Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: September, 2019

ཧིན་སྒོར་འབུམ་བཞི་བརྒྱ་ལྷག་གི་ཚོང་ཟོག་ལ་མེ་སྐྱོན་ཤོར་འདུག

རྒྱ་གར་ Maharashtra མངའ་ཁོངས་ཀྱི་ Dhule ཁུལ་གྱི་བོད་པའི་ཚོང་ཟོག་འཇོག་སར་གློག་གིས་དོན་རྐྱེན་འོག་མེ་སྐྱོན་བྱུང་ནས་ཧིན་སྒོར་འབུམ་བཞི་བརྒྱ་ལྷག་ཙམ་གྱོང་གུད་ཕོག་འདུག ཟླ་བ་འདིའི་ཚེས་ ༡ གི་ཐོ་རེངས་ཆུ་ཚོད་བཞི་པ་ཙམ་ལ་བཙན་བྱོལ་བོད་མི་དགུན་ཚོང་གཉེར་མཁན་ལྡེ་ར་ལྡུན་སྤུ་རུ་ཝ་ལ་ས་སྐྱ་བོད་མིའི་གཞིས་ཆགས་ཀྱི་ཁྱིམ་ཚང་དགུ་དང་། ལྡེ་ར་ལྡུན་བདེ་སྐྱིད་གླིང་ནས་ཁྱིམ་ཚང་གསུམ་གྱི་ཚོང་ཟོག་རྣམས་ཁྲོམ་རྭར་ཚོང་འགྲེམས་མ་གནང་གོང་གློག་གིས་དོན་རྐྱེན་འོག་ཚོང་ཟོག་འཇོག་སའི་ཁང་པར་མེ་སྐྱོན་གྱི་གོད་ཆག་བྱུང་འདུག ཁ་སང་འདི་ག་རླུང་འཕྲིན་ཁང་ནས་དོན་རྐྱེན་དེའི་སྐོར་ཞིབ་གཅོད་བྱས་ཀྱང་ཁོང་རྣམ་པ་ས་གནས་སུ་འབྱོར་མེད་སྟབས། ས་གནས་སུ་འབྱོར་མ་ཐག་གོད་ཆག་གང་བྱུང་ཡོད་མེད་ངོ་སྤྲོད་གནང་གི་ཡིན་ཞེས་གསུངས་པ་ལྟར་ཁ་སང་དགོང་མོ་ཞལ་པར་བརྒྱུད་ཁུལ་དེར་ཚོང་ལས་གཉེར་མཁན་གྱི་ཚོགས་མི་བློ་བཟང་བསྟན་པ་ལགས་ཀྱིས་གོད་ཆག་དེའི་སྐོར་ངོ་སྤྲོད་གནང་བ་དང་དེ་འབྲེལ་འདྲ་པར་ཁག་གཅིག་གནང་སོང་། རྩ་བའི་དགུན་དུས་སུ་སུད་ཚོང་གཉེར་མཁན་གྱི་བོད་རིགས་རྣམས་ད་ལྟའི་དུས་སུ་རྒྱ་གར་ Punjab མངའ་ཁོངས་ཀྱི་རྒྱལ་ས་ Ludhiana ནས་ཚོང་ཟོག་ལེན་ནས་ཚོང་གི་གྲ་སྒྲིག་གནང་དང་གནང་མུས་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་དང་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོོད་དཔག་གནང་བ་ལྟར་ན་ས་གནས་མི་འདྲ་བ་ ༡༡༠ ལྷག་ཙམ་ནས་བོད་མི་སུད་ཚོང་བ་ ༣༥༠༠ ཙམ་ཞིག་ཡོད་པ་གསུངས་པ་དང་། ད་རེས་མེ་སྐྱོན་ཕོག་པབའི་མྷ་རྴ་ཊའི་མངའ་ཁོངས་ཀྱི་དྷུལ་ཡཱི་ཁུལ་གྱི་ཁྲོམ་ས་དེ་ཆེད་འཛུགས་གནང་ནས་མི་ལོ་ ༣༨ ཙམ་ཕྱིན་ཡོད་པ་རེད།

