Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: March, 2020

ལ་དྭགས་ལ་ཕྱིར་ལོག་གནང་བའི་བོད་ཕྲུག་སློབ་མ་ཁག་ཅིག་རང་ཁྱིམ་དུ་ཟུར་བཀག

ད་ཆ་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་འདྲ་མིན་ནང་ཏོག་དབྱིབས་རིམས་ནད་དེ་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་པའི་ཁྲོད། རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་ཏོག་དབྱིབས་གཉན་རིམས་ཕོག་པ་མི་ ༡༣ བྱུང་ཡོད་པ་དང་དེ་དག་ལ་དྭགས་ཀྱི་མི་འབོར་ལ་གཞིགས་པའི་ཆེས་ཛ་དྲག་ལ་ངོས་འཛིན་གནང་བཞིན་འདུགརྩ་བའི་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་ཁྱབ་ཁོངས་བྱང་ཐང་ས་ཁག་དགུ་ཡོད་པའི་ནང་ཁྱོན་བོད་མི་བདུན་སྟོང་ལྷག་གནས་བཞུགས་གནང་བཞིན་ཡོད་པ་ལྟར། དེ་རིང་འདི་ག་རླུང་འཕྲིན་ཁང་ནས་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་སུ་ལ་དྭགས་ནང་ཁྱབ་གདལ་འབྱུང་བཞིན་པའི་ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་འབྲེལ་བའི་བཀའ་འདྲི་ཁག་ཅིག་ཞུས་པར་ཁོང་གིས་ལ་དྭགས་ནང་རིམས་ནད་དེ་ཕོག་པའི་ནད་པ་ཁྱོན་ ༡༣ བྱུང་བའི་ཁོངས་སུ་བོད་མི་ཅིག་ཀྱང་མེད་པ་ཆེས་གསལ་འདོན་གནང་སོང་། འོན་ཀྱང་ཁ་ཉིན་ཕྱི་ཚེས་ ༢༡ ཉིན་ཨ་རི་ནས་ཕེབས་པའི་ལ་དྭགས་ཡུལ་མི་ཡིན་པ་དགེ་འདུན་པ་ཞིག་ལྡི་ལི་ནས་ GoAir གནམ་གྲུ་བརྒྱུད་ལ་དྭགས་སུ་འབྱོར་ཡོད་པ་དང་སྐབས་དེར་གནམ་ཐང་དུ་བརྟག་དཔྱད་གནང་བ་བརྒྱུད་ཁོང་ལ་རིམས་ནད་དེ་འགོས་ཡོད་པའི་ནད་རྟགས་ཁག་ཐོན་འཕྲལ་ལ་དྭགས་གླེའི་བསོད་ནམས་ནོར་བུ་དྲན་རྟེན་སྨན་ཁང་དུ་ཟུར་བཀག་གནང་ཡོད་པ་དང་ཆབས་ཅིག ཁོང་གི་ཟུངས་ཁྲག་བརྟག་དཔྱད་ཆེད་བཏང་ཡོད་པར་མ་ཟད། ཉིན་དེར་གོང་ཞུས་གནམ་གྲུའི་ནང་འགྲུལ་བཞུད་གནང་བའི་སེ་ལ་ཀུལ་དང་དྷ་ཤོད་བོད་ཁྱིམ་སློབ་གྲྭ་ནས་ཕྱིར་ལོག་གནང་བའི་བོད་ཕྲུག་སློབ་མ་ ༢༠ སྐོར་ཞིག་ཡོད་པ་རྣམས་ཀྱང་རིམས་ནད་ཕོག་པར་དོགས་གཞིའི་འོག་རང་ཁྱིམ་དུ་ཟུར་བཀག་གནང་ཡོད་པར་ངོ་སྤྲོད་གནང་སོང་།དེ་རིང་ཉིན་རྒྱབ་ལ་དྭགས་རྫོང་འཕྲོད་བསྟེན་དྲུང་ཆེ་སྐུ་ཞབས་རིག་འཛིན་བསམ་འཕེལ་ལགས་ཀྱིས་གསར་འགོད་ལྷན་ཚོགས་བསྐོང་ཚོགས་གནང་སྟེ་ཕྱི་ཚེས་ ༢༡ ཉིན་ GoAir གནམ་གྲུ་བརྒྱུད་ལ་དྭགས་སུ་འབྱོར་བའི་བོད་ཕྲུག་སློབ་མ་ཁག་ཅིག་གཙོས་འགྲུལ་བཞུད་པ་ཡོངས་རང་ཁྱིམ་དུ་ཟུར་བཀག་འོག་གནས་དགོས་པའི་འབོད་སྐུལ་གནང་འདུག ལ་དྭགས་མངའ་སྡེ་གཞུང་གིས་ཡུལ་དེའི་མི་འབོར་ལ་གཞིགས་པའི་ལ་དྭགས་ནང་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་པའི་ཏོག་དབྱིབས་རིམས་ནད་ཀྱི་མྱུར་ཚད་དེ་ཆེས་ཛ་དྲག་རང་བཞིན་ཞིག་ཏུ་ངོས་འཛིན་གནང་ཡོད་པ་དང་འབྲེལ། མངའ་སྡེ་གཞུང་གིས་རིམས་ནད་དེ་སྔོན་འགོག་ཆེད་དུ་དུས་ཚོད་ངེས་མེད་བར་ཡུལ་སྐོར་སྤྲོ་འཆམ་པ་སོགས་ཕྱི་མི་སུ་གང་ཞིག་ལ་དྭགས་ནང་ཕེབས་མི་ཆོག་པའི་བཀའ་ཁྱབ་བཏང་ཡོད་པར་མ་ཟད། རྒྱ་གར་གྱི་ཁྲིམས་གཞི་ཨང་ ༡༤༤ ཞེས་པ་དེ་ཕྱག་བསྟར་བརྒྱུད་རྫོང་ཁོངས་ཀྱི་ས་གནས་ཁག་ཏུ་མི་བཞི་འམ་བཞི་ལས་མང་བ་འདུ་འཛོམས་གནང་ཆོག་གི་མེད་པའི་བཀའ་རྒྱ་གནང་ཡོད་པ་རེད། རྩ་བའི་ད་ལྟའི་ཆར་ལ་དྭགས་ནང་ཏོག་དབྱིབས་རིམས་ནད་དེ་ཕོག་པའི་ནད་པ་གྲངས་ ༡༣ བྱུང་ཡོད་པ་དང་ཁོང་རྣམས་ལ་རིམས་ནད་ཕོག་ཡོད་པ་ངོ་རྟགས་ཆོད་པ་ནས་བཟུང་ལ་དྭགས་གླེའི་བསོད་ནམས་ནོར་བུ་དྲན་རྟེན་སྨན་ཁང་དུ་ཟུར་བཀག་གིས་བརྟག་དཔྱད་གནང་མུས་ཡིན་པར་མ་ཟད། དེ་དག་གི་ནང་མི་རྣམས་དོགས་གཞིའི་འོག་ས་གནས་གཞན་གཉིས་སུ་ཟུར་བཀག་གནང་བཞིན་འདུགསྤྱིར་ཏོག་དབྱིབས་རིམས་ནད་དེ་རྒྱལ་སྤྱིའི་ཁྱོན་དུ་ཡོད་པའི་དགུང་ལོ་མཐོ་པོར་ཕེབས་པ་དང་ལོ་ན་ཆུང་བའི་བྱིས་པ་རྣམས་ལ་འགོས་སླ་བ་སོགས་ཀྱི་དཀའ་ངལ་དུ་མ་འཕྲད་བཞིན་ཡོད་སྟབས། ལ་དྭགས་ལྕོགས་ལམ་སར་གྱི་རྒས་གསོ་ཁང་ནང་རིམས་ནད་དེའི་སྔོན་འགོག་དང་འབྲེལ་ནས་གྲ་སྒྲིག་གང་ཡོད་སྐོར་དྭགས་བོད་ཕྲུག་ཁྱིམ་སྡེའི་ངེས་སྟོན་པ་འཆི་མེད་ལྷུན་གྲུབ་ལགས་སུ་བཀའ་འདྲི་ཞུས་ཡོད།

