Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: November, 2019

རྒྱ་གར་གྱི་ཤེས་ཡོན་ལམ་ལུགས་ནང་གསར་བརྗེ་དགོས་གལ་ཆེ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཤེས་ཡོན་ལམ་ལུགས་ནང་དེང་དུས་ཀྱི་ཤེས་ཡོན་དང་ལྷན་དུ་ནང་སེམས་ཀྱི་རིན་ཐང་གོང་འཕེལ་དང་འབྲེལ་བའི་ལེགས་བཤད་ཟུང་འབྲེལ་ཐོག་ནས་གསར་བརྗེ་ཞིག་ཧ་ཅང་གནང་དགོས་གལ་ཆེ་བའི་ལམ་སྟོན་བསྩལ་བ་དང་འབྲེལ། རྒྱ་གར་གྱི་སྲིད་འཛིན་དམ་པ་སྐུ་ཞབས་ Radhakrishna མཆོག་ནི་དེ་ལྟ་བུའི་ཤེས་ཡོན་ཟུང་འབྲེལ་གྱི་དཔེ་མཚོན་ཡག་ཤོས་ཤིག་ཡིན་པར་བཀའ་བསྩལ་མཛད་སོང་། རྒྱ་གར་གར་གྱི་སྲིད་འཛིན་དམ་པ་ sarvapalle radhakrishna མཆོག་གིས་ ༡༩༦༥  ལོར་རྒྱ་གར་གྱི་བྱང་ཕྱོགས་སིམ་ལ་གྲོང་ཁྱེར་དུ་བཙུགས་པའི་ IIAS  ཞེས་རྒྱ་གར་གྱི་ཡར་ཐོན་ཤེས་ཡོན་ལྟེ་གནས་ཁང་གིས་དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ IIC  ནང་དུ་སྲིད་འཛིན་དམ་པར་རྗེས་དྲན་ཞུ་བའི་གསུང་བཤད་ལས་རིམ་གྱི་སྐུ་མགྲོན་གཙོ་བོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་ཕུལ་དོན་བཞིན་༸གོང་ས་མཆོག་གིས་དེ་རིང་སྔ་དྲོ་ཚོུད་ ༡༠༌༣༠ ཙམ་ནས་ལས་རིམ་ཐོག་དབུ་བཞུགས་ཀྱིས་སྤྱི་ལ་ཁྱབ་པའི་བཟང་སྤྱོད་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་བསྩལ་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་ཐོག་མར་དེ་རིང་གི་ལས་རིམ་ཐོག་ལོ་མང་གོང་གི་གྲོགས་པོ་རྙིང་པ་མང་པོ་ཞིག་གཟིགས་རྒྱུ་ཡོད་པ་དང་། སྤྱིར་མགོན་པོ་༸གང་ཉིད་མཆོག་ནས་གྲོགས་པོ་དེ་དག་གི་མཚན་རེ་རེ་བཞིན་ཐུགས་དྲན་གསོ་ཡི་མེད་ཀྱང་ཁོང་རྣམ་པའི་ཞལ་རས་ཐུགས་ལ་གསལ་པོ་ངེས་ཡོད་པ་དང་། ད་ལྟའི་ཆར་གྲོགས་པོ་རྙིང་པ་དེ་དག་བཞིན་མགོན་པོ་མཆོག་༸སྐུ་ན་བགྲེས་ཀྱི་ཡོད་ཀྱང། རང་ཉིད་ཀྱི་མི་ཚེ་འདི་དོན་དང་ལྡན་པ་ཞིག་སྐྱེལ་ཐུབ་ཡོད་མེད་དེ་དེ་ལས་ཀྱང་ཆེས་གལ་ཆེ་ཡིན་པར་བཀའ་བསྩལ་སོང་། ༸གོང་ས་མཆོག་གིས་སྐབས་དེར་སྲིད་འཛིན་དམ་པ་ Radhakrishna མཆོག་ནི་དེ་སྔ་མགོན་པོ་༸གང་ཉིད་མཆོག་ཕྱི་ལོ་ ༡༩༥༦ ལོར་སྟོན་པ་སྐུ་མྱ་ངན་ལས་འདས་ནས་ལོ་ ༢༥༠༠ འཁོར་བའི་རྗེས་དྲན་མཛད་སྒོའི་སླད་རྒྱ་གར་ལ་ཆིབས་བསྒྱུར་མཛད་སྐབས་སུ་རྗེས་དྲན་གྲ་སྒྲིག་གནང་མཁན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཡིན་པར་བཀའ་འགྲེལ་དང་སྦྲགས། སྲིད་འཛིན་དམ་པ་མཆོག་ནི་རྒྱ་གར་གྱི་གནའ་རབས་ལེགས་བཤད་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ཀ་ཟུང་དུ་འབྲེལ་བའི་དཔེ་མཚོན་ཚད་ལྡན་ཞིག་ཡིན་པར་བཀའ་བསྩལ་བ་མ་ཟད་ལོ་ངོ་ ༣༠༠༠ བརྒལ་བའི་རྒྱ་གར་གྱི་གནའ་རབས་ལེགས་བཤད་ནང་ अहिंसा ཞེས་འཚེ་མེད་ཞི་བ་དང་། करुणा ཞེས་སྙིང་རྗེའི་སྐོར་ལ་གསུངས་ཡོད་པ་དེ་དག་ཧ་ཅང་རླབས་ཆེན་ཡིན་པར་བཀའ་བསྩལ་བསྐྱར་ནན་མཛད་དེ་དེང་གི་འཛམ་གླིང་ནང་དེ་དག་རིན་ཐང་ལྡན་པ་ཞིག་དང་ཧ་ཅང་དགོས་མཁོ་ཆེ་བ་ཆགས་ཡོད་སྟབས་ལེགས་བཤད་དེ་དག་སྲུང་སྐྱོབ་དང་ཉམས་པ་སླར་གསོ་གནང་བ་དང་ཆབས་ཅིག་ཏུ་དེང་དུས་ཀྱི་ཤེས་ཡོན་དང་ལྷན་དུ་ཟུང་འབྲེལ་གནང་རྒྱུའི་ནུས་པ་དང་གོ་སྐབས་ཆེ་ཤོས་དེ་རྒྱ་གར་ལ་མ་གཏོགས་མེད་པར་བཀའ་སློབ་བཀྲིན་ཆེ་བ་བསྩལ་ཡོད། ༸གོང་ས་མཆོག་གིས་གཞན་ཡང་མགོན་པོ་༸གང་ཉིད་མཆོག་ནི་རྒྱུན་དུ་དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་ལ་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་ཞིག་ཡིན་པར་བཀའ་བསྩལ་ཏེ་རྒྱ་གར་གྱི་དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་ཀྱི་ལེགས་བཤད་དེ་དག་ཆོས་ལུགས་མ་ཡིན་པར་ཤེས་ཡོན་སློབ་གསོའི་ངོ་བོར་ངོས་འཛིན་གྱིས་དེང་རབས་ཀྱི་ཤེས་ཡོན་བསླབ་གཞིའི་ཁོངས་སུ་འཇོག་རྒྱུ་ཧ་ཅང་ཛ་དྲག་ཆགས་ཡོད་པར་བཀའ་སློབ་བསྐྱར་ནན་མཛད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་དང་པོ་སྟེ། འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་ཐོག་ནས་འགྲོ་བ་མིའི་རང་བཞིན་ལྷན་རྒྱས་སུ་ཡོད་པའི་བཟང་པོའི་ཡོན་ཏན་གོང་འཕེལ་དང་འབྲེལ་བའི་བཀའ་སློབ་ལས་འཕྲོས་ཏེ་རང་གི་དགྲ་བོ་ནི་རང་གི་དགེ་རྒན་ཡག་ཤོས་ཡིན་པ་གསུང་སྲོལ་ཡོད་པ་ལྟར། རང་གི་གྲོགས་པོ་དང་ངོ་ཤེས་པ་ཚོར་ཉམས་ལེན་བྱས་པའི་བྱམས་བརྩེ་དེ་ནི་ཆགས་པ་དང་འབྲེལ་བ་ཡོད་པ་དང་དོན་དམ་གྱི་བྱམས་བརྩེ་ནི་རང་གི་དགྲ་བོར་ཉམས་ལེན་བྱས་པའི་བྱམས་བརྩེ་དེ་རེད་ཅེས་བཀའ་བསྩལ་ཡོད་པ་རེད། ༸གོང་ས་མཆོག་གི་བཀའ་སློབ་བསྩལ་གྲུབ་རྗེས་བཀའ་འདྲིའི་དགོངས་སྐོར་ཞུ་མཁན་ཁག་གཅིག་གིས་ཡིག་ཐོག་ནས་༸གོང་ས་མཆོག་ལ་ཁོར་ཡུག་དང། བྱམས་བརྩེ། ཤེས་ཡོན་ལམ་ལུགས། ཆོས་ལུགས་སོགས་དང་འབྲེལ་བའི་བཀའ་འདྲི་མང་ཅིག་ཞུས་ཡོད་པ་རེད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་རྒྱ་གར་ནང་༸སྐུ་བཞུགས་མཛད་ནས་ད་ཆ་མི་ལོ་ ༦༠ ལྷག་ཙམ་ཕེབས་ཀྱི་ཡོད་ཀྱང་། རྒྱ་གར་ནང་དེང་སྐབས་ཆོས་ལ་ཉམས་རྒུད་འགྲོ་བཞིན་པའི་རྒྱུ་རྐྱེན་གང་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར་མི་མང་པོས་ཆོས་ཉམས་ལེན་གནང་སྐབས་ཆོ་ག་ཕྱག་ལེན་ལ་དོ་སྣང་མང་བ་བྱེད་ཀྱི་ཡོད་པ་དང། ཆོས་ཞེས་པའི་གོ་དོན་གཙོ་བོ་ནི་བློ་སྦྱོང་བའི་ཐོག་ནས་ནང་སེམས་ལ་བསྒྱུར་བཅོས་གནང་རྒྱུ་དེ་ཡིན་ཀྱང་། རྒྱ་གར་བའི་ངོས་ནས་ཆོས་ཀྱི་གོ་དོན་ངོ་མ་དེ་རྟོགས་ཐུབ་ཀྱི་མེད་པར་བཀའ་བསྩལ་མཛད་སོང་། དེ་བཞིན་མ་འོངས་པའི་འཛམ་གླིང་འདིར་རེ་བ་ཅིག་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་ང་ཚོའི་ཤེས་ཡོན་གྱི་ལམ་ལུགས་ནང་ཕྱིའི་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པའི་དེང་དུས་ཀྱི་ཤེས་ཡོན་ཙམ་མ་ཡིན་པར་ནང་སེམས་ཀྱི་རིན་ཐང་གོང་འཕེལ་དང་འབྲེལ་བའི་སློབ་གསོ་སྤྲོད་རྒྱུ་དབུ་འཛུགས་གནང་ཚེ་མ་འོངས་པའི་ལོ་ཉི་ཤུ་དང་སུམ་ཅུའི་ནང་ཤེས་ཡོན་གྱི་ལམ་ལུགས་འདི་སྒྲིམ་མཁན་རྣམས་དངོས་གནས་མི་འདྲ་བ་ཅིག་ཆགས་ངེས་ཡིན་པར་བཀའ་བསྩལ་ཏེ་དེ་འབྲེལ་རྒྱ་གར་གྱི་ཤེས་ཡོན་ལམ་ལུགས་ནང་ད་ཆ་གསར་བརྗེ་ཞིག་དགོས་གལ་ཆེ་བའི་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་ཡོད། གཞི་རྩའི་དེ་རིང་རྒྱ་གར་གྱི་སྲིད་འཛིན་དམ་པ་ Dr. Radhakrishna མཆོག་གི་རྗེས་དྲན་གསུང་བཤད་ལས་རིམ་འདིའི་ཐོག་རྒྱ་གར་གྱིི་ཕྱི་སྲིད་དྲུང་ཆེ་དང་དམག་དཔོན། གཞུང་གི་གནད་ཡོད་དཔོན་རིགས་སོགས་གནང་མྱོང་ཡོད་པའི་གནད་ཡོད་མི་སྣ་མང་པོ་ཞིག་ཆེད་ཕེབས་གནང་ཡོད་པ་མ་ཟད། དེ་བཞིན་མཁས་དབང་དང་དོན་གཉེར་ཅན་སོགས་ཁྱོན་མི་གྲངས་ ༢༠༠ ལྷག་འདུ་འཛོམས་བྱུང་འདུག མཛད་སྒོའི་ཐོག་གཞན་ཡང་དམིགས་བསལ་སྐུ་མགྲོན་དུ་རྒྱ་གར་གྱི་གྲོས་ཚོགས་ཚོགས་མི་དང་རྒྱ་གར་གྱི་རིག་གཞུང་ལས་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་ Dr. Vinay Saharabuddhe མཆོག་གིས་དབུས་པའི་ IIC རྒྱ་གར་དང་རྒྱལ་སྤྱིའི་ལྟེ་གནས་ཁང་གི་ཚོགས་གཙོ་ NN Vohra མཆོག་སོགས་གནད་ཡོད་མི་སྣ་ཁག་གཅིག་ཕེབས་ཡོད་པ་རེད། རླུང་འཕྲིན་ཁང་གིས་ལས་རིམ་གོ་སྒྲིག་ཞུ་མཁན་ IIAS ལྟེ་གནས་ཁང་གི་ཚོགས་གཙོ་སྐུ་ཞབས་ Kapil Kapoor ལགས་སུ་ལས་རིམ་དེའི་སྐོར་ལ་བཀའ་འདྲི་ཞུས་པར་༸གོང་ས་མཆོག་ལས་རིམ་འདིའི་ཐོག་ཆིབས་བསྒྱུར་མཛད་པ་ནི་མང་ཚོགས་ལ་ཉི་འོད་ནས་གྲིབ་བསིལ་ཐོབ་པ་ལྟ་བུ་ཞིག་བྱུང་བ་དང་། མགོན་པོ་༸གང་ཉིད་མཆོག་ལ་གདན་ཞུ་གསོལ་འདེབས་ཞུས་པ་བཞིན་དངོས་སུ་ཆིབས་བསྒྱུར་བསྐྱངས་བ་འདི་ནི་ང་ཚོའི་ཚོགས་པར་སྦྱིན་རླབས་ཐོབ་པ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་སོང་། མཛད་འཆར་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སང་ཉིན་རྒྱ་གར་གྱི་རྒྱལ་ས་དི་ལླཱི་ནས་ Maharashtra མངའ་སྡེའི་གྲོང་ཁྱེར་ Aurangabad ནང་ཉིན་གཅིག་གི་བཀའ་ཆོས་མཛད་འཆར་བསྐྱང་སླད་ཆིབས་བསྒྱུར་བཀྲིན་མཛད་ཀྱི་ཡོད་པ་རེད།