རྒྱ་གཞུང་ནས་མང་ཚོགས་ཀྱི་ཞི་བའི་ལས་འགུལ་ལ་འགོག་རྐྱེན་བཟོ་མི་ཆོག་པའི་ཉེན་བརྡ།

རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ནང་བཞུགས་པའི་ཧོང་ཀོང་གི་སློབ་ཕྲུག་དང་མང་གཙོ་དོན་གཉེར་བ། དེ་བཞིན་རྒྱ་ནག་གི་ལྟ་ཕྱོགས་དང་མི་མཐུན་པའི་ལས་འགུལ་བ་སོགས་ནས་ཧོང་ཀོང་མི་མང་གི་ཞི་བའི་ལས་འགུལ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་མཚོན་པའི་ལས་འགུལ་མང་དག་ཅིག་སྤེལ་བཞིན་ཡོད་པ་ལྟར། ཟླ་བ་སྔོན་མའི་ཕྱི་ཚེས་ ༢༣ ཉིན་ཡོ་རོབ་ Baltic མངའ་ཁུལ་གྱི་རྒྱལ་ཁབ་ Lithuania འི་རྒྱལ་ས་ Vilnius ནང་མི་མང་བརྒྱ་སྐོར་ཁ་ཤས་ལག་འབྲེལ་མཐུད་དེ་ཧོང་ཀོང་མི་མང་གི་ལས་འགུལ་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་ཆེད་བཏོང་གནང་ཡོད་པ་རེད། སྐབས་དེར་ Lithuania ས་གནས་མི་མང་གི་ལས་འགུལ་ཁྲོད་དུ་རྒྱ་རིགས་ཁག་གཅིག་ཆེད་མངགས་འཛུལ་ཞུགས་བྱས་ནས་རྒྱ་ནག་གི་རྒྱལ་དར་འཆར་བ་དང་། ལས་འགུལ་བའི་ལག་ནས་རྒྱང་བསྒྲགས་འཕྲོག་པ་སོགས་བརྒྱུད་ས་གནས་མི་མང་གི་གདུང་སེམས་མཉམ་བསྐྱེད་ལས་འགུལ་ལ་བར་ཆད་དང་འགོག་རྐྱེན་སྣ་མང་བརྩམས་ཡོད་སྟབས། ཁ་ཉིན་ Lithuania འི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ Linas Linkevicius ལགས་ནས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་གཞུང་ཚབ་པ་ཆེད་མངགས་ཆེད་འབོད་ཀྱིས་ས་གནས་མི་མང་ནས་ཧོང་ཀོང་གི་ཞི་བའི་ལས་འགུལ་ལ་རྒྱབ་སྐྱོར་བྱས་པའི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་དེ་ནི་ལི་ཐོ་ནི་ཡ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་མང་གཙོའི་ཐོབ་ཐང་ཞིག་ཡིན་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་ཚབ་ལས་ཁུངས་ནས་ཆེད་མངགས་རང་ཉིད་ཀྱི་ལྟ་སྤྱོད་དང་མཐུན་པའི་རྒྱ་རིགས་སོགས་ཆེད་བཏང་གིས་ལས་འགུལ་ལ་བར་ཆད་བརྩམས་པ་དེ་ས་གནས་མི་མང་གི་བདེ་འཇགས་སྲུང་སྐྱོབ་དང་འགལ་ཟླ་ཆགས་ཀྱི་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས་ཏེ་མང་ཚོགས་ཀྱི་ཞི་བའི་ལས་འགུལ་ལ་འགོག་རྐྱེན་བཟོ་མི་ཆོག་པའི་ཉེན་བརྡ་བཏང་འདུག ཕྱི་སྲིད་བློན་ཆེན་མཆོག་གིས་ད་དུང་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་བྱ་སྤྱོད་དེ་དག་མི་དགོས་པའི་ཆ་ཞིག་ཡིན་པ་དང་། མ་འོངས་པར་གཞུང་ཚབ་པ་ཞིག་ཡིན་པའི་ཆ་ནས་འགོག་རྐྱེན་ཅན་གྱི་བྱ་སྤྱོད་དེ་རིགས་སྤེལ་རྒྱུར་འཛེམ་ཟོན་བྱེད་དགོས་པའི་སྐུལ་མ་ཡང་གནང་འདུག འོན་ཀྱང་རྒྱ་ནག་གཞུང་ཚབ་ལས་ཁུངས་ནས་ Lithuania ནང་ཡོད་པའི་རྒྱ་རིགས་ཚོས་ཡུལ་དེའི་ཁྲིམས་དང་མི་མཐུན་པའི་བྱ་བ་གང་ཡང་སྤེལ་མེད་པའི་གསལ་བཤད་གནང་འདུག་པ་མ་ཟད། ཁ་སང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Geng Shuang ཡས་རྒྱུན་ལྡན་གསར་འགོད་ལྷན་ཚོགས་ཤིག་ཐོག་ཕྱི་སྡོད་རྒྱ་རིགས་རྣམས་ནས་ཧོང་ཀོང་མི་མང་གི་ཚུལ་མིན་བྱ་སྤྱོད་ལ་མི་འདོད་པའི་རྣམ་འགྱུར་བསྟན་རྒྱུའི་ཐོབ་ཐང་ཡོད་པ་དང་། ལྷག་པར་དུ་ལི་ཐོ་ནི་ཡ་ནང་རྒྱ་ནག་གཞུང་གིས་བྱས་པའི་ལས་ཀ་དེ་དག་ལི་ཐོ་ནི་ཡ་དང་རྒྱ་ནག་དབར་བཞག་པའི་གྲོས་མཐུན་ཁག་དང་མཐུན་པ་ཞིག་ཆགས་ཡོད་ཅེས་བརྗོད་འདུག རྒྱ་ནག་གཞུང་ཕྱོགས་ནས་ངོས་ལེན་བྱས་དང་བྱེད་མིན་ལ་ལྟོས་མེད་མི་མང་གི་ལས་འགུལ་ལ་དངོས་སུ་འགོག་རྐྱེན་བཟོ་མཁན་གྱི་རྒྱ་རིགས་གཉིས་ལ་ས་གནས་ཉེ་རྟོག་ལས་ཁུངས་ནས་དངུལ་གྱི་ཉེས་ཆད་ཡང་བཏང་འདུག་པ་དང་ལས་འགུལ་གོ་སྒྲིག་ཞུ་མཁན་ཁོངས་སུ་ཡོད་པ་ Lithuania འི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Mantas Adomenas ལགས་ནས་ Reuters གསར་ཁང་ལ་སྐབས་དེའི་ལས་འགུལ་སྐབས་རྒྱ་ནག་གཞུང་ཚབ་པ་དངོས་སུ་བཅར་ཡོད་པ་མ་ཟད། མི་མང་གི་ལས་འགུལ་ལ་འགོག་རྐྱེན་བཟོ་མཁན་གྱི་རྒྱ་རིགས་ཚོར་ལམ་སྟོན་དང་བརྒྱུད་སྐུལ་མང་དག་ཅིག་བྱས་པའི་བརྙན་པར་བསྟན་རྒྱུ་ཡོད་ཅེས་གསུངས་འདུག གཞི་རྩའི་ཕྱི་ཚེས་ ༢༣ ཉིན་ Lithuania མི་མང་ནས་ཧོང་ཀོང་གི་ཞི་བའི་ལས་འགུལ་ལ་རྒྱབ་སྐྱོར་དང་སྦྲགས་ the Baltic Way འམ་ Chain of Freedom ཞེས་མི་མང་ལག་འབྲེལ་མཐུད་པའི་ལས་འགུལ་དེ་ནི་དེ་སྔ་ཕྱི་ལོ་ ༡༩༨༩ ལོར་ད་ལྟའི་ཡོ་རོབ་ Baltic མངའ་ཁུལ་གྱི་རྒྱལ་ཁབ་ Estonia དང་ Lithuania དེ་བཞིན་ Latvia བཅས་ཀྱི་མི་མང་ས་ཡ་གཉིས་ལྷག་ལག་འབྲེལ་མཐུད་དེ་སྐབས་དེའི་ Soviet Union ཞེས་ཨུ་རུ་སུ་གནའ་འབྲེལ་ལྷན་ཚོགས་ཀྱི་མངའ་འོག་ཏུ་རང་དབང་འཐབ་རྩོད་གནང་སྐབས་ཀྱི་ལས་འགུལ་ཆེས་གྲགས་ཅན་ཞིག་ཆགས་ཡིན་པ་དང་། ཟླ་བ་སྔོན་མའི་ཕྱི་ཚེས་ ༢༣ ཉིན་ Lithuania མི་མང་གི་ཧོང་ཀོང་མི་མང་གི་ལས་འགུལ་ལ་རྒྱབ་སྐྱོར་མཚོན་ཆེད་ལས་འགུལ་སྤེལ་ཏེ་ཕྱི་ལོ་ ༡༩༨༩ ལོའི་མི་མང་ལག་འབྲེལ་མཐུད་པའི་ལས་འགུལ་དེ་སླར་སྤེལ་ནས་ལོ་ངོ་ ༣༠ འཁོར་བའི་དྲན་གསོ་ཡང་ཞུས་འདུག རྩ་བའི་ཟླ་བ་གསུམ་ཙམ་འགྲོ་བཞིན་པའི་ཧོང་མི་མང་གི་ཞི་བའི་ལས་འགུལ་དེར་རྒྱལ་སྤྱིའི་གཞུང་དང་། མང་གཙོ་དང་འགྲོ་བ་མིའི་ཐོག་ཐང་རྩོད་ལན་གནང་མཁན་གྱི་ཚོགས་པ་སོགས་ནས་རྒྱབ་སྐྱོར་གྱི་རྣམ་པ་འདྲ་མིན་བསྟན་ཡོད་པ་མ་ཟད། བཞུགས་སྒར་གཙོས་ས་གནས་འདྲ་མིན་ནང་བཞུགས་པའི་བོད་མི་རྣམས་ནས་ཀྱང་མར་མེ་ཁྲོམ་སྐོར་དང་སྐད་འབོད། དེ་བཞིན་བགྲོ་གླེང་སོགས་བརྒྱུད་ཧོང་ཀོང་མི་མང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་ཤུགས་ཆེར་བསྟན་ཡོད་པ་རེད།

