Tibetan Royal Year of 2151 | Year of the Wood Dragon

ARCHIVE

Yearly Archives: 2019

༸གོང་ས་མཆོག་གིས་རྗེ་རིན་པོ་ཆེ་མཆོག་ནི་སྔོན་གྱི་མཁས་པ་ཚོའི་ཡིད་འཕྲོག་ཐུབ་མཁན་གྱི་མཁས་པ་བསམ་གྱིས་མི་ཁྱབ་པ་ཞིག་རེད་ཅེས་བཀའ་བསྩལ་སོང་།

དེ་རིང་འདི་ག་རྒྱ་གར་ལྷོ་ཕྱོགས་སུ་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རི་བོ་དགེ་ལྡན་པའི་སྲོལ་འབྱེད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་འཁོར་བ་དང་བསྟུན་དགའ་ལྡན་ཚོགས་ཆེན་དུ་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཞིག་དབུ་འཛུགས་གནང་ཡོད་པ་དང་།   འཛམ་གླིང་རྒྱལ་ཁབ་འདྲ་མིན་ཁག་བཅུ་ཙམ་ནས་ཕེབས་པའི་མཁས་པའི་བགྲོ་གླེང་དེར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་བཀའ་དྲིན་མཛད་ཡོད་པ་མ་ཟད།   མགོན་པོ་གང་ཉིད་མཆོག་གིས་སྐབས་དེར་སྤྱིར་ནང་པ་སངས་རྒྱས་པའི་བསྟན་པ་དང་།  ཡང་སྒོས་སུ་རི་བོ་དགེ་ལྡན་པའི་བསྟན་པའི་སྲོལ་འབྱེད་རྗེ་ཙོང་ཁ་པ་ཆེན་པོ་མཆོག་གི་མཛད་པའི་རྣམ་བཞག་ཁག་གཅིག་ངོ་སྤྲོད་དང་འབྲེལ།      རྗེ་ཙོང་ཁ་པ་ཆེན་པོ་མཆོག་ནི་སྔོན་གྱི་མཁས་པ་ཚོས་ཀྱང་ཡིད་རང་བསྔགས་བརྗོད་ཞུ་ཡུལ་གྱི་བསམ་གྱི་མི་ཁྱབ་པའི་མཁས་པ་ཞིག་ཡིན་སྐོར་སོགས་ཀྱི་བཀའ་སློབ་བཀྲིན་བསྩལ་གནང་སོང་། དེ་རིང་ནས་དབུ་འཛུགས་ཞུས་པའི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་དེའི་ཐོག་རྒྱལ་སྤྱིའི་ནང་སྙན་གྲགས་ཆེ་བའི་ཕྱི་རྒྱལ་བའི་བོད་རིག་པའི་མཁས་དབང་སློབ་དཔོན་ Jeffrey Hopkins མཆོག་གི་དབུས་པའི་ Donald S Lopez,  Bob Thurman ལ་སོགས་པའི་རྒྱལ་ཁབ་ཁག་བཅུའི་ནང་ནས་མཁས་དབང་མང་པོ་ཞིག་ཆེད་ཕེབས་གནང་འདུག་པ་མ་ཟད།   ཉིན་གྲངས་གསུམ་རིང་མུ་མཐུད་རྗེ་ཙོང་ཁ་ཆེན་པོའི་རྗེས་དྲན་གྱི་མཁས་པའི་བགྲོ་གླེང་དེའི་ཐོག་བོད་པའི་མཁས་དབང་མང་པོ་ཞིག་གིས་ཀྱང་གཏམ་བཤད་གནང་རྒྱུའི་ལས་རིམ་ཡོད་པ་རེད།   དེ་རིང་གི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།  རི་བོ་དགེ་ལྡན་པའི་བསྟན་པའི་སྲོལ་འབྱེད་རྗེ་ཙོང་ཁ་པ་ཆེན་པོ་མཆོག་ནི་བཤད་སྒྲུབ་གཉིས་ལྡན་གྱི་སེར་འབྲས་དགའ་གསུམ་གྱི་གདན་ས་ཁག་གསར་འཛུགས་གནང་བ་དང་།    ལྷག་པར་དུ་རྗེ་རིན་པོ་མཆོག་གིས་རྒྱལ་བའི་ལུང་དང་རྟོགས་པ་འཛིན་སྐྱོང་སྤེལ་གསུམ་ཐོག་མཛད་པ་ཆེན་པོ་བསྐྱངས་ཡོད་པ་སོགས་ཀྱི་ཁྱད་ཆོས་ཀྱང་ངོ་སྤྲོད་བསྩལ་གནང་ཡོད།  དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གོ་སྒྲིག་ཞུས་པའི་ད་རེས་རྗེ་ཙོང་ཁ་པ་ཆེན་པོའི་མྱང་འདས་བའི་དུས་དྲན་དང་འབྲེལ་བའི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་གི་དབུ་འབྱེད་མཛད་སྒོེ་དེའི་ཐོག་གོ་སྒྲིག་ཚོགས་ཆུང་ཁོངས་སུ་ཡོད་པའི་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁོང་རང་ཉིད་ཀྱི་རྩོམ་བྲིས་གནང་བའི་རྗེ་རིན་པོ་ཆེའི་རྣམ་ཐར་གྱི་དེབ་དེའི་དཔར་ཕུད་ཞུས་པ་མ་ཟད་ད་རེས་ཀྱི་མཁས་པའི་བགྲོ་གླེང་ཚོགས་འདུའི་ངོ་སྤྲོད་དང་དམིགས་ཡུལ་བཅས་པ་ཚོགས་མགོན་དུ་སྙན་སྒྲོན་ཞུས་ཡོད་པ་རེད ཤེས་རྟོག་བྱས་པ་ཡིན་ན་རྗེ་ཙོང་ཁ་པའི་མྱང་འདས་དུས་དྲན་དང་འབྲེལ་བའི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་དེ་དེ་རིང་ནས་ཉིན་གྲངས་གསུམ་རིང་མུ་མཐུད་འཚོགས་རྒྱུ་ཡིན་པ་དང་།  ཉིན་གྲངས་གསུམ་དེའི་རིང་མཁས་དབང་དེ་དག་བར་རྗེ་རིན་པོ་ཆེའི་རྣམ་ཐར་དང་།  བཞེད་པ།  མཛད་རྗེས་སྤྱིའི་སྐོར་དང་།    ལྷག་པར་དུ་ཟབ་མོ་དབུ་མའི་སྐོར།  དྲང་ངེས་དང་ཕར་ཕྱིན།    བློ་སྦྱོང་དང་གསང་བསྔགས་རྣལ་འབྱོར་བླ་མེད་བཅས་ཀྱི་སྐོར་ཡང་བགྲོ་གླེང་གནང་གི་ཡོད་པ་རེད།