རེས་གཟའ་ཕུར་བུ། ༢༠༡༩།༡༡།༢༡

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་རྒྱ་གར་གྱི་ཤེས་ཡོན་ལམ་ལུགས་ནང་གསར་བརྗེ་དགོས་པའི་ལམ་སྟོན་བསྩལ་བ། སྲིད་སྐྱོང་མཆོག་གིས་བོད་དོན་ཁྲིམས་འཆར་གསར་པར་རྒྱབ་སྐྱོར་ཐོབ་ཕྱིར་གྲོས་འཐུས་ཁག་གཅིག་དང་མཇལ་འཕྲད། ༸གོང་ས་མཆོག་གི་མཛད་རྗེས་ལ་ཆེ་བསྟོད་དང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ལ་རྒྱབ་སྐྱོར་མཚོན་པའི་གྲོས་འཆར་ཆེད་འདོན། ཡོ་རོབ་དང་ཨེ་ཤ་ཡ་ནང་དུ་ནང་པའི་ཆོས་རིག་དར་ཁྱབ་དང་འབྲེལ་བའི་རྒྱལ་སྤྱིའི་ལྷན་ཚོགས། ཨ་རིའི་གྲོས་ཚོགས་གོང་མས་ཀྱང་ཧོང་ཀོང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་ཁྲིམས་འཆར་ལ་སྤྱི་མོས་ཀྱིས་གཏན་འབེབས། འཕྲོད་བསྟེན་ཤེས་བྱ། རིམས་སྲུང་རིལ་བུ་ངོ་སྤྲོད། Thursday 21/11/2019 Dalai Lama graces 24th Memorial Day of Dr Radhakrishnan, speaks on Universal Ethics Sikyong meets with US lawmakers, advocates Tibet support Act New House resolution introduced calling for Congressional event with the Dalai Lama First Intl. conference on Buddhist Civilization & Spiritual Heritage in Eurasia held in Kalmykia Senate unanimously passes bills to protect human rights in Hong Kong HEALTH AND WELLNESS: ‘Rimsung Rilbu’ by Dr. Tenzin Thaye

༸གོང་ས་མཆོག་གི་མཛད་རྗེས་ལ་ཆེ་བསྟོད་དང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ལ་རྒྱབ་སྐྱོར་མཚོན་པའི་གྲོས་འཆར་གསར་པ་ཆེད་འདོན།

