Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: February, 2022

རྒྱལ་སྤྱིའི་རྒྱལ་ཁབ་ཚོས་རྒྱ་ནག་ལ་འགན་ཁུར་ལྡན་པ་ཞིག་བཟོ་དགོས།

ད་ཆ་རྒྱ་ནག་ནང་འཚོགས་བཞིན་པའི་རྒྱལ་སྤྱིའི་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་མཇུག་སྒྲིལ་ལ་ཉེ་བ་དང་བསྟུན། ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གི་བྱེད་བབ་ཁག་ཅིག་ཆེད་བཀོད་ཀྱིས་བསྒྲགས་གཏམ་ཞིག་ཡོངས་གྲགས་གནང་སྟེ། སྤྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་སོ་སོའི་བྱེད་བབ་ཁག་གི་འགན་ཚད་ལྡན་ཞིག་ཁུར་དགོས་པ་བཟོ་དགོས་ཞེས་གསུངས་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་སྤེལ་བའི་སྦྲགས་གཏམ་ནང་། ཉེ་དུས་སུ་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཚོགས་ཆུང་དང་རྒྱ་གཞུང་ནས་རྩེད་རིགས་དང་ཆབ་སྲིད་གཉིས་མཉམ་བསྲེ་བྱ་རྒྱུ་མེད་ཅེས་བརྗོད་དེ་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་ལ་དོ་སྣང་གནང་མེད་ཀྱང་། རྩེད་འགྲན་དེའི་བརྒྱུད་རིམ་ཁྲོད་རྒྱ་ནག་གི་ཨོ་རྩལ་གོ་སྒྲིག་ཚོགས་ཆུང་གི་མགྲིན་ཚབ་པས་ཐེ་ཝན་འདི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཞེས་བཤད་པ་དེས་དོན་དངོས་ཐོག་རྒྱ་ནག་ དེ་རྩེད་རིགས་དང་ཆབ་སྲིད་གཉིས་མཉམ་བསྲེ་བྱེད་མཁན་གྱི་རྒྱལ་ཁབ་ཅིག་རེད་ཅེས་ཐེར་འདོན་གནང་འདུགལྷག་པར་དུ་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ནང་ཚོགས་པའི་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་གྱི་སྔ་རྗེས་ནས་བཟུང་སྟེ་རྒྱ་ནག་གཞུང་གིས་བོད་ནང་ལ་དམ་དྲག་ཆེས་ཆེར་བྱས་པ་མ་ཟད་ཤིན་ཅང་ལ་མི་སེར་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱས་པ། དེ་བཞིན་ཧོང་ཀོང་ནང་གི་མང་གཙོའི་གནས་བབ་བརྡལ་བཤིག་བཏང་པ་སོགས་ཀྱི་བྱ་སྤྱོད་ངན་པ་རིགས་མང་དག་ཅིག་བྱས་ཡོད་ཀྱང་། རྒྱལ་སྤྱིའི་ངོས་ནས་དེ་དག་ལ་དོ་སྣང་གང་ཡང་མ་གནང་མེད་པ་སོགས་འགྲེལ་བརྗོད་དང་སྦྲགས། ད་རེས་ ༢༠༢༢ ལོའི་རྒྱ་ནག་ནང་གི་ཨོ་རྩལ་རྩེད་འགྲན་མཇུག་སྒྲིལ་ལ་ཉེ་སྟབས་རྒྱ་ནག་གཞུང་ནས་མུ་མཐུད་བོད་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་བཅས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་། ངོ་བོ། ལེགས་བྱང་དང་བཅས་པ་ཤུལ་ལུས་མ་བཟོ་བའི་གོང་ལ་སྤྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་སོ་སོའི་བྱེད་བབ་ཁག་གི་འགན་ཚད་ལྡན་ཞིག་ཁུར་དགོས་པ་བཟོ་དགོས་ཞེས་གསུངས་འདུགཨི་རིའི་རང་དབང་ཁང་པའི་སྙན་ཐོར་བོད་འདི་འཛམ་གླིང་ཐོག་གི་རང་དབང་ཆེས་ཞན་ཤོས་གཉིས་པ་ཡིན་པར་མངོན་གསལ་གནང་བའི་གནས་བབ་དང་། ཉེ་ཆར་ཨོ་རྩལ་གྱི་དུས་སྐབས་སུ་ཨ་རིའི་ Associated Press གསར་ཁང་གི་གསར་འགོད་པ་ཞིག་བོད་ནང་ཕེབས་ཐབས་གནང་སྐབས་འགྲིམ་འགྲུལ་སྣུམ་འཁོར་ནས་ཕྱིར་དབྱུང་བ་སོགས་ཀྱི་གནད་དོན་ཁག་ཅིག་ལུང་འདྲེན་དང་སྦྲགས། རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་པ་ཁག དེ་བཞིན་རང་དབང་ཅན་གྱི་གསར་འགོད་པ་རྣམས་ནས་ཐེངས་འདིའི་རྒྱ་ནག་ནང་གི་ཨོ་རྩལ་མཇུག་སྒྲིལ་བྱས་པའི་རྗེས་སུ་བོད་ནང་ལ་རང་དབང་ལྡན་པའི་ཐོག་ནས་སྐྱོད་ཐབས་གནང་དགོས་པ་དང་། རྒྱ་ནག་གི་དམ་དྲག་ཁག་ལ་གདོང་ལེན་ཐུབ་ཆེད་དེ་སྔ་ཨ་རིས་གཏན་འབེབས་གནང་པའི་ The  Reciprocal Access to Tibet Act ཞེས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་ལྟ་བུ་ཞིག་རྒྱལ་སྤྱིའི་རྒྱལ་ཁབ་གཞན་རྣམས་ཀྱིས་ཀྱང་གཏན་འབེབས་གནང་གལ་ཡིན་པར་གསུངས་འདུགདེ་བཞིན་རྒྱ་ནག་གཞུང་ནས་༸གོང་ས་མཆོག་གིས་དབུས་པའི་བོད་པའི་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐོག་འཆར་གཞི་ལྡན་པའི་ཐོག་ནས་ཐེ་བྱུས་སྣ་ཚོགས་བྱེད་བཞིན་པ་དེ་ནི་བོད་མིའི་ཆོས་ཕྱོགས་ཀྱི་ལས་དོན་ཐེ་བྱུས་དང་དོ་ཕོག་བཏང་བའི་བྱ་སྤྱོད་ཙམ་ཞིག་མིན་པར་འགྲོ་བ་མིའི་གཞི་རྩའི་ཆོས་དད་རང་དབང་ལ་དོ་ཕོག་བཏང་བ་ཞིག་ཀྱང་ཆགས་ཀྱི་ཡོད་སྟབས། རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་མ་འོངས་པར་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ལ་ངོས་ལེན་མེད་པའི་སྲིད་བྱུས་ཤིག་གཏན་འབེབས་གནང་དགོས་པ་དང་། ལོ་ངོ་དྲུག་ཅུ་ལྷག་བཙན་བཟུང་འོག་ཡོད་པའི་བོད་ཀྱི་དཀའ་རྙོག་གསལ་ཐབས་སུ་རྒྱལ་སྤྱིའི་སྲིད་གཞུང་གི་ངོས་ནས་བོད་རྒྱ་གྲོས་མོལ་སླར་གསོ་ཡོང་རྒྱུར་རྒྱ་ནག་གཞུང་ལ་གོན་ཤུགས་སྤྲོད་དགོས་པ་སོགས་གསུངས་ཡོད།རྒྱ་ནག་གི་ཨོ་རྩལ་དང་འབྲེལ་ནས་ད་རེས་ཨོ་རྩལ་ཁྲོད་གསེར་གྱི་རྟགས་མ་གཉིས་ཐོབ་པ་དང་གངས་རྒྱུག་ཁྲོད་འཛམ་གླིང་གི་ཟིན་ཐོ་གསར་པ་འཇོག་མཁན་སུད་ཌེན་རྒྱལ་ཁབ་ཀྱི་གངས་རྒྱུག་རྩེད་འགྲན་པ་ Nils van der Poel ལགས་རྒྱ་ནག་ནང་གི་རྩེད་འགྲན་ཁག་གྲུབ་རྗེས་ཕྱིར་སུད་ཌེན་ལ་འབྱོར་སྐབས། ཨོ་ལམ་པིཀ་དེ་ནི་རྒྱལ་སྤྱིའི་ཐོག་གི་རྩེད་འགྲན་ཡིད་དུ་འོང་བ་ཞིག་ཆགས་ཀྱི་ཡོད་ཀྱང་། ད་རེས་རྒྱ་ནག་ནང་ཚོགས་པའི་ཨོ་རྩལ་དེ་ནི་དེ་སྔ་ ༡༩༦༣ ལོར་བར་ལིན་དང་། ༢༠༡༤ ལོར་ར་ཤི་ཡ་བཅས་སུ་ཚོགས་པའི་ཨོ་རྩལ་དང་གཅིག་མཚུངས་ཡིན་པར་འགྲེལ་བརྗོད་གནང་བ་ཆབས་ཅིག ད་རེས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོལ་རོལ་གཏང་མཁན་རྒྱ་ནག་རྒྱལ་ཁབ་ལ་རྒྱལ་སྤྱིའི་ཨོ་རྩལ་གོ་སྒྲིག་བྱ་རྒྱུའི་གོ་སྐབས་སྤྲད་པ་དེ་ནི་དོ་སྣང་དང་འགན་ཁུར་མེད་པའི་བྱེད་སྟངས་ཤིག་རེད་ཅེས་སྐྱོན་བརྗོད་ནན་པོ་གནང་ཡོད།

