Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: December, 2019

རྒྱ་རིགས་ཤེས་ལྡན་པ་དང་མང་གཙོ་དོན་གཉེར་བས་རྒྱ་ནག་གིས་སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་གཏོགས་བྱས་པར་དགག་གཞག

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་བོད་ཀྱི་དོན་གཅོད་ཁང་གི་གོ་སྒྲིག་གིས། སྤྱི་ལོ་༢༠༡༩ ལོའི་བོད་རྒྱ་ཞི་མོལ་ཞེས་པའི་བརྗོད་གཞིའི་འོག རྒྱ་རིགས་ཤེས་ལྡན་མི་སྣ་དང་མང་གཙོ་དོན་གཉེར་བ་སོགས་ཀྱི་གཙོ་བྱས་པའི་རྒྱ་རིགས་འཐུས་ཚབ་པ་སུམ་བཅུ་ཙམ་མཉམ་འཛོམས་ཀྱི་ཐོག་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་དེ། རྒྱ་ནག་གིས་༸གོང་ས་ཏཱ་ལའི་བླ་མིའི་ཡང་སྲིད་ཀྱི་ཐད་ལ་ཐེ་ཇུས་བྱེད་བཞིན་པ་དེར་ངོས་ལེན་མེད་པའི་དོན་ཚན་བཞི་ཕྱིར་བསྒྲགས་བྱས་འདུག ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་འཚོགས་པའི་ལས་རིམ་དེའི་སྐབས། རྒྱ་ནག་གི་དཔྱིད་ཀ་དུས་དེབ་ཀྱི་རྩོམ་སྒྲིག་པ་ཟུར་བ་སྐུ་ཞབས་ཧཱོ་ཕཱེན་ 胡平དང་། རྒྱ་རིགས་མང་གཙོ་དོན་གཉེར་བའི་ཚོགས་གཙོ་སྐུ་ཞབས་ཁྲིན་པོ་ཁཱོང་陈破空སོགས་ཀྱི་གཙོ་བྱས་པའི་རྒྱ་རིགས་ཀྱི་ཤེས་ལྡན་མི་སྣ་སུམ་བཅུ་ཙམ་ལྷན་འཛོམས་ཀྱི་ཐོག ༸གོང་ས་ཏ་ལའི་བླ་མིའི་སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ནི་ཆོས་ལུགས་ཀྱི་བྱེད་སྒོ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པར་བརྟེན། གནད་དོན་དེ་ནི་༸གོང་ས་མཆོག་དང་བོད་མི་མང་གི་ཕྱག་ན་ཡོད་པ་ལས་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་དེར་ཐེ་བྱུས་བྱེད་རྒྱུའི་དབང་ཆ་གཅིག་ཀྱང་མེད་པ་ཡོངས་གྲགས་གནང་འདུག དེ་ཡང་ཐེངས་འདིའི་ཚོགས་ཐོག་ཏུ་སྐུའི་ཡང་སྲིད་དང་འབྲེལ་བའི་དོན་ཚན་བཞི་ཅན་གྱི་བསྒྲགས་གཏམ་ཞིག་ཕྱིར་བསྒྲགས་བྱས་ཡོད་པ་རྣམས་ནི། ལོ་རྒྱུས་ཀྱི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་ཞུ་ཕྱོགས་དེ་ནི་བོད་མི་ཁོ་ནས་རང་ཆས་སུ་མངའ་བའི་ཆོས་ཕྱོགས་ཀྱི་ལམ་ལུགས་ཤིག་ཡིན་པར་བརྟེན། རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་འཚོལ་ཞིབ་ཀྱི་ཐད་ལ་ཐེ་གཏོགས་བྱེད་ཐབས་མེད་པ་དང་། དམིགས་བསལ་གྱིས་དུས་རྒྱུན་ནས་༸གོང་ས་མཆོག་གིས་བཀའ་གནང་བ་ལྟར། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ནང་བསྟན་ཆོས་ལུགས་འདི་རྨོངས་དད་དང་རྗེས་ལུས་སུ་བརྩི་མཁན་ཞིག་ཡིན་པ་མ་ཟད། མགོན་པོ་གང་ཉིད་གདོན་འདྲེར་བལྟ་མཁན་ཞིག་ཡིན་པར་བརྟེན། མགོན་པོ་གང་ཉིད་མཆོག་གི་ཡང་སྲིད་འཚོལ་ཞིབ་ལ་ཐེ་གཏོགས་བྱེད་བཞིན་པ་དེ་ནི་རྒྱུ་མཚན་དང་བྲལ་ཞིང་དགོད་བྲོ་བའི་བྱ་སྤྱོད་ཅིག་ཡིན་པ་དང་། ལྷག་པར་དུ་རྒྱ་ནག་གིས་སྐུའི་ཡང་སྲིད་ལ་ཐེ་བྱུས་བྱས་པ་འདི་ཡིས་འཛམ་གླིང་གི་ཤར་ནུབ་གང་སར་ཡོད་པའི་བོད་མི་རྣམས་ཀྱི་རྩ་བའི་ཐོབ་ཐང་ལ་རྡོག་རོལ་བྱས་པ་ཞིག་ཡིན་པར་བརྟེན། རྒྱ་ནག་གིས་སྐུའི་ཡང་སྲིད་ཀྱི་གནད་དོན་དེར་ཐེ་གཏོགས་བྱས་པ་ནི་དུས་ནམ་ཡང་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་པར་གསུངས་འདུག གཞན་ཡང་། ཐེངས་འདིའི་ཚོགས་ཞུགས་ཀྱི་རྒྱ་རིགས་ཤེས་ལྡན་པ་དང་མང་གཙོ་དོན་གཉེར་བ་རྣམས་ཀྱིས་བོད་མི་རྣམས་ཀྱི་རྩ་བའི་འགྲོ་བ་མིའི་ཐོབ་དང་རིག་གཞུང་སྲུང་སྐྱོབ། གཞན་ཡང་ཆོས་ལུགས་དད་མོས་དང་རང་བྱུང་སྐྱེད་ཁམས་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ། དེ་བཞིན་མགོན་པོ་གང་ཉིད་ཀྱིས་ལམ་སྟོན་མཛད་པའི་བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་གསལ་བོར་འཁོད་འདུག