ཟླ་ ༡༡ ཚེས་ ༡༣ ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ལ་ཆེ་བསྟོད་དང་བོད་མིའི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་མངོན་འདོད་ལ་རྒྱབ་སྐྱོར་མཚོན་པའི་གྲོས་འཆར་གསར་པ་ཆེད་འདོན་གནང་འདུག གྲོས་འཆར་གསར་པ་དེ་བཞིན་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་དང་ཚོགས་ཆུང་དེའི་མཉམ་འབྲེལ་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Chris Smith ལགས། དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ted Yoho ལགས་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Michael McCaul ལགས་བཅས་ནས་ཆེད་འདོན་གནང་ཐོག་ཡུལ་དེའི་གྲོས་ཚོགས་འཐུས་མི་ལྕམ་ Ann Wagner ལགས་ནས་རྒྱབ་སྐྱོར་གྱི་མཚན་རྟགས་གནང་འདུག གཞི་རྩའི་གྲོས་འཆར་གསར་པ་དེའི་ནང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་ཐབས་སུ་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་འདོན་གནང་མཛད་པའི་རྒྱུད་རིམ་དང་། དེ་སྔ་ཕྱི་ལོ་ ༡༩༨༩ ལོར་མགོན་པོ་༸གང་ཉིད་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་མ་ཟད་ ༢༠༠༧ ལོར་ཨ་རིའི་གྲོས་ཚོགས་ནས་༸གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་བ། ལྷག་པར་དུ་༸གོང་ས་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་བོད་རྒྱའི་དཀའ་རྙོག་ཙམ་མ་ཟད་འཛམ་བུ་གླིང་ཐོག་འཕྲད་བཞིན་པའི་དཀའ་རྙོག་ཚང་མ་འཚེ་བ་མེད་པར་གྲོས་མོལ་དང་ཞི་བའི་ཐོག་ནས་གསལ་ཐབས་གནང་གལ་ཡིན་པའི་བཀའ་སློབ་ལམ་སྟོན་སྩོལ་བཞིནཔ། དེ་བཞིན་ཨ་རི་གཞུང་ནས་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོན་སླད་རོགས་རམ་གནང་བཞིན་པའི་གནས་སྟངས་སོགས་འགྲེལ་བརྗོད་ལུང་འདྲེན་དང་སྦྲགས། ཨ་མི་རི་ཀའི་གྲོས་ཚོགས་ནས་ཨ་རི་དང་བོད་དབར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་དང་བོད་ཀྱི་རིག་གནས་ཁག་སྲུང་སྐྱོབ་ཐུབ་ཐབས་སུ་བོད་མིའི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་མངོན་འདོད་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་སྤྱི་དང་ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་ཐོག་ཞི་བདེ་དང་འཚེ་བ་མེད་པའི་ལྟ་སྤྱོད་གོང་འཕེལ་མཛད་བཞིན་པར་ཨ་རིའི་གྲོས་ཚོགས་ཀྱིས་ཆེ་བསྟོད་དང་རམ་འདེགས་ཞུ་དགོས་པ། དེ་བཞིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་རྒྱལ་སྤྱིའི་དཀའ་རྙོག་ཁག་གསལ་ཐབས་སུ་མགོན་པོ་གང་ཉིད་མཆོག་དང་ལྷན་དུ་དྲྭ་ཐོག་བརྒྱུད་གྲོས་མོལ་གྱི་ལེ་ཚན་ཞིག་གོ་སྒྲིག་ཞུ་དགོས་པ་བཅས་དོན་ཚན་གཙོ་བོ་གསུམ་འཁོད་འདུག ད་ལྟའི་ཆ་ལ་གྲོས་འཆར་གསར་པ་དེ་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་གྲོས་ཆོད་གཏན་འབེབས་འགྲོ་ལུག་ལྟར་ཡུལ་དེའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་ཕུལ་ཏེ་གྲོས་བསྡུར་དང་དཔྱད་ཞིབ་གནང་མུས་ཡིན་པ་རེད། རྩ་བའི་ད་རེས་ཙམ་མ་ཟད་ཉེ་ཆར་ཕྱི་ཟླ་དགུ་པའི་ལ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern ལགས་དང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་ཀྱིས་གཙོས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་ནས་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་སུ་དེ་སྔ་ ༢༠༠༢ ལོར་གཏན་འབེབས་གནང་བའི་ Tibet Policy Act 2002 ཞེས་ཨ་རིས་བོད་ཐོག་འཛིན་པའི་སྲིད་བྱུས་ནང་གསལ་བའི་དོན་ཚན་ཁག་ལ་རྒྱས་བཤད་དང་༸གོང་ས་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་ལ་ཐེ་བྱུས་བྱེད་རྒྱུའི་ཐོབ་ཐང་མེད་པ། དེ་བཞིན་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དགོས་པ། ཨ་མི་རི་ཀའི་སྲིད་གཞུང་ནས་བོད་མིར་རོགས་སྐྱོར་མུ་མཐུད་གནང་དགོས་པ་སོགས་དོན་ཚན་ཆེ་ཁག་ལྔ་ཙམ་འཁོད་པའི་ Tibetan Policy and Support Act of 2019 ཞེས་ཨ་རིའི་བོད་དོན་ཁྲིམས་འཆར་གསར་ཞིག་ཆེད་འདོན་གནང་སྟེ་ཡུལ་དེའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་ཁྲིམས་ལུགས་ཚོགས་ཆུང་གཉིས་སུ་ཕུལ་ཡོད་པ་དང་། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་ཡོད་རྣམ་པ་གཙོས་ས་གནས་བོད་མི། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་དབུས་པའི་གཞུང་འབྲེལ་གནད་ཡོད་མི་སྣའི་འཚམས་གཟིགས་སྐབས་སུ་ཁྲིམས་འཆར་དེ་གཏན་འབེབས་ཐུབ་ཐབས་སུ་ཞུ་གཏུག་གནང་མུས་ཡིན་པ་རེད།