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་ལྔ་པ་མཇུག་སྒྲིལ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ལྷོ་ཕྱོགས་བྷེང་ལོར་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གཉིས་ཀྱིས་གོ་སྒྲིག་བྱས་པའི་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ནས་མི་ལོ་དྲུག་ཅུ་འཁོར་་དང་བཙན་བྱོལ་ནང་གི་གནད་དོན་ཐད་དཔྱད་པ་ཞེས་པའི་བརྗོད་གཞིའི་འོག་བོད་ཀྱི་ན་གཞོན་ཉམས་ཞིབ་ཀྱི་ཚོགས་འདུ་ཐེངས་ལྔ་བ་དེ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བསྐོང་ཚོགས་གནང་འདུག ཟླ་བ་འདིའི་ཚེས་ ༡ ནས་ ༣ བར་ཚོགས་པའི་བོད་ཀྱི་གཞོན་ཉམས་ཞིབ་པའི་ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་སེར་སྨད་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་རིང་ལགས་དང་། དམིགས་བསལ་སྐུ་མགྲོན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་གཉིས་དབུ་བཞུགས་ཐོག་བོད་ཀྱི་ན་གཞོན་ཞིབ་འཇུག་པ་བཞི་བཅུ་ལྷག་གིས་རང་རང་གི་ཆེད་རྩོམ་སྒྲོག་སྦྱང་ཞུས་ཏེ་དྲི་བ་དྲིས་ལན་གྱི་ལམ་ནས་བགྲོ་གླེང་ལྷུག་པོ་གནང་འདུག   ཚོགས་འདུའི་ཐོག་བོད་ནང་གྱི་གནད་དོན་དང་འབྲེལ་ནས་འགོ་ཁྲིད་དང་བོད་ནང་གྱི་འཛིན་སྐྱོང་།  བོད་ནང་འཛུགས་སྐྲུན་ཡར་རྒྱས་དང་དེའི་མཇུག་འབྲས་ཀྱི་དོ་ཕོག བོད་ཀྱི་ཁོར་ཡུག དེ་བཞིན་རིག་གཞུང་དང་སྐད་ཡིག་སོགས་ཀྱི་གནས་བབ་ཐོག་བགྲོ་གླེང་གནང་ཡོད་པ་དང་། བཙན་བྱོལ་དུ་བོད་མིའི་སྒྲིག་འཛུགས་དང་འཛིན་སྐྱོང་། རིག་གཞུང་དང་ཤེས་ཡོན། དཔལ་འབྱོར་དང་སྤྱི་ཚོགས་སྲ་བརྟན་སོགས་ཀྱི་ཐོག་ལ་བགྲོ་གླེང་གནང་ཡོད་པ་རེད།   ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱི་བུ་མོ་ཚེ་རིང་ལགས་སུ་ཚོགས་འདུའི་གྲུབ་ཆ་དང་འབྲེལ་ཏེ་བཀའ་འདྲི་ཞུས་པར་ཐེངས་འདིའི་ཚོགས་ཐོག་ཤེས་ཡོན་ལྟེ་གནས་མི་འདྲ་བ་བཅོ་ལྔ་དང་དེ་བཞིན་ས་གནས་ཁག་བརྒྱད་ནས་འཐུས་ཚབ་ཀྱི་ཞིབ་འཇུག་པ་མཉམ་ཞུགས་བྱས་ཡོད་པ་མ་ཟད། ཉམས་ཞིབ་ཀྱི་བརྒྱུད་རིམ་ཁག་ཀྱང་དེ་སྔ་ལས་ཡག་པོ་བྱུང་ཡོད་པར་ངོ་སྤྲོད་གནང་སོང་བ་དང་། མང་ཆེ་བས་གནའ་དེང་ཟུང་འབྲེལ་གྱི་ཞིབ་འཇུག་གི་ཐབས་ལམ་སྤྱད་ནས་རྒྱུ་ཆ་འཚོལ་བསྡུ་གནང་ཡོད་པ་དང་། ལ་ལས་སྲོལ་རྒྱུན་གྱི་དཔྱད་ཐབས་ཁོ་ནར་བརྟེན་ནས་ཞིབ་འཇུག་གནང་ཡོད་སྐོར་གསུངས་ཡོད། དེ་བཞིན་བུ་མོ་ཚེ་རིང་ལགས་ཀྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གཉིས་དབར་ལ་ཐེངས་འདིའི་ཚོགས་འདུ་བརྒྱུད་ནས་གན་ཡིག་ཅིག་ཀྱང་བཞག་སྟེ་མ་འོངས་པར་ལོ་རེ་རེ་ནང་མཐོ་སློབ་ཁང་གི་སློབ་མ་གཉིས་རེ་སྲིད་བྱུས་ཉམས་ཞིབ་ཁང་དུ་ཉམས་གསོག་གི་གོ་སྐབས་གནང་རྒྱུ་ཡིན་པ་ལྟར། སྲིད་བྱུས་ཉམས་ཞིབ་ཁང་གི་ཞིབ་འཇུག་པ་རྣམས་ཀྱང་མཐོ་སློབ་ཏུ་ཕེབས་ཏེ་གཏམ་བཤད་སོགས་གནང་རྒྱུ་གལ་ཆེར་ངོས་འཛིན་གནང་ཐོག་ཕྱོགས་གཉིས་ནས་ཟུང་འབྲེལ་གྱིས་སྤྱི་ཚོགས་ལ་ཕན་པའི་ཕྱག་ལས་གནང་རྒྱུ་ཡིན་པ་གསུངས་སོང་། རྩ་བའི་བོད་ཀྱི་ན་གཞོན་ཉམས་པའི་ཚོགས་འདུ་དེ་ནི་ཕྱི་ལོ་ ༢༠༡༥ ལོ་ནས་འགོ་ཚུགས་པ་ལྟར།  འདས་བའི་ཚོགས་འདུ་བཞི་དེ་བཞུགས་སྒར་ངྷ་སར་འཚོགས་ཡོད་པ་དང་། ཐེངས་འདིའི་ཚོགས་ཐེངས་ལྔ་པ་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་བསྐོང་འཚོགས་གནང་བ་དང་། ཚོགས་འདུ་དེ་ནི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་བོད་ཀྱི་ན་གཞོན་ཉམས་ཞིབ་པ་རྣམས་ལ་རོགས་རམ་དང་གསོ་སྐྱོང་གནང་རྒྱུའི་ལས་འཆར་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད་པ་རེད།

