Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: September, 2019

རྒྱ་ནག་གིས་ཨེ་ཤ་ཡའི་ཁུལ་དུ་བརྡ་འཕྲིན་གྱི་འབྲེལ་ལམ་བརྒྱུད་ནས་ཡུ་གུར་བར་སོ་ཉུལ་བྱེད་བཞིན་པ།

རྒྱ་ནག་གིས་ཨེ་ཤ་ཡ་ཁུལ་གྱི་ Kazakhstan དང་། Turkey རྒྱ་གར། ཐའེ་ལན་ཌི། མ་ལེ་ཤ་ཡ་སོགས་ཀྱི་བརྡ་འཕྲིན་གྱི་འབྲེལ་ལམ་བརྒྱུད་ནས་ཡུ་གུར་གྱི་འགྲུལ་བཞུད་པ་རྣམས་ལ་སོ་ཉུལ་བཞིན་པ་རེད་འདུག དེ་རིང་ Reuters གསར་ཁང་གིས་གསང་བའི་ལས་ཁུངས་ཀྱི་ལས་བྱེད་གཉིས་དང་བདེ་འཇགས་སློབ་སྟོན་པ་གཉིས་ཀྱིས་ཞིབ་འཇུག་གནང་བའི་གྲུབ་དོན་དུ་ད་ཆ་རྒྱ་ནག་གི་དྲྭ་རྒྱ་རྒོལ་རྡུང་བ་རྣམས་ཀྱིས་དཀྱིལ་ཤར་ཨེ་ཤ་ཡའི་ཁུལ་གྱི་བརྡ་འཕྲིན་གྱི་འབྲེལ་ལམ་མང་པོར་གསང་སྟབས་ཀྱིས་སོ་ཉུལ་བྱས་ཏེ་ཡུ་གུར་བ་རྣམས་ཀྱི་ཁ་པར་དང་གློག་འཕྲིན་ལ་རྒོལ་རྡུང་གཏོང་གི་ཡོད་པའི་གནས་ཚུལ་བྱུང་ཡོད་པ་བརྗོད་འདུག  ཞིབ་འཇུག་དེ་གཞིར་བཟུང་བྱས་ན་རྒྱ་ནག་གི་གསང་བའི་སོ་ཉུལ་དེ་ནི་ཁོང་ཚོས་དུས་རྒྱུན་ནས་རྒྱལ་ཁབ་གཞན་གྱི་ཕྱི་འབྲེལ་མི་སྣ་དང་ཕྱི་ཕྱོགས་ཀྱི་དམག་མིའི་ཆེད་ལས་མི་སྣ་རྣམས་དམིགས་འབེན་དུ་བཟུང་ ཐོག་གཞི་རྒྱ་ཆེ་བའི་གསང་ཉུལ་གྱི་ལས་ཀ་བྱེད་ཀྱི་ཡོད་པའི་ཆ་ཤས་ཤིག་ཡིན་པ་དེ་ལྟར་ཡང་། རྒྱ་ནག་གིས་ད་ཆ་ཡུ་གུར་བའི་ཐོག་དམིགས་བསལ་དོ་སྣང་གིས་སོ་ཉུལ་བྱེད་ཀྱི་ཡོད་པ་རེད་འདུག རྒྱ་ནག་གི་ཆེད་ལས་པས་ལས་གཞི་དེའི་འོག་གཙོ་བོ་ ཨེ་ཤ་ཡ་ཁུལ་གྱི་ Kazakhstan དང་། Turkey རྒྱ་གར། ཐའེ་ལན་ཌི། མ་ལེ་ཤ་ཡ་སོགས་ཀྱི་བརྡ་འཕྲིན་གྱི་འབྲེལ་ལམ་བརྒྱུད་ནས་ཡུ་གུར་གྱི་འགྲུལ་བཞུད་པ་རྣམས་ལ་སོ་ཉུལ་བཞིན་པ་དང་། Reuters གསར་ཁང་གིས་ཤིན་ཅང་ནས་བྲོས་བྱོལ་དུ་ཡོང་མཁན་ཡུ་གུར་བ་རྣམས་རྒྱུན་དུ་ Turkey ལ་བསྐྱོད་སྐབས་རྒྱལ་ཁབ་དེ་དག་བརྒྱུད་ནས་འགྲོ་གི་ཡོད་པ་ཞིག་ཡིན་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་ཡུ་གུར་གྱི་འགྲུལ་བཞུད་པ་དེ་དག་གིས་ Iraq དང་ Syria ནང་གི་དྲག་སྤྱོད་དང་འཐབ་འཁྲིག་སློང་སྲིད་པས་ཤིན་ཅང་གི་ཁུལ་དུ་དམ་དྲག་བྱེད་དོན་ནི་གཙོ་བོ་ཁ་ཆེའི་དྲག་སྤྱོད་པ་བཀག་འགོག་བྱེད་ཐབས་ཤིག་ཡིན་པར་འགྲེལ་བརྗོད་བྱེད་བཞིན་པ་དང་ཡུ་གུར་བའི་དྲྭ་རྒྱར་རྒོལ་རྡུང་གཏོང་གི་ཡོད་པར་ཁས་ལེན་རྩ་བ་ནས་མ་ཞུས་པའི་ཁར་རྒྱ་ནག་གི་ནང་ཡུ་གར་གྱི་རིག་གཞུང་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་བརྗོད་བཞིན་པ་རེད། Reuters གསར་ཁང་གིས་ད་ལྟའི་ཆར་རྒྱ་ནག་གི་ཆེད་ལས་པས་བརྡ་འཕྲིན་གྱི་བཟོ་གྲྭ་གང་དང་གང་ལ་ཞུགས་ཏེ་སོ་ཉུལ་བྱས་པའི་མིང་སོགས་གནས་ཚུལ་ཁ་གསལ་སྤེལ་མེད་པ་དང་། གནས་ཚུལ་དེའི་ཐོག་རྒྱ་གར་དང་ཐའེ་ལན་ཌི།་མ་ལེ་ཤ་ཡ་སོགས་ཀྱི་གཞུང་ནས་གསར་ཁང་ལ་སྐད་ཆ་གང་ཡང་བཤད་མེད་པ་དེ་ལྟར་ཡང་། ཨ་རིའི་ Volexity བཟོ་ལས་ཁང་གིས་བདུན་ཕྲག་འདིའི་ནང་རྒྱ་ནག་གི་གསང་ཉུལ་བ་དང་འབྲེལ་བའི་གནས་ཚུལ་ཞིག་སྤེལ་བའི་ནང་རྒྱ་ནག་གིས་རྒྱལ་སྤྱིའི་སྟེང་གི་ཡུ་གུར་བ་རྣམས་ཀྱི་ཁ་པར་དང་གློག་འཕྲིན་སོགས་ལ་སོ་ཉུལ་བྱེད་བཞིན་ཡོད་པ་ཡོངས་བསྒྲགས་གནང་བ་མ་ཟད། གྷུ་གྷལ་བཟོ་ཚོང་ཁང་གི་ཞིབ་འཇུག་པས་ཀུ་ཤུ་ཁ་པར་གྱི་མ་ལག་བརྒྱུད་ནས་ཡུ་གུར་མི་མང་དང་སྤྱི་ཚོགས་ལ་དམིགས་པའི་དྲིལ་བསྒྲགས་ཤིག་སྤེལ་བ་ཤེས་རྟོགས་བྱུང་བ་བཤད་འདུག དྲྭ་རྒྱ་བདེ་འཇགས་སྲུང་སྐྱོབ་ཁང་ Fire Eye ཞེས་པས་རྒྱ་ནག་གི་དྲྭ་རྒྱ་གསང་ཉུལ་བ་རྣམས་ཀྱིས་ལྷོ་ཤར་ཨེ་ཤ་ཡིའི་བརྡ་འཕྲིན་ནང་གསང་བའི་དྲྭ་འབུ་བཏང་སྟེ་འཇིགས་སྐུལ་གྱི་ལས་དོན་དང་འབྲེལ་བའི་མིང་ཚིག་དང་། དམག་མི། དེ་བཞིན་རྒྱ་ནག་གི་ཆབ་སྲིད་ཀྱི་གནད་ཡོད་མི་སྣ་སོགས་ཀྱི་མིང་མཚོན་པའི་ཚིག་ཐོ་མང་དག་ཅིག་གི་ཡིག་ཚགས་ཐད་ཀར་ཤེས་རྟོགས་ཐུབ་པར་བཟོས་ཡོད་པར་བསྒྲགས་འདུག དེ་བཞིན་ཨ་རི་དང་ཨེ་ཛི་རུ་ཡི་དྲྭ་རྒྱའི་བདེ་འཇགས་ཞིབ་འཇུག་པ་སྐུ་ཞབས་ Amit Serper ཡིས་རྒྱ་ནག་གིས་ཆེད་ལས་པ་རྣམས་ཀྱིས་སོ་ཉུལ་བྱེད་སའི་གང་ཟག་སོ་སོའི་ཁ་པར་ལའང་གསང་བའི་མ་ལག་གསར་འཛུགས་བརྒྱུད་ཁ་པར་གྱི་སྒྲ་ཡོད་ཚད་ཉར་ཚགས་དང་། གང་ཟག་དེ་ས་གནས་གང་དུ་ཡོད་མེད། སུ་ལ་འབྲེལ་བ་བྱེད་མིན་སོགས་ཉིན་གཅིག་གི་ལས་དོན་ཆ་ཚང་ཤེས་རྟོགས་ཐུབ་ཀྱི་ཡོད་པ་བརྗོད་འདུག གཞི་རྩའི་རྒྱ་ནག་གིས་དུས་རྒྱུན་ནས་ཡུ་གུར་བ་མང་པོ་ལག་ཤེས་ལྟེ་གནས་ཁང་ཞེས་པའི་བཀག་བསྐྱིལ་ཁང་དུ་བཙོན་འཇུག་གིས་བཏང་འཛིན་ནན་པོ་བྱེད་བཞིན་པར་ཕྱི་ཕྱོགས་ནས་སྐྱོན་བརྗོད་ཤུགས་ཆེན་པོ་གནང་གི་ཡོད་པ་དང་། ད་ཆ་རྒྱ་ནག་གིས་རྒྱ་ནག་ནང་ལོག་གི་ཡུ་གུར་བ་ཙམ་དུ་མ་ཟད་རྒྱལ་མཚམས་བརྒལ་བའི་ཐོག་དྲྭ་རྒྱ་ལ་གསང་ཉུལ་བྱས་ཏེ་ཕྱི་ཕྱོགས་ཀྱི་ཡུ་གུར་བ་མང་པོར་རྟོག་ཞིབ་བྱེད་བཞིན་ཡོད་པ་རེད།

རེས་གཟའ་ཕུར་བུ། ༢༠༡༩།༠༩།༠༥

ཉན་པ།: Listen ཕབ་ལེན། Download གཞན་དོན་བསྒྲུབ་པར་གྲུབ་མཐའ་གོང་འོག་གི་སྟོང་ཉིད་ཀྱི་ལྟ་བ་བཞེད་ཚུལ་ཤེས་དགོས། རྒྱ་གར་གྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལྡི་ལིར་ཡོང་རྒྱུར་བཀག་འགོག ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཕྱིར་འཐེན་དང་མཉམ་དུ་དགོས་འདུན་བཞི་པོ་བསྒྲུབ་དགོས། རྒྱ་ནག་གིས་ཨ་རུ་ནཱ་ཅལ་ས་མཚམས་སུ་ཟམ་པ་བརྒྱབ་ཡོད་པའི་དོགས་གཞི། ཤེས་རིག་བཀའ་བློན་མཆོག་གིས་དགེ་རྒན་ཉིན་མོར་འཚམས་འདྲི་གནང་བ། འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། རླུང་གི་ནད་གཞི། Thursday 05/09/2019 Teaching Day 2: Dalai Lama speaks on the wisdom of emptiness India urges Chinese FM not to come to India post Pakistan visit One down, four to go: Hong Kong protesters stay intact China accused of building bridge in Arunachal Pradesh, army denies claim Teachers’ Day: Sherig Kalon extends greetings to Tibetan teaching community HEALTH FEATURE: Late Dr. Pema Dorjee on ‘Loong disorder’ and its symptoms