དེ་བཞིན་དོན་ཚན་ཕྱི་མའི་ནང་དུ། ཚོགས་ཞུགས་པ་རྣམས་ཀྱིས་མགོན་པོ་གང་ཉིད་མཆོག་གིས་དགོངས་བཞེས་མཛད་པའི་བོད་རྒྱ་མཛའ་འབྲེལ་དེར་རྒྱབ་སྐྱོར་དང་གུས་བརྩི་ཡོད་པར་བརྗོད་དེ། བོད་རྒྱ་མཛའ་འབྲེལ་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཡིན་ཕྱིར་རྒྱ་རིགས་ཤེས་ལྡན་པ་དང་མང་གཙོ་དོན་གཉེར་བ་རྣམས་ཀྱིས་མཛའ་འབྲེལ་དེ་རྒྱུན་སྲིང་བྱེད་རྒྱུར་ཤུགས་སྣོན་བྱེད་རྒྱུ་ཡིན་པ་སོགས་ཀྱི་དོན་ཚན་བཞི་འཁོད་པའི་ཐོག རྒྱ་ནག་ལ་ནམ་ཡང་མགོན་པོ་གང་གི་སྐུའི་ཡང་སྲིད་འཚོལ་ཞིབ་ཀྱི་ཐད་ལ་ཐེ་བྱུས་བྱེད་རྒྱུའི་ཐོབ་ཐང་མེད་པ་མངོན་གསལ་གནང་འདུག གཞན་ཡང་སྐབས་དེར་རྒྱ་རིགས་མང་གཙོ་དོན་གཉེར་བའི་ཚོགས་གཙོ་སྐུ་ཞབས་ཁྲིན་པོ་ཁཱོང་陈破空 ཀྱིས། དེང་གི་ཆར་རྒྱ་ནག་གི་ནང་དུ་དཔལ་འབྱོར་དང་ཕྱི་འབྲེལ་གྱི་ཐད་ནས་ཉམས་དམས་ཆེན་པོ་བྱུང་བཞིན་པའི་གཏམ་བཤད་སྤེལ་བ་མ་ཟད། ཧོང་ཀོང་གཙོ་བྱས་པའི་རྒྱ་ནག་གི་ས་ཁུལ་གང་སར་སྤྱི་ཚོགས་བརྟན་བརླིང་དང་ལྷིང་འཇགས་མེད་སྐོར་བརྗོད་ཡོད་པ་ལྟར། ཧོང་ཀོང་གི་སྐུ་ཚབ་ཞིག་གིས་ཀྱང་ཧོང་མི་མང་གི་མངོན་འདོད་དང་ཕུགས་བསམ་སོགས་ཀྱི་ཐད་ནས་གཏམ་བཤད་གནང་འདུག སྐབས་དེར་ཨ་རིའི་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས། རྒྱ་ནག་དམར་ཤོག་གི་རྩུབ་སྤྱོད་འོག་ཏུ་མནར་གཅོད་ཐེབས་པའི་བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་མི་མང་སོགས་ཀྱིས་མཉམ་མཐུན་གྱི་སྒོ་ནས་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་སྟེ། རྒྱལ་སྤྱིའི་སྤྱིི་ཚོགས་ཀྱི་ཁྲོད་དུ་རྒྱ་ནག་གི་དབང་བསྒྱུར་ལ་ཁ་གཏད་གཅོག་དགོས་གལ་ཡིན་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མི་ལོ་བཞི་བཅུའི་རིང་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་བོད་རྒྱ་དཀའ་རྙོག་སེལ་ཐབས་མཛད་ཡོད་ནའང་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་དེར་ངོས་ལེན་གནང་མེད་ཚུལ་དང་འབྲེལ་ནས་ད་ཆ་བོད་རྒྱ་མཛའ་འབྲེལ་ཀྱི་ཚོགས་པ་དེ་ཤུགས་ཆེ་རུ་གཏོང་དགོས་བའི་ཞུ་སྐུལ་གནང་འདུག གཞན་ཡང་ཁོང་གིས། རྒྱ་ནག་སྲིད་གཞུང་གིས་ཉེ་བའི་ཆར་ཧྥོ་ཊན་གཙུལ་ལག་མཐོ་སློབ་ཀྱི་སྒྲིག་ཡིག་གི་ཁོངས་ནས་བསམ་བློའི་རང་དབང་སོགས་ཀྱི་ཚིག་བརྗོད་ཁག་ཕྱིར་འཐེན་བྱས་ཏེ་ཞི་ཅིན་ཕིང་གི་ལྟ་བ་གསར་འཇུག་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་དེ་ཡང་ལུང་འདྲེན་གནང་སྟེ་ད་ལྟའི་སྤྱི་ཡོངས་ཀྱི་རྒྱ་ནག་གི་གནས་བབ་ཐད་ནས་གཏམ་བཤད་གནང་འདུག རྩ་བའི་ཐེངས་འདིའི་བོད་རྒྱ་མཛའ་འབྲེལ་གྱི་བསྒྲགས་གཏམ་གྱི་ཚོགས་ཐོག་ཏུ། རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ཤེས་ལྡན་མི་སྣ་སུམ་བཅུ་ལྷག་གི་གཙོ་བྱས་པའི་ཨ་རིའི་དོན་གཅོད་པ་དང་ད་ཡོད་ཀྱི་ཨ་རིའི་དོན་གཅོད་ཁང་གི་བོད་རྒྱ་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་འབྲེལ་མཐུད་པ་ཟུར་བ་ཀུན་དགའ་བཀྲ་ཤིས་ལགས། གཞན་ཡང་ཨ་རིའི་ནིའུ་ཡོག་དང་ནིའུ་ཇིར་སཱི་ཁུལ་གྱི་བོད་རིགས་སྤྱི་དོན་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་རྣམས། དེ་བཞིན་ཨ་རིའི་ཁུལ་གྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་སོགས་ཀྱིས་མཉམ་ཞུགས་མཛད་ཡོད་པ་དང་། རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་རྒྱ་རིགས་རྣམས་ལ་སྣེ་ལེན་བྱས་པའི་ཐོག དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་ཀྱི་ལས་རིམ་ངོ་སྤྲོད་དང་བོད་རྒྱ་གཉིས་ཀྱི་སྤྱི་ཚོགས་ཀྱི་ཁྲོད་དུ་མཛའ་འབྲེལ་མཐོར་འདེགས་གཏོང་ཕྱོགས་སོགས་ཀྱི་ཐད་ནས་གསུངས་བཤད་གནང་འདུག