རེ་ས་གཟའ་མིག་དམར། ༢༠༡༩།༠༩།༠༣

ཉན་པ།: Listen ཕབ་ལེན། Download བཞུགས་སྒར་དུ་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༥༩ པ་སྲུང་བརྩི། ཧོང་ཀོང་སྤྱི་ཁྱབ་པས་ཡུལ་དེའི་ནང་གི་གནད་དོན་སེལ་བར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྐོར་གསུངས་པ་ཕྱིར་གྱར། ༸རྒྱལ་བའི་བཀའ་དྲིན་རྗེས་དྲེན་གྱི་རྐང་སྤོལ་རྩེད་འགྲན་གྱི་རྒྱལ་ཁ་དེ་ནིའུ་ཡོག་བོད་ཀྱི་རུ་ཁག་ལ་ཐོབ་པ། བོད་མིའི་དྲག་རྩལ་བ་བསོད་ནམས་དར་རྒྱས་ལགས་ལ་རྒྱལ་སྤྱིའི་ UFC འགྲན་བསྡུར་ལས་རྒྱལ་ཁ་ཐོབ་འདུག ཝེ་ནི་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་ཚན་རིག་པ་ཏཱ་ལའི་བླ་མ་ཞེས་པའི་གློག་བརྙན་གཟིགས་འབུལ་ཞུས་པ། གླུ་གཞས་ལས་རིམ། བསོད་བཀྲ་ལགས་ཀྱི་གླུ་གཞས་ཅིའི་ཕྱིར། Tuesday 03/09/2019 Tibetans commemorate 59th Anniversary of Tibetan Democracy Day Hong Kong leader says she would 'quit' if she could, fears ability to resolve crisis now 'very limited' NY Team Tibet bags 2019 Dalai Lama Cup ‘The Dalai Lama – Scientist’ premiered at the 76th Venice International Film Festival MUSIC FEATURE: ‘Tell me why’ by Sota

ཧོང་ཀོང་ནང་གི་གནད་དོན་སེལ་བར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྐོར་གསུངས་པ་ཕྱིར་གྱར།