གཞན་དོན་བསྒྲུབ་པར་གྲུབ་མཐའ་གོང་འོག་གི་སྟོང་ཉིད་ཀྱི་ལྟ་བ་བཞེད་ཚུལ་ཤེས་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་དད་ལྡན་ཆོས་ཞུ་བ་གཙོས་པའི་ཕྱི་ནང་གི་མང་ཚོགས་སྟོང་ཕྲག་ལྷག་ལ་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། བྱང་ཕྱོགས་སོ་བདུན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་བཅས་ཀྱི་བཀའ་ཆོས་ཉིན་གཉིས་པའི་སྟེང་སེམས་ཅན་གཞན་གྱི་དོན་བསྒྲུབ་པར་སེམས་ཅན་གྱི་ཁམས་དང་མོས་པ་སྣ་ཚོགས་ཡོད་སྟབས་དེ་དག་དང་འཚམ་པའི་གྲུབ་མཐའ་གོང་འོག་གི་སྟོང་ཉིད་ཀྱི་ལྟ་བ་བཞེད་ཚུལ་གང་ཡིན་ཤེས་དགོས་གལ་ཡིན་པ་ལམ་སྟོན་བསྩལ་སོང་། དེ་ཡང་མགོན་པོ་མཆོག་དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་བསྒྱུར་གྱིས་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་གྲུབ་བསྟུན་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་རྣམས་ལ་ཐོག་མར་མགོན་པོ་༸གང་ཉིད་མཆོག་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་ལུང་དེ་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་ཞུས་ཡོད་སྐོར་ངོ་སྤྲོད་མཛད་པ་དང་འབྲེལ། དེ་སྔ་བོད་ནང་ལ་མཁན་ཆེན་ཞི་བ་འཚོའི་ལམ་སྟོན་འོག་ལེགས་སྦྱར་གྱི་སྐད་ཡིག་བསླབ་མི་དགོས་པར་བོད་ཀྱི་ལོ་པཎ་ཚོས་རྒྱ་གར་ནས་ནང་པ་སངས་རྒྱས་པའི་བཀའ་བསྟན་ཡོངས་རྫོངས་བོད་སྒྱུར་གནང་ཡོད་པ་ཙམ་མ་ཟད། བོད་ཀྱི་ཆོས་རྒྱས་ཚོས་ཀྱང་ལྷག་བསམ་རྣམ་དག་གིས་སྐུལ་ལས་བསྐྱོན་ཡོད་པ་བཀའ་བསྩལ་སོང་། མགོན་པོ་༸གང་ཉིད་མཆོག་གིས་བྱང་ཆུབ་སེམས་འགྲེལ་གྱི་སྐབས་སུ་བསྟན་པའི་བྱང་ཆུབ་ཀྱི་སེམས་ཞེས་པ་འདི་ནི་མདོ་སྔགས་ཐུན་མོང་གི་གཞུང་ནས་གསུངས་པའི་བྱང་ཆུབ་ཀྱི་སེམས་ལ་གོ་དགོས་པར་བཀའ་བསྩལ་ཡོད། གཞན་ཡང་༸གོང་ས་མཆོག་གིས་སེམས་ཅན་གཞན་གྱི་དོན་བསྒྲུབ་པར་སེམས་ཅན་གྱི་ཁམས་དང་མོས་པ་སྣ་ཚོགས་པ་ཞིག་ཡོད་སྟབས་དེ་དག་དང་འཚམ་པའི་གྲུབ་མཐའ་གོང་འོག་གི་སྟོང་ཉིད་ཀྱི་ལྟ་བའི་རྣམ་གཞག་གང་ཡིན་ངེས་པར་དུ་ཤེས་དགོས་གལ་ཡིན་པ་ལམ་སྟོན་བཀྲིན་ཆེ་བ་བསྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གི་ཆོས་འབྲེལ་ལེགས་པར་བསྩལ་རྗེས་ཨེ་ཤ་ཡའི་ཁུལ་གྱི་དད་ལྡན་ཆོས་ཞུ་བ་ཚོས་༸གང་ཉིད་མཆོག་ལ་བཀའ་འདྲི་དགོངས་བསྐོར་ཞུ་རྒྱུའི་ལས་རིམ་སྐབས་ཆོས་ཞུ་བ་གཅིག་གིས་ང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་དུ་བྱང་ཆུབ་ཀྱི་སེམས་ཉམས་ལེན་གང་འདྲ་བྱེད་དགོས་སམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་དུ་སྡུག་བསྔལ་འདོར་འདོད་ཀྱི་བློ་ཡོད་པ་ལྟར་སྡུག་བསྔལ་གྱི་རྒྱུ་གང་ཡིན་ངོ་ཤེས་པའི་ཐོག་ནས་སྡུག་བསྔལ་གཏན་དུ་སྤངས་པའི་བྲལ་བ་དེ་འཐོབ་ཐབས་སུ་བྱང་ཆུབ་ཀྱི་སེམས་དེ་གལ་ཆེན་པོ་ཆགས་ཡོད་པ་ཤེས་ཏེ་ཉམས་ལེན་གནང་དགོས་པའི་ལམ་སྟོན་བསྩལ་ཡོད།

ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཕྱིར་འཐེན་དང་མཉམ་དུ་དགོས་འདུན་བཞི་པོ་བསྒྲུབ་དགོས།