རེས་གཟའ་ཟླ་བ། ༢༠༡༩།༡༢།༢༣

ཉན་པ།: Listen ཕབ་ལེན། Download བསྟན་པ་ཡུན་རིང་གནས་པར་བསླབ་པ་སློབ་གཉེར་དང་ཉམས་མྱོང་དགོས་གལ་ཡིན་པར་བཀའ་བསྩལ་བ། རྒྱ་ནག་གཞུང་གིས་བོད་ནང་དུ་དགའ་ལྡན་ལྔ་མཆོད་སྲུང་བརྩི་བྱེད་པར་དམ་དྲག ཐེ་ཝན་ནང་བོད་ཀྱི་རིག་གཞུང་ངོ་སྤྲོད་ཀྱི་འགྲེམས་སྟོན་གནང་བཞིན་པ། ཨ་རིའི་བདེ་སྲུང་སྔོན་རྩིས་ཀྱི་ཁྲིམས་འཆར་གྱི་ཁྲོད་དུ་རྒྱ་ནག་དང་ཚོང་འབྲེལ་ཇེ་ཉུང་དུ་བཏང་བ། ཨ་རིའི་སྲིད་འཛིན་འོས་མིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་རྒྱ་ནག་ལ་སྐུལ་འདེད་ནན་པོ་བྱ་རྒྱུ་ཡིན་པ་ཁས་ལེན། ཧོང་ཀོང་མང་ཚོགས་ཀྱིས་ཡུ་གུར་མི་རིགས་ལ་གདུས་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བ། Monday 23/12/2019 Dalai Lama concludes Mundgod program, advices monks to both learn and practice Buddhism China imposes heavy restrictions on Tibetan religious festival Three months Tibetan culture exhibition kicks off in Taiwan 2020 Democrats presidential candidates pledged to pressure China over rights issues Hong Kong protesters hold solidarity rally for Uighurs

བསྟན་པ་ཡུན་རིང་གནས་པར་བསླབ་པ་སློབ་གཉེར་དང་ཉམས་མྱོང་དགོས་གལ་གྱི་ལམ་སྟོན་བཀའ་བསྩལ་གནང་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དེ་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གི་ཉིན་མཐའ་མའི་མཛད་འཆར་དེའི་ཐོག གདན་སའི་དགེ་འདུན་པ་ཚོས་ནང་པའི་བསྟན་པ་ཡུན་རིང་གནས་པར་བསླབ་པ་སློབ་གཉེར་ཙམ་མིན་པར་ཉམས་མྱོང་དགོས་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་ལམ་སྟོན་བཀའ་བསྩལ་གནང་བ་མ་ཟད།   རྒྱ་རིགས་བོད་བརྒྱུད་ནང་བསྟན་ལ་དོ་སྣང་ཡོད་མཁན་ཚོར་རྒྱ་སྐད་སློབ་སྦྱོང་བྱས་པ་བརྒྱུད་ཞབས་འདེགས་ཞུ་ཐུབ་པ་ཞིག་གནང་དགོས་པ་དང་།   ལྷག་པར་ཆོས་དད་ཆེ་བའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མང་ཚོགས་རྣམས་ལ་འབྲེལ་ཡོད་དགེ་འདུན་པ་ཚོས་ཚན་རིག་གི་རྒྱུ་མཚན་ལྡན་པའི་ཐོག་ནས་ནང་ཆོས་ངོ་སྤྲོད་ཡོང་ཐབས་གནང་དགོས་པ་སོགས་ཀྱི་ལམ་སྟོན་ཡང་བསྩལ་གནང་ཡོད་པ་རེད། དེ་ཡང་ད་རིང་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་རྩོད་རྒྱུགས་ཐོག་དབུ་བཞུགས་མཛད་པ་དང་བསྟུན།  རྩ་བའི་ང་ཚོ་བཙན་བྱོལ་བ་ཞིག་ཡིན་ནའང་ཪང་གཞན་གཉིས་ཀྱི་ངོས་ནས་ཡིད་སྨོན་བྱེད་དགོས་པ་ཞིག་ཆགས་ཡོད་པའི་བཀའ་དགོངས་སྩལ་གནང་པ་དང་སྦྲགས། གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་རྫིག་པོས་ནང་པའི་བསྟན་པ་ཡུན་གནས་རྒྱུར་ཕན་ཐོགས་མེད་པར།  བོད་ཀྱི་ནང་པའི་བསྟན་པ་དེ་ཆོས་ལུགས་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་དགོས་དོན་དེ་ནི་ཟབ་པ་དང་རྒྱ་ཆེ་བའི་སྟོན་པ་བཅོམ་ལྡན་འདས་དང་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱི་རིག་པའི་ལམ་ནས་བཏོན་བཞག་པའི་གཞུང་དང་།   དེའི་ནང་ཚན་ད་དུང་མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་བཅས་ལ་ཐུགས་ཡོད་སྟབས།  རིག་པའི་ལམ་ནས་མིག་མཐོང་ལག་ཟིན་བྱེད་ཐུབ་པའི་རིག་པའི་ལམ་ལུགས་དེ་ཡུན་གནས་ཐུབ་པར་བསླབ་པ་སློབ་གཉེར་བྱེད་རྒྱུ་གལ་འགངས་ཆེན་པོ་ཡིན་པ་དང་།    དེ་ཡང་ཚིག་སྐམ་པོ་ཙམ་མིན་པར་དཔྱད་ཞིབ་དང་ཉམས་མྱོང་གི་ངེས་པ་ཐོབ་པའི་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཐབས་དགོས་པའི་ལམ་སྟོན་བཀའ་བསྩལ་གནང་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་།    དགེ་འདུན་པ་སློབ་གཉེར་ཐོན་པ་དེ་དག་གིས་བོད་ཀྱི་སོ་སོའི་ཕ་ཡུལ་ཁུལ་དུ་གཞུང་ཆེན་སློབ་ཁྲིད་གནང་ཐུབ་བྱེད་དགོས་པ་དང་།   དེ་བཞིན་ཆོས་དད་ཤིན་ཏུ་ནས་ཆེ་བའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་ཚོར་འབྲེལ་ཡོད་དགེ་འདུན་པ་ཚོས་ཚན་རིག་གི་རྒྱུ་མཚན་ལྡན་པའི་ཐོག་ནས་ནང་ཆོས་ངོ་སྤྲོད་ཡོང་ཐབས་ཀྱི་འབད་བརྩོན་གནང་དགོས་པའི་ལམ་སྟོན་ཡང་བསྩལ་གནང་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་ད་དུང་།   རྒྱ་ནག་ནང་དེང་སྐབས་ཆོས་དད་རང་དབང་གི་སྲིད་བྱུས་ལ་ཕྲན་བུའི་གུ་ཡངས་ཀྱི་རྣམ་པ་ཞིག་ཡོད་སྟབས་ཕ་མེས་ནས་ནང་པ་ཡིན་པའི་འཛམ་གླིང་གི་མི་འབོར་མང་ཤོས་ཡིན་པའི་རྒྱ་རིགས་བོད་བརྒྱུད་ནང་བསྟན་ལ་དོ་སྣང་ཡོད་མཁན་ཚོར་དགེ་འདུན་པ་ཚོས་རྒྱ་ཡིག་དང་རྒྱ་སྐད་སློབ་སྦྱོང་བྱས་པའི་ཐོག་ནས་ཞབས་འདེགས་སྒྲུབ་དགོས་པའི་ལམ་སྟོན་ཡང་བཀའ་བསྩལ་གནང་ཡོད།   གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སྔོན་ཕྱི་ཚེས་ ༡༢ ཉིན་རྗེ་གཙོང་ཁ་ཆེན་པོ་མཆོག་གི་དྲུག་བརྒྱའི་དུས་དྲན་དང་འབྲེལ་མོན་གྷོ་འདོད་རྒུ་གླིང་དུ་ཞབས་སོར་འཁོད་པ་ཞིག་ཡིན་པ་དང་།  དེ་རིང་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་རྩོད་རྒྱུགས་སུ་དབུ་བཞུགས་མཛད་པ་དེ་ནི་༸མགོན་པོ་གང་ཉིད་ཀྱི་མོན་གྷོ་གཞིས་ཆགས་ཀྱི་མཛད་འཆར་མཐའ་དེ་ཡིན་པ་རེད།