རྒྱ་ནག་གི་ Fudan ཧྥོ་ཊན་མཐོ་སློབ་དུ་བསམ་བློའི་རང་དབང་དགོས་པའི་ལས་འགུལ་སྤེལ་འདུག

ཁ་སང་ལྷོ་རྒྱ་ནག་སྔ་དྲོའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། གཟའ་འཁོར་འདིའི་རེས་གཟའ་ལྷག་པའི་ཉིན།  རྒྱ་ནག་ཤར་ཕྱོགས་ཀྱི་ཧྲང་ཧེ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ (Fudan) ཧྥོ་ཊན་གཙུག་ལག་སློབ་ཁང་གི་སློབ་མ་མང་པོ་ཞིག་གི་སློབ་གཉེར་ཁང་གི་ར་བའི་ནང་དུ་རྟེན་གཞི་བྱས་པའི་ཟ་ཁང་གི་ཉེ་འགྲམ་དུ། ཆབ་སྲིད་དང་ལྟ་གྲུབ་ཀྱི་ཤུགས་རྐྱེན་མེད་པའི་ཐོག་ནས་ཤེས་ཡོན་དང་བསམ་བློ་རང་དབང་དགོས་པའི་བརྗོད་ཚིག་གསལ་བའི་མཐོ་སློབ་ཀྱི་བསྟོད་དབྱངས་བླངས་བའི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག་པ་དང་། དེའང་ཉེ་ཆར་མཐོ་སློབ་ཀྱི་རྩ་འཛིན་ཁྲིམས་ཡིག་ནང་དུ་བསམ་བློའི་རང་དབང་དང་། དམངས་གཙོའི་འཛིན་སྐྱོང་ཞེས་པ་སོགས་ཀྱི་ཚིག་བརྗོད་རྣམས་མེད་པ་བཟོས་སྟེ། དེའི་ཚབ་ཏུ་དམར་ཤོག་ཚོགས་པའི་ལྟ་གྲུབ་གོང་འཕེལ་སོགས་ཀྱི་འབྲེལ་བ་མེད་པའི་ཚིག་བརྗོད་མང་དག་ཅིག་བཅུག་པར་ངོ་རྒོལ་གྱི་ཚུལ་དུ་ལས་འགུལ་སྤེལ་བ་ཞིག་རེད་འདུག མིང་བརྗོད་འདོད་མེད་པའི་སློབ་མ་ཞིག་གི་གསར་ཁང་ལ་འགྲེལ་བརྗོད་བྱས་པར་གཞིགས་ན། མཐོ་སློབ་ཀྱི་འཛིན་སྐྱོང་གི་སློབ་ཕྲུག་ཚོས་མཐོ་སློབ་ཀྱི་རྩ་འཛིན་ཁྲིམས་ཡིག་ལ་འགྱུར་བ་བཏང་བར་ངོ་རྒོལ་བྱེད་བཞིན་པ་གསལ་པོ་ཤེས་ཀྱི་ཡོད་པ་རེད་འདུག སྐར་མ་ ༢༠ ཅན་གྱི་ལས་འགུལ་འདིའི་ཁྲོད། གཙུག་ལག་སློབ་ཁང་གི་སློབ་མ་ཁག་ཅིག་གིས་མཐོ་སློབ་ཀྱི་བསྟོད་དབྱངས་དེ་གྱེར་བའི་སྐབས་སུ་སློབ་ཕྲུག་མང་དག་ཅིག་གིས་དེར་མཉམ་ཞུགས་གནང་སྟེ་ངོ་རྒོལ་གྱི་རྣམ་པ་བསྟན་ཡོད་པ་དང་། མཐོ་སློབ་ཀྱི་བདེ་འཇགས་མི་སྣ་དང་དགེ་རྒན་རྣམས་ཀྱིས་ཀྱང་རྔམ་སྟོན་ལས་འགུལ་དེར་གཟིགས་མོ་གཟིགས་བཞིན་ཡོད་པའི་གནས་ཚུལ་འདྲ་པར་ནང་དུ་མངོན་རྒྱུ་འདུག རྒྱ་ནག་ནང་གི་རྩེ་ཕུད་དང་གུ་ཡང་ཅན་གྱི་ཁོར་ཡུག་ཡོད་པར་ངོས་འཛིན་བྱེད་བཞིན་པའི་མཐོ་སློབ་ཀྱི་སློབ་མ་རྣམས་ཀྱི་ཁེ་ཉིན་ལས་འགུལ་སྤེལ་བའི་བརྙན་པར་དེ་ད་ལྟའི་ཆར་དྲ་ལམ་ཐོག་བཀག་སྡོམས་བྱས་ཟིན་ཡོད་ནའང། བཀག་སྡོམས་མ་བྱས་པའི་སྔོན་ལ་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་དུ་ཁྱབ་བརྡལ་ཤུགས་ཆེན་པོ་ཕྱིན་ཟིན་པ་མ་ཟད། མཐོ་སློབ་ཀྱི་བསྟོད་དབྱངས་དེའི་གཞས་ཚིག་ཡང་བརྒྱུད་སྤེལ་ཤུགས་ཆེར་བྱས་ཡོད་པ་རེད་འདུག རྩ་བའི་ཧྥོ་ཊན་མཐོ་སློབ་ནི་རྒྱ་ནག་ནང་གི་ལྟ་བ་གུ་ཡངས་ཅན་གྱི་མཐོ་སློབ་རྩེ་ཕུད་ཅིག་ཡིན་པ་དང་།  སྤྱི་ལོ་ ༢༠༡༠ ལོར་རྒྱ་ནག་སྲིད་གཞུང་ཤེས་རིག་ལྷན་ཁང་གིས་མཐོ་སློབ་ཀྱི་འཛིན་སྐྱོང་གི་ཐད་ནས་བསྐྱར་ཞིབ་བྱེད་དགོས་བའི་བཙན་བཀའ་བཏང་བའི་མཐོ་སློབ་ཉེར་དྲུག་ཁྲོད་གཅིག་ཡིན་པ་རེད།  དེའི་ཁྲོད་བདུན་ཕྲག་དེའི་རེས་གཟའ་མིག་དམར་ཉིན་རྒྱ་ནག་གི་ཤེས་ཡོན་ལྷན་ཁང་གིས་ནན་ཅིན་དང་ཧྲན་ཞི་མཐོ་སློབ་གཉིས་ཀྱི་རྩ་འཛིན་ཁྲིམས་ཡིག་ལ་ཡང་འགྱུར་བ་དེ་མཚུངས་བཏང་བར་ངོས་ལེན་བྱས་ཡོད་པ་རེད་འདུག ཉེ་ཆར་བསྐྱར་བཅོས་བྱས་པའི་ Fudan མཐོ་སློབ་ཀྱི་རྩ་འཛིན་ཁྲིམས་ཡིག་ནང་དུ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ས་བརྟན་བཟོ་རྒྱུ་དང་། ཚོགས་པའི་ལྟ་གྲུབ་དང་སྲིད་བྱུས་རྣམས་ལག་ལེན་ལྟར་རྒྱུ་སོགས་ཚིག་གསར་མང་པོ་འཁོད་ཡོད་པ་མ་ཟད་། སློབ་ཕྲུག་རྣམས་ལ་བློས་གཏོང་དང་ཞབས་ཞུ། དེ་བཞིན་གཅིག་སྒྲིལ་སོགས་མཐོ་སློབ་ཀྱི་ལངས་ཕྱོགས་རྙིང་བ་དང་འབྲེལ་བའི་ཚིག་བརྗོད་རྣམས་ཀྱི་ཚབ་ཏུ་རྒྱལ་ཞེན་སོགས་ཀྱི་ཚིག་བརྗོད་བཀོད་པ་མ་ཟད། སློབ་ཕྲུག་གི་ཤེས་ཡོན་རང་དབང་དང་རང་དབང་གི་བསམ་བློ་སོགས་ཀྱི་ཚིག་བརྗོད་རྣམས་རྩ་བ་ནས་མེད་པ་བཟོས་ཡོད་པ་རེད་འདུག དེ་བཞིན་མཐོ་སློབ་ཀྱི་ངོས་ནས་ཤེས་ཡོན་རང་དབང་ལ་གུས་བརྩི་ཞུ་རྒྱུ་སོགས་ཀྱི་ཚིག་བརྗོད་རྣམས་མེད་པ་བཟོས་མེད་ནའང་ལེའུ་ ༡༨ པ་མར་ཕབས་ཡོད་པ་རེད་འདུག རྩ་བའི་སྔོན་ཆད་Fudan མཐོ་སློབ་ཀྱི་རྩ་འཛིན་ཁྲིམས་ཡིག་ནང་དུ། མཐོ་སློབ་སྟངས་འཛིན་རྣམས་དགེ་རྒན་དང་སློབ་ཕྲུག་གི་ལག་ཏུ་ཡོད་པ་དང་། དམངས་གཙོའི་ལམ་ལུགས་ཐོག་ནས་འཛིན་སྐྱོང་བྱེད་རྒྱུ་སོགས་འཁོད་ཡོད་ནའང་། བསྐྱར་གཅོས་ཁྲིམས་ཡིག་ནང་དུ་དབང་ཆ་ཆ་ཚང་མཐོ་སློབ་ཀྱི་དམར་ཤོག་ཚོགས་པའི་ཚོགས་ཆུང་དང་། རིག་བདག་གི་ལག་ཏུ་ཡོད་པ་འཁོད་ཡོད་པ་རེད་འདུག མཐོ་སློབ་ཀྱི་རྩ་འཛིན་ཁྲིམས་ཡིག་ལ་འགྱུར་བ་བཏང་བའི་ཁོངས་ནས་རང་དབང་གི་བསམ་བློའི་ཚིག་བརྗོད་མེད་པ་བཟོས་པ་དེའི་སྐོར་དྲ་ལམ་ཐོག་དམིགས་བསལ་གྱི་གླེང་སློང་ཤུགས་ཆེར་བྱུང་བའི་ཁྲོད། རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ Global times ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ། Hu Xijin ཟེར་བ་དེས་ཀྱང་རང་གི་ Weibo དྲ་ཚིག་བརྒྱུད། ཐེངས་འདིར་སྲིད་གཞུང་གིས་མཐོ་སློབ་ཀྱི་རྩ་འཛིན་ཁྲིམས་ཡིག་ལ་འགྱུར་བ་བཏང་བ་དེ་དག་ནི་ཆེས་སྣང་མེད་ཀྱི་བྱེད་ལས་ཤིག་ཡིན་པ་མ་ཟད། གནས་ཚུལ་དེ་ཡིས་མི་མང་གི་ཁྲོད་དུ་མི་དགའ་བའི་ཚོར་ཤུགས་ཆེན་པོ་བསྐྲུན་ཡོད་སྐོར་དང་། ཁོང་གིས་Fudan ཁྲིམས་ཡིག་སྐོར་ཐད་ཀར་མ་བརྗོད་པའི་ཐོག་ནས། ང་ཚོའི་ངོས་ནས་ཆབ་སྲིད་ལ་བསྟུན་སྟངས་ཚད་ལས་བརྒལ་བ་བྱས་པ་ཡིན་ན། མི་མང་གི་དབར་འགལ་ཟླ་བཟོས་པ་བརྒྱུད་མང་ཚོགས་ཁྲོད་འདོད་བློ་མི་ཁངས་བའི་སེམས་ཚོར་བསླེབ་པའི་གཞི་ཆགས་རྒྱུ་ཡིན་སྐོར་དང་འབྲེལ། དམངས་གཙོ་དང་རང་དབང་གི་ཚིག་བརྗོད་རྣམས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚིག་བརྗོད་རྙིང་པོའི་ནང་དུའང་འཁོད་ཡོད་བརྗོད་འདུག རྩ་བའི་འདས་པའི་ལོ་ཤས་ནང་རྒྱ་ནག་གི་མཐོ་སློབ་ཤུགས་ཆེ་བ་མཐོ་སློབ་ནང་གི་དམརཤོག་ཚོགས་པའི་ཚོགས་ཆུང་གི་སྟངས་འཛིན་འོག་བཞག་པའི་ཁྲོད།      མཐོ་སློབ་ཁག་གི་ནང་དུ་དམར་ཤོག་ལྟ་གྲུབ་གྱི་སྟངས་འཛིན་ཤུགས་ཆེ་རུ་བཏང་ཡོད་པའི་ཁྲོད། དེར་སྐྱོན་བརྗོད་བྱེད་མཁན་ཤེས་ལྡན་མི་སྣ་ཁག་ཅིག་ཕྱིར་ཕུད་བཏང་བ་དང་། སུན་གཙེར་བཟོས་པའི་གནད་དོན་བྱུང་ཡོད་པ་རེད་འདུག