 རྒྱ་ནག་གིས་བོད་མི་གཙོ་བྱས་པའི་གྲངས་ཉུང་མི་རིགས་ཀྱི་གསར་འགོད་པ་རྣམས་ལ་དྲག་གནོན།

དེ་རིང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཀྱི་ Coda གསར་ཁང་གི་དྲ་གནས་ཐོག་ཏུ་རྒྱ་ནག་གི་དྲག་གནོན་གྱི་སྲིད་བྱུས་དང་འབྲེལ་བའི་དཔྱད་རྩོམ་ཞིག་ཕྱི་ལ་ཐོན་པའི་ནང་དུ། རྒྱ་ནག་གིས་བོད་དང་ཤིན་ཅང་གི་མཚོན་པའི་གྲངས་ཉུང་མི་རིགས་ཁག་གི་ཕྱི་ཕྱོགས་ཀྱི་གསར་འགོད་པ་རྣམས་ལ་དྲག་གནོན་འཇིགས་སྐུལ་བྱེད་བཞིན་པ་མ་ཟད། བོད་དོན་དང་ཤིན་ཅང་གི་གནད་དོན་ཐད་ནས་གསར་འགོད་ལས་རིགས་གཉེར་བཞིན་པའི་མི་སྒེར་གྱི་རྒྱ་ནག་ནང་གི་ཡུལ་མི་རྣམས་ལ་སུན་གཙེར་བྱེད་བཞིན་པ་ཡོངས་གྲགས་གནང་འདུགདེ་ཡང་ Coda གསར་ཁང་གི་གསར་འགོད་པ་རྒན་པ་ལྕམ་ ERICA HELLERSTEIN ལགས་ཀྱིས་བྲིས་གནང་བའི་དཔྱད་རྩོམ་དེའི་ནང་དུ། རྩ་བའི་རྒྱ་ནག་གིས་བོད་ཁུལ་གྱི་མཚོན་པའི་གྲངས་ཉུང་མི་རིགས་ས་ཁུལ་ཡོངས་ལ་དྲག་གནོན་བྱེད་བཞིན་པའི་གནས་ཚུལ་དང་འབྲེལ་ནས། ཉེ་བའི་ལོ་འགའི་སྔོན་ལ་ཕྱི་ཕྱོགས་སུ་གསར་འགོད་ལས་རིགས་གཉེར་མཁན་གྱི་བོད་པའི་གསར་འགོད་པ་ཞིག་ལ་མི་ག་གེ་མོ་ཞིག་གིས་ཁ་པར་བརྒྱུད་ནས་ཆུང་དུས་ཀྱི་གྲོགས་པོ་ཞིག་ཡིན་མདོག་གིས་འཚིག་ཇ་མཉམ་དུ་འཐུང་ས་ཞིག་ནས་ཐུག་འཕྲད་བྱེད་རྒྱུའི་རེ་ཞུ་བཏོན་པ་ལྟར། གསར་འགོད་པ་གང་དེ་ཡུལ་དངོས་སུ་བཅར་སྐབས་ཁོང་སྐད་གཏོང་མཁན་དེ་སློབ་གྲོགས་ཤིག་མིན་པ་ཤེས་གཏོགས་བྱུང་རྗེས་ཁོང་བཙན་ཁྲིད་བྱས་ཏེ།  མི་ག་གེ་མོ་ཁོ་ནི་རྒྱ་ནག་གི་གསང་བའི་ལས་ཁུངས་དང་འབྲེལ་ཡོད་ཅིག་ཡིན་པར་བརྗོད་དེ་ཁོང་གི་ནང་མི་རྣམས་ལ་ཐུག་འཕྲད་བྱས་ཡོད་པའི་འཇིགས་སྐུལ་བྱས་པ་མ་ཟད།  བོད་ནང་གི་གསར་འགྱུར་མཁོ་སྤྲོད་བྱེད་མཁན་སུ་ཡིན་པ་དང་། བརྒྱུད་ལམ་ག་རེ་ཐོག་ནས་གསར་འགྱུར་བསྡུ་ལེན་བྱེད་བཞིན་པ་སོགས་ཀྱི་འདྲི་གཅོད་སྣ་མང་བྱས་པའི་དངོས་དོན་ཞིག་འགྲེལ་བརྗོད་གནང་འདུགརྒྱ་ནག་གིས་འཇིགས་སྐུལ་དང་ཉེན་བརྡ་ཕོག་པའི་བོད་ཀྱི་གསར་འགོད་པ་དེའི་ལས་རོགས་ཤིག་སྟེ། ཨ་རིར་རྟེན་གཞི་བྱས་པའི་ལས་རོགས་གསར་འགོད་པ་ཞིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། ཁོང་གི་གྲོགས་པོ་གསར་འགོད་པ་དེ་གནད་དོན་འཕྲད་མ་ཐག་ཁོང་གིས་གསར་འགོད་ཀྱི་ལས་གར་ཞུགས་དུས་ཁོང་གི་གཞིས་བཞུགས་ཀྱི་ནང་མི་རྣམས་ལ་ཉེན་ཁ་ཆེ་བས་སེམས་ཁྲལ་ཆེན་པོ་འདུག་ཅེས་བརྗོད་དེ་ཐད་གར་ལས་གནས་ནས་དགོངས་པ་ཞུས་ཡོད་པའི་གནས་ཚུལ་ངོ་སྤྲོད་གནང་ཡོད་པར་འཁོད་འདུགགསར་འགོད་པས་གོང་གི་གནད་དོན་དེར་གཞིར་བཞག་གིས། རྒྱ་ནག་གིས་བོད་ནང་ཙམ་དུ་མ་ཡིན་པར། རྒྱལ་སྤྱིའི་སྤྱི་ཚོགས་གང་སར་བོད་མི་དང་ཡུ་གུར་ཁ་ཆེ་མི་རིགས་ཀྱི་གསར་འགོད་པ་དང་རྩོམ་པ་པོ་རྣམས་ལ་གནོན་ཤུགས་སྤྲོད་བཞིན་ཡོད་པ་ཕྱིར་བསྒྲགས་གནང་བ་མ་ཟད། སྤྱིར་རྒྱ་ནག་གི་ནང་དུ་གྲངས་ཉུང་མི་རིགས་ ༥༥ ལྷག་ཡོད་པར་འགྲེལ་བརྗོད་ཀྱིས། གྲངས་ཉུང་མི་རིགས་ཁག་ཕུད་པའི་ཧན་རིགས་ཀྱི་མི་འབོར་བརྒྱ་ཆ་ ༩༠ ལྷག་ཟིན་ཡོད་པ་དང་། ད་ཆ་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཁག་རྒྱ་བསྒྱུར་གྱི་སྲིད་བྱུས་སྤེལ་བཞིན་པའི་ཁྲོད། གྲངས་ཉུང་མི་རིགས་ཁག་གི་ཆོས་ལུགས་དང་རིག་གཞུང་ལ་དོ་དམ་ནན་མོ་བྱེད་བཞིན་པ་མ་ཟད། མང་ཚོགས་ཁྲོད་རྒྱ་ནག་གི་སྲིད་བྱུས་དང་འབྲེལ་ནས་སྐྱོན་བརྗོད་བྱེད་མཁན་རྣམས་ལ་དྲག་གནོན་བྱེད་བཞིན་པར་ངོ་སྤྲོད་ཀྱིས། མདོར་ན་རྒྱ་ནག་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གིས་གྲངས་ཉུང་མི་རིགས་ཁག་རྒྱ་ནག་གི་རིག་གཞུང་གི་ཤན་ཤུགས་སྤྲོད་བཞིན་ཡོད་པར་འགྲེལ་བརྗོད་གནང་འདུག