རྒྱ་གཞུང་གིས་བོད་ནང་དུ་དགའ་ལྡན་ལྔ་མཆོད་སྲུང་བརྩི་བྱེད་པར་དམ་དྲག་བྱས་འདུག

བོད་ས་ཁྱོན་ཡོངས་སུ་བོད་ཟླ་ ༡༠ པའི་ཚེས་ ༢༥ ཉིན་རྗེ་ཙོང་ཁ་པ་ཆེན་པོ་མཆོག་གི་དགོངས་རྫོགས་ཏེ་དགའ་ལྡན་ལྔ་མཆོད་ཅེས་སྲུང་བརྩི་གནང་སྲོལ་ཡོད་པ་ལྟར། ཁ་ཉིན་ཕྱི་ཚེས་ ༢༡ ཉིན་དགའ་ལྡན་ལྔ་མཆོད་ཀྱི་དུས་ཚིགས་དེར་འཁེལ་བ་དང་བསྟུན། བོད་མི་ཡོངས་ཀྱིས་མཆོད་མེ་ཕུལ་བ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྣ་ཚོགས་ཐོག་ཉིན་མོ་དེ་སྲུང་བརྩི་གནང་ཡོད་ནའང་བོད་ནང་དུ་རྒྱ་གཞུང་གིས་ཉིན་དེར་མཆོད་མཇལ་དང་ཆོས་ཕྱོགས་ཀྱི་བྱེད་སྒོར་མཉམ་ཞུགས་བྱེད་མི་ཆོག་པའི་དམ་དྲག་བྱས་ཡོད་པ་རེད་འདུག དེ་ཡང་ Bitter Winter ཞེས་པའི་གསར་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་ཞིག་ན། སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་བོད་མིའིཆོས་དད་རང་དབང་ལ་དྲག་གནོན་ཤུགས་ཆེན་བྱེད་བཞིན་པའི་ཁྲོད། ཁ་ཉིན་དགའ་ལྡན་ལྔ་མཆོད་ཀྱི་དུས་ཚིགས་དང་བསྟུན། རྒྱ་གཞུང་གིས་བཀའ་རྒྱ་ཞིག་བཏང་བའི་ནང་དུ་མི་སུ་ཞིག་གིས་དེ་ཉིན་མཆོད་མཇལ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོར་མཉམ་ཞུགས་བྱེད་མི་ཆོག་པ་དང་། གལ་ཏེ་དེ་ལྟར་བྱེད་མཁན་བྱུང་བ་ཡིན་ན། མཇུག་འབྲས་ངན་པ་འཕྲད་རྒྱུ་ཡིན་པས་འགན་རང་ངོས་ནས་ཁྱེར་དགོས་པ་བརྗོད་འདུག དེའང་སློབ་ཕྲུག་དང་། སློབ་གྲའི་ལས་བྱེད། དེ་བཞིན་གཞུང་གི་ལས་བྱེད་སོགས་གཙོ་བོར་བཟུང་ནས་བཀའ་ཁྱབ་དེ་བཏང་ཡོད་ནའང་། དེའི་བོད་མིའི་སྤྱི་ཚོགས་ཡོངས་ཀྱི་ཁྲོད་ལ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བར་དམ་དྲག་བྱེད་རྒྱུ་ཡིན་པའི་བརྡ་ལན་ཞིག་བཏང་ཡོད་པ་གསུངས་མཁན་འདུག མ་ཟད་གཞིས་བཞུགས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་ཁོང་གི་པར་མཛོད་ནང་དུ་གཙུག་ལག་ཁང་གི་མདུན་དུ་དམག་མི་ཕོན་ཆེན་འགྲེམས་འཇོག་བྱས་ཡོད་པའི་བརྙན་ཐུང་ཞིག་བཞག་སྟེ། དོན་དུ་དགའ་ལྡན་ལྔ་མཆོད་ཟེར་བ་ནི་འདི་འདྲ་ཞིག་རེད་ཅེས་ཟུར་བྱས་འདུག གསར་ཁང་གིས་གནས་ཚུལ་དེ་སྤེལ་བ་དང་འབྲེལ། འདི་ལོ་གསུམ་བཅུའི་དུས་དྲན་དེ་གཟའ་ཉི་མར་ཁེལ་བ་དང་། དེ་བཞིན་འདི་ལོ་༸གོང་ས་མཆོག་གི་འཁྲུངས་སྐར་བཟའ་སྤེན་པར་ཁེལ་སྐབས། རྒྱ་གཞུང་གིས་ཉིན་མོ་དེ་གཉིས་གུང་གསེང་ཡིན་ནའང་འཛིན་གྲྭ་འཚོགས་དགོས་པའི་བཙན་བཀའ་བཏང་བ་སོགས་ཀྱི་གནད་དོན་ལུང་འདྲེན་དང་སྦྲགས། ད་རེས་དགའ་ལྡན་ལྔ་མཆོད་ཉིན་རྒྱ་གཞུང་གི་དམ་དྲག་བྱས་པ་དེ་ནི་རྒྱ་ནག་གཞུང་གིས་བོད་མིའི་ཆོས་ཕྱོགས་དང་ཆབ་སྲིད་ཀྱི་གནད་འགག་ཆེ་བའི་ཉིན་མོ་ཁག་སྲུང་བརྩི་བྱེད་པར་འགོག་ཐབས་བྱས་པའི་གནད་དོན་མང་པོའི་ནང་ནས་གཅིག་ཡིན་པ་མངོན་གསལ་གནང་འདུག རྩ་བའི་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནང་བོད་ནང་བོད་མིའི་ཆོས་དད་རང་དབང་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་པའི་ཁྲོད། བོད་བརྒྱུད་ནང་བསྟན་སློབ་གླིང་ཆེ་ཤོས་སུ་གྲགས་པའི་བླ་རུང་སྒར་དང་ཡ་ཆེན་སྒར་དུ་གྲྭ་བཙུན་གྱི་གྲངས་འབོར་ཚད་འཛིན་གྱིས་གྲྭ་བཙུན་སྟོང་ཕྲག་མང་པོ་དགོན་པ་ནས་ཕྱིར་ཕུད་བཏང་བ་དང་། གྲྭ་ཤག་ཕྱེད་ཀ་ལས་མང་བ་གཏོར་བཤིག་བཏང་བ། དེ་བཞིན་ཕྱིར་ཕུད་བཏང་བའི་གྲྭ་བཙུན་རྣམས་རང་ཡུལ་དུ་ཕྱིར་ལོག་རྗེས་ཕྱིར་དགོན་པར་ཞུགས་སུ་མ་བཅུག་པ་དང་། གྲྭ་ཆས་སྤྲོས་མི་མཆོག་པ། དེ་བཞིན་ས་ག་ཟླ་བ་སོགས་ཀྱི་ཆོས་ཕྱོགས་ཀྱི་དུས་ཚིགས་ཁྱད་པར་ཅན་གྱི་སྐབས་སུ་བོད་རིགས་ལས་བྱེད་པ་དང་། སློབ་ཕྲུག དེ་བཞིན་དེ་དག་གི་ཕ་མ་རྣམས་ལ་ཆོས་ཕྱོགས་ཀྱི་བྱེད་སྒོའི་ཅི་རིགས་ཀྱི་ནང་མཉམ་ཞུགས་བྱེད་མི་ཆོག་པའི་བཙན་བཀའ་བཏང་བ་སོགས་ཀྱི་བྱ་སྤྱོད་སྤེལ་མུས་ཡིན་པ་རེད།