སྐུ་ཞབས་ Ilham Tohti ལགས་ལ་ཡོ་རོབ་གྲོས་ཚོགས་ཀྱི་ཆེས་མཐོའི་གཟེངས་རྟགས་ Sakharov ཞེས་པ་དེ་འབུལ་བཞེས་གནང་འདུག

རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་འོག་རྒྱ་ནག་གཞུང་གི་བཙོན་ཁང་ནང་ཚེ་བཙོན་གྱི་ཁྲིམས་ཆད་མྱོང་བཞིན་པའི་ཡུ་གུར་མི་རིགས་ཀྱི་རང་དབང་རྩོད་ལེན་པ་སྐུ་ཞབས་ Ilham Tohti ལགས་ལ་འདི་ལོའི་ཡོ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཆེས་མཐོའི་གཟེངས་རྟགས་ Sakharov ཞེས་པ་དེ་འབུལ་བཞེས་གནང་འདུག དེ་ཡང་ཁེ་ཉིན་ཕྱི་ཚེས་ ༡༨ ཉིན་ཡོ་རོབ་ France གི་གྲོང་ཁྱེར་ Strasbourg ནང་རྟེན་གཞི་བྱས་པའི་ཡོ་རོབ་གྲོས་ཚོགས་སུ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ David Sassoli ལགས་དབུས་པའི་འཐུས་མི་རྣམ་པ་དང་འབྲེལ་ཡོད་ལས་བྱེད་བཅས་ལྷན་བཞུགས་ཐོག་འདི་ལོ་ ༢༠༡༩ ལོའི་ཡོ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཆེས་མཐོའི་གཟེངས་རྟགས་ Sakharov ཞེས་པ་འབུལ་བཞེས་ཀྱི་མཛད་སྒོ་ཚོགས་ཡོད་པ་དང་། སྐབས་དེར་ཡོ་རོབ་གྲོས་ཚོགས་ནས་རྒྱ་གཞུང་གི་བཙོན་ཁང་ནང་ཚེ་བཙོན་གྱི་ཁྲིམས་ཆད་མྱོང་བཞིན་པའི་ཡུ་གུར་མི་རིགས་ཀྱི་རང་དབང་རྩོད་ལེན་པ་སྐུ་ཞབས་ Ilham Tohti ལགས་ཀྱི་འདས་པའི་ལོ་དུས་ནང་ལ་ཡུ་གུར་དང་རྒྱ་ནག་དབར་གྱི་དཀའ་རྙོག་ཞི་སྒྲིག་ཡོང་ཐབས་སུ་ཕྱོགས་གཉིས་དབར་བསམ་ཤེས་ལྡན་པའི་ཐོག་གྲོས་མོལ་ཡོང་རྒྱུར་འབད་རྩོན་རབས་དང་རིམ་པ་གནང་པའི་བྱས་རྗེས་སྤྱི་དང་། ལྷག་པར་དུ་རྒྱ་ནག་གི་དམ་དྲགས་ལ་མ་བལྟས་པར་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་དེ་ཡུ་གུར་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་གསལ་སྟོན་གནང་པ་སོགས་ལ་ཆེ་བསྟོད་དང་སྦྲགས། འདི་ལོའི་གཟེངས་རྟགས་དེ་སྐུ་ཞབས་ Ilham Tohti ལགས་ལ་འབུལ་བཞེས་གནང་འདུག སྐུ་ཞབས་ Ilham Tohti ལགས་ད་ཆ་རྒྱ་གཞུང་གི་བཙོན་ཁང་ནང་ཡོད་སྟབས་མཛད་སྒོའི་ཐོག་དངོས་སུ་བཅར་ཐུབ་མེད་ཀྱང་། ཨ་རིར་གནས་བཞུགས་ཁོང་གི་བུ་མོ་ Jewher Ilham ལགས་མཛད་སྒོའི་ཐོག་ལྷན་བཞུགས་གནང་སྟེ། ཁོ་མོའི་པཱ་ལགས་ཀྱི་ངོ་ཚབ་བྱས་པའི་ཐོག་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་དེ་བཞེས་པ་དང་སྦྲགས། ཡོ་རོབ་གྲོས་ཚོགས་ཀྱི་གཟེངས་རྟགས་འདི་ཡིས་ཁོང་མོའི་པཱ་ལགས་ཀྱི་བྱས་རྗེས་ལ་ཆེ་བསྟོད་མཚོན་པ་ཙམ་མ་ཡིན་པར། གཟེངས་རྟགས་འདི་བརྒྱུད་ཡོ་རོབ་མཐུན་ཚོགས་གཙོས་པའི་རྒྱལ་སྤྱིའི་ཁྱོན་ཡོངས་ལ་རྒྱ་གཞུང་གི་དམ་དྲགས་སྲིད་བྱུས་འོག་ད་ལྟ་ཡང་ཡུ་གུར་མི་མང་ས་ཡ་ལྷག་གིས་བཀག་སྐྱིལ་ཁང་དུ་དཀའ་སྡུག་མྱོང་བཞིན་པའི་གནས་སྟངས་ལ་དོ་སྣང་བྱེད་དགོས་པའི་བརྡ་ལན་ཞིག་ཀྱང་མཚོན་ཡོད་པར་གསུངས་འདུག མ་ཟད་ཁོ་མོའི་པཱ་ལགས་རྒྱ་གཞུང་གིས་འཛིན་བཟུང་མ་བྱས་པའི་གོང་དུ་ཡུ་གུར་གྱི་གནད་དོན་ཐོག་ཕྱག་ལས་གནང་པའི་བརྒྱུད་རིམ་ཁག་ཅིག་དྲན་གསོ་དང་སྦྲགས། དེ་སྔ་ཕྱི་ལོ་ ༢༠༡༣ ལོར་ཁོ་མོ་Beijing གྱི་གནམ་ཐང་དུ་པཱ་ལགས་དང་ཁ་བྲལ་བ་ནས་བཟུང་ད་བར་པྰ་ལགས་ཐུགས་འཕྲད་བྱུང་ཐུབ་མེད་པ་མ་ཟད། ཕྱི་ལོ་༢༠༡༧ ལོར་ཁོ་མོའི་པཱ་ལགས་གང་དུ་ཡོད་མེད་ཀྱི་གནས་ཚུལ་གོ་བ་དེ་ནི་པཱ་ལགས་སྐོར་གནས་ཚུལ་གོ་བའི་དུས་ཚོད་མཐའ་མ་དེ་ཡིན་པ་དང་། དྲང་པོ་བཤད་ན། ངས་རང་ཉིད་ཀྱི་པཱ་ལགས་ད་ཆ་གང་དུ་ཡོད་མེད་ཤེས་ཀྱི་མེད་ཀྱང་། ཁོང་གསོན་པོ་ཡིན་པའི་རེ་བ་ཞུ་བཞིན་ཡོད་ཅེས་གསུངས་འདུག གཞན་ཡང་སྐབས་དེའི་གོ་སྐབས་དང་བསྟུན། Jewher Ilham ལགས་ནས་རྒྱ་ནག་གི་ཡུ་གུར་མི་མང་ལ་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པའི་དཀའ་ངལ་དེ་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། རྒྱལ་སྤྱིའི་ཆབ་སྲིད་མི་སྣང་དང་། ཤེས་ལྡན་མི་སྣ། དེ་བཞིན་སློབ་མ་དང་ཚོགས་སྡེ་ཡོངས་ཀྱིས་རྒྱ་ནག་གིས་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པའི་དཀའ་ངལ་དེ་སེལ་ཐབས་གནང་དགོས་པའི་རེ་སྐུལ་དང་སྦྲགས། རྒྱལ་སྤྱིའི་འགོ་ཁྲིད་ཚོས་རྒྱ་ནག་དང་ངན་པ་ལག་སྦྲེལ་ནམ་ཡང་བྱེད་རྒྱུ་མེད་པར་གསུངས་འདུག དེ་བཞིན་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ David Sassoli ལགས་ཀྱིས། ཐེངས་འདིའི་མཛད་སྒོ་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ལ་ཆེ་མཐོང་དང་གུས་བརྩི་ཞུ་རྒྱུའི་དུས་ཚོད་དགའ་འོས་པ་ཞིག་ཡིན་དགོས་རུང་། ད་རེས་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ Ilham Tohti ལགས་དངོས་སུ་ཕེབས་མ་ཐུབ་པར་ཁོང་གི་ཞབས་སྟེགས་སྟོང་པ་ལྷག་པ་དེ་ནི་སེམས་སྐྱོ་བའི་རང་བཞིན་ཞིག་རེད་ཅེས་སེམས་སྡུག་ཆེན་པོ་གནང་འདུག གཞི་རྩའི་སྐུ་ཞབས་ Ilham Tohti ལགས་ནི་དེ་སྔོན་པེ་ཅིན་མི་རིགས་སློབ་གྲྭ་ཆེན་མོའི་དཔལ་འབྱོར་རིག་པའི་སློབ་དཔོན་ཡིན་པ་དང་། ཕྱི་ལོ་ ༢༠༠༦ ལོར་ཁོང་གིས་ Uyghur Online ཞེས་པའི་དྲྭ་རྒྱ་གསར་བཟོ་གནང་སྟེ་ཡུ་གུར་མི་རིགས་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སོགས་དང་འབྲེལ་བའི་རྩོམ་ཡིག་སྤེལ་བ་བརྒྱུད་རྒྱ་གཞུང་གིས་ཡུ་གུར་མི་རིགས་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེར་གནང་ཡོད་སྟབས། ཕྱི་ལོ་༢༠༡༤ ལོར་རྒྱ་གཞུང་གིས་ཁོང་ཁ་བྲལ་རིང་ལུགས་ཀྱི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་ཀྱང་། རྒྱལ་སྤྱིའི་གཞུང་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མང་དག་ཅིག་གིས་སྐུ་ཞབས་ Ilham Tohti ལགས་ཀྱི་བྱས་རྗེས་ལ་ཆེ་བསྟོད་དང་སྒྲགས། རྒྱ་ནག་གཞུང་ནས་ཁོང་གློད་བཀྲོལ་དགོས་པའི་ཞུ་སྐུལ་སོགས་ཀྱི་ལས་འགུལ་སྣ་མང་སྤེལ་མུས་ཙམ་མ་ཟད། འདས་པའི་ལོ་དུས་སུ་ཁོང་ལ་སྙ་གྲགས་ཆེ་བའི་ Václav Havel འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་དང་། ཨ་རིའི་རང་དབང་ཁང་པའི་རང་དབང་གཟེངས་རྟགས་སོགས་འབུལ་བཞེས་གནང་ཡོད། ཕྱོགས་མཚུངས་ཁ་ས་ཕྱི་ཚེས་ ༡༩ སྟེ། ཡོ་རོབ་གྲོས་ཚོགས་ཀྱི་ཆེས་མཐོའི་གཟེངས་རྟགས་ Sakharov ཞེས་པ་དེ་ཡུ་གུར་མི་རིགས་ཀྱི་རང་དབང་རྩོད་ལེན་པ་སྐུ་ཞབས་ Ilham Tohti ལགས་ལ་འབུལ་བཞེས་གནང་སྟེ་ཉིན་མ་གཅིག་ཕྱིན་པའི་མཚམས་དེར། ཡོ་རོབ་གྲོས་ནས་ཡུ་གུར་ནང་གི་ཛ་དྲགས་གནས་སྟངས་ལ་སེམས་འཚབ་དང་སྦྲགས། རྒྱ་ནག་གཞུང་གིས་ཡུ་གུར་ས་ཡ་ལྷག་འཛིན་བཟུང་བྱེད་བཞིན་པ་རྣམས་འཕྲལ་མར་གློད་ཀྲོལ་བཏང་སྟེ་བཀག་སྐྱིལ་ཁང་རྣམས་སྒོ་རྒྱག་དགོས་པའི་ཞུ་སྐུལ་གྱི་གྲོས་ཆོད་ཅིག་ཀྱང་བཞག་འདུག གྲོས་ཆོད་དེས་གཞན་ཡང་རྒྱ་གཞུང་ནས་སྐུ་ཞབས་ Ilham Tohti ལགས་གཙོས་པའི་ད་ཆ་རྒྱ་ནག་གི་བཙོན་འཇུག་འོག་ཡོད་པའི་ཡུ་གུར་བ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པའི་ཐོག་གློད་བཀྲོལ་གཏོང་དགོས་པ་མ་ཟད། ཡུ་གུར་ནང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་སླད་རྒྱལ་སྤྱིའི་རང་དབང་ཅན་གྱི་གསར་འགོད་པ་དང་། དཔྱད་ཞིབ་པ་རྣམས་ཤིང་ཅང་ནང་བསྐྱོད་རྒྱུའི་ཐོབ་ཐང་སྤྲོད་དགོས་པ་གསུངས་འདུག མ་ཟད་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ད་བར་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་བཞག་པའི་གྲོས་མཐུན་ཁག་ནས་བཟང་ཕྱོགས་ཀྱི་གྲུབ་འབྲས་མངོན་རྒྱུ་མེད་པའི་ཁར། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་མ་ཟད། ལྷག་པར་དུ་རྒྱ་གཞུང་གི་ཡུ་གུར་མི་མང་ལ་དྲག་གནོན་བརྙས་བཅོས་དང་བཙན་ཤེད་སོགས་བྱེད་བཞིན་པར་བློ་འཚབ་ཆེན་པོ་ཡོད་པ་འགྲེལ་བརྗོད་དང་སྦྲགས། ཡོ་རོབ་གྲོས་ཚོགས་ཀྱིས་ཤིན་ཅང་ནང་དྲག་པོའི་སྲིད་བྱུས་ལག་བསྟར་བྱེད་མཁན་གྱི་རྒྱ་ནག་གི་འགོ་ཁྲིད་དང་ལས་བྱེད་རྣམས་ལ་སྲིད་དོན་གྱི་ཉེས་ཆད་གཅོད་དགོས་པ་སོགས་འཁོད་འདུག

