང་དུ། དམ་པ་དེ་ཉིད་ཀྱིས་མི་ཚེ་ཧྲིལ་པོ་གཞན་གྱི་ཆེད་དུ་ཞབས་ཞུ་བསྒྲུབས་ཏེ་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་ཡོད་སྐོར་བཀའ་གནང་བ་དང་འབྲེལ། དམ་པ་ཁོང་ནི་བོད་ཀྱི་གྲོགས་པོ་ཞིག་ཡིན་པ་དང་༸གང་ཉིད་མཆོག་དེ་སྔ་ལྕམ་སྐུ་ཁོང་དང་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བྱུང་བར་དགའ་སྤོབས་ཆེན་པོ་ཡོད་པར་བཀའ་བསྩལ་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་དམ་པ་ཁོང་ནི་༸གོང་ས་མཆོག་ལ་གུས་བརྩི་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་མཁན་ཞིག་ཡིན་པ་དང་། ཁོང་གི་སྐུ་དྲིན་ལ་བརྟེན་ནས་རྒྱ་གར་ནང་གི་བོད་མི་སྤྱི་དང་སྒོས་སུ་རྒྱལ་ས་ལྡི་ལིའི་བོད་མི་རྣམས་ལ་ཕན་ཐོག་ཆེན་པོ་བྱུང་ཡོད་པ་དང་། བོད་མི་རྣམས་ནས་དུས་རྟག་ཏུ་དམ་པ་ཁོང་བོད་ཀྱི་གྲོགས་པོ་ཞིག་གི་འདུ་ཤེས་ཐོག་ནས་དྲན་གསོ་གནང་རྒྱུ་མ་ཟད། ཁོང་གི་ནང་མི་དང་ལྷན་དུ་གདུང་སེམས་མཉམ་སྐྱེད་གནང་བཞིན་ཡོད་པ་གསུངས་འདུག

Latest news