ཕྱི་ལོ་ ༢༠༢༠༌༢༡ ལོའི་ཏཱ་ལའི་བླ་མའི་གཙུག་ལག་སློབ་གཉེར་བའི་སློབ་ཡོན།

ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་ཡོ་རོབ་རྒྱལ་ཁབ་སུད་སི་ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་དགའ་ལྡན་ཕོ་བྲང་དགེ་རྩ་ཁང་གིས་ཕྱི་ལོ་ ༢༠༢༠ ནས་༢༠༢༡ ལོའི་ཏཱ་ལའི་བླ་མའི་གཙུག་ལག་སློབ་གཉེར་བའི་སློབ་ཡོན་ཐེངས་ ༩ པ་དེ་གསོལ་བསྩལ་གནང་རྒྱུའི་གསལ་བསྒྲགས་བསྐྱངས་ཡོད་པ་རེད།གཞི་རྩའི་ཏཱ་ལའི་བླ་མའི་དགེ་རྩའི་སློབ་ཡོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིར་ཕན་ཐོགས་མཛད་རྒྱུའི་རླབས་ཆེན་དགོངས་གཞིའི་ཆ་ཤས་ཞུ་ཕྱིར་ཕྱི་ལོ་ ༢༠༡༡ ལོ་ནས་དབུ་འཛུགས་གནང་སྟེ་ད་བར་བོད་རིགས་སློབ་གཉེར་བ་གྲངས་ ༡༥༠ ཙམ་ལ་ཨ་སྒོར་ས་ཡ་གཉིས་སྐོར་ཞིག་སློབ་ཡོན་གསོལ་བསྩལ་གནང་ཡོད་པ་རེད།རླུང་འཕྲིན་ཁང་གིས་སུད་སིར་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་དགའ་ལྡན་ཕོ་བྲང་དགེ་རྩའི་དྲུང་ཆེ་བསྟན་འཛིན་སེ་ཝོ་ལགས་སུ་འདི་ལོའི་ཏཱ་ལའི་བླ་མའི་གཙུག་ལག་སློབ་གཉེར་བའི་སློབ་ཡོན་ཐེངས་དགུ་པ་དང་འབྲེལ་བའི་དམིགས་བསལ་བཅར་འདྲི་ཁག་ཅིག་ཞུས་ཡོད།

སྲིད་སྐྱོང་མཆོག་གིས་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་ཛ་དྲག་འབོད་སྐུལ་ཁག་ཅིག་གནང་བ།

རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ Covid-19 འམ་ཏོག་དབྱིབས་རིམས་ནད་དེ་ད་ལྟའི་ཆར་རྒྱལ་སྤྱིའི་ཁྱོན་ཡོངས་སུ་དར་ཁྱབ་ཆེས་ཆེར་འགྲོ་བཞིན་པ་དང་བསྟུན། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་ཛ་དྲག་ཐོག་ལྷན་འཛོམས་གནང་སྟེ་གཉན་རིམས་དེ་སྔོན་འགོག་དང་འབྲེལ་བའི་ཛ་དྲག་འབོད་སྐུལ་གྱི་གསལ་བསྒྲགས་ཁག་ཅིག་གནང་འདུག གསལ་བསྒྲགས་དེའི་ནང་སྲིད་སྐྱོང་མཆོག་གིས་ཧི་མཱ་ཅལ་མངའ་སྡེ་གཞུང་གིས་ཕྱིའི་ཡུལ་སྐོར་སྤྲོ་འཆམ་པ་གཙོ་བོར་གྱུར་པའི་རྒྱ་གར་གྱི་མངའ་སྡེ་གཞན་ཁག་གི་མི་སྣ་སུ་ཞིག་མངའ་སྡེ་འདིར་ཕེབས་མི་ཆོག་པའི་བཀའ་རྒྱ་ཁྱབ་སྤེལ་གནང་ཟིན་སྟབས་བོད་མི་ཚོས་ཀྱང་ད་ལྟའི་ཆར་རང་ཉིད་ས་གནས་གང་དུ་བཞུགས་ཡོད་པ་དེར་བཞུགས་པ་ལས་ཧི་མཱ་ཅལ་མངའ་སྡེར་མ་ཕེབས་རོགས་ཞེས་གསུངས་འདུག ལྷག་པར་དུ་ཧི་མཱ་ཅལ་ཀངྒ་རཱ་རྫོང་ཁོངས་སུ་རྒྱ་གར་གྱི་ཁྲིམས་གཞི་ཨང་ ༡༤༤ ཞེས་པ་དེ་ཕྱག་བསྟར་བརྒྱུད་རྫོང་ཁོངས་ཀྱི་ས་གནས་ཁག་ཏུ་མི་བཞི་འམ་བཞི་ལས་མང་བ་འདུ་འཛོམས་གནང་ཆོག་གི་མེད་སྟབས་ས་གནས་ཀྱི་བོད་མི་ཚོས་དེ་དོན་དགོངས་འཇགས་གནང་དགོས་པ་མ་ཟད། རྒྱ་གར་གྱི་མངའ་སྡེ་གཞན་ཁག་ཏུ་བཞུགས་པའི་བོད་མི་ཚོས་ཀྱང་མངའ་སྡེ་སོ་སོ་ནས་ལམ་སྟོན་གནང་ཁག་ཕྱག་བསྟར་གནང་དགོས་པའི་གཞེན་བསྐུལ་གནང་འདུག དེ་བཞིན་རྒྱ་གར་དབུས་གཞུང་ནས་རིམས་ནད་སྔོན་འགོག་སོགས་ལ་གཞིགས་ཏེ་གཞུང་གི་ལས་ཁུངས་ཁག་ཏུ་ལས་བྱེད་རེ་མོས་ཐོག་ནས་ཕྱག་ལས་གནང་བར་ཕེབས་དགོས་པ་བཟོས་པ་ལྟར་སང་རེས་གཟའ་ཟླ་བ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་སྲི་ཞུ་བ་བརྒྱ་ཆ་ལྔ་བཅུ་རེ་མོས་ཐོག་ནས་ལས་བཅར་ཞུ་རྒྱུ་ཡིན་པ་དང་། ཅི་སྟེ་མང་ཚོགས་ནས་བདེ་སྡུག་གི་གནད་དོན་རིགས་ཞུ་དགོས་ཚེ་གློག་འཕྲིན་དང་ཞལ་པར་བརྒྱུད་དེ་འབྲེལ་བ་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

རེས་གཟའ་ཉི་མ། ༢༠༢༠།༠༣།༢༢

ཉན་པ།: Listen ཕབ་ལེན། Download བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་གྱི་དོ་ར། བོད་ཀྱི་བཟོ་རིག་སྒྱུ་རྩལ་བ་རྒན་ལྔ་ལྡན་ལགས་དང་ལྷན་སྒྲ་སྙན་བཟོ་རྒྱུའི་ལག་ཤེས་སྒྱུ་རྩལ་སྐོར་གླེང་མོལ། Sunday 22/03/2020 Art and Culture: The art of making ‘Dranyen’ with Gen Phelkhang Ngadhen

རེས་བཟའ་སྤེན་པ། ༢༠༢༠།༠༣།༢༡

ཉན་པ།: Listen ཕབ་ལེན། Download ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་མུས་ཁྲོད་ཀྱི་མི་ཚེ། Saturday 21/03/2020 Life in the time of COVID19

རེས་གཟའ་པ་སངས། ༢༠༢༠།༠༣།༢༠

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ལྕམ་སྐུ་ Betty Williams མཆོག་སྐུ་ཚེ་མ་ཟིན་པར་ཐུགས་གསོ་བསྩལ་བ། ཏོག་དབྱིབས་རིམས་ནད་སྔོན་འགོག་གི་གཞུང་འབྲེལ་ལས་དོན་རུ་ཁག་ཆེད་འཛུགས། སྤྱི་ལྷན་སྐུ་ཚབ་ཀྱིས་ཨུ་རུ་སུའི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣར་བོད་དོན་ཞུ་སྐུལ། བོད་ནང་གི་ཞིང་པའི་དཔྱིད་རྨོད་མཛད་སྒོའི་ཐོག་རྒྱ་ནག་གི་རྒྱལ་དར་འཕྱར་བ། བོད་སྒར་བསམ་ཡས་གླིང་གི་ཟ་ཚོང་མགྲོན་གསུམ་སྒོ་བརྒྱབ་པ། བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་རིམ་པ་ ༥༌༩ ཅན་ཞིག་བརྒྱབ་འདུག Friday 20/03/2020 Dalai Lama and Sikyong condoles the demise of peace activist Betty Williams Health Kalon presides COVID 19 Task Force meeting TPiE Delegation concludes Tibet advocacy trip to Russia Traditional spring ploughing ceremony in Tibet becomes propaganda stage A 5.9-magnitude earthquake hits Shigatse, Tibet Delhi Tibetan settlement at MT goes in lockdown