གཞན་ཡང་ཁོང་གིས། རྒྱ་ནག་གིས་བོད་ཁུལ་དུ་ལོ་ངོ་བཅུ་ཕྲག་མང་པོའི་རིང་ལ་རིག་གཞུང་རྩ་གཏོར་གྱི་དྲིལ་བསྒྲགས་ཤུགས་ཆེར་སྤེལ་ཡོད་ལྟར། ད་ཆ་བོད་ཁུལ་དུ་ལག་བསྟར་བྱས་ཟིན་པའི་སྲིད་བྱུས་དེ་ཤིན་ཅིང་གི་ནང་དུ་སྤེལ་བཞིན་པ་དང་འབྲེལ་ནས། ཨ་རིའི་ངོས་ནས་རྒྱ་ནག་གི་བྱེད་བབ་དེ་ནི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པར་ཕྱིར་བསྒྲགས་བྱས་ཡོད་པ་མངོན་གསལ་དང་སྦྲགས།  ཁོང་གིས་འབྲེལ་ཡོད་ཀྱི་ཆེད་མཁས་བར་བཅར་འདྲི་ཞུས་པའི་ནང་དུ་ཡང་། སྔོན་ཆད་ཀྱི་བོད་ནང་གི་རྒྱ་ནག་དམར་ཤོག་ཀྱི་དྲུང་ཆེ་དེ་ད་ལྟ་ཤིན་ཅང་གི་ནང་གི་དམར་ཤོག་དྲུང་ཆེ་ཆགས་ཡོད་པའི་ཁྲོད། བོད་ཁུལ་དུ་རིག་གཞུང་བསྲེས་སྦྱོར་དང་གསང་བའི་མྱུལ་ཞིབ་སོགས་ཀྱི་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་པ་བཞིན། ད་ཆ་ཤིན་ཅང་གི་ནང་དུ་ཡང་ཡུ་གུར་ཁ་ཆེ་བ་མི་མང་ས་ཡ་གཅིག་ལྷག་བཀག་སྐྱིལ་བྱས་ཡོད་པ་དང་མུ་མཐུད་དུ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་རྒྱུ་ཡིན་པར་འགྲེལ་བརྗོད་གནང་ཡོད་ལུགས་ལུང་འདྲེན་གནང་འདུགཨ་རིའི་ནང་དུ་PEN ཞེས་པའི་སྨྱུ་གུ་ཚོགས་པའི་ངེས་སྟོན་པ། སྐུ་ཞབས James Tager ལགས་ཀྱིས་རྒྱ་ནག་གིས་སྐད་ཆ་དང་རིག་གནས་ཀྱི་སྟོབས་ཤུགས་ནི་མི་རིགས་གང་དེར་སྐུལ་མ་གཏོང་བའི་སྟོབས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་པ་དང་འབྲེལ།  བོད་ཁུལ་དང་ཤིན་ཅང་ནང་གི་རིག་གནས་རྩ་གཏོར་གྱི་སྲིད་བྱུས་ཁག་མངོན་པར་མི་གསལ་བའི་ཐོག་ནས་རྒྱུན་སྐྱོང་བྱེད་བཞིན་པ་ཞིག་ཡིན་པར་མངོན་གསལ་གྱིས།  རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཞི་བའི་ཐོག་ནས་རིག་གནས་ཀྱི་ཐོབ་ཐང་རྩོད་མཁན་རྣམས་ནི་ཉེས་ཅན་དུ་ངོས་འཛིན་བྱེད་བཞིན་ཡོད་པར་བསྒྲགས་འདུག    དེ་བཞིན་ཨ་རིར་རྟེན་གཞི་བྱས་པའི་ Freedom House ཞེས་པའི་རང་དབང་ཁང་པས་ཀྱང་། རྒྱ་ནག་གིས་བོད་མི་དང་ཡུ་གུར་ཁ་ཆེ་མི་རིགས་ཙམ་མིན་པར། ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་རྣམས་ལ་ཡང་འཕྲུལ་ལས་ཀྱིས་གསང་ཉུལ་བྱས་པ་བརྒྱུད་ནས་དངོས་སུ་བརྙས་བཅོས་དང་མནར་གཅོད་གཏོང་གི་ཡོད་པ་ཡོངས་གྲགས་གནང་འདུག གཞི་རྩའི་རྩོམ་ཡིག་དེའི་ནང་དུ་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཁག་གི་སྐད་དང་ཡི་གེ་རྩ་གཏོར་གཏོང་བཞིན་པའི་སྲིད་བྱུས་ཐེར་འདོན་གྱིས། སྲིད་བྱུས་སྣ་མང་གི་ཁྲོད་དུ་རིག་གཞུང་སྲུང་སྐྱོབ་དང་གནས་ཚུལ་ཕྱིར་བསྒྲགས་བྱེད་མཁན་རྣམས་ལ་དམ་དྲག  དེ་བཞིན་བོད་དེ་འཛམ་གླིང་ནང་གི་རང་དབང་ཆེས་ཞན་ཤོས་ཀྱི་ས་ཁུལ་ཞིག་ཆགས་ཡོད་པ་ཙམ་དུ་མ་ཟད། ད་ཆ་བོད་ནང་དུ་རྒྱ་ནག་གི་གསང་བའི་ལྟ་སྲུང་གི་འོག་ཏུ་རྒྱ་ནག་གི་དྲག་སྤྱོད་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་ཕྱིར་སྤྲོད་བྱེད་རྒྱུར་དཀའ་ངལ་འཕྲད་བཞིན་པ་སོགས་དང་འབྲེལ་ནས། ཕྱི་ལོགས་ཀྱི་རང་དབང་ལྡན་པའི་རྒྱལ་སྤྱིའི་གསར་འགོད་པ་རྣམས་དངོས་སུ་བོད་ཁུལ་དུ་སྐྱོད་ནས་གནས་ཚུལ་རྒྱུས་ལོན་བྱེད་དགོས་བ་གལ་ཆེན་ཡིན་པ་སོགས་ཀྱི་གནས་ཚུལ་སྤེལ་འདུག  