རེས་གཟའ་ཉི་མ། ༢༠༡༩།༡༢།༢༢

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་༸གང་ཉིད་དགུང་གྲངས་བརྒྱ་དང་བཅུ་གསུམ་ལྷག་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་སྩལ་བ། དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ཨིན་ཡིག་གི་ལམ་ནས་བརྩམས་པའི་རྗེ་ཙོང་ཁ་པའི་རྣམ་ཐར་གསར་བསྒྲིགས་ཐོག་བཅར་འདྲི། བཞུགས་སྒར་ཁུལ་དུ་དགུན་དུས་གུང་སེང་སྐབས་སྦྱོང་བརྡར་གྱི་མཐུན་རྐྱེན་ཇི་ཡོད་སྐོར། Sunday 22/12/2019 Dalai lama ensures to live over 113 years Discussion with Geshe Thupten Jinpa on his new book on Tsongkhapa Winter coaching options in Dharamsala

རེས་གཟའ་སྤེན་པ། ༢༠༡༩།༡༢།༢༡

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་ལ་རྗེ་ཙོང་ཁ་པ་ཆེན་པོའི་གཟེངས་རྟགས་འབུལ་བཞེས་མཛད་འདུག ཞལ་པར་བརྒྱུད་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སྐོར་གླེང་སློང་བྱས་པས་བོད་མི་ཞིག་འཛིན་བཟུང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལྡི་ལིར་མ་འབྱོར་བའི་སྔ་རོལ་དུ་བོད་མིས་ངོ་རྒོལ། Chen Quanguo ལྟ་བུའི་རྒྱ་གཞུང་གི་དཔོན་རིགས་ཚོའི་བྱ་སྤྱོད་ལ་དོ་སྣང་གནང་དགོས། Kansas གཙུག་ལག་སློབ་གྲྭ་ཆེན་མོས་རྒྱ་ནག་གི་ཁུང་ཙི་སློབ་གླིང་སྒོ་རྒྱག་རྩིས། Saturday 21/12/2019 Dalai Lama honored with Je Tsongkhapa Award at 600th anniversary of Tsongkhapa’s Parinirvana Tibetan man detained for mentioning Tibetan language education over phone conversation Tibetan activists welcome Chinese Foreign Minister with protests, Delhi China replicates Tibet repression in Xinjiang, says experts University of Kansas to end ties with Confucius Institute

༸གོང་ས་མཆོག་ལ་རི་བོ་དགེ་ལྡན་པ་ཡོངས་ཀྱིས་རྗེ་ཙོང་ཁ་པ་ཆེན་པོའི་གཟེངས་རྟགས་འབུལ་བཞེས་མཛད་སོང་།