ཕྱི་ལོ་ ༡༩༩༧ ལོར་ཨིན་ཡུལ་གྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་ཆ་རྐྱེན་གྱི་འོག་རྒྱ་ནག་ལ་ཕྱིར་ལོག་བྱེད་པའི་ཧོང་ཀོང་ས་ཁུལ་ནང་ལོ་འདིའི་ཕྱི་ཟླ་ ༦ པའི་ཟླ་དཀྱིལ་ནས་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་རྐྱེན་པས་ས་གནས་ན་གཞོན་གཙོ་གྱུར་མང་ཚོགས་ཁྲི་ཚོ་མང་པོས་ཧོང་ཀོང་སྤྱི་ཁྱབ་ལས་གནས་ནས་དགོངས་པ་ཞུ་དགོས་པ་དང་། གནས་སྐབས་མཚམས་བཞག་པའི་ཁྲིམས་འཆར་དེ་རྩ་བ་ནས་མེད་པ་བཟོ་དགོས་པ་སོགས་ཀྱི་དགོས་འདུན་འོག་ནས་ཞི་བའི་སྒེར་ལངས་ཤུགས་ཆེན་པོ་ཞིག་གནང་བཞིན་པའི་ཁྲོད་བདུན་ཕྲག་སྔོན་མའི་ནང་ད་ལྟའི་ཧོང་ཀོང་སྤྱི་ཁྱབ་ Carrie Lam ལགས་ཀྱིས་ཁོང་མོས་ཁྲིམས་ཆར་དེ་གཏན་འབེབས་བྱེད་ཐབས་བྱེད་རྐྱེན་ཧོང་ཀོང་ནང་གནས་སྟངས་ཆེས་ཛ་དྲག་ཆགས་པ་དང་། ད་ཆ་ཁོང་མོར་ལས་གནས་ནས་རྩ་དགོངས་ཞུ་རྒྱུའི་ཐབས་ལམ་མེད་པ་མ་གཏོགས་དེ་ལྟར་དགོངས་ཞུ་གནང་རྒྱུ་ཡིན་པ་དང་། ད་ལྟའི་ཆར་གནད་དོན་སེལ་བར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྐོར་གསུངས་པ་ཕྱིར་གྱར་བྱུང་འདུག ཁ་སང་ Reuters སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་ཉེ་ཆར་ཧོང་ཀོང་སྤྱི་ཁྱབ་དང་ཚོང་པ་ཆེ་གྲས་ཁག་གཅིག་དབར་ནང་མོལ་ཚོགས་འདུ་ཞིག་ཚོགས་ཐོག Carrie Lam ལགས་ཀྱིས་སྐར་མ་ ༢༤ ཙམ་གྱི་རིང་བཀའ་མོལ་གསུངས་པ་རྣམས་སྒྲ་འཇུག་བྱེད་ཡོད་པ་དེ་ཕྱིར་འགྱར་བྱུང་ཡོད་པ་དང་། དེའི་ནང་ཁོང་གིས་ད་ལྟ་རྒྱ་ནག་གཞུང་ནས་ཧོང་ཀོང་ནང་གི་གནས་སྟངས་ཞི་འཇམ་བཟོ་རྒྱུའི་ཐད་དུས་ཚོད་ཚད་བཀག་གང་ཡང་བཟོ་མེད་པ་མ་ཟད་ཧོང་ཀོང་དུ་རྒྱ་ནག་བཅིངས་བཀྲོལ་དམག་མི་གཏང་རྒྱུའི་འཆར་གཞི་མེད་པ་དེ་ལྟར་ཡང་། གལ་ཏེ་གནད་དོན་དེ་རྒྱ་ནག་རྒྱལ་ཡོངས་ཀྱི་གནད་དོན་ཞིག་ཆགས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་སྲུང་གི་གནད་དོན་ཞིག་ཏུ་གྱུར་ཚེ་རྒྱ་ནག་དབུས་གཞུང་དང་ཧོང་ཀོང་མང་ཚོགས་བཅས་གོང་རིམ་མི་འདྲ་བ་གཉིས་ལ་ཞབས་ཕྱི་ཞུ་དགོས་པའི་ཧོང་ཀོང་སྤྱི་ཁྱབ་ཞིག་ལ་གནད་དོན་དེ་སེལ་རྒྱུའི་ཐབས་ལམ་ཧ་ཅང་ཉུང་ཉུང་ཆགས་རྒྱུ་ཡིན་པ་གསུངས་འདུག ཁོང་གིས་ད་དུང་ས་གནས་སྤྱི་ཁྱབ་པ་ཞིག་གིས་སོ་སོའི་ས་གནས་ལ་གཟིང་ཆ་འདི་ལྟ་བུ་བཟོས་པ་དེ་ནི་དགོངས་པ་དག་ཐབས་མེད་པ་ཞིག་ཡིན་པ་དང་། སྤྱིར་རྒྱ་ནག་གཞུང་གི་ངོས་ནས་ཧོང་ཀོང་ནང་རྒྱ་ནག་དམག་དཔུང་གཏང་བ་ཡིན་ན་དེས་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་ཆེ་མཐོང་ལ་དོ་ཕོག་ཅི་ཙམ་འགྲོ་རྒྱུ་ཡིན་པ་གསལ་པོ་ཤེས་ཀྱི་ཡོད་པ་དང་། རྒྱ་གཞུང་ནས་རྒྱལ་སྤྱིའི་ཁྲོད་ད་ལྟའི་གནས་འབབ་དེ་བཟོ་བར་དུས་ཚོད་མང་པོ་བཏང་ཡོད་སྟབས་གནས་འབབ་དང་ཆེ་མཐོང་དེ་མེད་པ་བཟོ་རྒྱུའི་བསམ་བློ་ད་ལྟའི་ཆར་གང་ཡང་མེད་པ་ལྟར་རྒྱ་གཞུང་གི་ངོས་ནས་ཐེ་གཏོགས་བྱེད་མི་དགོས་པའི་ཐོག་ནས་གནས་སྟངས་དེ་སེལ་བར་ངང་འགུག་བྱེད་སྲིད་པ་གསུངས་འདུག Reuters གསར་ཁང་གིས་ཕྱིར་འགྱར་བྱུང་བའི་སྒྲ་འཇུག་དེའི་སྐོར་རྟོག་ཞིབ་གནང་བར་ཚོགས་འདུ་དེའི་ནང་མཉམ་ཞུགས་བྱེད་མཁན་ཚོང་པ་གསུམ་གྱིས་སྐབས་དེར་ Carrie Lam ལགས་ཀྱིས་དཀའ་མོལ་དེ་དག་གསུངས་ཡོད་པ་ར་འཕྲོད་གནང་འདུག ཚོགས་འདུ་དེ་སྤྱི་ཁྱབ་ཁོང་གིས་སྤྱི་ཚོགས་ཁྲོད་ལས་ཀྱི་སྣེ་མོ་བ་འདྲ་མིན་དང་ལྷན་དུ་ཚོགས་འདུ་རིམ་པ་འཚོགས་བཞིན་པའི་ཆ་ཤས་ཤིག་ཡིན་པ་གསུངས་འདུག དེ་རིང་སྔ་དྲོ་ཧོང་ཀོང་སྤྱི་ཁྱབ་ Carrie Lam