བོད་དོན་ཁྲིམས་འཆར་གསར་པར་རྒྱབ་སྐྱོར་ཐོབ་ཆེད་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་དོན་ཁྲིམས་འཆར་གསར་པར་རྒྱབ་སྐྱོར་ཐོབ་ཆེད་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་གཙོས་པའི་ཕྱི་སྲིད་ལྷན་ཁང་གི་དབུ་ཁྲིད་མི་སྣ་ཁག་གཅིག་དང་མཇལ་མོལ་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྲིད་སྐྱོང་མཆོག་སུད་སི་ནང་གི་གཞུང་འབྲེལ་མཛད་རིམ་ཁག་ལེགས་པར་གྲུབ་རྗེས་ཟླ་ ༡༡ ཚེས་ ༡༩ ཉིན་གྱི་སྔ་ཐོག་ཝ་ཤིན་ཊོན་ཌི་སི་ནང་ཕེབས་འབྱོར་བྱུང་ཡོད་པ་ལྟར་ཁ་སང་སྲིད་སྐྱོང་མཆོག་གིས་བོད་དོན་ཁྲིམས་འཆར་གསར་པར་རྒྱབ་སྐྱོར་ཐོབ་ཆེད་ཝ་ཤིང་ཊོན་དུ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ted Yoho  ལགས་དང་མཇལ་མོལ་གནང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་གྲོས་ཚོགས་འཐུས་མིའི་དབར་བརྙན་འཕྲིན་ལམ་ནས་གླེང་མོལ་གྱི་ལས་རིམ་ཞིག་གོ་སྒྲིག་ཞུ་ཆོག་པའི་ཐད་གོ་བསྡུར་གནང་བ་མ་ཟད། ཕྱེད་ཡོལ་ལ་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཊོ་མི་ Toomey ལགས་དང་ Tim  Burchett ལགས། དེ་བཞིན་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་གཙོ་སྐུ་ཞབས་ James Risch སོགས་མཇལ་འཕྲད་གནང་ནས་བོད་མིའི་སྒྲིག་འཛུགས་ཀྱི་བྱུང་རབས་སྐོར་དང་། དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་ཚད་མཐོའི་རིག་གསར་འཕྲུལ་ཆས་བཀོལ་སྤྱོད་བྱས་ནས་བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་སྐབས་ཁོང་རྣམ་པས་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་པ་དང་སྦྲགས་ཏེ་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པར་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུག རྩ་བའི་སྲིད་སྐྱོང་མཆོག་ཁ་ཉིན་ཝ་ཤིང་ཊོན་དུ་འབྱོར་མ་ཐག་སྔ་དྲོ་ཡུལ་དེའི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Thom Tillis ལགས་དང་མཇལ་འཕྲད་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་ལ་ཐུགས་འཚབ་དང་སྦྲགས་ཏེ་འགྲེལ་བརྗོད་གནང་སྐབས་སྐུ་ཞབས་ Thom Tillis ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་འཚབ་དང་རྒྱ་ནག་གཞུང་གིས་བྱང་ Atlantic ཆིངས་ཡིག་ཚོགས་པར་གནོན་ཤུགས་སྤྲོད་བཞིན་ཡོད་པ་སོགས་ལ་ཐུགས་འཚབ་ཡོད་སྐོར་གསུངས་པ་མ་ཟད། ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༡༩ ཞེས་པའི་ཁྲིམས་འཆར་གཏན་འབེབས་ཡོང་སླད་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་གསུངས་འདུག ཉིན་དེར་སྲིད་སྐྱོང་མཆོག་གིས་ད་དུང་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཉན་ཞིབ་ཚོགས་ཁང་དུ་ཨ་རིའི་གྲོས་ཚོགས་གོང་མའི་ལས་བྱེད་གྲངས་ ༡༥ ཙམ་དང་ལྷན་ཚོགས་འདུ་ཚོགས་པའི་ཐོག་བོད་ཀྱི་གནད་དོན་དང་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༡༩ ཞེས་པའི་ཁྲིམས་འཆར་སོགས་ཀྱི་སྐོར་ལ་གསུང་བཤད་གནང་རྗེས་ཉིན་རྒྱབ་ཏུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལྷོ་དབུས་ཨེ་ཤ་ཡ་ལས་དོན་ཚན་པའི་དྲུང་གཞོན་ལས་རོགས་ Thomas Vajda ལགས་དང་ Laura stone ལགས། དེ་བཞིན་ལྷོ་ཨེ་ཤ་ཡ་རྒྱ་གར་ལས་དོན་ཚན་པའི་ངེས་སྟོན་པ་ Graham Mayer ལགས་བཅས་དང་ཐུག་འཕྲད་ཀྱང་གནང་འདུག སྲིད་སྐྱོང་མཆོག་སང་ཉིན་ཕྱི་ཚེས་ ༢༢ ཉིན་ཁེ་ན་ཌར་ཕེབས་ཐོན་གྱིས་ཁེ་ན་ཌའི་ཧ་ལི་ཧྥག་སི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཐེངས་བཅིུག་པ་ཐོག་མཉམ་ཞུགས་གནང་ཕྱིར་གཞུང་འབྲེལ་ཕྱོགས་ཕེབས་གནང་རྗེས་ཕྱི་ཚེས་ ༢༦ ཉིན་ཕྱིར་བཞུགས་སྒར་དུ་ཕེབས་ཀྱི་ཡོད་པ་རེད་འདུག

༸གོང་ས་མཆོག་གིས་ལྡི་ལིར་མི་མང་སྟོང་ཕྲག་བརྒལ་བར་བཀའ་སློབ་དང་ཆོས་འབྲེལ་གྱི་མཛད་འཕྲིན་བསྐྱངས་པ།