ཁ་སང་ཧོང་ཀོང་གི་སྤྱི་ཁྱབ་ཀེ་རི་ལེམ་གྱིས་བརྙན་པར་བརྒྱུད་ཧོང་ཀོང་ནས་རྒྱ་ནག་ལ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ཕྱིར་འཐེན་གནང་རྒྱུར་གསལ་བསྒྲགས་བྱས་ཡོད་ཀྱང་ཧོང་ཀོང་མང་ཚོགས་ནས་སྤྱི་ཁྱབ་ཀྱིས་ཐག་གཅོད་དེར་དགའ་བསུ་མི་ཞུ་བའི་ཁར་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཁག་ཏུ་དགོས་འདུན་བཞི་པོ་བསྒྲུབ་དགོས་པ་གསུངས་འདུག འདས་པའི་གཟའ་འཁོར་ ༡༦ ཙམ་ཞིག་གི་རིང་ཧོང་ཀོང་མང་ཚོགས་ནས་རྩོད་རྙོག་ཅན་གྱི་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཕྱིར་འཐེན་དང་ཀེ་རི་ལེམ་རང་གི་ལས་གནས་ནས་དགོངས་ཞུ་བྱས་དགོས་པ། དེ་བཞིན་ལས་འགུལ་བར་དྲག་སྤྱོད་པ་ཞེས་ཐ་སྙད་སྤྱོད་མཚམས་བཞག་དགོས་པ་མ་ཟད་ཉེན་རྟོག་པའི་བྱ་སྤྱོད་ལ་རང་དབང་གི་ཐོག་ནས་རྟོག་ཞིབ་དང་། ལས་འགུལ་བ་འཛིན་བཟུང་བྱས་པ་རྣམས་གློད་བཀྲོལ་དགོས་པ་བཅས་དགོས་འདུན་ལྔ་ཆེད་བཏོན་གནང་ཡོད་པ་དང་།  ཁ་སང་ཧོང་ཀོང་གི་སྤྱི་ཁྱབ་པ་ལྕམ་སྐུ་ Carrie Lam ལགས་ཀྱིས་རྒྱ་ནག་ལ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ཕྱིར་འཐེན་གནང་རྒྱུ་ཡིན་པ་གསལ་བསྒྲགས་དང་། ཧོང་ཀོང་གི་ཉེན་རྟོག་པའི་ཞུ་གཏུག་ཚན་པའི་ངོས་ནས་ཞི་རྒོལ་ཐོག་རྟོག་ཞིབ་གནང་རྒྱུ་དང་དེར་ཧོང་ཀོང་གཞུང་གི་ངོས་ནས་རྟོག་ཞིབ་ཀྱི་གྲུབ་དོན་ལ་རྒྱབ་སྐྱོར་ཆ་ཚང་ཞུ་རྒྱུ་མ་ཟད་ཞི་རྒོལ་སྐབས་འཛིན་བཟུང་བྱས་པ་རྣམས་ས་གནས་ཀྱི་ཁྲིམས་གཞིར་ལྟར་ཐག་གཅོད་བྱ་རྒྱུ་དང་། དེ་བཞིན་ལྕམ་སྐུ་མཆོག་དང་ཁོང་གི་ཕྱག་རོགས་བློན་ཆེན་རྣམས་ཀྱིས་ཟླ་བ་འདི་ནས་འགོ་འཛུགས་ཀྱིས་མང་ཚོགས་སར་ཕེབས་ཏེ་མང་ཚོགས་ཀྱི་མངོན་འདོད་དེ་དག་བསྒྲུབ་རྒྱུའི་ཐབས་ལམ་སོགས་རྟོགས་ཐབས་གནང་རྒྱུ་ཡིན་པ་སོགས་གནད་དོན་ཁག་གཅིག་ཞལ་བཞེས་གནང་ཡོད་ཀྱང་། Demosisto ཆབ་སྲིད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ Joshua Wong ལགས་ཀྱིས་གཙོས་པའི་ལས་འགུལ་བས་ཀེ་རི་ལེམ་གྱིས་ཐག་གཅོད་དེ་ཟླ་བ་གསུམ་གྱི་ཞི་རྒོལ་དེའི་ཁྲོད་མི་གྲངས་ ༧ གྱི་ཚེ་སྲོག་ཤོར་བ་དང་ལས་འགུལ་བ་ཆིག་སྟོང་ཉིས་བརྒྱ་ལྷག་ཉེན་རྟོག་པས་འཛིན་བཟུང་གྱིས་ཕལ་མོ་ཆེར་སྡུག་རྩུབ་བཏང་རྗེས་ཡོང་བ་ཡིན་སྟབས་གནད་དོན་དེ་འཕྱི་དྲག་པ་དང་དགོས་འདུན་ལྔ་ནས་གཅིག་ལས་མ་གཏོགས་བསྒྲུབས་མེད་པ་དེ་ཉུང་དྲག་སྐོར་གསུངས་འདུག ཡང་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་ད་ཆ་སྐྱོན་ཆག་མང་པོ་ཞིག་བྱུང་ཟིན་པས་ཐག་གཅོད་དེ་སྔ་ས་ནས་ཡོང་དགོས་པ་ཞིག་དང་། མང་ཚོགས་ཀྱི་རྨ་ཁ་ད་དུང་ཡང་གསོས་མེད་པ་གསུངས་འདུག ལས་འགུལ་བ་བུད་མེད་ཅིག་གིས་ང་ཚོའི་དགོས་འདུན་བཞི་པོ་བསྒྲུབ་རྒྱུ་བསྡད་ཡོད་པ་དེ་མང་ཚོགས་ཀྱི་དྲན་ལམ་ནས་ཡལ་མེད་པར་རེ་བ་བྱེད་བཞིན་ཡོད་པ་དང་ཆབས་ཅིག མང་ཚོགས་ཁག་གཅིག་ནས་སྲང་ལམ་དུ་དགོས་འདུན་ལྔ་པོ་བསྒྲུབ་དགོས་པའི་སྐད་འབོད་བྱས་པ་དང་སློབ་ཕྲུག་ཁག་གཅིག་ནས་ཀྱང་རང་ཉིད་ཀྱི་སློབ་གྲྭའི་ཕྱིར་ལོག་ཏུ་ལག་འབྲེལ་མཐུད་དེ་ཧོང་ཀོང་གཞུང་ལ་ངོ་རྒོལ་དང་ལས་འགུལ་བ་འཛིན་བཟུང་བྱས་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་འདུག རྒྱལ་སྤྱིའི་ཚོགས་སྐྱིད་ཁག་གིས་ཧོང་ཀོང་མང་ཚོགས་ལ་རྒྱབ་སྐྱོར་དང་སྦྲགས་ཧོང་ཀོང་གི་གནད་དོན་ཐད་རྒྱ་གཞུང་གི་ཐེ་བྱུས་བྱས་པར་སྐྱོན་བརྗོད་བྱས་ཡོད་པ་དང་། དེའི་ཁྲོད་ཨ་རི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Marco Rubio ལགས་ཀྱིས་ཧོང་ཀོང་སྤྱི་ཁྱབ་ཀྱི་ཐག་གཅོད་དེར་དགའ་བསུ་ཞུས་ཀྱང་གདང་ངེས་ཞིག་མིན་པས་ཧོང་ཀོང་གཞུང་ནས་མང་ཚོགས་ཀྱི་མངོན་འདོད་མཐའ་དག་བསྒྲུབ་དགོས་པ་གསུངས་འདུག ཉིན་ཤས་སྔོན་དུ་མང་གཙོའི་ལས་འགུལ་བ་ Joshua Wong ལགས་ཐེ་ཝན་དུ་ཆེད་མདགས་ཕེབས་ནས་གསར་འགོད་ལྷན་ཚོགས་ཐོག་ཐེ་ཝན་ནས་དེ་སྔ་ཧོང་ཀོང་གི་ཆར་གདུགས་ལས་འགུལ་ལ་རྒྱབ་སྐྱོར་དང་ཧོང་ཀོང་ནས་ཐེ་ཝན་གྱི་ Sunflower Movement ལ་རྒྱབ་སྐྱོར་གནང་ཡོད་སྟབས་ད་ཆ་ཐེ་ཝན་ནས་ཧོང་ཀོང་མང་ཚོགས་ལ་རྒྱབ་སྐྱོར་གནང་རྒྱུའི་དུས་ལ་བབས་ཡོད་པའི་འབོད་སྐུལ་དང་འབྲེལ་ཏེ་རྒྱ་ནག་རྒྱལ་ཡོངས་ཀྱི་ཉིན་མོའི་སྔ་རོལ་དུ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་རྒྱུ་དང་ཐེ་ཝན་གཞུང་ནས་ཧོང་ཀོང་གི་མི་སེར་བྲོས་བྱོལ་དུ་ཡོང་བ་རྣམས་ལ་ཁྲིམས་ཐོག་ནས་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བསྐྱང་ནན་ཞུས་འདུག དེ་དང་ཕྱོགས་མཚུངས་ཀེ་རི་ལེམ་གྱི་ཐག་གཅོད་སྔ་རོལ་དུ་ Joshua Wong ལགས་དང་ཧོང་ཀོང་སྤྱི་དམངས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། དེ་བཞིན་ལས་འགུལ་ཁག་གཅིག་གིས་འཇར་མན་གྱི་སྲིད་བློན་ Angela Merkel མཆོག་རྒྱ་ནག་ནང་འཚམས་གཟིགས་སླད་ཕེབས་བསྟུན་ལྕམ་སྐུ་མཆོག་ལ་ཕྱག་བྲིས་ཤིག་ཕུལ་ཡོད་པ་དང་དེའི་ནང་ལྕམ་སྐུ་མཆོག་ནས་རྒྱ་གཞུང་ལ་ཧོང་ཀོང་གི་གནས་སྟངས་ཐད་ཐུགས་འཚབ་ཀྱི་རྣམ་པ་བསྟན་རྒྱུ་དང་ཧོང་ཀོང་མང་ཚོགས་ཀྱི་དགོས་འདུན་གཙོ་ཆེར་ངོས་བཞེས་གནང་རྒྱུར་འབོད་སྐུལ་ཞུས་ཡོད་པ་རེད། ལྕམ་སྐུ་མཆོག་གི་རྒྱ་ནག་ནང་གི་འཚམས་གཟིགས་དེ་རིང་ནས་དབུ་འཛུགས་ཀྱིས་ཉིན་གསུམ་རིང་གནང་གཏན་ཁེལ་ཡོད་པ་རེད།

རྒྱ་གར་གྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལྡི་ལིར་ཡོང་རྒྱུར་བཀག་འགོག