ཏོག་དབྱིབས་རིམས་ནད་སྔོན་འགོག་གི་གཞུང་འབྲེལ་ལས་དོན་རུ་ཁག་ཆེད་འཛུགས།

རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་ཐོག་མར་མཆེད་པའི་ Covid19 འམ་ཏོག་དབྱིབས་ཀྱི་རིམས་ནད་དེ་ད་ཆ་རྒྱ་ནག་རྒྱལ་ཡོངས་ཙམ་མ་ཟད་འཛམ་གླིང་རྒྱལ་ཁབ་ ༡༠༠ ལྷག་ནང་ཁྱབ་གདལ་དུ་འགྲོ་བཞིན་པ་དང་དེའི་ཁྲོད་རྒྱ་གར་ནང་ད་བར་མི་ ༡༩༠ ལྷག་ལ་རིམས་ནད་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག  ཛ་དྲག་གི་གནས་སྟངས་འོག་ཁ་སང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཏོག་དབྱིབས་རིམས་ནད་སྔོན་འགོག་གནང་ཕྱོགས་དང་འབྲེལ་བའི་གཞུང་འབྲེལ་ལས་དོན་རུ་ཁག་ཅིག་དམིགས་བསལ་ཆེད་འཛུགས་གནང་སྟེ་ཚོགས་འདུ་ཚོགས་ཡོད་པ་རེད། ཏོག་དབྱིབས་རིམས་ནད་སྔོན་འགོག་དང་འབྲེལ་བའི་ལས་དོན་རུ་ཁག་གི་ཁོངས་སུ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་ཕྱི་ལུགས་༸སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས། བོད་ལུགས་ ༸སྐུའི་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས། དབུས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས། འཕྲོད་བསྟེན་དྲུང་ཆེས་གཙོས་པའི་བདེ་ལེགས་སྨན་ཁང་དང་སྨན་རྩིས་ཁང་གཉིས་ཀྱི་སྨན་པ་བགྲེས་པ་ཁག་ཅིག དེ་བཞིན་ནད་རིམས་སྔོན་འགོག་གི་སྡེ་ཚན་འགན་འཛིན་སོགས་ཡོད་པ་རེད།རླུང་འཕྲིན་ཁང་ལ་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཚོགས་འདུ་དེའི་ཐོག་རིམས་ནད་སྔོན་འགོག་དང་འབྲེལ་གཞུང་འབྲེལ་ལས་དོན་རུ་ཁག་ནས་ནད་ཡམས་སྔོན་འགོག་ཐད་བསྐྱར་ཞིབ་དང་ལས་འཆར་གསར་པ་སྤེལ་ཕྱོགས་སོགས་ཀྱི་ཐོག་བཀའ་བསྡུར་གནང་ཡོད་པར་ངོ་སྤྲོད་གནང་སོང་། གཞི་རྩའི་བོད་མིའི་སྤྱི་ཚོགས་ཁྲོད་ད་ཆ་རིམས་ནད་དེ་ཕོག་པའི་གནས་ཚུལ་གང་ཡང་བྱུང་མེད་པ་རེད། ཉེ་ལམ་དགའ་ལྡན་བྱང་རྩེ་ཏྲེ་ཧོར་ཁང་ཚན་ནས་ཡིན་པའི་དགེ་འདུན་པ་ཞིག་ཨི་ཊ་ལི་ནས་རྒྱ་གར་དུ་ཕེབས་འབྱོར་གནང་རྗེས་རིམས་ནད་ཀྱི་ནད་རྟགས་མེད་པར་ཤེས་རྟོགས་བྱུང་ཡོད་ཀྱང་ད་ཆ་རང་འགུལ་ཐོག་རང་ཤག་ཏུ་ཟུར་བཞུགས་གནང་བཞིན་ཡོད་པ་རེད།སྤྱིར་རིམས་ནད་དེའི་སྔོན་འགོག་སླད་སྨན་པ་དང་ཉམས་ཞིབ་པ་ཚོས་གཙང་སྦྲ་འཕྲོད་བསྟེན་གནང་དགོས་པ་དང་། ཟས་སྤྱོད་ལེགས་པོ་བསྟེན་དགོས་པ། དེ་བཞིན་འདུ་འཛོམས་སོགས་གནང་རྒྱུ་མེད་པའི་ལམ་སྟོན་གནང་ཡོད་པ་ལྟར་རྒྱལ་ཁབ་སོ་སོའི་ནང་ཚོགས་འདུ་དང་ཟབ་སྦྱོང་། དེ་བཞིན་མང་ཚོགས་འདུ་འཛོམས་སོགས་རེ་ཞིག་མཚམས་འཇོག་གནང་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ནས་ཀྱང་གཟའ་འཁོར་འདིའི་རེས་གཟའ་ཕུར་བུ་དང་པ་སངས་གཉིས་སུ་ལས་ཁུངས་ཁག་ལ་དུག་སེལ་དང་རིམས་ནད་ཀྱི་ནད་རྟགས་ཡོད་མེད་བརྟག་དགོས་པའི་བཀོད་ཁྱབ་གནང་ཡོད་པ་རེད།རྩ་བའི་ད་ལྟའི་ཆར་འཛམ་གླིང་ཁྱོན་ལ་རིམས་ནད་དེ་ཕོག་མཁན་མི་འབུམ་གཉིས་ལྷག་དང་འདས་གྲོངས་སུ་གྱུར་བ་ ༡༠༠༠༠ ལྷག་བྱུང་བ་དང་རྒྱ་གར་ནང་རིམས་ནད་དེའི་རྐྱེན་གྱིས་མི་བཞི་འདས་གྲོངས་སུ་གྱུར་ཡོད་པ་དང་། དེའི་ཁོངས་མི་ ༡༩ དྲག་སྐྱེད་བྱུང་འདུག རྒྱ་གར་གྱི་སྲིད་བློན་ནཱ་རེནྡྲ་མོ་དི་མཆོག་གིས་ཁ་སང་རེས་གཟའ་ཕུར་བུའི་ཉིན་མང་ཚོགས་ནས་ཡོང་རྒྱུའི་རེས་གཟའ་ཉི་མའི་ཉིན་ཕྱིར་བསྐྱོད་མི་ཆོག་པའི་བཀའ་རྒྱ་བཏང་བ་དང་ཆབས་ཅིག ལྷག་པར་དུ་ཕྱི་ཚེས་ ༢༢ ནས་བདུན་ཕྲག་གཅིག་གི་རིང་རྒྱ་གར་ནང་རྒྱལ་སྤྱིའི་གནམ་གྲུ་ཁག་འབབ་རྒྱུར་བཀག་སྡོམ་གནང་ཡོད་པ་རེད།  