༸སྐྱབས་རྗེ་བདུད་འཇོམས་རིན་པོ་མཆོག་དགོངས་པ་རྫོགས་ནས་ཐུགས་དམ་ལ་བཞུགས་མུས།

༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་ཉེ་ཆར་ཕྱི་ཟླ་ ༢ ཚེས་ ༡༤ ཉིན་གྱི་ཐོ་རེངས་ལ་མཚོ་སྔོན་དུ་རིན་པོ་ཆེའི་གཟིམ་ཆུང་ནང་དགུང་གྲངས་ ༣༢ ཐོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པ་དང་། ད་ལྟའི་ཆར་རིན་པོ་ཆེ་མཆོག་ཐུགས་དམ་ལ་བཞུགས་མུས་རེད་འདུག ༸སྐྱབས་རྗེ་བདུད་འཇོམས་རིན་པོ་མཆོག་གི་བླ་བྲང་གིས་དེ་རིང་རིན་པོ་ཆེ་༸གང་ཉིད་མཆོག་དགོངས་པ་གཞན་དོན་དུ་གཤེགས་པའི་སྤྱི་བསྒྲགས་ཤིག་སྤེལ་འདུག་པའི་ནང་། ༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་སངས་རྒྱས་པདྨ་བཞད་པ་༸གང་ཉིད་མཆོག་༸སྐུ་ན་ཆུང་དུས་ནས་ད་བར་༸སྐུ་ལ་མི་བདེ་བའི་སྙུང་གཞི་གང་ཡང་བཞེད་མེད་ཀྱང་། ཟླ་བ་འདིའི་ཚེས་ ༡༣ གྱི་དགོང་མོར་རིན་པོ་ཆེ་མཆོག་གིས་སང་ཉིན་ང་རང་ངལ་གསོ་བྱེད་དགོས་པས་ཁྱེད་རྣམས་ཅུང་ཁུ་སིམ་དང་བདེ་མོ་གྱིས་ཞེས་བཀའ་སྩལ་ནས་གཟིམ་ཁང་དུ་ཕེབས་ཡོད་པ་དང་། ཕྱི་ཉིན་ཏེ་ཕྱི་ཚེས་ ༡༤ ཞོགས་པའི་གསོལ་ཚོགས་སུ་གདན་ཞུ་ཆེད་བཅར་སྐབས་བློ་ཡུལ་དུ་ཤོང་དཀའ་བར་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ཡོད་པ་དང་། ད་ལྟའི་ཆར་རིན་པོ་ཆེ་མཆོག་ཐུགས་དམ་ལ་བཞུགས་མུས་ཡིན་སྐོར་བཀོད་འདུགརྗེས་སུ་ཐུགས་དམ་ལས་གྲོལ་རྗེས་ཞེའུ་དགོན་དུ་གདན་འདྲེན་ཞུ་རྒྱུ་དང་དགུང་ཞག་ཞེ་དགུའི་རིང་རྡོར་སེམས་བླ་མ་མཆོད་པའི་སྒོ་ནས་དགོངས་རྫོགས་མཆོད་འབུལ་ཞུ་རྒྱུ་མ་ཟད། རིན་པོ་ཆེ་༸གང་གི་ས་ལམ་གྱི་བར་ཆད་མེད་པར་དགོངས་པ་གེགས་མེད་རྫོགས་ཏེ་རླབས་ཆེན་བསྟན་འགྲོའི་བཞེད་དོན་མཐའ་དག་འགྲུབ་སླད་དུ། བོད་གཙོས་པའི་རྒྱ་དང་བལ་ཡུལ། འབྲུག འབྲས་ལྗོངས་སོགས་འཛམ་གླིང་ཡུལ་གྲུ་ཁག་གི་རང་ལུགས་དགོན་སྡེ་སློབ་ཚོགས་ཀུན་གྱིས་བླ་མའི་རྣལ་འབྱོར་དང་བླ་མ་མཆོད་པའི་ཆོ་ག་སོགས་རྣམ་དཀར་དགོངས་རྫོགས་ཀྱི་ལས་ལ་ཅི་ནུས་སུ་འབད་པ་དང་ཐུགས་སྨོན་གནང་བའི་གཞེན་སྐུལ་གྱི་སྤྱི་བསྒྲགས་ཤིག་སྤེལ་འདུགགཞི་རྩའི་༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་སངས་རྒྱས་པདྨ་བཞད་པ་༸གང་ཉིད་མཆོག་ནི། ཕྱི་ལོ་ ༡༩༩༠ ལོར་ཡབ་མདོ་བླ་འཇིགས་མེད་ཆོས་ཀྱི་ཉི་མ་རིན་པོ་ཆེ་དང་མ་ཡུམ་པདྨ་མཁའ་འགྲོ་རྣམ་གཉིས་ཀྱི་སྲས་སུ་འཁྲུངས་པ་དང་། ༸སྐྱབས་རྗེ་གོང་མས་མ་འོངས་མངོན་གཟིགས་ཀྱིས་འདའ་ཁའི་ཞལ་ཆེམས་ལས་སླར་རང་གི་ཁྱིམ་རྒྱུད་དུ་འབྱོན་པར་ལུང་བསྟན་པ་དང་། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་དང་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རྣམ་གཉིས་ཀྱི་གསུང་འཕྲིན་ཕེབས་དོན་བཞིན། བྱ་བྲལ་རིན་པོ་ཆེ། ༸དཔལ་ས་སྐྱའི་སྒྲོལ་མ་ཕོ་བྲང་གོང་མ་ཁྲི་ཆེན་རིན་པོ་ཆེ་དང་། ས་སྐྱའི་བདག་ཆེན་དང་འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སོགས་གསར་རྙིང་གི་བླ་ཆེན་མཁས་གྲུབ་དམ་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བདུད་འཇོམས་རིན་པོ་ཆེ་སྐུ་ཕྲེང་གཉིས་པའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་མཛད་ཡོད།དེ་རྗེས་ཕྱི་ལོ་ ༡༩༩༤ ལོར་བྱ་བྲལ་རིན་པོ་ཆེས་དངོས་སུ་གསུང་འཕྲིན་དང་བཅས་ཡང་སྲིད་རིན་པོ་ཆེ་བལ་ཡུལ་དུ་གདན་དྲངས་པ་དང་། དེ་རྗེས་གནས་ཡུལ་ཉེར་བཞིའི་ཡ་གྱལ་བལ་ཡུལ་གྱི་གནས་མཆོག་ཆེན་པོ་གོ་དྷ་ཝ་རིར། ཤིང་ཁྱི་ལོའི་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན་སྔ་འགྱུར་བསྟན་པའི་སྲོག་ཤིང་༸སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ། ཞི་ཆེན་རབ་འབྱམས་པ། ཀཿཐོག་སི་ཏུ་སོགས་བླ་ཆེན་མཁན་སྤྲུལ་སེར་སྐྱ་འདུས་པ་ཁྲི་ཕྲག་འཁོར་གྱིས་བསྐོར་བའི་དབུས་སུ་ བདུད་འཇོམས་སངས་རྒྱས་པདྨ་བཞད་པ་འགྲོ་འདུལ་རིག་འཛིན་ཕྲིན་ལས་གྲུབ་པའི་སྡེ་ཞེས་མཚན་གསོལ། Spain ནང་རྟེན་གཞི་བྱས་པའི་བདུད་འཇོམས་ལྟེ་གནས་ཁང་གི་ངོས་ནས་ཐུགས་འགན་གཙོ་བཞེས་ཐོག་ཕྱི་ལོ་ ༢༠༡༨ ལོར་རིན་པོ་ཆེ་མཆོག་ནུབ་ཕྱོགས་རྒྱལ་ཁབ་ཨ་རི་དང་ཁེ་ན་ཌར་ཆེས་ཐོག་མ་ཆིབས་བསྒྱུར་བསྐྱངས་པ་དང་། དེ་རྗེས་ ༢༠༡༩ ལོར་ཡོ་རོབ་རྒྱལ་ཁབ་སི་པེན་དང་སུད་སི། ཕ་རན་སི། དེ་བཞིན་ར་ཤི་ཡ་བཅས་ལ་ཕེབས་ནས་འགྲོ་དོན་མཛད་ཡོད། ཕྱི་ལོ་ ༢༠༡༨ བར་བོད་གཞིས་བྱེས་གཉིས་སུ་བྱ་བྲལ་རིན་པོ་ཆེའི་ལམ་སྟོན་འོག་ནས་གཞུང་ཆེན་དག་ལ་གསན་བསམ་སྒོམ་གསུམ་གྱི་བསླབ་པ་སློབ་གཉེར་གནང་བ་མ་ཟད། བོད་གཙོ་བོར་གྱུར་པའི་རྒྱ་གར་དང་བལ་ཡུལ། འབྲུག འབྲས་ལྗོངས། དེ་བཞིན་འཛམ་གླིང་ཡུལ་གྲུ་ཁག་གི་དད་ལྡན་རྗེས་འབྲང་པ་དུ་མར་བཀའ་ཆོས་དང་ལམ་སྟོན་རྒྱ་ཆེར་བསྐྱངས་ཡོད།    

ཐེ་ཝན་རིག་གཞུང་བློན་ཆེན་མཆོག་དང་མཇལ་འཕྲད་ཀྱིས་བོད་ཀྱི་རིག་གཞུང་ངོ་སྤྲོད་ཀྱི་ལས་འགུལ་ནང་ནུས་པ་མཉམ་སྤུངས་དགོས་པའི་ཞུ་སྐུལ།

ཁ་ཉིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ནས་ཡུལ་དེའི་རིག་གཞུང་ལྷན་ཁང་གི་བློན་ཆེན་སྐུ་ཞབས་ Lee Yung Te མཆོག་དང་མཇལ་འཕྲད་གནང་སྟེ་ཐེ་བོད་དབར་གྱི་འབྲེལ་ལམ་གོང་འཔེལ་གཏོང་ཐབས་སླད་བཀའ་བསྡུར་ཞུས་འདུགཟླ་བ་འདིའི་ཚེས་ ༡༦ ཉིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཡུལ་དེའི་རིག་གཞུང་ལྷན་ཁང་གི་བློན་ཆེན་མཆོག་དང་མཇལ་འཕྲད་གནང་སྟེ་བོད་སོག་ལས་ཁུངས་སྒོ་བརྒྱབ་པའི་རྗེས་རིག་གཞུང་ལྷན་ཁང་གི་འོག་ཏུ་བོད་སོག་རིག་གཞུང་བསྟི་གནས་ཁང་གསར་དུ་བཙུགས་ནས་དོན་གཅོད་ལས་ཁུངས་དང་ཐད་ཀར་འབྲེལ་བ་གསར་པ་འགོ་བཙུགས་པ་མ་ཟད་འབྲེལ་ཡོད་དཔོན་རིགས་ཐེངས་དང་པོར་གཞུང་འབྲེལ་ཐོག་བཞུགས་སྒར་དྷརྨ་སཱ་ལཱར་ཕེབས་ཐུབ་པ་བྱུང་ཡོད་སྐོར་སོགས་དང་འབྲེལ་ནས་དོན་གཅོད་ལས་ཁུངས་ཀྱི་ལས་དོན་དང་གངས་ལྗོངས་དཔེ་སྐྲུན་ཁང་གི་ལས་དོན་སོགས་ངོ་སྤྲོད་གནང་སྟེ། གཙོ་བོ་མ་འོངས་པར་རིག་གཞུང་ལྷན་ཁང་ནས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ལས་འགུལ་གང་ཞིག་སྤེལ་བའི་གྲ་སྒྲིག་སྐབས་དོན་གཅོད་ལས་ཁུངས་དང་མཉམ་འབྲེལ་གནང་ཐུབ་ཚེ་བོད་ཀྱི་རིག་གཞུང་ངོ་མ་གང་ཡིན་མངོན་གསལ་ཐུབ་པའི་ཡིད་ཆེས་ཡོད་སྐོར་གསུངས་འདུགལྷག་དོན་ཐེ་བོད་དབར་གྱི་འབྲེལ་ལམ་ཡག་ཏུ་འགྲོ་བཞིན་པའི་བརྒྱུད་རིམ་ཁྲོད་བཙན་བྱོལ་བོད་མི་ལག་དེབ་སེར་པོ་འཁྱེར་མཁན་རྣམས་ཐེ་ཝན་དུ་སློབ་སྦྱོང་དང་ནང་ཆོས་སྤེལ་བ། ཕྱག་ལས་གནང་ཆོག་པའི་མཐོང་མཆན་ཞུ་ཕྱོགས་སྐོར་གྱི་དཀའ་ངལ་སེལ་ཐབས་སླད་ཐེ་ཝན་སྲིད་འཛིན་ལས་ཁུངས་གཙོས་འབྲེལ་ཡོད་ལྷན་ཁང་ཁག་ལ་ཞུ་སྐུལ་གནང་བའི་བརྒྱུད་རིམ་དང་གནས་བབས་སོགས་སྙན་སེང་ཞུས་པར་བློན་ཆེན་མཆོག་ནས་དེར་རྒྱབ་སྐྱོར་ཡོད་པའི་ཞལ་བཞེས་དང་སྲིད་འཛིན་མཆོག་གི་དགོངས་པ་ཇི་ཡོད་སོགས་གསུངས་འདུགསྐབས་དེར་ཐེ་ཝན་རིག་གཞུང་བློན་ཆེན་ Lee Yung Te མཆོག་གིས་བོད་ནི་མཛེས་སྡུག་ལྡན་པ་ཞིག་དང་བོད་ཀྱི་རིག་གཞུང་ཕུན་སུམ་ཚོགས་པོ་ཡོད་པ་ངོ་སྤྲོད་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་པ་དང་འབྲེལ། བོད་དུ་ཐེངས་གཅིག་ཕེབས་ཐུབ་རྒྱུ་ནི་ཁོང་གི་སྐུ་ཟླའི་རྨི་ལམ་ཡིན་ཡང་། ད་ལྟའི་གནས་སྐབས་སུ་ཡོང་ཐབས་མི་འདུག་ཅེས་གསུངས་ཏེ་རིག་གཞུང་ལྷན་ཁང་གི་བོད་སོག་རིག་གཞུང་བསྟི་གནས་ཁང་ནས་ད་བར་བོད་ཀྱི་རིག་གཞུང་ངོ་སྤྲོད་ཀྱི་ལས་འགུལ་གང་ཙམ་སྤེལ་ཡོད་པ་དང་མ་འོངས་པར་དེ་འབྲེལ་ལས་འགུལ་སྤེལ་སྐབས་དོན་གཅོད་ལས་ཁུངས་དང་མཉམ་འབྲེལ་གནང་རྒྱུ་མ་ཟད། ཐེ་བོད་དབར་གྱི་འབྲེལ་ལམ་ཡག་ཏུ་གཏོང་བར་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་སོགས་གནང་ཡོད།གཞན་ཡང་དོན་ཁང་གི་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་ཀྱིས་དེ་སྔ་ཕྱི་ལོ་ ༢༠༠༩ ལོར་ཐེ་ཝན་ནང་༸གོང་ས་མཆོག་གི་ལྷོ་ཕྱོགས་ཁུལ་གྱི་མཛད་རིམ་གོ་སྒྲིག་དང་། ༸སྐུ་ཕྱྭའི་བདེ་འཇགས་ཀྱི་གཙོ་བོའི་ཐུགས་འགན་བཞེས་པ་མ་ཟད་ཐེ་ཝན་ནང་ལོ་ལྟར་གོ་སྒྲིག་གནང་སྲོལ་ཡོད་པའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཆེན་མོ་ནང་གངས་ལྗོངས་དཔེ་སྐྲུན་ཁང་ལ་མཉམ་ཞུགས་ཀྱི་གོ་སྐབས་གནང་གི་ཡོད་པ་སོགས་ལ་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་ཆབས་ཅིག སླད་མར་མཐུན་འགྱུར་གྱི་རྒྱབ་སྐྱོར་ཡོང་བར་འབོད་སྐུལ་ཞུས་ཡོད། སྐུ་ཚབ་དོན་གཅོད་ཀྱིས་ཐེ་ཝན་དད་ལྡན་མང་ཚོགས་ནང་༸གོང་ས་མཆོག་སླར་ཐེ་ཝན་དུ་ཆིབས་བསྒྱུར་ཐེངས་གཅིག་མཛད་ཐུབ་རྒྱུའི་རེ་བ་ཆེན་པོ་གནང་བཞིན་པའི་གནས་ཚུལ་དང་། བློན་ཆེན་མཆོག་ཀྱང་བཞུགས་སྒར་དུ་རིག་གཞུང་འཚམས་གཟིགས་ལ་ཕེབས་ཐུབ་པའི་རེ་བ་ཡོད་པ་བཅས་གསུངས་འདུག མཇལ་མོལ་དེའི་སྐབས་བློན་ཆེན་མཆོག་ལ་གངས་ལྗོངས་དཔེ་སྐྲུན་ཁང་ནས་པར་སྐྲུན་ཞུས་པའི་ལོ་རྒྱུས་ཐོག་བོད་རྒྱ་ཁོངས་མིན་པའི་དཔང་རྟགས་ཀྱི་འབྲེལ་ཡོད་དཔེ་དེབ་ཁག་གཅིག་ཕྱག་རྟགས་སུ་ཕུལ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དེ་རིང་ཉིན་རྒྱབ་ཚོུད་ ༣ ཐོག་ཐའེ་ཝན་ནང་གི་ Hal Ka Affairs ལྷན་ཁང་གི་བློན་ཆེན་སྐུ་ཞབས་ཡང་ཁྲང་ཁྲིན་ལགས་སྐུ་ཚབ་དོན་ཁང་དུ་ཆེད་ཕེབས་ཀྱིས་ལས་དོན་གང་མང་ཐོག་བཀའ་སྡུར་གནང་བ་མ་ཟད། ཕྱི་ཚེས་ ༢༡ ཉིན་སྔ་དྲོ་ཐེ་ཝན་ཕྱི་མི་གནས་སྤོས་ལས་ཁང་གི་འགན་འཛིན་གཞོན་པ་དང་ལས་བྱེད་ཁག་ཅིག་བཅས་དོན་གཅོད་ཁང་དུ་ཕེབས་ཏེ་ཕྱིར་སྐྱོད་ལག་དེབ་སེར་པོའི་སྐོར་བཀའ་གནང་རྒྱུ་རེད་འདུག འབྲེལ་ཡོད་པར་ཁག་གི་བདག་དབང་བོད་མིའི་སྒྲིག་འཛུགས་ལ་ཡོད།

རེས་གཟའ་ཕུར་བུ། ༢༠༢༢།༠༢།༡༧

ཉན་པ།: Listen ཕབ་ལེན། Download རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་དང་མཇལ་འཕྲད་ཀྱིས་བོད་དོན་སྙན་སེང་། བོད་དོན་ཆེད་ལེ་དབར་ཆིག་ཁྲི་དགུ་སྟོང་ལྷག་སྦག་སྦག་སྐོར་སྐྱོད་གནང་སྟེ་ལས་འགུལ་མཇུག་སྒྲིལ། Enes Kanter Freedom ལགས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་མཚན་འདོན། རྒྱལ་སྤྱིའི་དངུལ་ཁང་གིས་རྒྱ་ནག་གི་དྲག་གནོན་གྱི་དྲིལ་བསྒྲགས་ལ་མ་དངུལ་སྤྲད་ཡོད་པའི་སྐྱོན་བརྗོད། ཧོང་ཀོང་གི་སྒྱུ་རྩལ་བ་ཞིག་ལ་རྒྱལ་ཁབ་མགོ་སྟེང་སློག་ཐབས་བྱས་པ་སོགས་ཉེས་འཛུགས་ཀྱིས་འཛིན་བཟུང་། རྒྱ་རིགས་ཚོང་པ་ཞིག་གིས་ཨོ་གླིང་གི་འོས་བསྡུར་ཤུགས་རྐྱེན་སྤྲོད་ཐབས་བྱེད་བཞིན་པ་ཐེར་འདོན། འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། འཕྲུལ་ཐང་གི་ཕན་ཡོན། Thursday 17/02/2022 US Tibetan Representative meets USCIRF Ambassador Rashad Hussain All India solo bike rally for Tibet concludes in Delhi Enes Kanter Freedom’s name put up for Nobel Peace Prize World Bank accused of funding Xinjiang repression campaign Hong Kong pop singer arrested on national security grounds, restricts internet Chinese businessman named as puppeteer behind foreign interference plot, Australia Health and Wellness: Benefits of Trulthang

རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་དང་མཇལ་འཕྲད་ཀྱིས་བོད་དོན་སྙན་སེང་།