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi རྒྱ་གར་དུ་འཚམས་གཟིགས་ལ་ཡོང་འཆར་ཡོད་ཀྱང་རྒྱ་གར་གྱིས་ཁོང་པ་ཀིས་ཏན་གྱི་འགྲུལ་བཞུད་དང་ལྷན་དུ་རྒྱ་གར་དུ་ཡོང་རྩིས་ཡིན་ན་ཐེངས་འདིར་རྒྱ་གར་དུ་མ་ཡོང་རོགས་ཞེས་རེ་སྐུལ་བྱས་འདུག དེ་རིང་རྒྱ་གར་གྱི་ IANs གསར་ཁང་གིས་གནས་ཚུལ་སྤེལ་བར་རྒྱ་གར་གཞུང་གིས་ Jammu དང་ Kashmir ས་ཁུལ་ལ་རྩ་ཁྲིམས་ཀྱི་དོན་ཚན་ ༣༧༠ ནང་དམིགས་བསལ་གྱི་ཁེ་དབང་སྤྲད་ཡོད་པ་རྣམས་ཕྱིར་བསྡུ་བྱས་ཡོད་པར་བརྟེན་པ་ཀིས་ཏན་གྱིས་གནས་ཚུལ་དེར་ངན་ངག་ཤུགས་ཆེན་འདོན་བཞིན་པའི་སྐབས་འདིར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཟླ་ ༩ ཚེས་ ༧ ཉིན་ Pakistan ཆེད་བཅར་གནང་བ་དང་ལྷན་དུ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་རྩིས་ཡོད་ཀྱང་རྒྱ་གར་སྲིད་གཞུང་གིས་ཁོང་ Pakistan དུ་བཅར་གྱི་ཡོད་ཚེ་ཐེངས་འདིར་རྒྱ་གར་དུ་མ་ཡོང་རོགས་ཞེས་བརྗོད་འདུག མིང་གསལ་མ་གནང་བའི་རྒྱ་གར་གྱི་གནད་ཡོད་གཞུང་ཞབས་མི་སྣས་གསར་ཁང་དེར་གནས་ཚུལ་མཁོ་སྤྲོད་བྱས་པར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱ་གར་དུ་ཡོང་འདོད་ཆེན་པོ་ཡོད་ཀྱང་རྒྱ་གར་གྱིས་ཁོང་ Pakistan གྱི་འགྲུལ་བཞུད་དང་ལྷན་དུ་རྒྱ་གར་ལ་ཡོང་ཚེ་པ་ཀིས་ཏན་དང་རྒྱ་གར་ཐོག་གཉིས་མོས་ཀྱི་བཞེངས་ཕྱོགས་མཚོན་གྱི་ཡོད་སྟབས། ད་རེས་རྒྱ་གར་དུ་ཡོང་རྒྱུའི་དུས་ཚོད་དེ་བསྐྱར་སྒྲིག་བྱེད་དགོས་པ་བརྗོད་ཡོད་པ་ལས་དེས་ལོ་འདིའི་ལོ་མཇུག་ཏུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་དུ་ཡོང་འཆར་ལ་དམིགས་བསལ་གྱི་ཤུགས་རྐྱེན་གང་ཡང་ཐེབས་མེད་ཚུལ་བརྗོད་འདུག ད་དུང་རྒྱ་གར་གཞུང་ནས་རྒྱ་ནག་ཙམ་མ་ཡིན་པར་ཕྱི་ལོག་གི་འགོ་ཁྲིད་སུ་ཞིག་ཡིན་ཡང་རྒྱ་གར་ལ་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་སྐབས་རྒྱ་གར་ཁོ་ན་མ་གཏོགས་གཉིས་མོས་ཀྱི་བཞེངས་ཕྱོགས་གསལ་འདོན་གྱིས་པ་ཀིས་ཏན་དང་རྒྱ་གར་གཉིས་ལ་མཉམ་དུ་ཕེབས་རྒྱུ་རིགས་རྩ་བ་ནས་གནང་རྒྱུ་མེད་པའི་ཞུ་སྐུལ་གནང་གི་ཡོད་སྐོར་གསུངས་འདུག གཞི་རྩའི་ Pakistan གྱིས་ Jammu དང་། Kashmir གྱི་གནད་དོན་དེ་རྒྱལ་སྤྱི་ཅན་ལ་བསྒྱུར་ཐབས་བྱས་ཏེ་ཕྱི་ལོག་གི་རྒྱལ་ཁབ་ཁ་ཤས་ལ་གནས་ཚུལ་དེར་བར་འདུམ་བྱེད་དགོས་པའི་ངན་སྐུལ་བྱས་ཡོད་པ་མ་ཟད། རྒྱལ་ཚོགས་སོགས་ལ་གནད་དོན་དེར་ཤུགས་རྐྱེན་སྤྲོད་དགོས་པའི་ཐབས་ཤེས་བྱས་ཡོད་ཀྱང་ཕྱི་ལོག་གི་རྒྱལ་ཁབ་མང་དག་ཅིག་གིས་གནས་དོན་དེ་ནི་རྒྱ་གར་དང་པ་ཀིས་ཏན་གཉིས་དབར་གྱི་གནས་ཚུལ་ཞིག་ཡིན་པར་ངོས་འཛིན་གྱིས་གནད་དོན་དེར་ཐེ་གཏོགས་བྱས་མེད་པ་རེད། དེ་བཞིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ Jaishankar འདི་ལོའི་ཕྱི་ཟླ་ ༨ པའི་ནང་རྒྱ་ནག་ལ་ཕེབས་ཏེ་ལོ་མཇུག་ཏུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་དུ་ཕེབས་འཆར་ལ་གྲ་སྒྲིག་བྱེད་ཕྱོགས་ཀྱི་ཐོག་གྲོས་བསྡུར་བྱས་པ་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལའང་མཇལ་འཕྲད་ཀྱིས་ཇ་མྨུ་དང་ཀཤྨིར་གྱི་གནད་དོན་གྱིས་རྒྱ་དཀར་ནག་གཉིས་དབར་གྱི་ས་མཚམས་ཀྱི་གྲོས་མོལ་ལ་ཤུགས་རྐྱེན་གང་ཡང་ཐེབས་ཀྱི་མེད་པའི་འགྲེལ་བརྗོད་གནང་ཡོད་པ་རེད། དེའི་བར་ན་ཉེ་ལམ་རྒྱ་གར་གྱི་གཞུང་འཛིན་ཚོགས་པ་ BJP ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ Arun Singh ལགས་ཀྱི་དབུ་ཁྲིད་པའི་གྲོས་ཚོགས་གོང་མའི་འཐུས་མི་ Mahesh Poddar ལགས་ཀྱིིས་གཙོས་པའི་འཐུས་ཚབ་པ་ ༡༡ རྒྱ་ནག་ཏུ་ཆེད་ཕེབས་ཀྱིས་ཡུལ་དེའི་ཆེས་མཐོཡི་དཔོན་རིགས་རྣམས་ལ་མཇལ་འཕྲད་བྱས་པ་མ་ཟད། རྒྱལ་ཁབ་ཕྱོགས་གཉིས་ཀྱི་སྤྱི་ཚོགས་དང་ཆབ་སྲིད།  དེ་བཞིནརིག་གཞུང་སོགས་ཀྱི་ཐོག་གླེང་མོལ་བྱས་ཡོད་པ་རེད། གྲོས་ཚོགས་འཐུས་མིའི་རྒྱ་ནག་ནང་གི་འཚམས་གཟིགས་དེ་གཙོ་བོ་རིང་མིན་ཕྱི་ཟླ་ ༡༠ པའི་ནང་རྒྱ་ནག་གི་སྲིད་འཛིན་རྒྱ་གར་ལ་ཕེབས་ཏེ་སྲིད་བློན་མོ་དི་མཆོག་དང་ཐུག་འཕྲད་བྱ་རྒྱའི་སྔོན་འགྲོའི་གྲ་སྒྲིག་གི་ཆ་ཤས་ཤིག་ཡིན་པ་དང། ཐེངས་འདིར་གྲོས་ཚོགས་འཐུས་མི་རྣམ་པ་རྒྱ་ནག་ལ་ཕེབས་སྐབས་རྒྱ་ནག་གིས་ས་ཚམས་ཀྱི་གནད་དོན་སོགས་གླེང་སློང་བྱུང་བ་མ་ཟད་རྒྱ་གར་གྱི་འཐུས་ཚབ་རྣམས་ཀྱིས་རྒྱ་ནག་གི་དམར་ཤོག་གི་འཐུས་ཚབ་པ་རྣམས་ཀྱང་རྒྱ་གར་དུ་ཡོང་ནས་རྒྱ་གར་གྱི་མང་གཙོའི་སྐོར་ལ་ཤེས་རྟོགས་བྱེད་རྒྱུའི་མགྲོན་བརྡ་ཕུལ་ཡོད་པ་འཁོད་འདུག