དེ་རིང་ཕྱི་ཟླ་ ༡༡ ཚེས་ ༢༠ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མི་གྲངས་སྟོང་ཕྲག་འགའ་ཤས་ཤིག་ལ་ང་རྒྱལ་དང་དངངས་སྐྲག་ལ་གདོང་ལེན་ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་གནང་མཛད་ཡོད་པ་མ་ཟད། སྐབས་དེར་ད་དུང་མགོན་པོ་གང་ཉིན་མཆོག་ནས་མི་གྲངས་སྟོང་ཕྲག་དྲུག་ལྷག་འདུས་པ་དེ་དག་ལ་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་ཡང་བཀྲིན་བསྩལ་གནང་མཛད་ཡོད་པ་རེད། རྒྱལ་ལ་ལྡི་ལིའི་ St.Columbia’s སློབ་གྲྭར་གོ་སྒྲིག་ཞུས་པའི་དེ་རིང་གི་མཛད་སྒོ་དེ་ནི་ལྡི་ལིར་རྟེན་གཞི་བྱས་པའི་བླ་མ་བཟོད་པ་རིན་པོ་ཆེའི་ Tushita ཆོས་ཚོགས་གསར་འཛུགས་མཛད་དེ་ལོ་ངོ་ ༤༠ འཁོར་བའི་དུས་དྲན་གྱི་མཛད་སྒོ་ཞིག་ཡིན་པ་དང་། མཛད་སྒོ་དེའི་ཐོག་སློབ་གྲྭ་དེའི་སློབ་ཕྲུག་སྟོང་ཕྲག་གཉིས་བརྒལ་བ་ཞིག་དང་། ལྡི་ལི་ཁུལ་གྱི་ཤེས་ལྡན་མི་སྣ་དང་ཕྱི་རྒྱལ་གྱི་གཞུང་ཚབ་ཁག་གི་མི་སྣ། ཧི་མ་ལ་ཡའི་མི་རིགས དེ་བཞིན་བོད་མི་བཅས་ཁྱོན་མི་གྲངས་སྟོང་ཕྲག་དྲུག་ལྷག་འདུ་འཛོམས་བྱུང་ཡོད་པ་ལྟར། མགོན་པོ་༸གང་ཉིད་མཆོག་གིས་སྐབས་དེར་སྤྱིར་ངོས་རང་མང་ཚོགས་ཐུགས་འཕྲད་བྱ་རྒྱུར་དགའ་པོ་ཡོད་ཀྱང་། ལོ་ན་གཞོན་པའི་གྲས་ཐུགས་འཕྲད་བྱ་རྒྱུར་དེ་བས་དགའ་བ་དང་། ལྷག་དོན་ངོས་རང་ཡང་ལོ་ཆུང་ཆུང་ཡིན་པའི་སྣང་པ་ཞིག་ཡོང་གི་འདུག་ཅེས་བཀའ་བསྩལ་བ་དང་སྦྲགས། དུས་ཚོད་ཀྱི་འགྱུར་བའི་ཆོས་ཉིད་ལ་ང་ཚོ་སུས་ཀྱང་སྟངས་འཛིན་བྱེད་ཐབས་མེད་ཀྱང་། དུས་ཚོད་དམ་འཛིན་བྱས་ཏེ་མ་འོངས་པའི་དུས་ཪབས་དེ་ཞི་བདེ་ལྡན་པ་ཞིག་བསྐྲུན་ཐུབ་པའི་ནུས་པ་དེ་ང་ཚོེར་ལྡན་ཡོད་སྟབས། ལོ་ན་ཆུང་བ་ཚོས་ད་ལྟ་ནས་གོ་སྐབས་དེ་སོ་སོ་རང་ཉིད་ཀྱི་ལས་འགན་ཡིན་བསམ་པའི་ཐོག་ནས་དུས་ཪབས་ ༢༡ དེ་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐབས་གནང་དགོས་པ་དང་། དེ་ནི་སོ་སོ་རང་ཉིད་ཀྱི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད་པའི་ལམ་སྟོན་བཀའ་བསྩལ་གནང་མཛད་པ་མ་ཟད། ད་ལྟའི་འཛམ་བུ་གླིང་འདིའི་དཀའ་ངལ་ཕལ་ཆེ་བ་མིས་བཟོས་པའི་དཀའ་ངལ་དང་། དེ་ཡང་གཞི་རྩ་གཙོ་བོ་དེ་ང་རྒྱལ་དང་རང་གཅེས་འཛིན། ཁོང་ཁྲོ་སོགས་ནས་ཡོང་གི་ཡོད་སྟབས། དཀའ་ངལ་དེ་དག་སེལ་བའི་འགན་དེ་ཡང་ང་ཚོ་རང་ལ་ཡོད་པའི་ལམ་སྟོན་བསྩལ་གནང་མཛད་དེ། སྤྱིར་འགྲོ་བ་མིའི་རིགས་དེ་སྤྱི་ཚོགས་ལ་བརྟེན་དགོས་པའི་སེམས་ཅན་ཞིག་དང་། ལྷག་པར་དུ་སྔོན་གྱི་དུས་རབས་དང་མི་འདྲ་བར་དེང་སྐབས་ཚན་རིག་དང་སྤྱི་ཚོགས་གོང་འཕེལ་དཔལ་འབྱོར་སོགས་ཕྱོགས་གང་སྤྱིའི་ཐད་ནས་ཤར་ཕྱོགས་ཀྱི་ནུབ་ལ་བརྟེན་དགོས་པ་དང་། དེ་བཞིན་བྱང་ཕྱོགས་ཀྱི་ལྷོ་ལ་བརྟེན་དགོས་པ་དེ་དངོས་ཡོད་གནས་སྟངས་ཡིན་སྟབས། ཚང་མར་ང་ཚོ་འགྲོ་བ་མི་གཅིག་ཡིན་བསམ་པའི་འདུ་ཤེས་དེ་ངེས་པར་དུ་དགོས་པའི་ལམ་སྟོན་ཡང་བསྩལ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་དེར་ད་དུང་། ཆོས་ལུགས་མཐུན་འབྲེལ་ཡོང་ཐབས་དང་འབྲེལ་ཏེ། རྩ་བའི་འཛམ་བུ་གླིང་གི་ཆོས་ལུགས་ཚང་མར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་། ཚང་མའི་དམིགས་ཡུལ་དེ་བདེ་བ་འགྲུབ་ཐབས་ཤིག་ཡིན་པ་དང་། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ངོས་ནས་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་ནས་ཡོད་པའི་འཚེ་མེད་ཞི་བ་དང་། སྙིང་རྗེ་བཅས་ཀྱི་རྩ་ཆེའི་ཪིག་གཞུང་དེ་དག་ལས་བྱུང་བའི་ཆོས་ལུགས་རིས་མེད་ཀྱི་རིག་གཞུང་བཟང་པོ་དེར་ཡི་རང་བསྔགས་བརྗོད་མཛད་པ་དང་འབྲེལ། རིག་གཞུང་བཟང་པོ་དེ་དག་དེང་དུས་ཀྱི་ཤེས་ཡོན་དང་ཟུང་འབྲེལ་ཐོག་ནས་སློབ་སྦྱོང་བྱེད་དགོས་པའི་ལམ་སྟོན་བཀའ་བསྩལ་གནང་མཛད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གི་ངོས་ནས་དེང་སྐབས་རྒྱ་གར་ནང་ཪིག་གཞུང་དེ་བསྐྱར་གསོ་ཡོང་ཐབས་ཀྱི་འབེད་བརྩོན་གནང་གི་ཡོད་པའི་སྐོར་ཡང་བཀའ་བསྩལ་འདུག དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚེའི་ཐུགས་དགོངས་བཞི་སྙིང་བསྡུས་ཀྱི་ངོ་སྤྲོད་བསྩལ་གནང་མཛད་པ་དང་སྦྲགས་མང་ཚོགས་ལ་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་བཀྲིན་བསྐྱངས་འདུག གཞི་རྩའི་བོད་མི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ ༡༩ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱལ་ས་ལྡི་ལིར་༸ཞབས་སོར་འཁོད་པ་ཞིག་ཡིན་པ་དང་། ཕྱི་ཚེས་ ༢༡ ཉིན་མགོན་པོ་གང་ཉིད་མཆོག་གིས་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་སྲིད་བློན་དམ་པ་ Sarvapalli Radhakrishna མཆོག་གི་དྲན་རྟེན་འགྲེམས་སྟོན་མཛད་སྒོ་ཐེངས་ ༢༤ པའི་ཐོག་དབུ་བཞུགས་དང་འབྲེལ་ལམ་སྟོན་བཀའ་སློབ་བསྩལ་གནང་མཛད་རྒྱུ་དང་། དེ་ནས་ཕྱི་ཚེས་ ༢༣ ཉིན་ Maharashtra མངའ་སྡེའི་ Aurangabad གྲོང་ཁྱེར་ནང་ཉིན་གྲངས་གཅིག་རིང་གི་མཛད་འཆར་ལྟར་ཁུལ་དེར་ཆིབས་བསྒྱུར་བཀྲིན་མཛད་རྒྱུ་རེད་འདུག