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་ནས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་སྐུ་ཞབས་ Rashad Hussain ལགས་གཙོས་འབྲེལ་ཡོད་ལས་བྱེད་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་བོད་ནང་གི་གནས་སྟངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་སོགས་ཀྱི་སྐོར་སྙན་སེང་ཞུས་འདུག ཁེ་ཉིན་ཕྱི་ཚེས་ ༡༥ ཉིན་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་དང་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་བཀྲིས་དོན་གྲུབ་ལགས་རྣམ་གཉིས་ནས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་སྐུ་ཞབས་ Rashad Hussain ལགས་དང་འབྲེལ་ཡོད་ལས་བྱེད་ Alyx Hoge ལགས་རྣམ་གཉིས་དང་མཇལ་འཕྲད་གནང་སྟེ་བོད་ནང་ལ་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་གཙོ་གྱུར་བོད་མིའི་ངོ་བོ་དང་ཆོས་དད་རང་དབང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་བཞིན་སྲིད་བྱུས་ཁག་བསྟུད་མར་ལག་བསྟར་བྱེད་བཞིན་པའི་གནས་སྟངས་ཁག་སྙན་སེང་ཞུས་ཡོད་པ་རེད། སྐུ་ཚབ་དོན་གཅོད་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་རྒྱུར་དབུ་མའི་ལམ་གྱི་ཐོག་ཤར་སྐྱོད་གནང་སྟེ་བོད་རྒྱ་ཕྱོགས་གཉིས་དབར་གྱི་འབྲེལ་མོལ་སླར་གསོ་ཡོང་བར་འབད་བརྩོན་གནང་མུས་ཡིན་པ་དང་། རྒྱལ་སྤྱིའི་ངོས་ནས་ཀྱང་རྒྱ་ནག་ལ་གནོན་ཤུགས་དང་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བའི་འབོད་སྐུལ་སོགས་ཞུས་འདུག་པ་དང་། སྐབས་དེར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་སྐུ་ཞབས་ Rashad Hussain ལགས་ཀྱིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་འབྲེལ་བ་དམ་ཟབ་ཐོག་ཆོས་དད་རང་དབང་གཙོས་བོད་ཀྱི་གནད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་དང་ལས་གཞི་མཉམ་རུབ་གནང་རྒྱུའི་ཞལ་བཞེས་གནང་བ་མ་ཟད། སླད་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཐུབ་རྒྱུའི་འདུན་པ་ཤུགས་ཆེ་ཡོད་པ་གསུངས་ཡོད། གཞི་རྩའི་སྐུ་ཞབས་ Rashad Hussain ལགས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་སྐུ་ཚབ་ལ་བསྐོ་གཞག་བྱུང་རྗེས་བོད་མིའི་གནད་ཡོད་མི་སྣ་དང་དངོས་སུ་མཇལ་འཕྲད་བྱུང་བ་ད་རེས་ཐོག་མའི་གྲས་ཤིག་ཆགས་ཀྱི་ཡོད་པ་དང་དེ་སྔ་ཁོང་གོ་གནས་དེའི་ཐོག་ནས་ཤིན་ཅང་ནང་གི་གནད་དོན་དང་འབྲེལ་ཁ་ཆེ་གྲངས་ཉུང་མི་རིགས་ཚོའི་ཐོབ་ཐང་སྲུང་སྐྱོབ་སླད་ཁ་ཆེའི་རྒྱལ་ཁབ་ཚོ་དང་ལྷན་དུ་ཕྱར་བ་གྲུ་འདེགས་ཀྱི་ཐོག་ནས་ཕྱག་ལས་གནང་རྒྱུ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་བཙན་དབང་གིས་གར་སོང་ཆ་མེད་དུ་བཏང་བའི་གནས་ཚུལ་ལུང་འདྲེན་དང་སྦྲགས་ཏེ། རྒྱ་ནག་ནི་འཛམ་གླིང་ནང་ཆོས་དད་རང་དབང་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་དེ་ཡིན་སྟབས་མ་འོངས་པའི་ལས་དོན་ཁྲོད་ཆོས་དད་རང་དབང་གཙོ་གྱུར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་སྐོར་རྒྱ་ནག་ལ་ཐད་ཀར་བཀའ་མོལ་གནང་གི་ཡིན་ཞེས་གསུངས་ཡོད།

བོད་དོན་ཆེད་ལེ་དབར་ཆིག་ཁྲི་དགུ་སྟོང་ལྷག་སྦག་སྦག་སྐོར་སྐྱོད་གནང་སྟེ་ལས་འགུལ་མཇུག་སྒྲིལ།

རྒྱ་གར་བྱང་ཕྱོགས་དོན་གྲུབ་གླིང་གཞིས་ཆགས་ནས་ཡིན་པའི་ཚེ་རིང་ཡེ་ཤེས་ལགས་ཀྱིས་བོད་དོན་ཆེད་ཕྱི་ལོ་ ༢༠༢༡ ནས་དབུ་འཛུགས་གནང་བའི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དེ་ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རོ་ཧི་ནི་བོད་ཁྱིམ་སྡོད་ཁང་མཇུག་སྒྲིལ་གནང་ཡོད་པ་རེད།ཚེ་རིང་ཡེ་ཤེས་ལགས་ཀྱི་སྦག་སྦག་སྐྱོད་ཀྱི་ལས་འགུལ་གྱི་དམིགས་ཡུལ་ནི། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་གཟེགས་རྟགས་མཐོ་ཤོས། Bharat Ratna  ཞེས་པ་དེ་འབུལ་ལམ་ཞུ་རྒྱུར་མཚན་རྟགས་བསྡུ་རུབ་ཀྱི་ཞུ་སྐུལ་གནང་ཕྱིར་ཡིན་པ་དང་། ཁོང་གིས་ཁ་སང་བར་རྒྱ་གར་གྱི་མངའ་སྡེ་ཁག་ ༢༥ ནང་སྦག་སྦག་སྐོར་སྐྱོད་་གནང་ཡོད་པ་རེད།ཁ་སང་བོད་ཁྱིམ་སྡོད་ཁང་དུ་ཚོགས་པའི་མཇུག་སྡོམ་མཛད་སྒོའི་ཐོག་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་སྒེར་ལ་མཚན་གནས་ཆེ་བའི་གཟེངས་རྟགས་དེ་ལྟ་བུ་ཞིག་ཉེ་མཁོ་མ་མཆིས་ཀྱང་། གཟེངས་རྟགས་དེའི་བརྒྱུད་ནས་མགོན་པོ་༸གང་ཉིད་མཆོག་ལ་བཀྲིན་རྗེས་དྲན་དང་ལྷག་དོན་རྒྱལ་སྤྱི་དང་རྒྱ་གར་གཞུང་མང་གི་བོད་དོན་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཞིག་འགྲོ་ངེས་ཡིན་པར་ཡིད་ཆེས་ཞུ་བཞིན་ཡོད་ཅེས་གསུངས་འདུག ཚེ་རིང་ཡེ་ཤེས་ལགས་ཀྱིས་ཐེངས་འདིའི་སྦག་སྦག་སྐོར་སྐྱོད་ཀྱི་ཐོག་མའི་དམིགས་ཡུལ་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་གཟེགས་རྟགས་མཐོ་ཤོས། Bharat Ratna  ཞེས་པ་དེ་འབུལ་ལམ་ཞུ་རྒྱུར་མཚན་རྟགས་བསྡུ་རུབ་ཀྱི་ཞུ་སྐུལ་གནང་འཆར་ཡོད་ཀྱང་། ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༣ ཚེས་ ༢༢ ཉིན་བཞུགས་སྒར་དྷརྨ་ཤཱ་ལཱ་ནས་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་ཆེད་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དབུ་འཛུགས་གནང་ནས་ཉིན་གྲངས་ཁ་ཤས་རྗེས་སུ་༸དཔལ་ལྡན་དགའ་སྡན་ཕོ་བྲང་ཡིག་ཚང་ནས་དེ་ལྟར་གནང་ཐལ་མི་གནང་བའི་བཀའ་དགོངས་ཕེབས་ཡོད་པ་ལྟར་ ལས་འགུལ་གྱི་འབོད་སྒྲར་བསྒྱུར་བཅོས་གནང་དགོས་བྱུང་སྟེ་ Ride For Pride ཞེས་པའི་འབོད་ཚིག་འོག་ད་བར་རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེ་ཁག་ ༢༥ ནང་མུ་མཐུད་ནས་སྐོར་སྐྱོད་གནང་ཡོད་པ་དང་། ཁོང་གི་ངོས་ནས་མང་ཚོགས་ཁྲོད་དངོས་སུ་མཚན་རྟགས་བསྡུ་རུབ་གནང་མི་འདུག་ཀྱང་།   ས་གནས་ཀྱི་མང་ཚོགས་ལ་ཐོག་མའི་དམིགས་ཡུལ་ལྟར་གཟེངས་རྟགས་འབུལ་བཞེས་ཐོག་རྒྱབ་སྐྱོར་གནང་དགོས་པའི་ཞུ་སྐུལ་དང་ལྷག་པར་དུ་ཁ་སང་སླར་བོད་ཁྱིམ་གྱི་སློབ་ཕྲུག་ཚོར་དེ་ལྟར་སྐུལ་མ་གནང་ཡོད། མཇུག་སྡོམ་གྱི་མཛད་སྒོ་ཐོག་ལྡི་ལི་མཐོ་སློབ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་བོད་ཁྱིམ་སྡོད་ཁང་གི་སློབ་མ་གྲངས་ ༥༠ ལྷག་ཙམ་ཞིག་འདུ་འཛོམས་བྱུང་བ་བཞིན་སྐབས་དེར་ཚེ་རིང་ཡེ་ཤེས་ལགས་ཀྱིས་བོད་རིགས་ན་གཞོན་ཚོར་སོ་སོའི་རྒྱལ་ཁབ་དང་མི་རིགས། ལེགས་བྱང་། ཆོས་རིག་བཅས་པ་རྩ་མེད་བཟོ་མཁན་རྒྱ་གཞུང་ངེས་པར་དུ་མ་བརྗེད་པ་གནང་དགོས་པ་མ་ཟད་ཁྱད་པར་དུ་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་དུས་ཚོད་རྒྱས་བཅད་ཀྱིས་འགན་བཞེས་དགོས་པའི་གཞེན་སྐུལ་གནང་ཡོད།སྦག་སྦག་སྐོར་སྐྱོད་ཀྱི་མཇུག་སྡོམ་མཛད་སྒོ་དེ་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་ངོས་ནས་གོ་སྒྲིག་ཞུས་ཡོད་པ་དང་མཛད་སྒོའི་སྐུ་མགྲོན་གཙོ་བོར་ BTSM རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་ Pankaj Goyal མཆོག་གིས་དབུས་པའི་འབྲེལ་ཡོད་ཁག་ཅིག་ཕེབས་འདུགསྐབས་དེར་སྐུ་ཞབས་ Pankaj Goyal མཆོག་གིས་རྒྱ་ནག་གཞུང་ནས་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་བཅས་པ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ལ་ངོ་རྒོལ་དང་ཚེ་རིང་ཡེ་ཤེས་ལགས་ཀྱི་ལས་འགུལ་ལ་བསྔགས་བརྗོད་གནང་སྟེ། བོད་རིགས་ན་གཞོན་ཚོས་སོ་སོའི་མི་རིགས་ཀྱི་ཆོས་རིག་དང་། ལེགས་བྱང་། སྐད་ཡིག་བཅས་པ་མི་ཉམས་རྒྱུན་འཛིན་གནང་གལ་ཡིན་པ་མ་ཟད། བོད་རྒྱལ་ཁབ་ཀྱི་རང་དབང་སླར་གསོ་གནང་བའི་སེམས་ཤུགས་དགོས་པར་སྐུལ་མ་སོགས་གནང་ཡོད།