དེ་རིང་རྗེ་ཙོང་ཁ་པ་ཆེན་པོ་མཆོག་གི་དགོངས་རྫོགས་མཆོད་འབུལ་དགའ་ལྡན་ལྔ་མཆོད་དང་བསྟུན།  འཇམ་མགོན་རྒྱལ་བའི་གདུང་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་་མཆོག་གིས།  དགེ་ལྡན་པ་ཡོངས་ཀྱི་ཚབ་མཛད་དེ་རི་བོ་དགེ་ལྡན་པ་སྤྱིའི་ཐོག་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་བའི་བསྟན་པ་སྤྱི་དང་། ཁྱད་པར་དུ་འཇམ་མགོན་བླ་མའི་བསྟན་པར་མཛད་རྗེས་དང་བཀའ་དྲིན་འགྲན་ཟླ་མེད་པར་ངོས་འཛིན་གྱིས་རྗེ་ཙོང་ཁ་པ་ཆེན་པོའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་ཡོད་པ་རེད།  དེ་རིང་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དགའ་ལྡན་བླ་སྤྱི་རུ་༸འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་།  ཤར་བྱང་ཆོས་རྗེ་རྣམ་པ་གཉིས།  དགའ་ལྡན་ཁྲི་ཟུར་རིན་པ་ཆེ།  ཇོ་ནང་བསྟན་བདག་རིན་པོ་ཆེ།  བླ་སྤྲུལ་དགེ་བཤེས་དང་དགེ་འདུན་འདུས་མང་། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་། སྤྱི་འཐུས་ཚོགས་གཙོ་མཆོག    ཁྲིམས་ཞིབ་པ་ཆེ་བ་མཆོག  ད་རེས་ཀྱི་དུས་དྲན་ཁྱད་པར་ཅན་དེར་ཆེད་མངགས་ཕེབས་པའི་ཕྱི་རྒྱལ་གྱི་བོད་རིག་པའི་མཁས་དབང་དང་གཞན་ཡང་སྐུ་མགྲོན།   བོད་མི་མང་ཚོགས་བཅས་མི་གྲངས་སྟོང་ཕྲག་འགའ་ཤས་བརྒལ་བ་ཞིག་འདུ་འཛོམས་བྱུང་བའི་ཁྲོད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རི་བོ་དགེ་ལྡན་ཡོངས་ཀྱི་ཚབ་མཛད་དེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གི་དབུས་པའི་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་བཅས་ཀྱིས་རྗེ་ཙོང་ཁ་པ་ཆེན་པོ་མཆོག་སྐུ་མྱ་ངན་ལས་འདས་ཏེ་མི་ལོ་དྲུག་བརྒྱ་འཁོར་བ་དང་། ༸གང་ཉིད་ཀྱིས་ཕྱག་བཏབ་པའི་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཅས་དུས་ཚིགས་ཁྱད་པར་ཅན་དེ་དང་བསྟུན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྗེ་ཙོང་ཁ་པ་ཆེན་པོའི་གཟེངས་རྟགས་འབུལ་བཞེས་མཛད་སོང་། མཛད་སྒོའི་ཐོག་དགའ་ལྡན་ཤར་རྩེའི་མཁན་པོ་བྱང་ཆུབ་སངས་རྒྱས་མཆོག་གིས་དེ་རིང་གི་དུས་དྲན་ཁྱད་པར་ཅན་དང་འབྲེལ་བའི་དགའ་བསུའི་གསུང་བཤད་ནང་རྗེ་ཙོང་ཁ་པའི་གདན་སའི་ཁྱད་ཆོས་དང་གང་ཉིད་ཀྱི་མཛད་རྣམ་སྙིང་བསྡུས་བཅས་པ་ངོ་སྤྲོད་གནང་ཡོད་པ་མ་ཟད།   ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྗེ་ཙོང་ཁ་པའི་རྣམ་ཐར་དང་མཛད་པ་བཅས་ཀྱི་ཕྱག་དེབ་ཁག་གཅིག་དབུ་འབྱེད་མཛད་པ་དང་འབྲེལ།  མཛད་སྒོའི་ཐོག་ད་དུང་སོག་པོའི་དགའ་ལྡན་མགོན་པའི་མཁན་པོ་བླ་མ་ཆོས་ཀྱི་རྒྱ་མཚོ་མཆོག་གིས་ལོ་རྒྱུས་ཁྲོད་ཀྱི་བོད་སོག་བར་གྱི་འབྲེལ་བ་དང་།  ལྷག་པར་སོག་ཡུལ་དུ་བར་སྐབས་ཤིག་ལ་ཆབ་སྲིད་དབང་གིས་ནང་པའི་བསྟན་པ་དང་རིག་གཞུང་ལ་དཀའ་ངལ་འཕྲད་ཡོད་ཀྱང་ད་ཆ་སོག་ཡུལ་ནང་བསྐྱར་གསོ་བྱུང་སྟེ་སློབ་གཉེར་ཡར་ཐོན་འགྲོ་བཞིན་པ་སོགས་ཀྱི་གསུང་བཤད་བགན་ཡོད་པ་རེད། དྲུག་བརྒྱའི་དུས་དྲན་མཛད་སྒོ་དེའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་དེ་རིང་ཚོགས་འདུ་དེའི་གལ་གནད་སོགས་ཀི་སྐོར་གསུང་བཤད་གནང་བ་མ་ཟད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་སྐབས་དེར་བོད་བརྒྱུད་ནང་བསྟན་གྱི་གལ་གནད་དང་ད་ལྟའི་འཛམ་གླིང་སྤྱིའི་འགྱུར་འགྲོས་ལ་གཞིགས་པའི་བོད་བརྒྱུད་ནང་བསྟན་གྱི་མིའི་བདེ་དོན་ཐོག་ཕན་རླབས་བསྒྲུབ་པའི་ནུས་པ་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད། སྐབས་དེར་༸འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་གི་མདོ་བསྔགས་ཀྱི་བསྟན་པ་སྤྱི་དང་ལྷག་པར་དུ་ལྟ་གྲུབ་ཀྱི་མཛད་རྗེས་བཅས་ཀྱི་སྐོར་གསུང་སྟེ་རྒྱུན་དུ་ནས་ང་ཚོ་ཚང་མས་ཆོས་ལ་དད་མོས་བྱས་པ་ཙམ་མིན་པར་ཉམས་ལེན་ཡོང་ཐབས་སོགས་ཀྱི་ལམ་སྟོན་བསྩལ་སོང་། དེ་རྗེས་དེ་རིང་གི་དྲུག་བརྒྱའི་དུས་དྲན་མཛད་སྒོིའི་སྐུ་མགྲོན་གཙོ་བོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གི་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་མཁན་ཡོངས་དང་ལྷག་པར་དུ་ད་རེས་ཡུལ་ཁག་འདྲ་མིན་ནས་སོ་སོའི་ཕ་མེས་ཀྱི་ཆོས་བརྒྱུད་ལ་ལྟོས་མེད་སྤྱིར་སངས་རྒྱས་པའི་ཆོས་དང་ཡང་སྒོས་སུ་ཙོང་ཁ་ཆེན་པོའི་ལེགས་བཤད་ལ་དོ་སྣང་གནང་བར་ཐུགས་རྗེ་ཞུས་པ་དང་འབྲེལ་དེ་རིང་དགའ་ལྡན་ལྔ་མཆོད་ཀྱི་དུས་ཆེན་དང་བསྟུན་རྗེ་དགེ་འདུན་གྲུབ་ཀྱི་མཛད་པའི་ཤར་གངས་རི་མའི་བཀའ་ཆོས་བཀའ་དྲིན་བསྩལ་གནང་མཛད་ཡོད་པ་དང་། དེ་རྗེས་དེ་རིང་གི་དྲུག་བརྒྱའི་དུས་དྲན་དང་འབྲེལ་བའི་དགའ་ལྡན་ལྔ་མཆོད་ཀྱི་གཟེངས་རྟགས་འབུལ་བཞེས་མཛད་སྒོ་དེ་ལེགས་གྲུབ་བྱུང་ཡོད་པ་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ནས་ཉིན་གྲངས་གསུམ་རིང་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་སྐུ་བཞུགས་མཛད་རྒྱུ་ཡིན་པ་རེད།