རེས་གཟའ་ལྷག་པ། ༢༠༡༩།༡༡།༢༠

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ལྡི་ལིར་མི་མང་སྟོང་ཕྲག་བརྒལ་བར་ལམ་སྟོན་དང་ཆོས་འབྲེལ་བཀྲིན་བསྩལ་བ། སེལ་ཤུལ་རྫོང་དབོན་པོ་དགོན་པའི་དགེ་འདུན་པ་ལྔ་འཛིན་བཟུང་དང་གཅིག་གློད་བཀྲོལ་བཏང་འདུག ༸པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སློབ་མཐར་སོན་ནས་ལས་ཀ་བྱེད་ཀྱི་ཡོད་ཟེར། ཐུབ་བསྟན་དབང་ཆེན་ལགས་སུ་སྐོར་བསྐྱོད་ལས་འགུལ་སྐོར་དམིགས་བསལ་བཅར་འདྲི། དམིགས་བསལ་ལེ་ཚན། ༸གོང་ས་མཆོག་གིས་༸རྒྱལ་བ་ཡབ་སྲས་གཉིས་ཀྱི་འབྲེལ་བའི་སྐོར་བསྩལ་བའི་བཀའ་སློབ་ཀྱི་ཚན་པ། Wednesday 20/11/2019 Dalai Lama graces Tushita's 40th anniversary in Delhi China arrests 5 monks from Wonpo monastery China says Panchen Lama has graduated and living a normal working life Interview with Ven. Thupten Wangchen on his recently concluded dialogue for peace tour Feature: Dalai Lama's speech on relation between Panchen Lama and Dalai Lama

སེལ་ཤུལ་རྫོང་དབོན་པོ་དགོན་པའི་དགེ་འདུན་པ་ལྔ་འཛིན་བཟུང་དང་གཅིག་གློད་བཀྲོལ་བཏང་འདུག

བོད་རང་བཙན་དོན་དུ་འཐབ་རྩོད་བྱ་དགོས་ཞེས་དྲིལ་བསྒྲགས་ཡིག་ཆ་བརྒྱ་ཕྲག་མང་པོ་གཏོར་འགྲེམས་བྱས་པའི་དོགས་གཞིའི་འོག་དབོན་པོ་དགོན་པའི་དགེ་འདུན་པ་བཞི་དང་ ཁོང་ཚོའི་དགེ་རྒན་གཅིག་བཅས་ཁྱོན་དགེ་འདུན་པ་ལྔ་འཛིན་བཟུང་བྱས་ཡོད་ནའང་ཤེར་རྒྱམ་ལགས་ཕྱི་ཚེས་ ༡༨ ཉིན་ཀློད་བགྲོལ་བཏང་འདུག་པ་དང་ཉིན་དེར་གྲྭ་བ་གཞན་ཞིག་ཀྱང་དྲ་ཐོག་ཏུ་གོང་ཞུས་གྲྭ་བ་འཛིན་བཟུང་བྱས་པ་ཚོར་རྒྱབ་སྐྱོར་གྱི་ཡི་གེ་བྲིས་པར་བརྟེན་ནས་འཇུ་བཟུང་བྱས་པའི་གནས་ཚུལ་ཐོན་འདུག མཚན་གསུང་འདོད་མེད་པའི་འབྲེལ་ཡོད་བོད་མི་ཞིག་གིས་འགྲེལ་བརྗོད་གནང་བར་གཞིགས་ན། ཟླ་བ་འདིའི་ཚེས་ ༧ ཉིན་གྱི་མཚན་མོར་རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་སེལ་ཤུལ་རྫོང་རྫ་སྨད་དབོན་པོ་ཡུལ་ཚོའི་རྒྱ་གཞུང་གི་ལས་ཁུངས་ཤིག་གི་ར་སྐོར་ནང་དུ་བོད་རང་བཙན་དོན་དུ་འཐབ་རྩོད་བྱ་དགོས་ཞེས་དྲིལ་བསྒྲགས་ཡིག་ཆ་བརྒྱ་ཕྲག་མང་པོ་གཏོར་འགྲེམས་བྱས་ཡོད་པའི་དོགས་གཞིའི་འོག་རྒྱ་གཞུང་གི་ཉེན་རྟོག་པས་རྫ་དབོན་པོ་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་གྲྭ་པ་རང་ལོ་ ༢༠ ཙམ་ལ་ཀུན་གསལ་ལགས་དང་རྟ་མེ་ལགས། གྲྭ་བསོད་བཀྲ་ལགས་དང་ཚུལ་ཁྲིམས་ལགས་བཅས་བཞི་དང་ཁོང་ཚོའི་དགེ་རྒན་ཤེར་རྒྱམ་བཅས་དགེ་འདུན་པ་ལྔ་འཛིན་བཟུང་བྱས་ཡོད་པ་དང་། ཁེ་ཉིན་རྒན་ཤེར་རྒྱམ་ལགས་ཀློད་བཀྲོལ་བཏང་ཡོད་ཀྱང་ཉིན་དེར་གྲྭ་བ་གཞན་ཞིག་ཀྱང་དྲ་ཐོག་ཏུ་གོང་ཞུས་གྲྭ་བ་འཇུ་བཟུང་བྱས་པ་ཚོར་རྒྱབ་སྐྱོར་གྱི་ཡི་གེ་བྲིས་པར་བརྟེན་ནས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག འོན་ཀྱང་ད་ལྟའི་ཆར་ཁོང་གི་མཚན་དང་གནས་སྟངས་ཇི་ཆགས་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་གང་ཡང་མེད་པར་གྱུར་འདུག གནས་ཚུལ་ངོ་སྤྲོད་པས་མུ་མཐུད་དོན་ད་རེས་ཀྱི་ངོ་རྒོལ་ལས་འགུལ་དེ་བྱུང་དགོས་དོན་གཙོ་བོ་ནི། རྒྱ་ནག་གཞུང་གིས་འདི་ལོ་དམིགས་བསལ་མདོ་དབུས་ཁམས་གསུམ་ནང་རྒྱ་ནག་གུང་ཁྲན་ཏང་གི་བཀའ་དྲིན་འོག་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་ཕྱིན་པ་ངོས་ཟིན་དགོས་པའི་དྲིལ་བསྒྲགས་བྱེད་བཞིན་པ་ལྟར་རྫ་དབོན་པོ་ཡུལ་ཚོའི་ནང་དུའང་རྒྱ་གཞུང་གི་གོང་རིམ་ལས་སྣེ་ཚོ་ལྟ་སྐོར་དུ་ཡོང་བ་དང་སྦྲགས། རྒྱ་གཞུང་གིས་གསར་རྒྱག་བྱས་པའི་གྲོང་ཁང་གསར་པའི་ནང་དུ་གནས་སྤོར་བྱས་པའི་འབྲོག་པ་རྣམས་ལ་བཙན་དབང་གིས་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་མར་བླངས་ནས་མའོ་ཙེ་ཏུང་དང་ཞི་ཅིན་ཕིང་གི་ཐང་ག་རྣམས་གཤོམ་དུ་བཅུག་པ་དང་། ཡང་རེ་ཟུང་ལ་གུང་ཁྲན་ཏང་བཀའ་དྲིན་ཆེན་པོ་ཡིན་ཚུལ་དང་། ཏང་གིས་རོགས་སྐྱོར་མང་པོ་བྱས་ཚུལ་སོགས་བཙན་ཤེད་ཀྱིས་བཤད་དུ་བཅུག་ནས་དྲྭ་ཐོག་ཏུ་བཀྲམ་ནས་ཡུལ་མི་ཕན་ཚུན་དབར་མི་མཐུན་པ་བཟོས་པ་བཅས་ལ་བརྟེན་ནས་གོང་གསལ་གྱི་ལས་འགུལ་དེ་སྤེལ་བ་ཞིག་ཡིན་པ་བརྗོད་འདུག

༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སློབ་མཐར་སོན་ནས་ལས་ཀ་བྱེད་ཀྱི་ཡོད་ཟེར།

༸པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་ཀྱིས་ད་བར་གར་ཡོད་ཤེས་རྟོགས་མེད་པར་གྱུར་བའི་གནས་སྟངས་ཁྲོད། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ལ་ལན་འདེབས་བྱས་པའི་གནས་ཚུལ་ཞིག་ཉེ་ཆར་ཕྱིར་ཐོན་པར་གཞིགས་ན་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མཆོག་ད་ལྟའི་ཆར་གཙུག་ལག་སློབ་གྲྭ་ཆེན་མོ་ཐོན་ནས་ལས་ཀ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག འདི་ལོའི་ཕྱི་ཟླ་དགུ་པའི་ནང་ཚོགས་པའི་རྒྱལ་ཚོགས་ཀྱི་བཙན་འོག་ཏུ་གར་སོང་ཆ་མེད་གྱུར་པའི་མི་སྣ་ཁག་ཐོག་རྟོག་ཞིབ་གནང་མཁན་གྱི་མཁས་ལས་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༡༡༩ པའི་སྟེང་ལས་དོན་ཚོགས་ཆུང་གིས་ངོས་ནས་རྒྱ་ནག་གཞུང་ལ་གར་སོང་ཆ་མེད་གྱུར་བའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མཆོག་གི་དྲིས་རྩད་བྱས་འདུག་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་རྒྱུན་དུ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཁྲོད་བཤད་བཞིན་པ་ཆ་ཅན་གྱི་ལན་འདེབས་ལྟར་༸པཎ་ཆེན་རིན་པོ་མཆོག་རྒྱུན་ལྡན་གྱི་འཚོ་བ་སྐྱེལ་བཞིན་ཡོད་སྐོར་བརྗོད་པ་དང་། ལྷག་པར་དུ་ཚོགས་འདུའི་དེའི་སྐབས་རྒྱ་གཞུངགིས་རིན་པོ་ཆེ་ད་ཆ་གཙུག་ལག་སློབ་གྲྭ་ཆེན་མོ་ཐོན་ནས་ལས་ཀ་བྱེད་ཀྱི་ཡོད་ཅེས་བརྗོད་པ་ལས་ཞིབ་ཕྲའི་གནས་ཚུལ་གང་ཡང་བརྗོད་མེད་པ་རེད། སྐབས་དེར་རྒྱལ་ཚོགས་ཀྱི་བཙན་འོག་ཏུ་གར་སོང་ཆ་མེད་གྱུར་པའི་མཁས་ལས་ལས་དོན་དོན་ཚོགས་ཆུང་ནས་ད་ལན་རྒྱ་ནག་གཞུང་གིས་ལན་འདེབས་དེ་འདོད་བློ་ཁེངས་པ་ཞིག་མ་བྱུང་བ་དང་ལྷག་དོན་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་སྐོར་ཞིབ་འཇུག་དང་ཤེས་རྟོགས་ཁ་གསལ་ཡོང་བའི་གནས་ཚུལ་ཆ་ཚང་བ་ཞིག་རྒྱ་གཞུང་གིས་ལན་འདེབས་བྱས་མི་འདུག་ཅེས་བརྗོད་འདུག རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་བཙན་འོག་གར་སོང་ཆ་མེད་གྱུར་པའི་མཁས་ལས་ལས་དོན་ཚོགས་ཆུང་ལ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་ལན་འདེབས་མཐའ་མ་འདི་ཕྱི་ལོ་ ༢༠༡༣ ལོར་སྤྲད་ཡོད་པ་དང་། ད་ལན་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་གྱུར་པའི་ལས་དོན་ཚོགས་ཆུང་ནས་རྒྱ་ནག་གཞུང་ལ་དྲིས་རྩད་བྱས་པའི་སྐབས་སུ་༸པཎ་ཆེན་རིན་པོ་ཆེ་མཆོག་ནི་དོ་སྣང་བྱ་ཡུལ་གྱི་གནད་དོན་ཞིག་ཡིན་ཞེས་བསྐྱར་ནན་ཡང་བྱས་ཡོད་པ་རེད།

རེས་གཟའ་མིག་དམར། ༢༠༡༩།༡༡།༡༩

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་ལྡི་ལི་དང་ཨོ་རངྒ་བྷད་ནང་གི་མཛད་འཆར་སླད་བཞུགས་སྒར་ནས་ཆིབས་ཐོན་མཛད་པ། རྒྱ་ནག་གི་འཇིགས་སྐུལ་རིང་ལུགས་ལ་གདོང་ལེན་ཞེས་པའི་ཁྲིམས་གཞིར་བསྐྱར་བཅོས་དགོས་པའི་ཞུ་སྐུལ། ཨོ་སི་ཊོ་ལི་ཡས་བོད་ནང་འདྲ་མཉམ་འགྲུལ་སྐྱོད་ཀྱི་ཁྲིམས་འཆར་གཏན་འབེབས་གནང་གལ་ཡིན་པ་གསལ་འདོན། ལྷ་བབས་དུས་ཆེན་གྱི་ངོ་སྤྲོད། གླུ་གཞས་ལས་རིམ། ཁ་རག་སྤེན་པའི་གླུ་གཞས་ཚིག་གསུམ། Tuesday 19/11/2019 Dalai Lama leaves for Delhi and Aurangabad visit UN experts call for review of China's counter terrorism law Australian Parliament urged to work on proposed reciprocal access to Tibet legislation Introduction to 'Lhabab Duechen' MUSIC FEATURE: Kharag Penpa and his love song 'Tsik Sum'

Latest news