  བོད་ནང་གི་ཞིང་པའི་དཔྱིད་རྨོད་མཛད་སྒོའི་ཐོག་རྒྱ་ནག་གི་རྒྱལ་དར་འཕྱར་དུ་བཅུག་པ། 

བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁྲིས་ལྷོ་ཁ་ས་ཁུལ་དུ་རྒྱ་ནག་དཔོན་རིགས་ཀྱི་འདྲ་པར་སྒྲིག་གཤོམ་དང་རྒྱ་ནག་གི་དར་དམར་ཕོན་ཆེར་འཕྱར་ཏུ་བཅུག་ནས་ས་གནས་བོད་མི་ཞིང་པ་ཚོས་དཔྱིད་ཀའི་དཔྱིད་རྨོད་མཛད་སྒོ་ཚོགས་འདུགཉེ་ཆར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ལྷོ་ཁ་ས་ཁུལ། ཤ་སོས་གྲོང་བརྡལ་མཚོ་རྒྱལ་གྲོང་ཚོའི་ནང་ས་གནས་བོད་མི་ཚོས་འདི་ལོའི་དཔྱིད་རྨོད་ཀྱི་མཛད་སྒོ་ཚོགས་ཏེ་བོད་མི་རྣམས་ནས་ལོ་གསར་བཞིན་གཟབ་འཕྱོར་ལེགས་པོ་སྤྲས་ཏེ་གྲོ་སོ་ཕྱེ་མར་དང་ཆང་སོགས་འཁྱེར་ཏེ་མ་འོངས་ལོ་ཏོག་ཡག་པོ་ཡོང་བར་རྟེན་འབྲེལ་གྱི་མཛད་སྒོ་ཚོགས་པའི་ཐོག་བོད་ཀྱི་ཐུན་མོང་མ་ཡིན་པའི་ལམ་སྲོལ་དང་མི་འདྲ་བར་རྒྱ་ནག་དཔོན་རིག་ཚོའི་འདྲ་པར་དང་རྒྱ་ནག་གི་རྒྱལ་དར་དམར་པོ་ཕོན་ཆེར་ནམ་མཁར་འཕྱར་ཏེ་དཔྱིད་རྨོད་ཀྱི་ཐོང་གཤོལ་དང་པོས་རྨོད་གཉའ་གཅོག་འགོ་འཛུགས་བཞིན་པའི་རྣམ་པ་གསལ་འདོན་བྱས་འདུགཨོ་སི་ཊོ་ལི་ཡར་བཅའ་བཞུགས་རྒྱ་ནག་ཉམས་ཞིབ་པ་སྤྱི་ཟུར་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་གནད་དོན་དེའི་ཐོག་ཁོང་གི་གཟིགས་ཚུལ་ཇི་ཡོད་སྐོར་བཅར་འདྲི་ཞུས་པར་ཁོང་གིས་རྒྱ་གཞུང་གིས་བོད་པའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་བྱེད་ཕྱོགས་དང་མི་འདྲ་བར་ཆབ་སྲིད་རང་ལ་དམིགས་ཏེ་ཞིང་ལས་ལྟ་བུའི་ལས་དོན་ནང་དུའང་ཆབ་སྲིད་ཀྱི་དམིགས་ཡུལ་འཛིན་བཞིན་ཡོད་པར་མ་ཟད། བོད་ཡིག་དང་རྒྱ་ཡིག་གཉིས་ཀའི་ཐོག་དེའི་སྐོར་གནས་ཚུལ་སྤེལ་བར་པར་འཇོག་སྟངས་བཅས་ཀྱི་ནང་ཆབ་སྲིད་ཀྱི་དམིགས་ཡུལ་ལ་གཞིགས་པའི་འདྲ་པར་དང་གནས་ཚུལ་བཀོད་ཕྱོགས་ལ་ཁྱད་པར་ཡོད་པ་མངོན་རྒྱུ་ཡོད་སྐོར་གསུངས་སོང་། དེ་བཞིན་བོད་ནང་གི་བེུད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་རང་གི་ངོ་དེབ་ཐོག་ལྷོ་ཁ་ཁུལ་གྱི་དཔྱིད་རྨོད་མཛད་སྒོའི་འདྲ་པར་སྤེལ་བ་དང་སྦྲགས། དཔྱིད་རྨོད་ཀྱི་མཛད་སྒོ་དེ་བོད་པའི་རིག་གཞུང་གི་ཆ་ཤས་ཡིན་ཀྱང་སྐར་མ་ལྔ་ཅན་གྱི་དར་དམར་འཕྱར་དུ་བཅུག་པ་དེ་ནི་རིག་གནས་གསར་བརྗེ་སྐབས་ཀྱི་བྱེད་ཕྱོགས་ཡིན་པར་གསུངས་འདུགརྩ་བའི་རྒྱ་ནག་གཞུང་གིས་དེ་སྔོན་བོད་འབྲི་རུ་ཁུལ་དུ་བོད་མིའི་ཁང་པའི་ཐོག་དར་དམར་བསྒྲེང་འཛུགས་བྱེད་དགོས་པའི་བཙན་དཀའ་བཏང་བར་ས་གནས་བོད་མིས་ངོ་རྒོལ་ཤུགས་ཆེར་གནང་བའི་གནས་ཚུལ་ཐོན་པ་དང་། དེ་བཞིན་དེ་སྔོན་ ༢༠༡༦ ལོར་བོད་དཀར་མཛེས་ཁུལ་དུ་བོད་པའི་ཆོས་ཕྱོགས་ཀྱི་མཛད་སྒོ་ཞིག་གི་ཐོག་རྒྱ་གཞུང་གི་དར་དམར་སྒྲེང་འཛུགས་བྱེད་དགོས་པའི་བཙན་བཀའ་བཏང་བར་བོད་མིས་དང་ལེན་མ་གནང་སྟབས་བྱེད་སྒོ་དེ་ཕྱིར་འཐེན་བྱས་པའི་གནད་དོན་བྱུང་བར་མང་ཚོགས་ཁྲོད་གཞུང་ལ་སྐྱོན་བརྗོད་ཤུགས་ཆེར་གནང་བའི་གནད་དོན་བྱུང་མྱོང་ཡོད་པ་རེད།

བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་རིམ་པ་ ༥༌༩ ཅན་ཞིག་བརྒྱབ་འདུག

དེ་རིང་རྒྱ་ནག་གི་ས་ཡོམ་ལས་ཁུངས་ཀྱི་དྲྭ་བས་གནས་ཚུལ་སྤེལ་བར་དེ་རིང་སྔ་དྲོ་ཆུ་ཚོད་ ༩༌༣༣ ཐོག་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་ཤུགས་ཚད་ ༥༌༩ ཅན་ཞིག་བརྒྱབས་འདུག གསར་འགོད་པས་དྷ་སར་གནས་སྡོད་ཕ་ཡུལ་དིང་རི་ནས་ཡིན་པའི་འབྲེལ་ཡོད་ཅིག་ལ་ཞལ་པར་ཐོག་ནས་བཀའ་འདྲི་ཞུས་པར་ཁོང་གིས་ས་ཡོམ་བརྒྱབ་པའི་གནས་ཚུལ་དེ་བདེན་པ་ཡིན་ཀྱང་། ད་ལྟའི་ཆར་ཁང་པ་ལོག་པ་དང་མི་ཕྱུགས་སོགས་ལ་གོད་ཆག་ཕོག་པའི་གནས་ཚུལ་གང་ཡང་བྱུང་མེད་པར་འགྲེལ་བརྗོད་གནང་སོང་།

Latest news