 Enes Kanter Freedom ལགས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་མཚན་འདོན།

ཨ་རིའི་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་སྐུ་ཞབས་ Enes Kanter Freedom ལགས་ཕྱི་ལོ་ ༢༠༢༢ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་དམིགས་ཁོངས་སུ་མཚན་འདོན་གནང་འདུག ཨ་རིའི་ཆབ་སྲིད་དང་ཕྱི་འབྲེལ་སྲིད་བྱུས་སོགས་ཀྱི་ཐོག་རྩོམ་སྤེལ་བའི་ The Atlantic བརྙན་དེབ་ནང་ནོར་ཝེ་གྲོས་ཚོགས་འཐུས་མི་ཞིག་གིས་སྐུ་ཞབས་  Kanter ལགས་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་མཚན་འདོན་གནང་ཡོད་པའི་གནས་ཚུལ་བཀོད་འདུག སྐུ་ཞབས་ Kanter ལགས་ཀྱིས་རང་ཉིད་ཀྱི་ Twitter  དྲ་ལམ་ཐོག་ཁོང་རང་ཉིད་ད་རེས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་དམིགས་ཁོངས་སུ་མིང་འདོན་གནང་བར་དགའ་སྤོབས་ཡོད་པར་གསུངས་པ་དང་ཆབས་ཅིག སྐབས་རེ་དངུལ་ཁོ་ན་མ་དགོངས་པར་རང་ཉིད་ནས་ལངས་ཕྱོགས་ངེས་ཅན་ཞིག་བཟུང་གལ་ཆེ་སྐོར་གསུངས་འདུག སྐུ་ཞབས་ Kanter ལགས་ནས་འདས་པའི་དུས་ཡུན་ནང་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནད་དོན་ལ་འཛེམ་ཟོན་མེད་པར་ཞི་ཅིན་ཕིང་ལ་ཐད་ཀར་སྐྱོན་བརྗོད་གནང་བ་མ་ཟད། སིལ་སྤོལ་རྩེད་འགྲན་སྐབས་བོད་ལ་རང་དབང་དགོས། པེ་ཅིང་གི་དགུན་དུས་ཨོ་རྩལ་ལ་ངོ་རྒོལ།  དེ་བཞིན་ཡུ་གུར་མི་རིགས་རྩ་མེད་ཀྱི་སྲིད་བྱུས་མཚམས་འཇོག་དགོས་པ་སོགས་ཀྱི་རི་མོ་དང་ཡི་གེ་འཁོད་པའི་ལྷམ་གྱོན་ཏེ་ཡོངས་གྲགས་ཀྱིས་རྒྱ་གཞུང་ལ་སྐྱོན་བརྗོད་ཡང་གནང་ཡོད། ལྷག་པར་དུ་ཁོང་གི་ངོས་ནས་བོད་མི་དང་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་རྒྱབ་སྐྱོར་གནང་བའི་རྐྱེན་གྱིས་ཁོང་གི་སིལ་སྤོལ་རུ་ཁག་གི་རྩེད་མོ་ཡོངས་རྒྱ་ནག་ཏུ་རྒྱང་བསྲིང་བྱ་རྒྱུ་ཕྱིར་འཐེན་བྱས་ཡོད་པ་རེད། ཉེ་ལམ་ Boston Celtics ནས་ཁོང་ Houston Rockets རུ་ཁག་ལ་ཚོང་འབྲེལ་ཞུས་པ་དང་མཐར་སིལ་སྤོལ་རུ་ཁག་དེས་ཀྱང་ཉར་མི་འདུག གཞི་རྩའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མི་གྲངས་  ༣༠ ཙམ་ཞིག་ནས་ Boston Celtics ལ་ Kanter ཁོང་རུ་ཁག་ནས་ཕྱིར་འདོན་མ་གནང་བ་དང་ཆབས་ཅིག་རུ་ཁག་དེའི་རྒྱ་གཞུང་གིས་གནོན་ཤུགས་ལ་མགོ་མ་སྒུར་རོགས་ཞེས་དགོས་འདུན་མངོན་གསལ་གནང་ཡོད། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམས་ནོར་ཝེའི་གྲོས་ཚོགས་ཀྱིས་བསྐོ་གཞག་གནང་བའི་མི་སྣ་ལྔ་ལས་གྲུབ་པའི་ནོར་ཝེ་ཁུལ་གྱི་ནོ་སྦེལ་ཚོགས་ཆུང་གིས་འདེམས་སྒྲུག་གནང་གི་ཡོད་པ་དང་། ཞི་བདེའི་གཟེངས་རྟགས་དེའི་འོས་དམིགས་ཀྱི་མཚན་དེ་དེ་སྔ་གཟེངས་རྟགས་བཞེས་མྱོང་མཁན་དང་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མི་དང་ལས་ཟུར། ནོ་སྦེལ་ཚོགས་ཆུང་གི་སློབ་སྟོན་པ་ཟུར་པ་སོགས་ཆ་རྐྱེན་ཚང་བའི་མི་སྣ་ཁག་གིས་འབྲེལ་ཡོད་ཚོགས་ཆུང་ལ་གནང་ཆོག་གི་ཡོད་པ་རེད། འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མི་ཁོངས་སུ་ཉེ་ལམ་ནོར་ཝེའི་ལྗང་ཁུ་ཚོགས་པའི་རྒྱལ་ཡོངས་མགྲིན་ཚབ་པ་ཟུར་པ་དང་སྐྱེས་དངོས་ཚན་རིག་པ་སྐུ་ཞབས་ Rasmus Hansson ལགས་ཀྱིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱི་མཚན་འདོན་གནང་ཡོད་པ་རེད།      

རྒྱལ་སྤྱིའི་དངུལ་ཁང་གིས་རྒྱ་ནག་གི་དྲག་གནོན་གྱི་དྲིལ་བསྒྲགས་ལ་མ་དངུལ་སྤྲད་ཡོད་པའི་སྐྱོན་བརྗོད།