རེས་གཟའ་ཕུར་བུ། ༢༠༡༩།༡༢།༡༩

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་གྲྭ་མང་གི་རྟགས་གསལ་ཐོག་དབུ་བཞུགས་མཛད་པ། སྲིད་སྐྱོང་མཆོག་གིས་ལྡེ་ར་ལྡུན་ཁྱབ་ཁོངས་ཀྱི་དགེ་འཕེལ་གླིང་གཞིས་ཁང་དབུ་འབྱེད་གནང་འདུག ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར། བྷེལ་ཇམ་ནང་གི་གཙུག་ལག་སློབ་གཉེར་ཁང་ཞིག་གིས་ཁུང་ཙི་སློབ་གླིང་དང་འབྲེལ་ཐག་གཅོད་རྒྱུའི་ཐག་གཅོད། དགུན་དུས་ཨོ་རྩེད་སྔ་རོལ་དུ་ཤིན་ཅང་གི་ཆབ་སྲིད་སློབ་གསོ་ལྟེ་གནས་ཁང་སྒོ་རྒྱག་རྒྱུའི་ཞུ་སྐུལ། Thursday 19/12/2019 Dalai Lama graces debate session of Gaden Shartse Monastery US House Foreign Affairs Committee unanimously passes Tibet Policy Act 2019 Sikyong inaugurates Gepheling community housing in Dehradun Belgian university closes Confucius Institute after spying claims Olympic Committee urged to help shut down China's Uyghur camps

ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་སྤྱི་མོས་ཀྱི་རྒྱབ་སྐྱོར་གནང་འདུག

ཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ངོས་ནས་ Tibet Policy Act 2019 ཞེས་པའི་བོད་མི་རྣམས་ལ་སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཐག་གཅོད་བྱེད་རྒྱུའི་ཐོབ་ཐང་དགོས་པ་དང། གནད་དོན་དེའི་ཐོག་ཐེ་བྱུས་བྱེད་མཁན་རྒྱ་ནག་དཔོན་རིགས་རྣམས་ཨ་རིའི་ནང་བསྐྱོད་པར་དམ་དྲག་བྱེད་རྒྱུ་སོགས་འཁོད་པའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེའི་ཐོག་གྲོས་བསྡུར་བསྐྱར་ཞིབ་གནང་རྗེས། ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་གྲོས་ཚོགས་འཐུས་མི་ཡོངས་ཀྱིས་རྒྱབ་སྐྱོར་གནང་བ་དང་འབྲེལ། རིང་མིན་ཁྲིམས་འཆར་དེ་གཏན་འབེབས་ཆེད་གྲོས་ཚོགས་འོག་མའི་ནང་འཁྱེར་རྒྱུ་གཏན་ཁེལ་འདུག རྩ་བའི་ཁྲིམས་འཆར་དེ་ཕྱི་ལོ་ ༢༠༠༢ ལོའི་ཨ་རིའི་གཞུང་གི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་བའི་ཐོག་ལ་བསྐྱར་བཅོས་གནང་བ་ཞིག་ཆགས་ཀྱི་ཡོད་པ་དང་། དེའང་འདི་ལོའི་ཕྱི་ཟླ་ ༩ པའི་ནང་ ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་དང་ཚོགས་ཆུང་དེའི་མཉམ་འབྲེལ་ཚོགས་གཙོ་གྲོས་ཚོགས་འཐུས་མི་ Chris Smith ལགས། དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་གྲོས་ཚོགས་འཐུས་མི་ Ted Yoho ལགས་དང་གྲོས་ཚོགས་འཐུས་མི་ Michael McCaul ལགས་བཅས་ཀྱིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་དུ་ཁྲིམས་འཆར་དེ་ངོ་སྤྲོད་གནང་ཡོད་པ་རེད། དེ་ཡང་ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གིས་ཁྲིམས་འཆར་དེར་སྤྱི་མོས་ཀྱི་རྒྱབ་སྐྱོར་ཞུས་པ་དང་འབྲེལ། སྐབས་དེར་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Eliot Engel ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་གནའ་བོའི་རིག་གཞུང་ལམ་ལུགས་གཞིར་བཞག་གིས་རང་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཐག་གཅོད་བྱེད་རྒྱུའི་ཐོབ་ཐང་སྤྲོད་རྒྱུ་ལས་ལྡོག་སྟེ། བོད་མིའི་ཆོས་དད་རང་དབང་གཙོ་བོར་གྱུར་བའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་བཏང་སྟེ་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྒྱ་ནག་གི་གདམ་ཀྱི་ཡིན་ཟེར་བ་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་སྐོར་དང་འབྲེལ། བོད་དོན་ཁྲིམས་འཆར་དེར་རྒྱབ་སྐྱོར་ཞུས་པ་བརྒྱུད། གལ་ཏེ་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་རྩིས་མེད་རྡོག་རོལ་བཏང་བ་ཡིན་ན། ཨ་རིའི་ངོས་ནས་ཁ་ཁུ་སིམ་པོར་འདུག་རྒྱུ་མིན་པའི་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད་སྟབས། ཁོང་གིས་སྤོབས་པ་མཐོན་པོའི་སྒོ་ནས་ཁྲིམས་འཆར་དེར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པ་དང་། གྲོས་ཚོགས་འཐུས་མི་གཞན་རྣམས་ཀྱིས་ཀྱང་དེ་མཚུངས་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད་པ་གསུངས་འདུག དེ་བཞིན་ཁྲིམས་འཆར་དེ་ཐོག་མར་བཏོན་གནང་མཁན་གྱི་གྲས་སུ་ཡོད་པའི་གྲོས་ཚོགས་འཐུས་མི་ Chris Smith ལགས་ཀྱིས། དེ་སྔ་ཕྱི་ལོ་་༢༠༠༢ ལོར་ཨ་རིའི་བོད་དོན་ཁྲིམས་འཆར་ཐོག་མ་དེ་གཏན་འབེབས་གནང་བ་ནས་བཟུང་ད་བར་གྱི་ལོ་ངོ་ ༡༧ དེའི་ནང་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་འདུག་ཏུ་ཕྱིན་ཡོད་པ་དང་། རྒྱ་ནག་གཞུང་གི་ངོས་ནས་བོད་མིའི་སྐུ་ཚབ་ལྷན་དུ་གྲོས་མོལ་བསྐྱར་གསོ་མ་བྱས་པ་མ་ཟད། སྐུའི་ཡང་སྲིད་གཙོ་བྱས་པའི་མ་འོངས་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྒྱ་ནག་གིས་གདམ་རྒྱུའི་འཇིགས་སྐུལ་བྱེད་བཞིན་པ་རྣམས་ནི་བོད་མིའི་ཆོས་ཕྱོགས་ཀྱི་རིག་གཞུང་འགྲོ་ལུགས་དང་རྒྱ་ནག་གཞུང་གིས་ཁས་བླངས་བའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཁྲིམས་སྒྲིག་རྣམས་དང་ཡོངས་སུ་རྒྱབ་འགལ་ཡིན་པ་དང་། ལྷག་པར་དུ་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་རྣམས་ཀྱིས་བོད་མིའི་ཆོས་དང་རིག་གཞུང། དེ་བཞིན་སྐད་ཡིག་དང་འཚོ་གནས། རང་བྱུང་ཁོར་ཡུག་བཅས་ལ་དོ་ཕོག་ཤུགས་ཆེར་བཏང་ཡོད་སྐོར་གསུངས་པ་དང་འབྲེལ། སྔར་ལོ་གཏན་འབེབས་གནང་བའི་བོད་ནང་འདྲ་མཉམ་འགྲུལ་བསྐྱོད་ཀྱི་རང་དབང་དགོས་པའི་ཁྲིམས་འཆར་དང་ད་རེས་ཀྱི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ཆར་དེ་གཉིས་ཀྱིས། བོད་དང་བོད་མིའི་ལས་དབང་དང་། བོད་ཀྱི་ཁོར་ཡུག་དང་ཆོས། རིག་གཞུང་། དེ་བཞིན་བོད་མིའི་མང་གཙོ་དང་རང་དབང་ཐོབ་ཐང་གི་གནད་དོན་དེ་དག་ཨ་རིའི་གཞུང་གི་ངོས་ནས་གནད་འགག་ཆེན་པོར་བརྩི་བཞིན་ཡོད་པའི་བརྡ་ལན་གསལ་པོ་ཞིག་ཀྱང་སྤྲོད་རྒྱུ་ཡིན་པ་གསུངས་འདུག དེ་བཞིན་གྲོས་ཚོགས་འཐུས་མི་ Jim Mcgovern ལགས་ཀྱིས། ད་རེས་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཁྲིམས་འཆར་དེར་སྤྱི་མོས་ཀྱི་རྒྱབ་སྐྱོར་ཞུས་པར་དགའ་བསུ་ཞུས་པ་དང་འབྲེལ་རྒྱ་ནག་དཔོན་གྱི་རིགས་ཚོའི་ངོས་ནས་༸རྒྱལ་བའི་ཡང་སྲིད་གཙོ་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་འདེམས་ཕྱོགས་ལ་ཐེ་བྱུས་བྱས་པ་ཡིན་ན། ཨ་རིའི་གཞུང་གི་ངོས་ནས་དེར་གདོང་ལེན་ནན་པོ་བྱེད་རྒྱུ་ཡིན་པ་མ་ཟད། དེ་ལྟར་བྱེད་མཁན་རྣམས་ལ་ཉེས་ཆད་འགེལ་རྒྱུ་ཡིན་པ་ཤེས་དགོས་བ་ཞིག་རེད་ཅེས་གསུངས་འདུག དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་དེའི་སྐོར་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ཚོགས་ཆུང་གི་ངོས་ནས་ཁྲིམས་འཆར་དེ་གཏན་འབེབས་གནང་བ་དང་འབྲེལ། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་འདུག

རྒྱ་ནག་གཞུང་གིས་ཨ་མདོ་བསང་ཆུ་ཁུལ་གྱི་བོད་མི་གསུམ་འཛིན་བཟུང་བྱས་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་མི་ལོ་ ༣༠ འཁོར་བའི་དུས་ཆེན་སྲུང་བརྩི་མ་ཞུས་གོང་རྒྱ་ནག་གཞུང་ཨ་མདོ་བསང་ཆུ་ཁུལ་གྱི་བོད་མི་གསུམ་འཛིན་བཟུང་དོ་དམ་བྱས་པའི་གནས་ཚུལ་ཐོན་འདུག དེ་ཡང་ཁ་སང་ཕྱི་ཚེས་ ༡༧ ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བྱེས་སུ་ཡོད་པའི་བོད་མི་ཞིག་བརྒྱུད་དེ་ཤེས་རྟོགས་བྱུང་བའི་གནས་ཚུལ་སྤེལ་བའི་ནང་། ཟླ་བ་འདིའི་ཕྱི་ཚེས་ ༡༠ ཉིན་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཀྱི་དུས་ཚིགས་མ་བསླེབ་གོང་རྒྱ་ནག་གཞུང་གིས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོངས་ཁུལ་གྱི་བསང་ཆུ་རྫོང་ནས་བོད་མི་གསུམ་གྱིས་wechat འམ་སྐད་འཕྲིན་བརྒྱུད་དེ་བྱེས་སུ་ཡོད་པའི་བོད་རིགས་དང་འབྲེལ་བ་གནང་བའི་རྐྱེན་གྱིས་འཛིན་བཟུང་བྱས་ཡོད་པ་བརྗོད་འདུག འཛིན་བཟུང་བྱས་པའི་བོད་མི་གསུམ་པོ་ནི་ལོ་ན་སུམ་བཅུ་སོ་གྲངས་ཡིན་པའི་བོད་མི་ཚེ་རྒྱལ་ལགས་དང་། ཀླུ་འབུམ་རྡོ་རྗེ་ལགས། གཞན་ཡང་མིང་ཁ་གསལ་མེད་པའི་བོད་རིགས་གཅིག་ཅེས་རེད་འདུག་པ་དང་། བོད་མི་ཀླུ་འབུམ་རྡོ་རྗེ་ལགས་ནི་ཆུང་དུས་ནས་འོན་པ་ཞིག་ཡིན་པ་དང་། ཕྱིས་སུ་ཐང་གའི་སྒྱུ་རྩལ་ལ་སློབ་གཉེར་གནང་སྟེ་ད་ཆ་ཐང་ག་འབྲི་མཁན་གྱི་སྒྱུ་རྩལ་བ་ཞིག་ཡིན་པ་དང་། ཁོང་གསུམ་པོ་ད་ལྟའི་ཆར་གང་དུ་ཡོད་མིན་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་ཀན་ལྷོ་ས་གནས་སྲིད་གཞུང་གིས་གསལ་བསྒྲགས་སྤེལ་བ་ཞིག་ལུང་འདྲེན་གནང་བའི་ནང་། ལོ་རྗེས་མའི་ཟླ་བ་གསུམ་པའི་ཚེས་གཅིག་ནས་རྒྱ་ནག་གཞུང་གིས་ས་གནས་མི་མང་གི་སྤྱི་ཚོགས་དྲ་ལམ་ཁག་ལ་དམ་དྲག་ཤུགས་ཆེ་རུ་བྱེད་རྒྱུ་ཡིན་པ་མ་ཟད། ཕྱི་ཟླ་གསུམ་པའི་ནང་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་དང་། ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་དུས་ཚིགས་ཤིག་འཁེལ་གྱི་ཡོད་སྟབས། གསལ་བསྒྲགས་དེའི་ནང་དུས་ཚིགས་དེར་སྐད་འཕྲིན་གྱི་ཚོགས་པ་ཁག་ལ་དོ་དམ་ནན་པོ་བྱ་རྒྱུ་ཡིན་ཞེས་དང་། ཅི་སྟེ་སྐད་འཕྲིན་ཚོགས་པ་སུ་ཞིག་གིས་ཁྲིམས་འགལ་གྱི་གནས་ཚུལ་སྤེལ་བ་སོགས་ཤེས་རྟོགས་བྱུང་ཚེ་ལོ་ངོ་གཅིག་ནས་བརྒྱད་བར་བཙོན་འཇུག་ཁྲིམས་ཐག་གཅོད་རྒྱུ་ཡིན་པ་མ་ཟད། སྐད་འཕྲིན་ཚོགས་པའི་ཚོགས་གཙོ་ལའང་ཉེས་ཆད་གཅིག་མཚུངས་གཏོང་རྒྱུ་ཡིན་ཞེས་དང་། བོད་རིགས་ཚོས་དཀྲོག་གཏམ་སོགས་གང་བྱུང་དྲིལ་བསྒྲགས་བྱས་ཚེ་མཇུག་འབྲས་ངན་པ་ཡོང་སྲིད་པའི་གསལ་བསྒྲགས་སྤེལ་ཡོད་སྐོར་བརྗོད་འདུག གཞི་རྩའི་སྐད་འཕྲིན་གྱི་གནད་དོན་དང་འབྲེལ་ནས་རྒྱ་ནག་གཞུང་གིས་བོད་མི་གང་བྱུང་འཛིན་བཟུང་བྱས་པ་ནི་ཐེངས་དང་པོ་མིན་པར་ཉེ་ལམ་ཕྱི་ཟླ་ ༡༡ པའི་ནང་བོད་གཞིས་ཀ་རྩེ་ནས་ཡིན་པའི་སྐུ་ཞབས་དབང་ཕྱུག་ལགས་ཀྱིས་སྐད་འཕྲིན་བརྒྱུད་༸གོང་ས་མཆོག་གི་ཕྱག་དེབ་དང་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གིས་བརྩམས་པའི་ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བའི་ཕྱག་དེབ་བརྒྱུད་སྤེལ་གནང་བར་བརྟེན་འཛིན་བཟུང་བྱས་ཡོད་པ་མ་ཟད། བོད་ཆབ་མདོ་ས་ཁུལ་ནས་ཡིན་པའི་པདྨ་བསམ་གྲུབ་ལགས་ཀྱིས་ བོད་དོན་དང་འབྲེལ་བའི་པར་རིས་ཁག་གཅིག་སྐད་འཕྲིན་བརྒྱུད་ནང་སྤེལ་བའི་ཉེས་མིང་འོག་འདི་ལོའི་གསུམ་བཅུ་དུས་དྲན་གྱི་ཉིན་གཅིག་གི་སྔར་ཉིན་ལ་འཛིན་བཟུང་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༦ ལོའི་ནང་དུའང་སྐད་འཕྲིན་བརྒྱུད་དེ་༸གོང་ས་མཆོག་གི་༸སྐུའི་གྱ་སྟོན་སྲུང་བརྩི་དང་འབྲེལ་ནས་རྔབ་ཁུལ་གྱི་བོད་མི་དགུ་འཛིན་བཟུང་བྱས་ཡོད་པ་རེད།