རེ་ས་གཟའ་ལྷག་པ། ༢༠༡༩།༠༩།༠༤

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་དད་ལྡན་ཚོར་ཉིན་གསུམ་གྱི་བཀའ་ཆོས་དབུ་འཛུགས་བསྐྱངས་པ། རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གིས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་བ། ཧིན་སྒོར་འབུམ་བཞི་བརྒྱ་ལྷག་གི་བོད་མིའི་ཚོང་ཟོག་ལ་མེ་སྐྱོན་ཤོར་འདུག བོད་ཀྱི་ན་གཞོན་ཉམས་ཞིབ་བའི་ཚོགས་འདུ་ཐེངས་ལྔ་པ་མཇུག་སྒྲིལ། རྒྱ་ནག་ལ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཕྱིར་འཐེན་གནང་རྒྱུ་ཡིན་པ་གསུངས་འདུག རྒྱ་གཞུང་ནས་མང་ཚོགས་ཀྱི་ཞི་བའི་ལས་འགུལ་ལ་འགོག་རྐྱེན་བཟོ་མི་ཆོག་པའི་ཉེན་བརྡ། Wednesday 04/09/2019 Dalai Lama begins three days teaching to Asian devotees CTA delegation advocates for Tibet ahead of UNHRC session Massive fire sweeps Tibetan sweater sellers’ godown in Maharashtra 5th Young Tibetan Research Scholars Conference held at Dalai Lama College Hong Kong leader announces withdrawal of extradition bill Lithuania summons Chinese envoy over diplomats' behavior at Hong Kong rally

ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་དད་ལྡན་ཚོར་ཉིན་གསུམ་གྱི་བཀའ་ཆོས་དབུ་འཛུགས།

ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་དུ་ཉིན་གྲངས་གསུམ་གྱི་བཀའ་ཆོས་དབུ་འཛུགས་བསྐྱངས་པ་དང་འབྲེལ། ༸གོང་ས་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་འདི་དག་བོད་མི་ཁོ་ན་ཙམ་གྱི་མིན་པར་འཛམ་གླིང་སྤྱིའི་སྤྱི་ནོར་ཆགས་ཡོད་པར་ལམ་སྟོན་མཛད་སོང་། དེའང་ཨིན་ཌོ་ནེ་ཤི་ཡ་དང་། ཀོ་རི་ཡ། མ་ལེ་ཤི་ཡ། སིངྒ་པུར། ཐའེ་ལན་ཌི། ཝི་དི་ནམ་སོགས་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་དད་ལྡན་ཆོས་ཞུ་བ་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དེ་རིང་ཟླ་ ༩ ཚེས་ ༤ ཉིན་གྱི་སྔ་དྲོ་ཚོུད་ ༨༌༣༠ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་སྐུལ་བ་པོས་གཙོས་པའི་ཕྱི་ནང་གི་མང་ཚོགས་སྟོང་ཕྲག་ལྷག་ལ་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། བྱང་ཕྱོགས་སོ་བདུན། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་བཅས་ཀྱི་བཀའ་ཆོས་དབུ་འཛུགས་བསྐྱངས་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་ཐོག་མར་ཨེ་ཤ་ཡའི་ཡུལ་གྲུ་ཁག་ནས་ཆེད་ཞུས་པའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་གཙོས་པའི་ཕྱི་ནང་གི་ཆོས་ཞུ་བ་ཚོར་དགའ་བསུའི་འཚམས་འདྲི་བསྩལ་བ་སྦྲགས། བཀའ་ཆོས་དངོས་གཞི་དབུ་འཛུགས་མ་མཛད་གོང་དུ་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་དེ་བྱམས་བརྩེའི་བདག་ཉིད་ཅིག་ཡིན་པ་ལྟར་འཛམ་གླིང་འདིའི་ཐོག་གི་ཆོས་ལུགས་ཡོད་དོ་ཅོག་གིས་དེ་འབྲེལ་བྱམས་བརྩེའི་བསླབ་བྱ་གོང་སྤེལ་གནང་གི་ཡོད་པ་བཀའ་བསྩལ་ཡོད། དེ་བཞིན་༸གོང་ས་མཆོག་གིས་དཀྱིལ་ཤར་ཨེ་ཤ་ཡའི་ཁུལ་གྱི་རྒྱལ་ཁབ་དག་ཏུ་རྒྱ་གར་ནས་ནང་པ་སངས་རྒྱས་པའི་བསྟན་པ་དེ་ཇི་ལྟར་དར་འཕེལ་བྱུང་ཚུལ་ལོ་རྒྱུས་དང་བཅས་པ་ངོ་སྤྲོད་མཛད་སོང་བ་དང་སྦྲགས་ཏེ་ནང་པའི་བདེན་བཞིའི་རྣམ་གཞག་དེ་ནི་ནང་པ་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་ཆགས་ཡོད་པས་དེ་དག་ཐོག་ལ་སློབ་གཉེར་གནང་ནས་དེ་རྣམས་ཤེས་པར་འབད་དགོས་གལ་ཡིན་པར་ལམ་སྟོན་བསྩལ་སོང་། ༸གོང་ས་མཆོག་གིས་ཆགས་སྡང་གཉིས་ཀྱིས་རང་ཉིད་ཀྱི་ཕྱི་གཟུགས་པོའི་འཕྲོད་བསྟེན་ལ་གནད་ཀྱི་ཡོད་པར་བརྟེན་དེའི་གཉེར་པོར་བྱམས་བརྩེ་བསྒོམ་དགོས་པར་ལམ་སྟོན་བཀྲིན་ཆེ་བ་བསྩལ་སོང་། གཞན་ཡང་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་ཆེན་པོ་བཞི་ལས་འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས་དང་ཆོས་ལུགས་མཐུན་འབྲེལ། དེ་བཞིན་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་མཛད་རྒྱུར་ཐུགས་འགན་གཙོ་བཞེས་གནང་གི་ཡོད་སྐོར་ངོ་སྤྲོད་སྙིང་བསྡུས་ཤིག་བསྩལ་བ་དང་འབྲེལ་ཏེ། བོད་ཀྱི་ཆོས་དང་རིག་གཞུང་འདི་དག་བོད་མི་ཁོ་ན་ཙམ་གྱི་མིན་པར་འཛམ་གླིང་སྤྱིའི་སྤྱི་ནོར་ཞིག་ཆགས་ཡོད་སྟབས་དེ་དག་ཐོག་ལ་སློབ་གཉེར་བྱེད་དགོས་པ་དང་སེམས་ཁམས་རིག་པའི་རྣམ་གཞག་འགྲེལ་བཤད་ཡག་ཤོས་རྒྱག་ཐུབ་པའི་སྐད་ཡིག་དེ་བོད་ཀྱི་སྐད་ཡིག་ཆགས་ཡོད་སྐོར་ལམ་སྟོན་མཛད་ཡོད། མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་བབ་དང་བསྟུན་༸སྐུ་ངལ་གསོ་བཞུགས་མཛད་ཕྱིར་དེ་རིང་སྔ་དྲོ་ཚོུད་ ༡༠༌༣༠ རྗེས་ནས་༸སྐུ་བཅར་ཞབས་ཞུ་བ་ཡང་སྟེང་རིན་པོ་ཆེ་མཆོག་གིས་མུ་མཐུད་ཆོས་འབྲེལ་བསྐྱངས་ཡོད་པ་དང་། ཐེངས་འདིའི་ཆོས་འབྲེལ་ཐོག་འཛམ་གླིང་རྒྱལ་ཁབ་འདྲ་མིན་ ༦༩ ནས་ཆོས་ཞུ་བ་ཞལ་གྲངས་ ༦༨༠༠ ལྷག་དང་ཨེ་ཤ་རང་གི་མི་རིགས་ ༨༥༠ ཕེབས་ཡོད་པ་མ་ཟད། རྒྱ་ནག་སྐམ་ས་ཆེན་པོ་ནས་རྒྱ་རིགས་ ༧ བཅས་བཅར་འདུག ཉིན་གྲངས་གསུམ་གྱི་ཆོས་འབྲེལ་དེ་སྔ་དྲོ་ཚོུད་ ༩་༠༠ ནས་ ༡༡༌༣༠  བར་ཡིན་པ་དང་བོད་སྐད་དང་དབྱིན་སྐད། ཝི་ཏི་ནམ་ རྒྱ་སྐད། ཉི་ཧོང་། ཧིཾ་དི། ཨི་ཊ་ལིན། ཐཡི་སྐད། ཨུ་རུ་སུའི་སྐད། ཨིན་ཌོ་ནེ་ཤ་ཡ། ཀོ་རི་ཡའི་སྐད་སོགས་སྐད་རིགས་མི་འདྲ་བ་བཅིུག་ཐོག་གསུང་སྒྱུར་གནང་བཞིན་འདུག གཞི་རྩའི་ཟླ་བ་འདིའི་ཚེས་ ༡༣ ཉིན་བཞུགས་སྒར་དྷ་རྨ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་པ་ཁག་ལྔས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་རེད།

རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ལ་བོད་དོན་ཞུ་གཏུགས་ལས་འགུལ།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཚོགས་ཐེངས་ ༤༢ མ་ཚོགས་པའི་སྔ་རོལ་དང་བསྟུན། བོད་མིའི་སྒྲིག་འཛུགས་འབྲེལ་ཡོད་ལས་བྱེད་སུད་སི་གྲོང་ཁྱེར་ཇི་ནི་ལྦར་ཆེད་བཅར་གྱིས། ཁེ་ཉིན་ཕྱི་ཟླ་དགུ་པའི་ཚེས་༢ནས་དབུ་འཛུགས་ཀྱིས། ཁུལ་དེར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གི་གཞུང་འབྲེལ་འབྲེལ་ཡོད་མི་སྣར་མཇལ་མོལ་བརྒྱུད། རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་སྟངས་ཁག་སྙན་སེང་དང་། རིང་མིན་རྒྱལ་ཚོགས་ཀྱི་ཚོགས་འདུའི་ཐོག་རྒྱ་གཞུང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་དྲི་རྩད་དང་གླེང་སློང་ཡོང་བའི་ཞུ་འབོད་གནང་བཞིན་འདུག ཐེངས་འདིའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞུ་གཏུགས་ལས་འགུལ་སྣེ་ཁྲིད་གནང་མཁན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་དྲུང་ཆེ་དགས་པོ་བསོད་ནམ་ནོར་བུ་ལགས་ཀྱིས་གསུངས་དོན་ལྟར་ན། ཁོང་རྣམས་ཀྱིས་ད་རེས་ཀྱི་ཞུ་གཏུགས་དེའི་ཐོག་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཐོག་ཐེ་བྱུས་བྱེད་བཞིན་པ་མཚོན་པའི་བོད་མིའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་དམ་དྲག་ཇེ་ཆེར་གཏོང་བཞིན་པ་སོགས་ཀྱི་བོད་མིའི་ཆོས་དད་རང་དབང་གི་གནས་སྟངས་དང་། བོད་ནང་བོད་མི་ཚོར་ལས་ཀ་དང་། བོད་ཀྱི་ས་ཁུལ་ཁག་ཏུ་ཕར་འགྲོ་ཚུར་འོང་དང་། དེ་བཞིན་ཕྱིར་སྐྱོད་བཅས་ཀྱི་ཐོག་རྒྱ་རིགས་དང་འདྲ་མཉམ་ཐོབ་ཐང་མེད་པར་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ། རྒྱ་གཞུང་གིས་བོད་ནང་གི་སློབ་གྲྭ་ཁག་ཏུ་བོད་ཡིག་སྐད་ཡིག་གཉིས་པར་སློབ་ཁྲིད་དང། བོད་ཕྲུག་ཚོ་བོད་ཡིག་སློབ་ཁྲིད་གཉེར་བཞིན་པའི་དང་བླངས་སློབ་གྲྭ་དང་དགོན་སྡ་ཁག་ལ་བསྐྱོད་རྒྱུར་བཀག་འགོག་བྱེད་བཞིན་ཡོད་པ། དེ་བཞིན་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོ་བྱས་པའི་བོད་མིའི་ཆབ་སྲིད་བཙོན་པའི་གནས་སྟངས་དང་། དེ་བཞིན་༸གོང་ས་མཆོག་ལ་དད་གུས་དང་བོད་པའི་སྐད་ཡིག་དང་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་ཁག་རྡུང་རྡེག་གཏོང་བཞིན་ཡོད་པའི་གནས་སྟངས་སོགས་གྲོས་གཞི་དོན་ཚན་དྲུག་ཐོག་སྙན་སེང་ཞུས་གནང་བ་དང་ཆབས་ཅིག གནད་དོན་དེ་དག་ཐོག་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ནས་འཚོགས་ལ་ཉེ་བའི་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐེངས་༤༢ ཐོག་གླེང་སློང་ཡོང་བའི་ཞུ་འབོད་གནང་བཞིན་པ་རེད་འདུག ཐེངས་འདིའི་བོད་དོན་ཞུ་གཏུགས་ལས་འགུལ་དེའི་ཐོག་བཞུགས་སྒར་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་དགས་པོ་བསོད་ནམས་ནོར་བུ་ལགས་དང་ཕྱི་དྲིལ་ལས་ཁུངས་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་འབྲུག་ལྡན་སྐྱིད་ལགས་ཀྱི་གཙོ་བྱས་པའི་ཐོག སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་སུད་སི་དོན་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་བཅས་ཆགས་ཀྱི་འདུག རྩ་བའི་ཇི་ནི་ལྦའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༤༢ དེ་ཕྱི་ཟླ་དགུ་པའི་ཚེས་༩ནས་༢༧བར་ཚོགས་ཀྱི་འདུག་ཅིང་། ད་རེས་ཀྱི་ལྷན་ཚོགས་དེ་དང་འབྲེལ་ཕྱི་ཚེས་༡༢ཉིན་རྒྱལ་ཚོགས་ཀྱི་ཟུར་ཚོགས་ཀྱི་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་དྲུང་ཆེ་དགས་པོ་བསོད་ནམ་ནོར་བུ་ལགས་ཀྱིས་རྒྱ་གཞུང་གིས་བོད་ནང་འཛུགས་སྐྲུན་དང་གཏོར་སྐྱོན་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་གི་འདུག་པ་མ་ཟད། ཕྱི་ཚེས་༢༠ཉིན་ལྷན་ཚོགས་དང་བསྟུན་ནས་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ནས་རྒྱལ་ཚོགས་མདུན་དུ་ཞི་རྒོལ་རྔམ་སྟོམ་ལས་འགུལ་ཡང་སྤེལ་གནང་གི་ཡོད་པ་རེད།