ཨ་རིའི་གྲོང་ཁྱེར་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་ Atlantic council ཞེས་པའི་སྲིད་བྱུས་ཉམས་ཞིབ་ཁང་ཞིག་གིས་གནས་ཚུལ་འཚོལ་ཞིབ་བྱས་ཏེ་ཤེས་གཏོགས་བྱུང་བའི་ནང་དུ། རྒྱལ་སྤྱིའི་དངུལ་ཁང་གིས་རྒྱ་ནག་དམར་ཤོག་ཚོགས་པས་ཡུ་གུར་ཁ་ཆེ་གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་ཤིན་ཅང་ཁུལ་དུ་རྒྱ་ནག་གི་དྲག་གནོན་གྱི་དྲིལ་བསྒྲགས་དང་འབྲེལ་བའི་བཟོ་ཚོང་ཁང་ལ་མ་དངུལ་མཁོ་འདོན་བྱས་ཡོད་པའི་གནས་ཚུལ་ཁུངས་ལྡན་རྙེད་འདུགསྙན་ཐོ་དེའི་ནང་གསལ་ལྟར་ན། རྒྱལ་སྤྱིའི་དངུལ་ཁང་ཆེ་གྲས། IFC དང་ WB སོགས་ཀྱིས་ཤིན་ཅང་གི་ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་བཟོ་ལས་ཁང་ཆེ་གྲས་བཞི་ལ་མ་དངུལ་ཆེད་གཏོང་བྱས་ཡོད་པའི་ཁྲོད། རྒྱ་ནག་གིས་ཁུལ་དེའི་མི་མང་གནས་སྤོར་དང་ངལ་རྩོལ་བསྒྱུར་བཀོལ། དེ་བཞིན་ཁོར་ཡུག་དང་རིག་གཞུང་རྩ་གཏོར་སོགས་བྱེད་བཞིན་ཡོད་སྐོར་གསལ་འདོན་གྱིས། རྒྱལ་སྤྱིའི་དངུལ་ཁང་གིས་ཤིན་ཅང་ཁུལ་གྱི་རྒྱ་ནག་གི་བཟོ་ལས་ཁང་ལ་མ་དངུལ་མཁོ་འདོན་བྱེད་རྒྱུ་མཚམས་འཇོག་དགོས་བའི་སྐུལ་མ་གནང་འདུགགཞན་ཡང་སྙན་ཐོ་དེའི་ནང་དུ། རྒྱལ་སྤྱིའི་དངུལ་ཁང་གིས་རྒྱ་ནག་གི་བཟོ་ལས་ཁང་ལ་ཨ་སྒོར་ས་ཡ ༤༨༦ ལྷག་མཁོ་འདོན་བྱས་ཡོད་པ་མངོན་གསལ་གནང་བ་དང་འབྲེལ་ནས། སྔར་ལོ་རྒྱ་ནག་གིས་ཤིན་ཅང་གི་མི་རིགས་རྩ་གཏོར་གྱི་གནད་དོན་དང་འབྲེལ་ནས་རྒྱ་ནག་ཏུ་འགྲོ་སྐྱོད་ཀྱི་ཐོབ་ཐང་བཀག་སྐྱིལ་བྱས་ཡོད་པའི་བྷེལ་ཇམ་གྱི་གྲོས་ཚོགས་ཀྱི་འཐུས་མི། སྐུ་ཞབས། Samuel Cogolati  ལགས་ཀྱིས་རྒྱལ་སྤྱིའི་དངུལ་ཁང་གི་བྱེད་ལས་ནི་འཛམ་གླིང་སྤྱི་ཡོངས་ཀྱི་དཔལ་འབྱོར་གྱི་གནས་བབ་ཡར་རྒྱས་ཡོང་ཐབས་ལ་དམིགས་པ་ཞིག་ཡིན་པ་ལས། དེང་རབས་ཀྱི་ངལ་རྩོལ་སྒྱུར་བཀོལ་ལམ། བྲན་གཡོག་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་མིན་པར་ཕྱིར་བསྒྲགས་གནང་སྟེ། ད་ཆ་གནས་ཚུལ་གསལ་བོ་ཆགས་ཟིན་པར་བརྟེན་རྒྱལ་སྤྱིའི་དངུལ་ཁང་གིས་གནས་ཚུལ་དེ་ཁ་སྒྱུར་བྱེད་ཐབས་བྲལ་བས་འཕྲལ་དུ་མ་དངུལ་ཆེད་གཏོང་བྱེད་སའི་རྒྱ་ནག་གི་བཟོ་ལས་ཁང་དེ་དག་དང་འབྲེལ་ཐག་གཅོད་དགོས་བའི་ཉེན་བརྡ་བཏང་འདུགདེ་བཞིན་སྙན་ཐོ་དེ་དང་འབྲེལ་ནས། ཨ་རི་དང་ཡུ་རོབ་ཀྱི་གྲོས་ཚོགས་འཐུས་མི་ཉི་ཤུའི་མཚན་རྟགས་འཁོད་པའི་ཡི་གེ་ཞིག་རྒྱལ་སྤྱིའི་དངུལ་ཁང་གི་གཙོ་འཛིན། David Malpass ལགས་ཀྱི་མཚན་ཐོག་ཏུ་བཏང་ཡོད་པ་དང་། ཡི་གེ་དེར་IPAC ཞེས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་རྒྱ་ནག་ཐོག་གི་ཚོགས་ཆུང་དང་རྒྱལ་སྤྱིའི་སྨྱུ་གུ་ཚོགས་པ་སོགས་ཀྱིས་རྒྱབ་སྐྱོར་ཞུས་པའི་ཐོག་ནས། རྒྱལ་སྤྱིའི་དངུལ་ཁང་གིས་རྒྱ་ནག་གི་དྲག་གནོན་དེར་མ་དངུལ་མཁོ་འདོན་བྱེད་ཐབས་བྲལ་བའི་སྐྱོན་བརྗོད་གནང་ཡོད་པ་མ་ཟད། ཡི་གེ་དེའི་ནང་དུ། རྒྱལ་སྤྱིའི་དངུལ་ཁང་དང་། IFC ཞེས་པའི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་འབྲེལ་སོགས་ཀྱིས་རྒྱ་ནག་གིས་ཤིན་ཅང་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་བབ་ཁྲོད་ཁུལ་དེའི་རྒྱ་ནག་གི་བཟོ་ཚོང་ཁང་ལས་མ་དངུལ་མཁོ་འདོན་མཚམས་འཇོག་བྱེད་དགོས་བའི་སྐུལ་མ་གནང་འདུག རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས། IFC ཀྱི་མགྲིན་ཚབ་པར་གནད་དོན་དེ་དང་འབྲེལ་ནས་གསར་ཁང་གིས་བཅར་འདྲི་བྱས་པར་ཁོང་གིས། མཉམ་ལས་ཁང་གི་ངོས་ནས་ངལ་རྩོལ་སྒྱུར་བཀོལ་དང་མི་མང་ཉམ་ཆུང་ལ་ལྟ་སྟངས་ངན་པ་འཛིན་བཞིན་པའི་གནད་དོན་དེ་གཙིགས་ཆེར་འཛིན་བཞིན་ཡོད་པར་བརྗོད་པ་ཙམ་ལས། ཐད་གར་ཤིན་ཅང་གི་ནང་གི་རྒྱ་ནག་གི་བཟོ་ཚོང་ཁང་ལ་མ་དངུལ་མཁོ་འདོན་དང་འབྲེལ་ནས་སྐད་ཆ་གང་ཡང་བཤད་མེད་པར་འཁོད་འདུག གཞི་རྩའི་ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་རྒྱ་ནག་གིས་ཤིན་ཅང་གི་ནང་དུ་མི་རིགས་རྩ་གཏོར་གྱི་སྲིད་བྱུས་སྤེལ་བཞིན་པའི་གནད་དོན་དང་འབྲེལ་ལས་རྒྱ་ནག་གི་འདི་ལོའི་ཨོ་རྩལ་འགྲན་ཚོགས་ཐོག་ཨ་རིའི་གཞུང་འབྲེལ་གྱི་མི་སྣ་གཏོང་རྒྱུ་མིན་པར་བསྒྲགས་པ་དང་འབྲེལ་ནས། དབྱིན་ཡུལ་དང་ཧྥ་རན་སི། དེ་བཞིན་བྷེལ་ཇམ་དང་ནི་ཐར་ལནཊི་སོགས་ཀྱིས་ཀྱང་རྒྱ་ནག་གི་ཨོ་རྩལ་ཡུལ་དངོས་སུ་གཞུང་འབྲེལ་གྱི་མི་སྣ་གཏོང་རྒྱུ་མིན་པར་ཕྱིར་བསྒྲགས་བྱས་ཡོད་ཀྱང་རྒྱ་ནག་གིས་དུས་རྒྱུན་ནས་ཤིན་ཅང་གི་གནད་དོན་དེ་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པར་བརྟེན་ཕྱི་ལོགས་ནས་ཐེ་གཏོགས་བྱེད་མི་ཆོག་པར་བརྗོད་བཞིན་ཡོད་པ་རེད།རྩ་བའི་ཐེངས་འདིའི་ Atlantic council ཞེས་པའི་སྲིད་བྱུས་ཉམས་ཞིབ་ལྟེ་གནས་ཁང་གི་སྙན་ཐོ་དེ་ནི་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་དང་གཞུང་འབྲེལ་གྱི་སྙན་ཐོ། དེ་བཞིན་སྲུང་སྐར་བརྒྱུད་ནས་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་མ་དངུལ་མཁོ་འདོན་ས་ཁུལ་ལ་བརྟག་དཔྱད་བྱས་པ། དེ་བཞིན་ཡིག་ཚགས་སྔོག་འདོན་དང་མང་ཚོགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་སོགས་ལ་གཞི་བྱས་པ་ཞིག་ཡིན་པ་དང་། ཁྱོན་སྙན་ཐོ་དེར་ཤོག་གྲངས་ ༦༩ ལྷག་ཡོད་འདུག

Latest news