ཁ་པར་ཐོག་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སྐོར་གླེང་སློང་བྱས་པས་བོད་མི་ཞིག་འཛིན་བཟུང་།

འདི་ལོའི་ཟླ་གཉིས་པའི་ཚེས་ཉི་ཤུའི་ཉིན།  རྒྱ་ནག་གིས་དབྱེ་བའི་བོད་རང་ལྗོངས་ཀྱི་ས་ཁུལ་གྱི་དིང་རི་རྫོང་བཀྲ་ཤིས་འཛོམས་ཡུལ་ཚོའི་དཔེ་ལེབ་གྲོང་སྡེ་ས་ཁུལ་ཚེ་རིང་རྡོ་རྗེ་ཟེར་བའི་བོད་མི་ཞིག་ལྷ་རྩེ་ས་གནས་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ནས་འདྲི་གཅོད་དང་གཅར་རྡུང་མང་དུ་བྱས་ཏེ་མཐར་དིང་རི་རྫོང་ཉེན་རྟོགས་ཁང་ལ་རྩིས་སྤྲོད་ཀྱིས་ཟླ་གཅིག་གི་རིང་དུ་མནར་གཅོད་ཚད་མེད་བཏང་ཡོད་པ་མ་ཟད།  སྲིད་གཞུང་གི་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ཀྱི་ཐོབ་སྐལ་ཡོད་ཚད་ཀྱང་གཞུང་བཞེས་བཏང་སྟེ་ལྷ་རྩེ་དང་གཞིས་ཀ་རྩེ་སོགས་སུ་འགྲོ་སྐྱོད་མི་ཆོག་པའི་བཀའ་རྒྱའི་གློད་བཀྲོལ་བཏང་ཡོད་ནའང་། སྲིད་གཞུང་གིས་འཛིན་བཟུང་དང་འདྲི་གཅོད་བྱས་པའི་གནད་དོན་དེ་ཕྱི་ལ་བསྒྲགས་པ་ཡིན་ན་མཇུག་འབྲས་ངན་པ་འཕྲད་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག རྩ་བའི་རྒྱ་ནག་སྲིད་གཞུང་གིས་ཁོང་འཛིན་བཟུང་བྱེད་དོན་ནི་བལ་ཡུལ་དུ་ཡོད་པའི་ཁོང་གི་སྤུན་ཆུང་དབང་འདུས་ཚེ་རིང་ལགས་དང་ལྷན་དུ་ཁ་པར་གྱི་ལམ་ནས་བཀའ་མོལ་གནང་པའི་ཁྲོད།  བོད་ཁུལ་གྱི་བྱིས་པ་རྣམས་ཀྱིས་རྒྱ་ཡིག་གཅིག་པོ་ཙམ་མིན་པར་བོད་ཀྱི་སྐད་ཡིག་གཙོ་བོར་བཟུང་ནས་སློབ་སྦྱོང་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པའི་ཐད་ནས་གླེང་མོལ་བྱས་བར་བརྟེན་རྒྱ་ནག་གིས་ཚེ་རིང་རྡོ་རྗེ་ཡིས་ཕྱི་ལོག་གི་མི་དང་འབྲེལ་འདྲེས་བྱས་ནས་བོད་སྐད་བོད་ཡིག་གཙོར་འཛིན་བྱེད་རྒྱུའི་ཐད་ནས་གླེང་མོལ་བྱས་པ་དེ་ནི་ཆབ་སྲིད་ཀྱི་ཐོག་ནས་ནག་ཉེས་ཤིག་ཡིན་པར་བརྗོད་དེ་འཛིན་བཟུང་བྱས་པ་ཞིག་རེད་འདུག གནད་དོན་དེ་དང་འབྲེལ་ནས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་གྱིས་ཚེ་རིང་རྡོ་རྗེ་ལགས་ཀྱིས་སྤུན་ཆུང་དབང་འདུས་ཚེ་རིང་ལགས་སུ་བཀའ་འདྲི་གནང་སྐབས།  ཚེ་རིང་རྡོ་རྗེ་ལགས་ལྷ་རྩེ་རྫོང་ཐོག་ཏུ་ཁོང་གི་བུ་མོས་སློབ་གྲྭ་འགྲིམས་བཞིན་པ་དེར་ལྟ་རུ་སོང་བའི་ལམ་བར་དུ་ལྷ་རྩེ་རྫོང་གི་ཉེན་རྟོག་པས་འཛིན་བཟུང་ཡོད་པར་གསུངས་འདུག དེ་བཞིན་ཚེ་རིང་རྡོ་རྗེ་ལགས་ཀྱི་གཅུང་བོ། དབང་འདུས་ཚེ་རིང་གིས་འདི་ལོའི་ཟླ་བ་དྲུག་པའི་ཚེས་སུམ་བཅུའི་ཉིན་སྡེ་བ་གཞན་དུ་གནས་ལ་སོང་ཡོད་པའི་ཁོང་གི་སྲིང་མོ། ཟླ་བ་མཚམས་ཆོས་ལགས་དང་ལྷན་ཕན་ཚུན་གྱི་འཚོ་བའི་བདེ་སྡུག་སོགས་ཀྱི་ཐད་ནས་ཁ་པར་ནས་ཁ་བརྡ་བྱས་པར་བརྟེན། ས་གནས་ཉེན་རྟོག་པས་གང་བྱུང་ཁྱིམ་དུ་སྔོག་བཤེར་བྱས་ཏེ་རྒྱལ་བའི་སྐུ་པར་དང་དཔེ་རྙིང་ཁ་ཤས་ཤིག་ལག་སོན་བྱུང་བ་རྣམས་མེར་བསྲེགས་བཏང་བ་མ་ཟད། ཁོང་གི་བཟའ་ཟླ་ཕུན་ཚཽགས་ལགས་ཉིན་ཉི་ཤུའི་རིང་བཀག་སྐྱིོལ་ཁང་དུ་བཅུག་ཡོད་པ་ཡང་པདྨ་རྒྱལ་ལགས་སུ་ངོ་སྤྲོད་གནང་འདུག