ལགས་ཀྱིས་གསར་འགོད་ལྷན་ཚོགས་ཞིག་བསྐོང་ཚོགས་བརྒྱུད་ཁོང་གིས་ནང་མོལ་ཚོགས་འདུའི་ཐོག་བཀའ་མོལ་གསུངས་པ་སྒྲ་འཇུག་བྱེད་དེ་གསར་འགོད་བརྒྱུད་ལམ་ཐོག་ཆེད་བཏོན་བྱས་པར་སྐྱོན་བརྗོད་དང་སྦྲགས། ཁོང་གི་ཕྱག་ལས་དབུ་འཛུགས་པ་ནས་བཟུང་ད་བར་རྒྱ་ནག་དབུས་གཞུང་ལ་རྩ་དགོངས་རྩ་བ་ནས་ཞུ་མྱོང་མེད་པ་མ་ཟད་དེའི་ཐོག་བསམ་བློ་གང་ཡང་འཁོར་མྱོང་མེད་པ་དེ་ལྟར་ཡང་ཁོང་གིས་ནང་མོལ་ཚོགས་འདུའི་ཐོག་རང་ཉིད་སྒེར་ཞིག་ལ་གནས་སྟངས་དཀའ་ལས་ཁག་པོ་དེ་དག་འོག་རྩ་དགོངས་ཞུ་རྒྱུ་དེ་ལས་སླ་པོ་ཞིག་ཡིན་ནའང་འདས་པའི་ཟླ་བ་གསུམ་འདིའི་ནང་རང་ཉིད་དང་རང་ཉིད་ཀྱི་ལས་བྱེད་པ་རྣམས་ལ་ཧོང་ཀོང་ལ་ཞབས་ཕྱི་ཞུ་ཆེད་མུ་མཐུད་བསྡད་དགོས་པ་གསུངས་འདུག ཧོང་ཀོང་གི་མང་ཚོགས་ནས་རེས་གཟའ་ཉི་མའི་ཉིན་ཞི་རྒོལ་ལས་འགུལ་མུ་མཐུད་སྤེལ་ཏེ་ཧོང་ཀོང་རྒྱལ་སྤྱིའི་གནམ་ཐང་གི་ལས་དོན་ལ་འགོག་རྐྱེན་དང་ས་གནས་ཀྱི་རླངས་འཁོར་དང་མེ་འཁོར་འགྲུལ་བཞུད་སོགས་ཀྱི་ལས་དོན་བར་མཚམས་བཅད་པ་མ་ཟད་ཁ་སང་ཧོང་ཀོང་གི་སློབ་གྲྭ་དང་མཐོ་རིམ་སློབ་གཉེར་ཁང་སོགས་ཀྱི་ཤེས་ཡོན་ལྟེ་གནས་ཁག་སྒོ་ཕྱེ་ཡོད་ཀྱང་། སློབ་མ་རྣམས་ནས་ངོ་རྒོལ་མཚོན་ཆེད་དུ་འཛིན་གྲྭར་མ་འགྲོ་བ་སོགས་ཀྱི་གནད་དོན་བྱུང་ཡོད་པ་རེད། དེ་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་གཞུང་གིས་ཧོང་ཀོང་དང་མ་ཀའོ་ལས་དོན་ལྷན་ཁང་གི་མགྲིན་ཚབ་པས་ཧོང་ཀོང་ནང་གི་ལས་འགུལ་བ་དེ་དག་གིས་ཁུལ་དེ་རང་བཙན་དང་ཕྱེད་རང་བཙན་གྱི་ཆབ་སྲིད་ཀྱི་གནས་འབབ་ཞིག་ཏུ་བསྒྱུར་ཐབས་དང་འབྲེལ་བའི་ཇག་པ་ལྟ་བུ་ཞིག་ལ་འགྲེལ་བརྗོད་བྱས་པ་མ་ཟད་ངོ་རྒོལ་བ་དེ་དག་རྒྱ་ནག་ལ་རྒྱབ་གཏོད་བྱེད་མཁན་ཕྱིའི་སྟོབས་ཤུགས་ཅན་ཁག་གཅིག་གིས་བརྒྱུད་སྐུལ་བྱེད་བཞིན་པར་སྐྱོན་འཛུགས་བྱས་འདུག དེ་སྔ་ World Bank འམ་འཛམ་གླིང་དངུལ་ཁང་གིས་རྒྱ་ནག་གཞུང་ལ་ཤིན་ཅང་ས་ཁུལ་དུ་ཤེས་ཡོན་གྱི་ལས་གཞིའི་ཆེད་དུ་ཨ་སྒོར་ས་ཡ་ ༥༠ ཐམ་པ་ཞིག་བུན་གཡར་གཏང་ཡོད་པ་དེ་རྒྱ་ནག་གཞུང་གི་ངོས་ནས་ས་ཁུལ་དེའི་མི་སེར་ས་ཡ་བརྒལ་བ་བཙན་དབང་ཐོག་བཀག་ཉར་བྱས་ནས་ཆབ་སྲིད་ཀྱི་སློབ་གསོ་སྤེལ་རྒྱུའི་ལས་གཞིའི་ཐོག་བཏང་ཡོད་པ་གསུང་མཁན་མང་པོ་ཡོད་པ་དང་འབྲེལ། ཉེ་ཆར་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་ Marco Rubio དང་ Jim Mcgovern ལགས་གཉིས་ནས་འཛམ་གླིང་དངུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ David Malpass ལགས་ཀྱི་མཚན་ཐོག་ལ་ཕྱག་བྲིས་ཤིག་ཕུལ་ཏེ་རྒྱ་གཞུང་གི་དངུལ་འབོར་དེ་དག་ Xinjiang ས་ཁུལ་དུ་མང་ཚོགས་ཐོག་དམ་གནོན་བྱེད་པར་སྤྱོད་བཞིན་པའི་གནད་དོན་མང་དག་ཅིག་ནས་གསལ་པོ་ཆགས་བཞིན་ཡོད་སྟབས་འཛམ་གླིང་དངུལ་ཁང་གི་ངོས་ནས་རྒྱ་གཞུང་གིས་དངུལ་འབོར་དེ་དག་བེད་སྤྱོད་ཅི་འདྲ་ཞིག་གཏོང་བཞིན་ཡོད་པར་རྟོག་ཞིབ་གནང་དགོས་པ་གསུངས་འདུག ལྷག་པར་དུ་ཉེ་ཆར་འཛམ་གླིང་དངུལ་ཁང་གི་ལས་བྱེད་པ་ཞིག་གིས་དངུལ་ཁང་གི་འཛིན་སྐྱོང་ལྷན་ཚོགས་ཀྱི་སྤྱི་ཁྱབ་ངེས་སྟོན་པའི་མཚན་ཐོག་ལ་ཕྱག་བྲིས་ཤིག་ཕུལ་ནས་དེའི་ནང་དངུལ་ཁང་གིས་རྒྱ་ནག་ལ་ཤིན་ཅང་ནང་ཤེས་ཡོན་ལས་གཞིའི་ཆེད་སྤྲད་པའི་དངུལ་འབོར་དེ་དག་ཅི་ལྟར་སྤྱོད་མིན་ཐད་དོགས་ཟོན་བྱེད་དགོས་པའི་གནད་དོན་མང་པོ་ཡོད་པ་དང་། དེ་དག་དངུལ་ཁང་གི་སྲིད་བྱུས་དང་འགལ་གྱི་ཡོད་པ་དང་། ཨ་རིའི་ British Columbia གཙུག་ལག་སློབ་གཉེར་ཁང་དུ་ཁྲིམས་ཀྱི་སློབ་སྦྱོང་བྱེད་བཞིན་པའི་རྒྱ་རིགས་ཉམས་ཞིབ་པ་ཞིག་གིས་རང་ཉིད་ཀྱི་སྙན་ཐོའི་ནང་འཛམ་གླིང་དངུལ་ཁང་གི་རྒྱ་ནག་ལ་དངུལ་འབོར་ཆེན་བུན་གཡར་བྱེད་པ་བརྒྱུད་ཤིན་ཅང་ནང་གི་དྲག་གནོན་གྱི་ཆ་ཤས་སུ་འགྱུར་བཞིན་ཡོད་སྐོར་སོགས་ཆེད་བཀོད་བྱས་པ་ལྟར་ཉེ་ཆར་འཛམ་གླིང་དངུལ་ཁང་གི་མགྲིན་ཚབ་པ་སྐུ་ཞབས་ David Theis ལགས་ཀྱིས་དངུལ་ཁང་ནས་གནད་དོན་དེ་རིགས་ཧ་ཅང་གལ་ཆེན་པོར་ངོས་འཛིན་བཞིན་ཡོད་པ་དང་གནད་དོན་དེ་དག་ཐོག་ཏུ་དངུལ་ཁང་ནས་རྟོག་ཞིབ་དབུ་འཛུགས་གནང་ཡོད་པ་བཞིན་དེའི་ཐོག་ལག་ལེན་གང་བསྟར་དགོས་ཀྱང་བསྟར་རྒྱུ་ཡིན་པ་གསུངས་འདུག