རེས་གཟའ་ལྷག་པ། ༢༠༡༩།༡༢།༡༨

ཉན་པ།: Listen ཕབ་ལེན། Download ནང་པ་སངས་རྒྱས་པའི་ཆོས་ཀྱིས་དངོས་ཤུགས་གཉིས་ཀྱི་ཐོག་ནས་འཛམ་གླིང་ལ་ཞབས་འདེགས་ཞུ་ཐུབ་པའི་ནུས་པར་ཡོད་པ་བཀའ་བསྩལ་བ། རྒྱ་ནག་གཞུང་གིས་བོད་བསང་ཆུ་ཁུལ་གྱི་བོད་མི་གསུམ་འཛིན་བཟུང་བྱས་འདུག ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གོ་རྟོགས་ལས་འགུལ་སྤེལ་བ། རྒྱ་ནག་གི་གསར་འགོད་པ་རྣམས་ཀྱིས་ཞི་ཅིན་ཕིང་གི་ལྟ་སྤྱོད་དང་མཐུན་པའི་ཐོག་ལས་དོན་བསྒྲུབ་དགོས་པར་བརྗོད་འདུག འདི་ལོ་རྒྱ་ནག་གིས་ཕྱི་ཕྱོགས་སུ་སྤེལ་བའི་འཁྱོགས་བཤད་དྲིལ་བསྒྲགས་རྣམས་ལམ་ལྷོང་བྱུང་མེད་པ་མངོན་གསལ་གནང་འདུག Wednesday 18/12/2019 Dalai Lama concludes three days teaching at Drepung, arrives in Ganden Monastery Tibetans detained prior to Dalai Lama Nobel Prize anniversary in apparent WeChat crackdown DoE concludes third intensive awareness programme on Secular Ethics New Chinese media guideline demands loyalty to CCP China losing its propaganda war left, right and center this year

འདི་ལོ་རྒྱ་ནག་གིས་ཕྱི་ཕྱོགས་སུ་སྤེལ་བའི་འཁྱོགས་བཤད་དྲིལ་བསྒྲགས་ཁག་ལམ་ལྷོངས་བྱུང་མེད་པ་མངོན་གསལ་གནང་འདུག