རྒྱ་ནག་ལ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ཕྱིར་འཐེན་གནང་རྒྱུ་ཡིན་པ་གསུངས་འདུག

འདས་པའི་གཟའ་ཁོར་ ༡༦ ཙམ་གྱི་ཞི་རྒོལ་རྗེས་དེ་རིང་ཧོང་ཀོང་གི་སྤྱི་ཁྱབ་པ་ལྕམ་སྐུ་ Carrie Lam ལགས་ཀྱིས་རྒྱ་ནག་ལ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ཕྱིར་འཐེན་གནང་རྒྱུ་ཡིན་པར་གསུངས་འདུག ལྕམ་སྐུ་མཆོག་གིས་དེ་རིང་ཁུལ་དེའི་ཁྲིམས་བཟོ་ལྷན་ཁང་གི་འཐུས་ཚབ་པ་དང་རྒྱ་ནག་རྒྱལ་ཡོངས་མི་མང་ཚོགས་ཆེན་གྱི་ཧོང་ཀོང་གི་འཐུས་ཚབ་པ་གཉིས་དང་ལྷན་དུ་བཞུགས་མོལ་གྱི་ཚོགས་འདུ་ཞིག་གི་སྐབས་རྒྱ་ནག་ལ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ཕྱིར་འཐེན་གནང་རྒྱུ་ཡིན་པར་བརྗོད་པ་མ་ཟད་ཕྱི་དྲོ་བརྙན་པར་བརྒྱུད་ཐག་གཅོད་དེ་ཡོངས་ཁྱབ་བསྒྲགས་འདུག འོན་ཀྱང་ཧོང་ཀོང་གི་ཞི་རྒོལ་བའམ་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་ཁྲིམས་འཆར་དེ་ཕྱིར་འཐེན་བྱེད་རྒྱུར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་གནང་གི་མེད་པ་མ་ཟད། ཁོང་ཚོས་ཁྲིམས་འཆར་དེ་ཕྱིར་འཐེན་བྱེད་རྒྱུ་དེ་ནི་ཁོང་ཚོའི་དགོས་འདུན་ལྔ་བཏོན་པའི་ཁྲོད་ཀྱི་གནད་དོན་གཅིག་རེད་ཅེས་བརྗོད་ཡོད་པ་དང་སྦྲགས། ཁྲིམས་འཆར་དེ་ཕྱིར་འཐེན་གནང་རྒྱུ་དེ་ནི་ཧ་ཅང་གི་འཕྱི་དྲག་པའི་གནད་དོན་ཆུང་ཆུང་ཞིག་རེད་ཅེས་བརྗོད་ཡོད་པ་དང་ལྷན་དུ་ཧོང་ཀོང་གི་ཉེན་རྟོག་པས་ཞི་རྒོལ་བར་དྲག་གནོན་བྱས་པའི་ལས་དོན་ཐད་ཁུལ་དེའི་གཞུང་ནས་རང་དབང་གི་སྒོ་ནས་རྟོག་ཞིབ་དགོས་པའི་དགོས་འདུན་འདོན་བཞིན་ཡོད་པ་རེད། ལྕམ་སྐུ་མཆོག་གིས་དེ་རིང་གི་བརྙན་པར་དེའི་ནང་ཧོང་ཀོང་གི་ཉེན་རྟོག་པའི་ཞུ་གཏུག་ཚན་པའི་ངོས་ནས་ཐེངས་འདིའི་ཞི་རྒོལ་ཐོག་རྟོག་ཞིབ་གནང་རྒྱུ་ཡིན་པ་དང། ཧོང་ཀོང་གཞུང་གི་ངོས་ནས་རྟོག་ཞིབ་ཀྱི་གྲུབ་དོན་ལ་རྒྱབ་སྐྱོར་ཆ་ཚང་ཞུ་རྒྱུ་ཡིན་པ་མ་ཟད་ཞི་རྒོལ་སྐབས་འཛིན་བཟུང་བྱས་པ་རྣམས་ས་གནས་ཀྱི་ཁྲིམས་གཞིར་བཟུང་ཐག་གཅོད་བྱ་རྒྱུ་ཡིན་པ་དང་། དེ་བཞིན་ལྕམ་སྐུ་མཆོག་དང་ཁོང་གི་ཕྱག་རོགས་བློན་ཆེན་རྣམས་ཀྱིས་ཟླ་བ་འདི་ནས་འགོ་འཛུགས་ཀྱིས་མང་ཚོགས་སར་ཕེབས་ཏེ་མང་ཚོགས་ཀྱི་མངོན་འདོད་དེ་དག་བསྒྲུབ་རྒྱུའི་ཐབས་ལམ་སོགས་རྟོགས་ཐབས་གནང་རྒྱུ་ཡིན་པ་སོགས་གནད་དོན་ཁག་གཅིག་ཞལ་བཞེས་གནང་འདུག

Latest news