༸རྒྱལ་བའི་བཀའ་དྲིན་རྗེས་དྲེན་གྱི་རྐང་སྤོལ་རྩེད་འགྲན་གྱི་རྒྱལ་ཁ་དེ་ནིའུ་ཡོག་བོད་ཀྱི་རུ་ཁག་ལ་ཐོབ་པ།

ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཟླ་བ་སྔོན་མའི་ཕྱི་ཚེས་ ༣༡ ནས་ཁ་སང་ཕྱི་ཚེས་ ༢ བར་ཁུལ་དེར་རྟེན་གཞི་བྱས་པའི་ Randalls Islands དུ་༸རྒྱལ་བའི་བཀའ་དྲིན་རྗེས་དྲེན་གྱི་རྐང་སྤོལ་རྩེད་འགྲན་ཐེངས་གསུམ་པ་དེ་གོ་སྒྲོག་ཞུས་ཡོད་པ་དང་། ཐེངས་འདིའི་རྩེད་འགྲན་གྱི་མཐའ་མའི་རྒྱལ་ཁ་དེ་ New York བོད་ཀྱི་རུ་ཁག་ལ་ཐོབ་འདུག ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་༸རྒྱལ་བའི་བཀའ་དྲིན་རྗེས་དྲེན་གྱི་རྐང་སྤོལ་འགྲན་བསྡུར་ཐེངས་གསུམ་པའི་ནང་ཁེ་ན་ཌ་དང་བྷོས་ཊོན་སོགས་བྱང་ཨ་མི་རི་ཀའི་ས་གནས་འདྲ་མིན་ནང་བཞུགས་པའི་བོད་པའི་གཞོན་སྐྱེས་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ ༡༣ ནས་མཉམ་ཞུགས་གནང་ཡོད་པ་དང་། རྩེད་འགྲན་གྱི་ཐོག་མར་རུ་ཁག་ ༡༣ རྣམས་སྡེ་ཚན་བཞིར་འཆར་འགོད་ཀྱིས་ནང་ཁུལ་གྱི་འགྲན་བསྡུར་གནང་ཡོད་པ་ལྟར་ནིའུ་ཡོག་བོད་ཀྱི་རུ་ཁག་དང་གཡག་རུ་ཁག་གཉིས་དབར་རྩེད་འགྲན་ཆེས་མཐའ་མ་དེ་གནང་ཡོད་པ་རེད། རྩེད་འགྲན་མཐའ་མ་དེ་ཁ་སང་ཕྱི་ཚེས་ ༢ སྟེ་བོད་ཀྱི་མང་གཙོའི་དུས་ཆེན་ཐེངས་ ༥༩ པའི་ཉིན་སྐུ་མགྲོན་གཙོ་བོ་༸ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་སྨན་རི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ New York བོད་ཀྱི་རུ་ཁག་དང་གཡག་རུ་ཁག་དབར་རྩེད་འགྲན་གནང་ཡོད་པ་དང་། སྐབས་དེར་ New York བོད་ཀྱི་རུ་ཁག་ནས་གཡག་ཏུ་ཁག་ལ་སྤོ་ལོ་གསུམ་བླུགས་ཏེ་ལ་མཐའ་མའི་རྒྱལ་ཁ་ཐོབ་པ་དང་སྦྲགས། ༸རྒྱལ་བའི་བཀའ་དྲིན་རྗེས་དྲེན་གྱི་གཟེངས་རྟགས་ཕོར་པ་དང་ཨ་སྒོར་ཆིག་ཁྲི་བཅས་ཀྱི་བྱ་དགའ་གནང་འདུག་པ་དང་། ཨང་གཉིས་པ་སོན་པ་གཡག་རུ་ཁག་ལ་ཨ་སྒོར་ཉིས་སྟོང་བཅས་ཀྱི་བྱ་དགའ་གནང་ཡོད་པ་རེད། གཞི་རྩའི་༸རྒྱལ་བའི་བཀའ་དྲིན་རྗེས་དྲེན་གྱི་རྐང་སྤོལ་འགྲན་སྡུར་འདི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༧ ལོ་ནས་བཟུང་ལོ་ལྟར་ས་གནས་བོད་མི་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་དཀའ་དྲིན་རྗེས་སུ་དྲན་ཏེ་མགོན་པོ་༸གང་ཉིད་མཆོག་གི་མཛད་རྗེས་ལ་ཆེ་བསྟོད་ཞུ་རྒྱུ་དང་། ས་གནས་བོད་པའི་གཞོན་སྐྱེས་ཚོར་རྩེད་མོ་ཐོག་རང་ཉིད་ཀྱི་སྒྱུ་རྩལ་འདོན་རྒྱུའི་གོ་སྐབས་བསྐྲུན་ཐབས་སོགས་ལ་དམིགས་པ་ཞིག་ཡིན་པ་རེད། རྩ་བའི་རྐང་རྩེད་སྤོལ་ལོའི་རྩེད་མོ་ནི་རྒྱལ་སྤྱི་ཙམ་མ་ཟད་བོད་པའི་སྤྱི་ཚོགས་ཁྲོད་ལའང་དར་ཁྱབ་ཆེན་པོ་ཡོད་པ་ལྟར། ལོ་ལྟར་བོད་མི་གནས་ཡུལ་ས་གནས་ཁག་ཏུ་མཚན་བྱང་འདྲ་མིན་འོག་རྐང་རྩེད་སྤོལ་ལོའི་རྩེད་འགྲན་མི་ཉུང་བ་ཅིག་གོ་སྒྲིག་ཞུ་བཞིན་ཡོད་པ་དང་། ལྷག་པར་དུ་བཞུགས་དུ་རྟེན་གཞི་བྱས་པའི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་ལོ་ལྟར་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་བསྡུར་གོ་སྒྲིག་ཞུས་ཏེ་གཟེངས་སུ་ཐོན་པའི་རྩེད་མོ་བ་ཁག་གཅིག་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་ནང་འདེམས་སྒྲུག་གནང་གི་ཡོད་པ་རེད། འདི་ལོ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་རྒྱ་གར་ནང་ལ་འཚོགས་གཏན་ཁེལ་བའི་ GTA Chairman's Gold Cup དང་འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར། དེ་བཞིན་ལོ་རྗེས་མའི་ CONIFA འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་སོགས་ཀྱི་ནང་འཛུགས་ཞུགས་གནང་རྒྱུའི་གྲ་སྒྲིག་དང་འབྲེལ། ཁ་ཉིན་ཕྱི་ཚེས་ ༡ ནས་བཟུང་རྒྱ་གར་ཤར་ཕྱོགས་ Kalimpong བོད་མིའི་གཞིས་སྒར་དུ་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་འདེམས་སྒྲུག་གཉིས་པ་དེ་གནང་བཞིན་ཡོད་པ་དང་། ཐེངས་འདིའི་འདེམས་སྒྲུག་ནང་བོད་པའི་གཞོན་སྐྱེས་རྐང་སྤོལ་བ་ ༡༡ ནས་གསར་དུ་མཉམ་ཞུགས་གནང་འདུག

བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༥༩ སྲུང་བརྩི་ཞུས་པ།

དེ་རིང་ཕྱི་ཟླ་ ༩ པའི་ཚེས་ ༢ ཉིན་སྔ་དྲོ་ཚོུད་ ༡༠ ཡོལ་ཙམ་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་དབུ་གཡབ་ཏུ་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་ཡར་རྒྱས་བློན་ཆེན་ལྕམ་སྐུ་ Sarveen Chaudhary མཆོག་གིས་དབུ་བཞུགས་ཐོག་ཨ་རུ་ནཱ་ཅལ་གྱི་ཆོས་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་འཇམ་དཔལ་དབང་འདུས་ལགས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་དབུས་པའི་ཁྲིམས་ཞིབ་པ་གཞན་རྣམ་གཉིས་མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་གཙོས་སྤྱི་འཐུས་རྣམ་པ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། གཞུང་འབྲེལ་མིན་པའི་ཚོགས་ཁག་གི་སྐུ་ཚབ་རྣམ་པ། མི་མང་དང་སློབ་ཕྲུག དེ་བཞིན་སེར་སྐྱ་མང་ཚོགས་བཅས་ལྷན་འཛོམས་ཐོག་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༥༩ སྲུང་བརྩི་གཟབ་རྒྱས་ཞུས་སོང་། མཛད་སྒོའི་ཐོག་སྲིད་ཚབ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུ་ཚེ་ཧྲིལ་པོའི་རིང་ལ་སྐུ་ངལ་འཛེམས་མེད་ཀྱིས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་དང་འཛིན་སྐྱོང་གི་ལས་དོན་གནང་ཕྱོགས་མང་གཙོའི་ལམ་ལུགས་ཀྱི་ཕྱོགས་སུ་བསྒྱུར་གནང་མཛད་པའི་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་བསྟོད་དང་སྦྲགས། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ཐོག་དམ་བསྒྲགས་ཤུགས་ཆེར་བྱེད་བཞིན་པའི་ཁར། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་ལུགས་ལ་ཐེ་བྱུས་དང་བདག་དབང་ཡོད་སྐོར་གྱི་ཧམ་བཤད་བྱེད་བཞིན་པ་ནི་དོན་དངོས་དང་མི་མཐུན་པ་གང་ཞིག་འཛམ་གླིང་མི་མང་སུས་ཀྱང་ཁས་ལེན་བྱེད་ཐབས་བྲལ་བའི་གནད་དོན་ཞིག་རེད་ཅེས་བརྗོད་སོང་། དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་དགོངས་དོན་འོག་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་དམིགས་བསལ་ཚོགས་ཆེན་ཞིག་བསྐོང་འཚོགས་གནང་རྒྱུ་ཡིན་སྐོར་དང་འབྲེལ་ནས་ཚོགས་ཆེན་གྱི་བརྗོད་གཞི་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་ལས་འཆར་ཁོངས་མང་ཚོགས་ཀྱི་དགོངས་འཆར་བསྡུ་རུབ་དང་། ༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་དང་བོད་མི་མང་དབར་གྱི་འབྲེལ་ལམ་ཞེས་གཏན་འབེབས་གནང་དོན་ལྟར་མང་ཚོགས་ནས་དགོངས་ཚུལ་ཇི་ཡོད་རྣམས་ཕྱོགས་གཅིག་ཏུ་སྤུངས་ཐབས་ཡོང་རྒྱུར་འབོད་སྐུལ་ཞུས་སོང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་དེ་རིང་གི་ཉིན་མོ་ནི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༥༩ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བ་དང་ཆབས་ཅིག བོད་ས་རྒྱའི་ལག་ཏུ་ཤོར་ནས་གཞིས་ལུས་བོད་མི་རྣམས་ལ་མང་གཙོའི་ཁེ་དབང་ལྟ་ཞོག་འགྲོ་བ་མིའི་རང་ཆས་སུ་ཡོད་པའི་སྨྲ་བརྗོད་ཀྱི་རང་དབང་དང་། འགྲོ་འོང་གི་རང་དབང་། ཆོས་དད་ཀྱི་རང་དབང་སོགས་གཞི་རྩའི་རང་དབང་ཡེ་ནས་མེད་པར་རྒྱ་ནག་དམར་གཞུང་གི་བཙན་གནོན་དྲག་པོའི་འོག་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་ནས་མི་ལོ་ ༦༠ ལྷག་འཁོར་བཞིན་པར་བྱེས་སུ་གནས་པའི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་གདུང་སེམས་མཉམ་བསྐྱེད་ཞུཔ་པ་དང་སྦྲགས། འདས་པའི་ཟླ་ཤས་རིང་ནས་བཟུང་ཧོང་ཀོང་མི་མང་ས་ཡ་མང་པོས་མང་གཙོ་དང་རང་དབང་སྲུང་སྐྱོབ་ཀྱི་ཆེད་དུ་གཞི་རྒྱ་ཆེ་བའི་ལས་འགུལ་སྣ་མང་སྤེལ་བཞིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་བརྗོད་སོང་། གཞན་ཡང་བོད་མི་མི་རེ་ངོ་རེ་ནས་དུས་རྟག་ཏུ་བཙན་བྱོལ་སྤྱི་ཚོགས་དང་བོད་ཀྱི་རྩ་དོན་ལ་འགན་བཞེས་བའི་ཐོག་བཙན་བྱོལ་སྤྱི་ཚོགས་ནང་ཆིག་བསྒྲིལ་གོང་སྤེལ་དང་། བོད་མི་ནང་ཁུལ་དམ་ཚིག་ལྷོད་དུ་མ་འཇུག་པར་བོད་རང་དབང་སླར་གསོའི་གོམ་སྟབས་མདུན་ནས་མདུན་དུ་བསྐྱོད་ཐུབ་པར་བྱེད་དགོས་པའི་ཞུ་སྐུལ་གནང་སོང་། སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་ཡར་རྒྱས་བློན་ཆེན་ལྕམ་སྐུ་ Sarveen Chaudhary མཆོག་གིས་ད་ཆ་འཛམ་གླིང་འདིའི་ནང་དུ་མང་གཙོའི་ལམ་ལུགས་ལ་ཉེན་ཚབ་ཆེན་པོར་གྱུར་བཞིན་ཡོད་ནའང་། བོད་མིའི་སྤྱི་ཚོགས་ནང་མགོན་པོ་༸གང་ཉིད་མཆོག་གིས་མང་གཙོ་གསོལ་རས་བསྩལ་ནས་མི་ལོ་ ༥༩ རིང་མང་གཙོའི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་པར་བསྔགས་བརྗོད་དང་སྦྲགས། ༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་འཛམ་གླིང་རྒྱལ་སྤྱིའི་སྟེང་དུའང་དྷ་རམ་ས་ལ་དང་ལྷག་པར་དུ་མེག་ལོཊ་གྷནཇ་དེ་བཞིན་ལྷ་ས་ཆུང་ངུ་ཞེས་ཡོངས་ཁྱབ་ཆགས་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞེས་བརྗོད་སོང་། ད་དུང་ལྕམ་སྐུ་ལགས་ཀྱིས་བོད་དང་རྒྱ་གར་གཉིས་པོ་ནི་རྒྱལ་ཁབ་སོ་སོ་ཞིག་ཡིན་ནའང་། ཆོས་དང་རིག་གཞུངས་སོགས་གཞི་མང་པོའི་ཐད་ནས་གཅིག་མཚུགངས་ཤིག་ཡིན་པ་མ་ཟད། བོད་དེ་རྒྱ་གར་གྱི་གཅུང་པོར་ངོས་འཛིན་དང་འབྲེལ། བོད་ཀྱི་བདེན་མཐའ་སེལ་ནས་༸གོང་ས་མཆོག་གི་གཙོས་བོད་མི་རྣམས་ཕྱིར་རང་ཡུལ་ལ་མགྱོག་མྱུར་ལོག་རྒྱུའི་སྨོན་ལམ་ཡོད་ཅེས་གསུངས་སོང་། གཞན་ཡང་དེ་རིང་མཛད་སྒོའི་ཐོག་སྲིད་སྐྱོང་གཟེངས་རྟགས་བཞེས་མཁན་མི་སྣ་བཞི་དང་། ན་གཞོན་ནུས་སྤེལ་གྱི་ལས་གཞིའི་གཟེངས་བསྟོད་ཕྱག་འཁྱེར་བཞེས་མཁན་མི་སྣ་གཉིས། དེ་བཞིན་ཡར་ལུང་ཟོ་ཐང་གཟེངས་བསྟོད་བཞེས་མཁན་ཁོངས་སོ་ནམ་པ་རྩེ་ཕུད་གཉིས་དང་། ན་གཞོན་སོ་ནམ་པ་རྩེ་ཕུད་གཅིག་བཅས་ལ་ཕྱག་འཁྱེར་གཟེངས་རྟགས་འབུལ་གནང་མཛད་སོང་བ་མ་ཟད། ཕྱི་ལོ་ ༢༠༡༩ ལོའི་འཛིན་རིམ་བཅིུས་ཀྱི་སྡེ་ཚན་གསུམ་གྱི་རྩེ་ཕུད་ཨང་རིམ་དང་པོ་སོན་པ་སློབ་ཕྲུག་གསུམ་དང་། ཨང་རིམ་གཉིས་པ་སོན་པ་སློབ་ཕྲུག་གསུམ། དེ་བཞིན་ཨང་རིམ་གསུམ་པ་སོན་པ་སློབ་ཕྲུག་བཞི་བཅས་ལ་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཞབས་ལོ་ ༢༥ ཡན་ལ་ལེགས་གསོའི་ཕྱག་འཁྱེར་སོགས་གནང་སོང་།

རེ་ས་གཟའ་ཟླ་བ། ༢༠༡༩།༠༩།༠༢

ཉན་པ།: Listen ཕབ་ལེན། Download འདས་པའི་ལོ་ངོ་དྲུག་ཅུའི་བོད་མིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་ཕྱིར་བལྟ། Monday 02/09/2019 Sixty years of Tibetan Struggle: Democracy Day Special

རེས་གཟའ་ཉི་མ། ༢༠༡༩།༠༩།༠༡

ཉན་པ།: Listen ཕབ་ལེན། Download ཕྲུ་གུའི་ཐོག་ཚུལ་མིན་རྩུབ་སྤྱོད་འགོག་ཐབས་ཀྱི་ཞིབ་འཇུག་སྙན་ཐོར་གླེང་མོལ། Sunday 01/09/2019 Sexual violence against Children: In conversation with Drokmo’s co-founder Tenzin Kalsang

Latest news