ཁ་ན་ཊར་རྟེན་གཞི་བྱས་པའི་Chauncey Jung ཞུ་བའི་རྒྱ་ནག་གི་དྲ་རྒྱ་ཞིབ་འཇུག་པ་ཞིག་གིས་ལྷོ་རྒྱ་ནག་གི་སྔ་དྲོའི་ཆ་འཕྲིན་གྱི་སྟེང་ལ་གནས་ཚུལ་སྤེལ་བར་གཞིགས་ན། སྲིད་འཛིན་ཞི་ཅིན་ཕིང་གི་ལམ་སྟོན་ལྟར་རྒྱ་ནག་སྲིད་གཞུང་གིས་འགྲོ་སོང་ཕོན་ཆེར་བཏང་སྟེ་ཕྱི་ཕྱོགས་སུ་ཧོང་ཀོང་དང་ཞིན་ཅང་། དེ་བཞིན་ཧཱོ་བཱེ་བཟོ་ཚོང་ཁང་། གཞན་ཡང་ཨ་རི་དང་རྒྱ་ནག་གཉིས་དབར་གྱི་ཚོང་དམག་སོགས་དང་འབྲེལ་བའི་འཁྱོགས་བཤད་དྲིལ་བསྒྲགས་སྣ་མང་གི་ལས་གཞི་རྒྱ་ཆེར་སྤེལ་བཞིན་ཡོད་ནའང་། འདི་ལོའི་ནང་དུ་རྒྱ་ནག་གི་དྲིལ་བསྒྲགས་ཀྱི་ལས་གཞི་དེར་གྲུབ་འབྲས་མ་སྨིན་པ་མ་ཟད། ཕྱོགས་ཡོངས་ནས་ཕམ་ཉེས་ཆེན་པོ་བྱུང་ཡོད་པར་མངོན་གསལ་གནང་འདུག དེ་ཡང་ཁ་ཉིན་ཕྱི་ཚེས་ ༡༦ ཉིན་ལྷོ་རྒྱ་ནག་སྔ་དྲོའི་ཆ་འཕྲིན་གྱི་དྲ་གནས་ཐོག Chauncey Jung ལགས་ཀྱིས་བྲིས་གནང་བའི་དཔྱད་རྩོམ་ཞིག་འདོན་སྤེལ་གནང་བའི་ནང་དུ། རྒྱ་ནག་གི་ནང་དུ་ཕྱི་ཕྱོགས་ཀྱི་བརྒྱུད་ལམ་ཡོངས་སུ་བཀག་སྡོམ་གྱིས་རྒྱ་ནག་གིའཁྱོགས་བཤད་དྲིལ་བསྒྲགས་མ་གཏོགས་སྤེལ་མེད་སྟབས། རྒྱ་ནག་ནང་ཁུལ་དུ་དྲིལ་བསྒྲགས་དེའི་རིགས་གང་འཚམས་ལམ་ལྷོངས་བྱུང་ཡོད་ནའང་། ཕྱོགས་གཞན་ཞིག་ནས། རྒྱ་ནག་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་བརྒྱུད་ལམ་སྣ་མང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དྲིལ་བསྒྲགས་ཤུགས་ཆེར་སྤེལ་ཐབས་བྱས་ཡོད་པ་རྣམས་ལམ་ལྷོངས་མ་བྱུང་བར་ཕམ་ཉེས་ཆེན་པོ་བྱུང་ཡོད་པ་མ་ཟད། རྒྱལ་སྤྱིའི་ཁྲོད་ཀྱི་རྒྱ་ནག་གི་ཆེ་མཐོང་ཡང་རང་བཞིན་གྱིས་བརླགས་འགོ་ཚུགས་ཡོད་པར་བརྟེན། སྲིད་གཞུང་གི་དགོས་འདོད་ཐམས་ཅད་ལ་གྲུབ་འབྲས་གཅིག་ཀྱང་ཐོན་མེད་པར་གསུངས་འདུག Chauncey ལགས་ཀྱིས་ད་དུང་། རྒྱ་ནག་གི་གསར་འགོད་པ་ཟུར་བ་ Jasper Jia ལགས་ཀྱིས་རང་གི་ Twitter དྲ་གནས་བརྒྱུད་རྒྱ་ནག་སྲིད་གཞུང་གི་ལྷན་ཁང་མང་དག་ཅིག་གིས་ལོ་ངོ་བཅུ་ཕྲག་གཅིག་ཙམ་གི་རིང་ལ་འགྲོ་གྲོན་འབོར་ཆེན་བཏང་ནས་དྲིལ་བསྒྲགས་ཀྱི་ལས་གཞི་བརྩམས་ཡོད་ནའང་རྒྱ་ནག་དབུས་དམར་ཤོག་གཞུང་གི་བརྙན་འཕྲིན་ཁང་གི་ཡུག་ཊིབ་ ( Youtube) དྲ་རྒྱར་ལྟ་ཀློག་བྱེད་མཁན་གྱི་མི་གྲངས་ས་ཡ་གཅིག་ལས་བྱུང་མེད་ནའང་། དེང་སྐབས་རྒྱ་ནག་གི་དྲ་རྒྱའི་སྟེང་གི་སྙན་གྲགས་ཆེ་བའི་བུ་མོ་ལཱི་ཙི་ཆི་ཡི་དྲ་རྒྱར་མི་གྲངས་ས་ཡ་བདུན་དང་ཕྱེད་ཙམ་ལྟ་མཁན་བྱུང་ཡོད་སྟབས། རྒྱ་ནག་གཞུང་གི་དྲ་རྒྱ་ལས་བུ་མོ་ཆུང་ཆུང་ཞིག་གིས་དྲ་རྒྱར་བལྟ་མཁན་མང་བ་ཡོད་པ་ཐེར་འདོན་བྱས་ཡོད་པ་ལུང་འདྲེན་གྱིས། སྤྱིར་སྒེར་གྱི་དྲ་རྒྱའི་ཐོག་དམ་དྲགས་ཤུགས་ཆེར་བྱེད་མཁན་གྱི་རྒྱ་ནག་སྲིད་གཞུང་གིས་བུ་མོ་དེའི་དྲ་ལམ་ཐོག་ Virtual Private Network ཞེས་རྒྱ་ནག་གི་དམ་དྲག་བྱེད་བཞིན་པའི་བརྒྱུད་ལམ་བེད་སྤྱོད་ཐོག་ནས་གནས་ཚུལ་བརྒྱུད་བསྒྲགས་བྱེད་རྒྱུའི་ཆོག་མཆན་ཐོབ་ཡོད་པའི་གནད་དོན་དེ་ཡང་དོགས་གཞིའི་གནད་དོན་ཞིག་ཡིན་པ་གསུངས་འདུག དེ་བཞིན་དེང་སྐབས་ཕྱི་ཕྱོགས་སུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་ཀྱི་ལས་བྱེད་དང་གཞུང་འབྲེལ་མི་སྣ་མང་པོ་ཞིག་གིས་ཆེད་དུ་ཊྲེ་ཊྲར་( Twitter) སྤྱི་ཚོགས་དྲ་རྒྱ་གསར་འབྱེད་བྱས་ཏེ་རྒྱ་ནག་གཞུང་འབྲེལ་གྱི་དྲིལ་བསྒྲགས་ཁྱབ་སྤེལ་བྱེད་འགོ་ཚུགས་ཡོད་ནའང་། ཕྱི་ཕྱོགས་ཀྱི་རང་དབང་གི་སྤྱི་ཚོགས་ཁྲོད་ཁོང་ཅག་གི་འཁྱོགས་བཤད་ཀྱི་བྱེད་ལས་དེར་སྣང་མེད་བཏང་སྟེ་དགའ་བསུ་ཞུ་མཁན་མེད་པ་ཤེས་སྟེ་ཅི་བྱ་གཏོལ་མེད་དུ་གྱུར་ཡོད་པར་འགྲེལ་བརྗོད་ཀྱིས། ཧོང་ཀོང་ནང་གི་དབྱེ་འབྱེད་ཀྱི་ཆབ་སྲིད་ཀྱི་ལས་གཞི་དང་ཞིན་ཅང་ནང་གི་རིག་གནས་བསྐྱར་སྤེལ་གི་བྱེད་ལས་སོགས་མིང་འདོན་གནང་སྟེ། རྒྱ་ནག་གི་དབྱེ་འབྱེད་རང་བཞིན་གྱི་སྲིད་བྱུས་ཀྱི་ཐག་གཅོད་དེ་དག་ནི་རྒྱ་ནག་གི་ཆེ་མཐོང་བརླགས་བྱེད་ཀྱི་རྒྱུ་རྐྱེན་ཞིག་ཡིན་པ་མ་ཟད། རྒྱ་ནག་གིས་རང་དབང་དང་འདྲ་མཉམ་ལ་སྐྱོད་པའི་རྨང་གཞིའི་ལམ་ཁ་ཡོད་ཚད་བཀག་འགོག་བྱས་ཡོད་པའི་སྐྱོན་བརྗོད་གནང་འདུག མ་ཟད་རྒྱ་ནག་གི་ནང་དུ་གསར་འགྱུར་རང་དབང་ལ་དམ་དྲག་དང་། ཕྱི་ལོག་གི་གསར་ཁང་དང་འབྲེལ་བའི་གསར་འགོད་པ་དང་ཉམས་ཞིབ་པ་རྣམས་ལ་དུས་བསྟུན་གྱིས་བཤུ་གཞོག་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག དབྱིན་ཡུལ་ཁུལ་གྱི་རྒྱ་ནག་གི་གཞུང་ཚབ་པ། ལུག་ཞཱོ་མིང་གིས་རྒྱ་ནག་གི་ནང་དུ་ཆབ་སྲིད་ཀྱི་བཙོན་པ་མེད་པར་ཕྱི་ལ་བསྒྲགས་བྱས་ཡོད་ནའང་། Freedom House ཞེས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པའི་སྙན་ཐོའི་འགོ་བརྗོད་དུ། བློ་སྤོབས་ཆེན་པོའི་ངང་། རྒྱ་ནག་ནི་ཆབ་སྲིད་ཀྱི་བཙོན་པ་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པར་འཁོད་དེ། རྒྱ་ནག་ནང་གི་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་གྱི་སྐུ་ཞབས་ལུག་ཞཱོ་པཱོ་དང་། ཡུ་གུར་ས་ཁུལ་གྱི་བཀག་སྐྱིལ་ཁང་གི་མི་དེ་དག་ཆབ་སྲིད་བཙོན་མ་མིན་ན་ཅི་རེད་ཅེས་དགག་གཞག་གནང་སྟེ། རྒྱ་ནག་གི་སྐྱག་རྫུན་དེ་དག་གིས་རྒྱལ་སྤྱིའི་སྟེང་ཁོང་ཚོར་ཆ་འཇོག་བྱེད་སྟངས་ལ་དྲི་བ་གཏོང་གི་ཡོད་པར་གསུངས་འདུག དེ་དང་མཉམ་དུ། ད་ཆ་རྒྱ་ནག་གི་འགོ་ཁྲིད་རྒན་གྲོས་རྣམས་ཀྱི་ནང་དུ་མང་གཙོའི་རྒྱལ་ཁབ་ཀྱི་ཕྱག་ལས་གནང་སྟངས་ལ་གོ་བ་ཏོག་ཙམ་རྙེད་ཀྱི་ཡོད་པ་དེ་རྣམས། རྒྱ་ནག་གི་ཕྱི་ལོག་གི་དྲིལ་བསྒྲགས་དེ་དག་ལམ་ལྷོངས་བྱུང་བར་བཀག་རྡོ་ལྟ་བུར་གྱུར་པ་དང་། རྒྱ་ནག་གིས་དཔལ་འབྱོར་སྒོ་འབྱེད་བྱས་ཏེ་མི་ལོ་བཞི་བཅུ་ལྷག་གི་ཉམས་མྱོང་ཡོད་པ་ལྟར། མང་གཙོའི་སྤྱི་ཚོགས་ཀྱི་ཕྱག་ལས་གནང་སྟངས་ལ་གོ་བ་ཏོག་ཙམ་ཞིག་རྙེད་དགོས་བ་ཞིག་ཡིན་ནའང་། རྒྱ་ནག་ནི་ད་དུང་དེ་ལས་རིང་དུ་འགོངས་ཏེ། དོན་དངོས་ཀྱི་ཐོག་མང་གཙོའི་ལྡོག་ཕྱོགས་ཀྱི་གནས་བབ་ཅིག་ཏུ་ལྷག་ཡོད་པར་འགྲེལ་བརྗོད་གནང་འདུག གཞན་ཡང་། ཁོང་གིས། རྒྱ་ནག་གི་འགོ་ཁྲིད་ཚོས་སྟོབས་ཤུགས་ངོམ་རྒྱུ་མ་གཏོགས་མང་གཙོའི་སྤྱི་ཚོགས་ཀྱི་ནང་དུ་ཐག་གཅོད་ལེན་སྟངས་སོགས་ཀྱི་མཚོན་པའི་འབྲེལ་ལམ་གྱི་རིགས་ལ་རྒྱུས་མངའ་མེད་པ་རེད། ཕྱི་ལོག་གི་མི་སེར་བཀག་སྐྱིལ་བྱས་ཏེ་གཏའ་མར་ཉར་བའི་ཐོག་ནས་ཁྲིམས་སྒྲིག་ལ་འགྱུར་བ་གཏོང་རྒྱུར་རེ་བ་རྒྱག་གི་ཡོད་པ་དེ་ནི་དུས་རབས་བཅུ་དགུ་བའི་རྒྱལ་ཁབ་བར་གྱི་འབྲེལ་ལམ་འཛུགས་སྟངས་ཤིག་ཡིན་པར་བརྗོད་དེ། ཉེ་ཆར་རྒྱ་ནག་གིས་ཁ་ན་ཊའི་མི་སེར་གཉིས་འཛིན་བཟུང་བཀག་ཉར་བྱས་ཏེ། ཁ་ན་ཊའི་གཞུང་གིས་ཨ་རི་མཉམ་དུ་ཁྲིམས་མཐུན་གྱི་ཆངས་ཡིག་བཞག་པ་རྣམས་འགྱུར་བ་གཏོང་རྒྱུར་རེ་བ་བྱེད་ཀྱི་ཡོད་པ་ལུང་འདྲེན་གནང་འདུག དེ་བཞིན། ད་ཆ་ཨ་རིའི་གྲོས་ཚོགས་ཀྱི་ནང་དུ་ཡང་། མང་གཙོ་ཚོགས་པའི་སྟོབས་ཤུགས་ལ་རྒྱལ་ཁ་ཆེན་པོ་ཐོབ་ཀྱི་ཡོད་པ་ལྟར། མང་གཙོ་ཚོགས་པའི་ངོས་ནས་སྤྱི་མཐུན་ཚོགས་པ་ལྟར་མ་ཡིན་པར། རྒྱ་ནག་བཙན་རྒྱལ་ལ་བཟོད་བསྲན་གཅིག་ཀྱང་བྱེད་ཀྱི་མིན་པའི་རྣམ་པ་ཕྱིར་མངོན་ཡོང་གི་ཡོད་པར་བརྗོད་འདུག ཇི་སྲིད་རྒྱ་ནག་སྲིད་གཞུང་གིས་འདྲ་མཉམ་དང་རང་དབང་གི་ལྟ་བར་གུས་བརྩི་མ་ཞུས་བར་དུ། མང་གཙོ་དང་འབྲེལ་ལམ་ཡོང་ཐབས་མེད་པ་ཞིག་ཡིན་པར་འབྲེལ་བརྗོད་ཀྱིས། ད་ལྟའི་ཆར་རྒྱ་ནག་གིས་དམ་དྲག་གི་འོག་ནས་གནས་ཚུལ་འཁོར་རྒྱུགས་ལ་བཀག་སྡོམ་བྱེད་ཀྱི་ཡོད་པའི་དམག་འཐབ་འདིས། ཕྱི་ལོག་གི་རྒྱལ་ཁབ་རྣམས་ཀྱི་མང་གཙོ་ལ་ཉེན་ཁ་འཕྲད་ངེས་བར་བརྟེན། མང་གཙོའི་རིན་ཐང་དང་ཆིག་སྒྲིལ་སྲུང་སྐྱོབ་ལ་འཐབ་རྩོད་བྱེད་བཞིན་པ་རྣམས་ཀྱིས་ལས་འགུལ་མང་པོ་སྤེལ་རྒྱུ་ལྷག་ཡོད་པར་འཁོད་འདུག