གཞན་ཡང་གོང་གི་གནས་ཚུལ་དེ་དང་འབྲེལ་ནས། རྒྱ་ནག་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་ཕར་ཤོག  ཐ་ན་ཁ་པར་གྱི་ཐོག་མི་སྒེར་གྱི་ནང་མིའི་གནད་དོན་གླེང་བ་ཙམ་ལ་ཡང་ལྐོག་ཉན་བྱས་ཏེ་ཉེས་འཛུགས་ནན་མོ་བྱེད་བཞིན་པ་དེ་ནི་མཉམ་འགྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དང་། དེ་བཞིན་རྒྱ་ནག་གི་རྩ་ཁྲིམས་ལ་ཡོངས་སུ་འགལ་ཡོད་པ་ཞིག་ཡིན་པར་པདྨ་རྒྱལ་གྱིས་གསུངས་སོང་། རྩ་བའི་བལ་ཡུལ་དུ་ཡོད་པའི་ཚེ་རིང་རྡོ་རྗེ་ལགས་ཀྱི་གཅུང་བོ། དབང་འདུས་ཚེ་རིང་ལགས་སྔོན་ཆད་བལ་ཡུལ་དང་བོད་ཀྱི་མཐའ་མཚམས་སུ་ཚོང་ལས་ཙག་ཙིག་གཉེར་མཁན་ཞིག་ཡིན་པ་དང་། རྗེས་སུ་སྤྱི་ལོ་ ༢༠༡༢ ལོར་ཁོང་དང་ཁོང་གི་ཚོང་རོགས་ཁག་ཅིག་བལ་ཡུལ་དུ་ཚོང་ལེན་དུ་ཡོང་ཞོར་དུ་རྒྱ་གར་དུ་སླེབས་ནས་དུས་འཁོར་དབང་ཆེན་ཞུས་ནས་རྒྱལ་བའི་སྐུ་པར་དང་བཀའ་སློབ་ཀྱི་འོད་སྡེར་ཁག་ཅིག་བསྣམས་ནས་ཕྱིར་འགྲོ་བའི་ལམ་བར་དུ་རྒྱ་ནག་གིས་འཛིན་བཟུང་བྱས་ཏེ་གཅར་རྡུང་དང་མནར་གཅོད་གང་མང་བྱས་མཐར་ཕྱིར་བལ་ཡུལ་དུ་རྩིས་སྤྲོད་བྱས་ནས་བོད་ཁུལ་དུ་ཡོང་མི་ཆོག་པ་བཟོས་ཡོད་པར་བརྟེན། ད་ཆ་ཁོང་གིས་བལ་ཡུལ་དུ་ཚོང་ལས་གཉེར་ནས་བསྡད་ཡོད་པ་ཞིག་ཡིན་པ་དང་། ཁོང་གི་ནང་མི་རྣམས་ལ་ཁོང་ཁ་བྲལ་བ་དང་འབྲེལ་བ་ཡོད་པར་བརྟེན་འབྲེལ་གཏུགས་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་རེད་འདུག

རེས་གཟའ་པ་སངས། ༢༠༡༩།༡༢།༢༠

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་རྗེ་རིན་པོ་ཆེ་མཆོག་ནི་མཁས་པ་བསམ་གྱིས་མི་ཁྱབ་པ་ཞིག་རེད་ཅེས་བཀའ་བསྩལ་སོང་། Ilham Tohti ལགས་ལ་ཡོ་རོབ་གྲོས་ཚོགས་ཀྱི་Sakharov ཆེས་མཐོའི་གཟེངས་རྟགས་འབུལ་བཞེས། ཨ་རིའི་NBC བརྒྱུད་ལམ་ལ་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩེད་དེ་རྒྱང་བསྲིངས་བྱ་རྒྱུ་མེད་པར་བརྗོད་འདུག རྒྱ་ནག་གི་Fudan མཐོ་སློབ་ཏུ་བསམ་བློའི་རང་དབང་དགོས་པའི་ལས་འགུལ་སྤེལ་བ། དམིགས་བསལ་ལས་རིམ། པདྨ་ཤེལ་གྱི་རྒྱན་ཆའི་ཚོང་ལས་སྐོར། Friday 20/12/2019 Dalai Lama inaugurates international conference on Je Tsongkhapa’s life and legacy EU Parliament bestows prestigious Sakharov prize on Ilham Tohti US Lawmaker urges NBC not to air 2022 Beijing Winter Olympics China’s Fudan University students in flash mob for freedom of thought DIASPORA FEATURE: Padma Jewels

Latest news