ཕྱག་དཔེ་གཟིགས་པའི་དགོས་དོན་གཙོ་བོ་དེ་གཞན་ལ་བདེ་སྐྱིད་ཀྱི་ཞབས་འདེགས་བསྐྲུན་ཐབས་ཤིག་རེད།

དེ་རིང་འདི་ག་མོན་གྷོ་འདོད་རྒུ་གླིང་གི་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེས་པ་གྲྭ་ཚང་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་འོད་གསལ་ཆོས་སྐུ་མངོན་དུ་མཛད་དེ་ལོ་ངོ་ ༦༠༠ འཁོར་བའི་རྗེས་དྲན་དང་། འཇམ་མགོན་༸རྒྱལ་བའི་ཐུགས་སྲས་༸རྒྱལ་ཚབ་རྒྱལ་སྲད་དར་མ་རིན་ཆེན་མཆོག་དགའ་ལྡན་ཁྲི་པར་ཁྲི་གསོལ་གནང་སྟེ་ལོ་ངོ་ ༦༠༠ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་ཏེ་ལོ་ ༦༠ འཁོར་བ་བཅས་ཀྱི་དུས་དྲན་དང་བསྟུན་དབུ་མ་བཞི་བརྒྱ་པའི་མཁས་པའི་བགྲོ་གླེང་ཞིག་ཚོགས་ཡོད་པ་རེད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མཁས་པའི་བགྲོ་གླེང་དེའི་ཚོགས་མགོན་དུ་དབུ་བཞུགས་མཛད་དེ་ཕྱག་དཔེ་གཟིགས་པའི་དགོས་དོན་གཙོ་བོ་དེ་གཞན་ལ་བདེ་སྐྱིད་ཀྱི་ཞབས་འདགེས་བསྐྲུན་ཐུབ་ཐབས་ཤིག་ཡིན་པའི་ལམ་སྟོན་སོགས་བཀྲིན་བསྩལ་ཡོད་པ་རེད། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་དཔེ་གཟིགས་ཏེ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་སྒོ་ནས་བྱང་ཆུབ་སེམས་པ་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམ་པའི་ཐོག་ནས་རང་གི་བློ་ལ་འགྱུར་བ་འགྲོ་ཐུབ་པ་ཞིག་གནང་དགོས་པ་ལས་ཕྱག་དཔེ་གཟིགས་པའི་དགོས་དམིགས་དེ་དགེ་བཤེས་ཀྱི་མཚན་ཙམ་ཞིག་ཐུབ་ཐབས་མིན་པའི་ལམ་སྟོན་བཀྲིན་ཆེ་བ་མཛད་སོང་། དབུ་མ་བཞི་བརྒྱ་པའི་མཁས་པའི་བགྲོ་གླེང་དེའི་ཐོག་ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བློ་ལ་འགྱུར་བ་གཏོང་བའི་ལག་ཆ་ཡག་ཤོས་དེ་རྩ་འཇུག་བཞི་གསུམ་ནང་དུ་གསུངས་ཡོད་པའི་ལམ་སྟོན་དེ་དག་ཕུལ་དུ་བྱུང་བ་ཞིག་ཡིན་པའི་བཀའ་བསྩལ་བ་དང་སྦྲགས།  ད་རེས་ཀྱི་བགྲོ་གླེང་དང་འབྲེལ་བའི་དཔྱད་རྩོམ་གནང་མཁན་དེ་དག་ལ་ཡི་རང་བསྔགས་བརྗོད་དང་། ལྷག་པར་དུ་ནང་པ་སངས་རྒྱས་པའི་བསྟན་པ་དེ་མི་རབས་ནས་མི་རབས་བར་གནས་ཐབས་ཀྱི་དམིགས་ཡུལ་ཞིག་གི་འོག་ནས་འཛམ་གླིང་གི་མི་འབོར་དུང་ཕྱུར་བདུན་ཅུ་ལྷག་ཡོད་པ་དེ་དག་ལ་བདེ་སྐྱིད་ཀྱི་ཞབས་འདེགས་ཞུ་ཐུབ་པ་ཞིག་གནང་དགོས་པའི་ལམ་སྟོན་ཡང་བཀྲིན་བསྩལ་སོང་།  དེ་རིང་འབྲས་སྤུངས་བློ་གསལ་གླིང་དུ་ཚོགས་པའི་དབུ་མ་བཞི་བརྒྱ་པའི་བགྲོ་གླེང་དེའི་ཐོག་མཁན་བླ་སྤུལ་འདུས་མང་དང་། དོན་གཉེར་ཅན་གྱི་ཕྱི་རྒྱལ་བའི་མི་རིགས། དེ་བཞིན་བོད་མི་དང་ཧི་མཱ་ལ་ཡའི་དད་ལྡན་མང་ཚོགས་བཅས་མི་གྲངས་ ༤༠༠ ལྷག་འདུ་འཛོམས་བྱུང་འདུག་པ་དང་། བགྲོ་གླེང་དེ་ཝཱ་ཎ་དབུས་་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློན་དཔོན་ཆེན་མོ་མཁས་དབང་དགེ་བཤེས་ཡེ་ཤེས་ཐབས་མཁས་མཆོག་ནས་གཙོ་སྐྱོང་གནང་ཡོད་པ་ལྟར། འདི་ག་རླུང་འཕྲིན་ཁང་ནས་དགེ་བཤེས་ལགས་སུ་བཅའ་འདྲི་ཞུས་པར་དབུ་མ་བཞི་བརྒྱ་པའི་བསྟན་བཅོས་ཀྱི་བསྟན་བྱ་གཙོ་བོ་ནི་སྟོང་པ་ཉིད་དང་བདག་མེད་སྐོར་ཡིན་པ་དང་།  དེ་རིང་བགྲོ་གླེང་དེའི་ཐོག་རབ་བྱེད་བཞིའི་ཐོག་བགྲོ་གླེང་གནང་བ་དེ་དག་གི་བརྗོད་གཞི་གཙོ་བོ་ནི་ཕྱི་ནང་གི་སྣོད་བཅུས་གཉིས་པོ་མི་རྟག་སྟོང་བདག་མེད་ཀྱི་རང་བཞིན་ཡིན་པ་དང་། ལྷག་པར་དུ་མིའི་མི་ཚེ་དེ་སྡུག་འསྔལ་གི་རང་བཞིན་ཡིན་པ། འགྲོ་བ་མི་ཕན་ཚུན་དབར་ལ་རིགས་རུས་སོགས་ཀྱིས་གཙོས་པའི་གཙང་བཙོག་ཀྱི་དབྱེ་འབྱེད་གནང་རྒྱུ་མེད་སོགས་རབ་བྱེད་བཞིའི་ཐོག་བགྲོ་གླེང་གནང་ཡོད་པར་འགྲེལ་བརྗོད་གནང་སྟེ་རྩ་བའི་དེ་རིང་གི་བགྲོ་གླེང་ཐོག་མཉམ་ཞུགས་གནང་མཁན་ཚོས་དཔྱད་རྩོམ་གི་སྤུས་ཚད་ཡག་པོ་ཡོད་ཀྱང་ཡར་རྒྱས་ལ་མཐའ་མེད་པས་རིམ་བཞིན་ཡར་རྒྱས་གནང་དགོས་གལ་ཡིན་པ་གསུངས་སོང་། གཞི་རྩའི་དེ་རིང་སྔ་དྲོའི་ཚོགས་ཐུན་དང་པོའི་ཐོག་༸གོང་ས་མཆོག་དབུ་བཞུགས་ཀྱིས་དབུ་མ་བཞི་བརྒྱ་པའི་ལེའུ་ ༡༦ ཡོད་པ་ནས་ལེའུ་བཞིའི་ཐོག་བགྲོ་གླེང་གནང་ཡོད་པ་དང་།  དེ་རིང་ཉིན་རྒྱབ་ནས་ད་དུང་ཤར་པ་ཆོས་༸རྗེ་མཆོག་དབུ་བཞུགས་ཀྱིས་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་གཙོ་སྐྱོང་གནང་ཐོག་ལེའུ་ ༥ པ་ནས་ ༡༦ བར་མུ་མཐུད་བགྲོ་གླེང་གནང་གི་ཡོད་པ་རེད།

Latest news