Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: September, 2022

ཞི་བདེ་དང་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་ནི་ང་ཚོ་ཐུན་མོང་གི་འགན་ཡིན།

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བདེ་སྣེ་ཁྲིད་གནང་མཁན་གྱི་བགྲོ་གླེང་ལས་རིམ་མཇུག་སྒྲིལ་དང་འབྲེལ་ཏེ་ཞི་བདེ་དང་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་ནི་ང་ཚོ་ཐུན་མོང་གི་འགན་ཡིན་པར་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་ཀྱི་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཨ་རིར་རྟེན་གཞི་བྱས་པའི་ United States Institute of Peace བསྟི་གནས་སློབ་གཉེར་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ནང་ཞི་བདེ་དང་སྤྱི་ཚོགས་ལ་ཕན་པའི་ལས་འཆར་འགན་འཁུར་བ་ཁག་གཅིག་དང་ལྷན་དུ་དམིགས་བསལ་མཇལ་མོལ་གྱིས་བགྲོ་གླེང་མཛད་ཡོད་པ་ལྟར། དེ་རིང་བཀའ་འདྲི་དགོངས་སྐོར་གྱི་ལས་རིམ་ཉིན་གཉིས་པའི་ཐོག་གཞོན་སྐྱེས་ཚོགས་བཅར་བ་རྣམས་ཀྱིས་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་བོད་ནས་རྒྱ་གར་དུ་བྲོལ་བྱོལ་ལ་ཕེབས་སྐབས་༸སྐུའི་ཐུགས་ཚོར་ཇི་བྱུང་དང་དེ་འབྲེལ་གནད་དོན་ཐོག་བཀའ་འདྲི་ཁག་གཅིག་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་ ༡༩༥༩ ལོར་རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཏེ་༸རྒྱལ་བའི་༸སྐུ་ཚེ་དང་བོད་མི་མང་ཚོགས་ལ་ཉེན་ཁར་གཟིགས་སྟབས་བཙན་བྱོལ་དུ་མ་ཕེབས་ཀ་མེད་བྱུང་ཡོད་ཀྱང་། འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་༸གོང་ས་མཆོག་རྒྱ་གར་ནང་སྐུ་མགྲོན་ཡུན་རིང་ཤོས་ཀྱི་ངོ་བོའི་ཐོག་ནས་བཞུགས་གནང་མཛད་རིང་ལ་ཐུགས་མཉེས་པོ་དང་རང་དབང་ཆ་ཚང་ཐོབ་ཡོད་པར་བཀའ་སྩལ་བ་དང་ཆབས་ཅིག་ད་ཆ་ང་ཚོས་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྒོ་ནས་འགྲོ་བ་མིའི་གཅིག་འགྱུར་གྱི་འདུ་ཤེས་དང་ལྷག་དོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་མང་ཚོགས་ཉམ་ཆུང་གི་སྤྱི་ཚོགས་ལ་ཆེས་ཐུགས་སྣང་གནང་དགོས་པའི་གཞེན་སྐུལ་མཛད་སོང་།༸གོང་ས་མཆོག་ལ་བོད་དོན་འཐབ་རྩོད་ཐད་དགོངས་ཚུལ་འདྲ་མིན་བཞེས་མཁན་ཡོད་མིན་ལ་ལྟོས་མེད་རང་ཚུགས་བརྟན་པོས་དེར་གདོང་ལེན་ཇི་ལྟར་གནང་དགོས་སམ་ཞེས་བཀའ་འདྲི་ཞུས་སྐབས་མགོན་པོ་༸གང་ཉིད་མཆོག་གིས་བོད་མི་མང་ཚོགས་ཁྲོད་དུ་ཁག་གཅིག་གིས་དྲག་པོའི་སྟོབས་ཤུགས་ངང་རྒྱ་ནག་ལ་གདོང་ལེན་གནང་རྒྱུའི་དགོངས་པ་བཞེས་པ་དེ་ནི་དངོས་ཡོད་གནས་ཚུལ་དང་མ་མཐུན་པ་ཞིག་ཡིན་སྐོར་དང་ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་ཁག་གི་དགོངས་པ་བཞེས་ཕྱོགས་ལ་འགྱུར་ལྡོག་ཆེན་པོ་འགྲོ་མུས་ཡིན་པའི་ཁྲོད་འདིར་དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་སེལ་ཐབས་སུ་གྲོས་མོལ་གནང་དགོས་པ་ལས་དམག་དཔུང་གི་སྤྱི་ཚོགས་ཤིག་གཏན་ནས་དགོས་ཀྱི་མེད་པར་མ་ཟད་གོ་མཚོན་སྤྱོད་རྒྱུའི་དུས་ཚོད་དེའང་འདས་ཟིན་ཡོད་སྐོར་ལམ་སྟོན་སྩལ་ཡོད།བགྲོ་གླེང་གི་ལས་རིམ་མཐའ་མར་ཨ་རིའི་ཞི་བདེའི་བསྟི་གནས་སློབ་གཉེར་ཁང་གི་དབུ་འཛིན་གཞོན་པ་སྐུ་ཞབས་ David Yang ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་ཞི་བདེ་སྣེ་ཁྲིད་གནང་མཁན་ཚོར་མུ་མཐུད་རྒྱབ་སྐྱོར་མཛད་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ནི་མ་འོངས་པའི་གཞོན་སྐྱེས་འགོ་ཁྲིད་རྣམས་ལ་སྙིང་སྟོབས་དང་ཡིད་སྨོན་སྐྱེ་གཞི། དེ་བཞིན་ཆེས་རིན་ཐང་བྲལ་བ་ཞིག་ཏུ་གྱུར་ཡོད་པར་མ་ཟད། ལྷག་དོན་མགོན་པོ་༸གང་ཉིད་མཆོག་གིས་འགྲོ་བ་མིར་ཕན་པའི་རླབས་ཆེན་གྱི་དགོངས་བཞེས་མཛད་པ་དེས་གོ་ལའི་འགྲོ་བ་མི་ཐེར་འབུམ་བདུན་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཞིག་སྦྱིན་ཡོད་ལ། གཙོ་བོ་ཞི་བདེ་སྣེ་ཁྲིད་གནང་མཁན་སྒེར་སོ་སོར་ཤུགས་རྐྱེན་ཆེན་པོ་སྦྱིན་བཞིན་ཡོད་སྟབས། མ་འོངས་པར་མགོན་པོ་༸གང་ཉིད་མཆོག་དགོངས་པ་གཞན་དོན་དུ་གཤེགས་པའི་རྗེས་སུ་གཞོན་སྐྱེས་འགོ་ཁྲིད་དེ་དག་གིས་༸གོང་ས་ཏཱ་ལའི་བླ་མའི་ཐུགས་དགོངས་ལྟར་ཞི་བདེ་དང་འཚེ་མེད་ཞི་བའི་བརྡ་ལན་དེ་འཁྱེར་ནས་གཞན་ལ་བརྒྱུད་སྤེལ་གནང་ངེས་རེད་ཅེས་ཞུས་སྐབས་༸གོང་ས་མཆོག་གིས་ང་ཚོ་ཚང་མ་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པའི་ནང་ནས་ཆ་ཤས་ཤིག་ཡིན་པའི་ཆ་ནས་ང་ཚོས་ད་ལྟའི་མི་རབས་འདི་ཙམ་མིན་པར་མ་འོངས་པའི་མི་རབས་ཚོའི་ཆེད་དུ་ཞི་བདེ་དང་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་ནི་ང་ཚོ་ཐུན་མོང་གི་འགན་ཡིན་པར་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་ཡོད།

བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཕུན་ཚོགས་དར་རྒྱས་ལགས་ཕོ་སྐྲན་རྐྱེན་གྱིས་འདས་གྲོངས་སུ་གྱུར་འདུག

ཕྱི་ལོ་ ༡༩༨༨ ལོར་ལྷ་སའི་ཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་གནང་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཕུན་ཚོགས་དར་རྒྱས་སམ་ལོ་ཡག་ལགས་ཁ་སང་ཕྱི་ཚེས་ ༢༢ ཀྱི་དགོང་མོའི་ཕྱག་ཚོད་ ༡༠ ཙམ་ལ་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་སྐུ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུགདམ་པ་ཁོང་ལོ་ཤས་གོང་ནས་ཕོ་བའི་སྐྲན་ནད་ཀྱིས་མནར་ཏེ་གཤག་བཅོས་གནང་དགོས་བྱུང་ཡོད་པ་དང་། ཅུང་དྲག་སྐྱེད་བྱུང་ཡོད་ཀྱང་རིམ་པས་ཕྱིའི་རྨ་ཁ་གསོས་ཀྱང་ནང་གི་རྨ་ཁ་དྲག་སྐྱེད་མ་བྱུང་སྟབས། ལོ་ངོ་གཉིས་ཙམ་གྱི་རིང་དགའ་ལྡན་ཤར་རྩེ་གྲྭ་ཚང་གཙོ་བོར་གྱུར་པའི་ཕྱི་རྒྱལ་ཁག་ཏུ་གནས་བཞུགས་རོགས་མགོན་རྣམས་ཀྱིས་སྨན་བཅོས་མཐུན་འགྱུར་རོགས་རམ་གནང་ནས་ད་བར་སྨན་བཅོས་རིམ་པར་གནང་ཡོད་ཀྱང་དྲག་སྐྱེད་མ་བྱུང་བས་མཐར་སྐུ་འཚོ་མ་ཟིན་པའི་གནས་ཚུལ་བྱུང་ཡོད་པ་རེད། བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཕུན་ཚོགས་དར་རྒྱས་ལགས་ནི་ཕྱི་ལོ་ ༡༩༦༤ ལོར་མལ་གྲོ་གུང་དཀར་རྫོང་ཁོངས་སྡོང་པོ་སྒང་དུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༨༦ ལོར་ལྷ་ལྡན་ལྕགས་པོ་རི་བྲག་ལྷ་ཀླུ་སྒུག་དགོན་དུ་ཆོས་ཞུགས་གནང་། ཕྱི་ལོ་ ༡༩༨༨ ཟླ་བ་ ༣ ཚེས་ ༥ ཉིན་ལྷ་སའི་བར་སྐོར་དུ་གཞི་རྒྱ་ཆེ་བའི་རྒྱ་གཞུང་ལ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་རིམ་པའི་ནང་མཉམ་ཞུགས་གནང་རྐྱེན། མཐར་ཕྱི་ལོ་ ༡༩༨༨ ཟླ་ ༡༠ ཚེས་ ༢༤ མཚན་མོ་རྒྱ་དམག་བརྒྱ་ལྷག་གིས་བྲག་ལྷ་ཀླུ་སྒུག་དགོན་པ་མཐའ་བསྐོར་ནས་ལོ་ཡག་ལགས་འཛིན་བཟུང་གིས་ཁྲིམས་ཆད་ལོ་ངོ་ ༣ བཅད་དེ་ཐོག་མར་གསང་ཡིབ་བཙོན་ཁང་དང་དེ་རྗེས་སྟོད་ལུང་ཁྲི་ཟམ་བཙོན་ཁང་གཉིས་སུ་ལོ་གསུམ་བཙོན་འཇུག་བྱས་པར་མ་ཟད་ཁོང་གི་གཅུང་པོ་སྐུ་ཞབས་རྟ་མགྲིན་ཡང་ཞི་རྒོལ་གྱི་ལས་འགུལ་ནང་ཞུགས་རྐྱེན་རྒྱའི་བཙོན་དུ་ཚུད་མྱོང་ཡོད་པ་དང་། ལོ་ཡག་ལགས་བཙོན་གྲོལ་ཐོབ་རྗེས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཏེ་ཕྱི་ལོ་ ༡༩༩༢ ཟླ་བ་ ༧ ཚེས་ ༦ ཉིན་ལྡི་ལིར་འབྱོར་ཏེ་རིམ་པའི་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་དང་། གྲྭ་ཚང་དང་ཁང་ཚན་སོགས་ཀྱི་ཞུ་སྒོའི་ཕྱག་ལས། དགའ་ལྡན་ཤར་རྩེ་སློབ་གྲྭའི་དགེ་རྒན་སོགས་ཀྱི་ཞབས་ཞུ་གནང་ཡོད།

སྤྱི་ཟུར་བློ་བཟང་ཤཱསྟྲཱི་ལགས་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་བཅུ་གསུམ་པའི་སྤྱི་ཟུར་སྐུ་ཞབས་བློ་བཟང་ཤཱསྟྲཱི་ལགས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ལྡི་ལི་སྐུ་ཚབ་དོན་ཁང་གི་དོན་གཅོད་ལ་བསྐོ་གཞག་གནང་འདུགཁ་སང་ཟླ་ ༩ ཚེས་ ༢༢ ཉིན་བོད་མིའི་སྒྲིག་འཛུགས་བཀའ་དྲུང་ཡིག་ཚང་གིས་སྤྱི་ཟུར་བློ་བཟང་ཤཱསྟྲཱི་ལགས་ཀྱི་མཚན་ཐོག་ལ་ཕྱག་ཡིག་གནང་བའི་ནང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩ ནང་གསེས་དང་པོའི་དགོངས་དོན་གསར་བསྐོ་དགོས་པ་ལྟར། སྤྱི་ཟུར་བློ་བཟང་ཤཱསྟྲཱི་ལགས་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བ་དང་སྦྲགས་ཏེ། ཁོང་ད་ལྟའི་ཆར་ཨ་རིར་གནས་བཞུགས་གནང་གི་ཡོད་སྟབས་ཕྱག་ལས་གནང་འཐུས་ཀྱི་དགོས་ངེས་ཡིག་ཆ་ཁག་སྒྲུབ་མཚམས་སུ་ལས་ཁུར་དབུ་འཛུགས་ཞུ་དགོས་ཞེས་གསུངས་འདུགརྩ་བའི་འདི་ལོའི་ཕྱི་ཟླ་ ༨ པའི་ནང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་ལས་གནས་ཐོག་དུས་ཡུན་ལོ་དྲུག་གཙང་ཟིན་རྗེས་གནས་སྐབས་རིང་ལྡི་ལི་དོན་ཁང་གི་དྲུང་ཆེར་རྩིས་སྤྲོད་རྩིས་ལེན་གནང་ཡོད་པ་རེད། གཞི་རྩའིཨ་རིའི་བྷོས་ཊོན་ནང་རྟེན་གཞི་བྱས་པའི་ Buddhist Digital Resource Centre ཞེས་ནང་བསྟན་དཔེ་ཚོགས་ལྟེ་གནས་ཁང་གི་དཔེ་མཛོད་དོ་དམ་པ་སྤྱི་ཟུར་བློ་བཟང་ཤཱསྟྲཱི་ལགས་ནི་དེ་སྔ་ཕྱི་ལོ་ ༡༩༨༥ ལོར་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་ཤཱསྟྲཱི་འམ་བསྟན་བཅོས་ཀྱི་བསླབ་པ་མཐར་སོན་པ་དང་རྗེས་སུ་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཕྱག་དཔེ་གསུང་རྟེན་ཁང་གི་འགན་འཛིན་དང་ཝཱ་ཎ་ཞི་འཚོ་དཔེ་མཛོད་ཁང་དང་ལ་དྭགས་སླེ་ནང་པའི་མཐོ་སློབ་ཁང་གི་དཔེ་མཛོད། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་སློབ་སྟོན་པ་བཅས་ཀྱི་ཚོགས་མི་གནང་བར་མ་ཟད། ནོར་ཝེ་ཨོས་ལོ་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་དང་ཐོ་ལིང་རྗེས་དྲན་ཚོགས་ཆུང་གི་དྲུང་ཆེ། ཨིན་ཌ་ཡ་ཎ་གཙུག་ལག་སློབ་གཉེར་ཁང་གི་དབུས་ནུབ་ཤར་ཚན་པའི་དགེ་རྒན་དང་ཉམས་ཞིབ་པ་ཕྱག་ལས་གནང་མྱོང་ཡོད་པ་རེད།

རྒྱལ་ཚོགས་ལ་གཉན་རིམས་ཁྱབ་གདལ་ཁྲོད་བོད་མིའི་དཀའ་སྡུག་སྐོར་ཞུ་འབོད།

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་ཇི་ནི་ཝ་གྲོང་ཁྱེར་ནང་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་པའི་བོད་དོན་ཞུ་གཏུག་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་མཇུག་སྒྲིལ་དང་འབྲེལ་ཏེ་ཟབ་སྦྱོང་ཐོག་མཉམ་ཞུགས་གནང་མཁན་ཡོངས་ཀྱིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་རྒྱ་ནག་གཞུང་གིས་བོད་ནང་ཏོག་དབྱིབས་གཉན་རིམས་ལ་ཁག་དཀྲི་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་སོགས་ཛ་དྲག་གི་གནད་དོན་ལྔ་ཆེད་བཀོད་ཀྱིས་ཞུ་སྙན་ཕུལ་འདུགསུད་སི་གྲོང་ཁྱེར་ཇི་ནི་ཝར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༡ པ་འཚོགས་བཞིན་པ་དང་བསྟུན་ཁུལ་དེར་ཟླ་ ༩ ཚེས་ ༡༩ ནས་ ༢༡ བར་ཉིན་གྲངས་གསུམ་རིང་བོད་དོན་ཞུ་གཏུག་གནང་ཕྱོགས་ཀྱི་ཟབ་སྦྱོང་ཞིག་གནང་ཡོད་པ་ལྟར། ཟབ་སྦྱོང་གི་ཉིན་མཐའ་མར་བོད་དོན་ཞུ་གཏུག་ལས་འགུལ་གྱི་ཚོགས་མི་དང་ཚོགས་བཅར་བ་ཡོངས་ཀྱིས་དེང་གི་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཡུལ་ས་གནས་ཁག་ཏུ་ཏོག་དབྱིབས་གཉན་རིམས་ལ་ཁག་དཀྲི་བྱས་ཏེ་བོད་མིར་སྡུག་སྦྱོང་མནར་གཅོད་ཚད་མེད་གཏོང་བཞིན་པའི་གནས་སྟངས་སོགས་དང་ལྷག་པར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་སྟངས་ཞེས་ཛ་དྲག་གི་དོན་ཚན་ལྔ་ཆེད་བཀོད་ཀྱིས་ཞུ་སྙན་ཞིག་རྒྱལ་ཚོགས་ལ་ཕུལ་ཐུབ་ཡོད་པར་མ་ཟད་ངལ་བ་དེ་དག་སེལ་ཐབས་ཇི་ཡོད་སྐོར་ཞུ་སྐུལ་གནང་ཡོད། ཉིན་གསུམ་གྱི་བོད་དོན་ཞུ་གཏུག་གི་སྦྱོང་བརྡར་ཟབ་སྦྱོང་དེར་རྒྱ་གར་དང་ཡོ་རོབ་ནང་གི་བཙན་བྱོལ་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྒེར་ཁག་གི་སྐུ་ཚབ་གཙོས་གཞོན་སྐྱེས་ཁག་གཅིག་བཅས་ཁྱོན་ཚོགས་བཅར་བ ༣༠ ཆེད་འབོད་ཀྱིས་མཉམ་ཞུགས་ཐུབ་ཡོད་པ་དང་། ཟབ་སྦྱོང་ཁྲོད་ཚོགས་བཅར་བ་རྣམས་དངོས་སུ་ཁུལ་དེར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་སུ་ལྟ་སྐོར་དང་ད་ལྟ་འཚོགས་མུས་ཡིན་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༡ པའི་ཚོགས་ཐུན་དང་ཁུལ་དེའི་ཁོར་ཡུག་སོགས་དངོས་སུ་རྒྱུས་ལོན་འཚམས་གཟིགས་དང་སྦྲགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྒྲོམ་གཞི་དང་དང་ལས་དོན། རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལྷན་ཁང་ཁག་གི་ཁྲིམས་མཐུན་ཐོག་བོད་དོན་ཞུ་གཏུག་གནང་ཕྱོགས་ཀྱི་བརྒྱུད་རིམ་སོགས་བརྗོད་གཞི་འདྲ་མིན་ཐོག་ཆེད་ལས་མི་སྣ་རྣམས་ཀྱིས་ཟབ་ཁྲིད་དང་། ཕན་ཚུན་དབར་གྲོས་བསྡུར་སྦྱང་བཤད། དེ་བཞིན་བཙན་བྱོལ་ནང་གི་བོད་མིའི་གཞུང་འབྲེལ་མིན་པའི་སྐུ་ཚབ་ཁག་དང་ལྷན་དུ་དགོངས་ཚུལ་དང་མྱོང་བ་བརྗེ་ལེན་སོགས་གནང་ཡོད་པ་རེད།

རེས་གཟའ་ཕུར་བུ། ༢༠༢༢།༠༩།༢༢

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་འཛམ་གླིང་འདི་དོན་དམ་གྱི་གོ་མཚོན་མེད་པ་ཞིག་བཟོ་དགོས་པར་བཀའ་སྩལ་བ། སྲིད་སྐྱོང་མཆོག་གིས་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པར་བོད་དོན་གཏམ་བཤད་གནང་བ། དྷ་སའི་སྤྱི་ཚོགས་བདེ་དོན་དང་འབྲེལ་བའི་ཚོགས་འདུ་ཚོགས་པ། བོད་པའི་འབྲི་རྩོམ་ནང་དམངས་ཁྲོད་ཀྱི་སྒྲུང་གང་མང་བཀོལ་སྤྱོད་ཐུབ་གལ་སྐོར་གསུངས་པ། Thursday 22/09/2022 Dalai Lama speaks to USIP youth leaders, calls for a genuine demilitarized world Sikyong Penpa Tsering addresses Japanese Parliamentarians Round table discussion on communal harmony held in Dharamshala Samdong Rinpoche releases Tibetan educational kits and books    

ང་ཚོས་འགྲོ་བ་མིའི་གཞི་རྩའི་རིན་ཐང་བསྐྱར་གསོ་བརྒྱུད་འཛམ་གླིང་འདི་དོན་དམ་གྱི་གོ་མཚོན་མེད་པ་ཞིག་བཟོ་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་ཐོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་ནང་ཞི་བདེ་དང་སྤྱི་ཚོགས་ལ་ཕན་པའི་ལས་འཆར་འགན་འཁུར་བ་ཁག་གཅིག་དང་ལྷན་དུ་དམིགས་བསལ་མཇལ་མོལ་གྱིས་བགྲོ་གླེང་མཛད་སྐབས་མགོན་པོ་༸གང་ཉིད་མཆོག་གིས་ང་ཚོས་འགྲོ་བ་མིའི་གཞི་རྩའི་རིན་ཐང་བསྐྱར་གསོ་གནང་བ་བརྒྱུད་མ་འོངས་པའི་འཛམ་གླིང་འདི་དོན་དམ་གྱི་གོ་མཚོན་མེད་པ་ཞིག་བཟོ་དགོས་ཞེས་བཀའ་སྩལ་སོང་།ཨ་རིར་རྟེན་གཞི་བྱས་པའི་ United States Institute of Peace ཞེས་པའི་ཞི་བདེའི་བསྟི་གནས་ཁང་གིས་ཕྱི་ལོ་ ༢༠༡༦ ལོ་ནས་དེང་སྐབས་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་སོགས་ཆེས་ཛ་དྲག་གི་ངལ་བ་འཕྲད་བཞིན་པའི་ཡུལ་གྲུ་ཁག་གཅིག་གི་གཞོན་སྐྱེས་འགོ་ཁྲིད་མི་ཉུང་བ་ཞིག་འདུ་བསྐོང་ཐོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་དང་ལྷན་དུ་མཇལ་མོལ་གྱི་ལྷན་ཚོགས་ཤིག་གོ་སྒྲིག་གནང་བཞིན་ཡོད་པ་ལྟར་དེ་རིང་རྒྱ་གར་གྱི་སྔ་དྲོ་ཚོུད་ ༨༌༣༠ ཐོག་ཨ་རིའི་ཞི་བདེའི་བསྟི་གནས་སློབ་གཉེར་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་ཕི་རི་ཀ་དང་སུ་དཱན། སོ་མཱ་ལི་ཡ། སིརྱ། དེ་བཞིན་ནི་ཇི་རྱ་སོགས་རྒྱལ་ཁབ་ ༡༢ ནས་ཕེབས་པའི་གཞོན་སྐྱེས་གྲངས་ ༢༦ ལ་དམིགས་བསལ་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་སོང་།བགྲོ་གླེང་ལས་རིམ་གྱི་ཐོག་མར་ཨ་རིའི་ཞི་བདེའི་བསྟི་གནས་སློབ་གཉེར་ཁང་གི་དབུ་འཛིན་གཞོན་པ་སྐུ་ཞབས་ David Yang ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་གིས་ད་བར་བསྟི་གནས་ཁང་འདིའི་ལས་འཆར་ཁག་ལ་རྒྱབ་སྐྱོར་གཡོ་བ་མེད་པ་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་དུས་རབས་འདིའི་ཡང་དག་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་འཛམ་གླིང་ཞི་བདེ་བསྐྲུན་མཁན་ཞིག་ལ་ངོས་འཛིན་ཞུས་པའི་ཐོག་ནས་ཆེ་བསྟོད་ཞུས་པར་མ་ཟད་མགོན་པོ་༸གང་ཉིད་མཆོག་གིས་འགྲོ་བ་མིར་ཕན་ཐོགས་མཛད་རྒྱུའི་རླབས་ཆེན་གྱི་དགོངས་གཞིས་གཞོན་སྐྱེས་རྣམས་ལ་ཆེས་སེམས་འགུལ་ཐེབས་ཀྱི་ཡོད་པ་དང་། ལྷག་དོན་མཇལ་མོལ་གྱི་བགྲོ་གླེང་འདི་ལྟ་བུས་དམག་འཁྲུག་གི་ངལ་བ་འཕྲད་བཞིན་པའི་ཡུལ་གྲུ་ཁག་གི་གཞོན་སྐྱེས་རྣམས་ཞི་བདེ་བསྐྲུན་མཁན་གྱི་འགོ་ཁྲིད་ཅིག་ཆགས་པར་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་གསུངས་པ་དང་སྦྲགས། ཐེངས་འདིའི་བགྲོ་གླེང་ལས་རིམ་ནང་གཞོན་སྐྱེས་འགོ་ཁྲིད་ཚོས་༸གོང་ས་མཆོག་དང་ལྷན་དུ་ང་ཚོ་རང་ཉིད་ཀྱི་སྤྱི་ཚོགས་ལ་བདག་པ། བྱམས་བརྩེ་དང་སེམས་ཀྱི་བདེ་སྐྱིད། སྤྱི་སྙོམས་དང་དྲང་བདེན་གྱི་འདུན་པ་བཅས་ཀྱི་བརྗོད་གཞི་བཞིའི་ཐོག་སོ་སོའི་མྱོང་བ་བརྗེ་ལེན་དང་བཀའ་འདྲི་དགོངས་སྐོར་ཞུས་རྗེས་མགོན་པོ་༸གང་ཉིད་མཆོག་གིས་ལམ་སྟོན་བཀའ་སློབ་སྩལ་གནང་ཡོང་བའི་གསོལ་འདེབས་ཞུས་སོང་།སྐབས་དེར་གཞོན་སྐྱེས་ཚོགས་བཅར་བ་རྣམས་ཀྱིས་༸གོང་ས་མཆོག་ལ་གོང་ཞུས་བརྗོད་གཞི་དང་པོ་འབྲེལ་ནས་རང་ཉིད་ཀྱི་ཕ་ཡུལ་ནང་དམག་འཁྲུག་སོགས་འཚེ་བ་དང་དྲག་སྤྱོད་རིགས་ཤུགས་ཆེར་སྤེལ་ནས་མི་ས་ཡ་མང་པོའི་ཚེ་སྲོག་ཤོར་ཡོད་པ་སོགས་ལུང་འདྲེན་དང་སྦྲགས་ཏེ་ངལ་བ་དེ་དག་ལ་གདོང་ལེན་གནང་ཕྱོགས་དང་བཟང་ཕྱོགས་ཀྱི་བསམ་བློ་གཏོང་ཕྱོགས་བཅས་ཀྱི་བཀའ་འདྲི་ཁག་གཅིག་ཞུས་དོན་ལྟར་མགོན་པོ་༸གང་ཉིད་མཆོག་གིས་ང་ཚོ་ཚང་མ་བྱམས་བརྩེའི་རང་བཞིན་ལྡན་པའི་འགྲོ་བ་མི་གཅིག་མཚུངས་ཡིན་པ་དེ་ལྟར་ནའང་། ང་ཚོས་ཕན་ཚུན་དབར་དབྱུལ་ཕྱུག་གི་ཁྱད་པར་དང་མི་རིགས། རིགས་རུས་བཅས་ཀྱི་དབྱེ་བའི་ཐོག་ནས་གཞན་ལ་གོ་མཚོན་སྤྱོད་དེ་གསོད་རེ་བཏང་བའི་བྱ་སྤྱོད་དེ་དག་ནི་ཆེས་ནོར་འཁྲུལ་དང་འདས་ཟིན་པའི་ལོ་རྒྱུས་ཤིག་ཡིན་པར་བཀའ་སྩལ་མཛད་དེ་ང་ཚོས་འགྲོ་བ་མིའི་སྤྱི་ཚོགས་འདི་བདེ་སྐྱིད་དང་འདྲ་མཉམ་ལྡན་པ་ཞིག་བསྐྲུན་རྒྱུར་ཐུགས་རེ་ཡོད་ཅེས་བཀའ་སྩལ་འདུགདེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་འདས་པའི་ལོ་དུས་ནང་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་སོགས་ལུང་འདྲེན་དང་སྦྲགས། ང་ཚོའི་ངོས་ནས་འདས་ཟིན་པའི་ལོ་རྒྱུས་དེ་དག་ལ་བསྒྱུར་བཅོས་གཏོང་ཐུབ་ཐབས་མེད་ཀྱང་། ང་ཚོ་ཐོག་མ་ཉིད་ནས་ཨ་མའི་བྱམས་སྐྱོང་འོག་ནས་འཚར་ལོངས་བྱུང་བའི་བྱམས་བརྩེའི་རང་བཞིན་ལྡན་པའི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ད་ཆ་ང་ཚོའི་ལག་ཏུ་ཡོད་པ་ནི་འགྲོ་བ་མིའི་གཞི་རྩའི་རིན་ཐང་དེ་བསྐྱར་གསོ་གནང་སྟེ་མ་འོངས་པའི་འཛམ་གླིང་འདི་དོན་དམ་གྱི་གོ་མཚོན་མེད་པ་ཞིག་བཟོ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་གཞེན་སྐུལ་མཛད་ཡོད།མགོན་པོ་མཆོག་ནི་བོད་མི་ཞིག་ཡིན་པ་དང་དེ་སྔ་རྒྱ་ནག་གཞུང་གིས་བོད་དབང་བསྒྱུར་བྱས་ཡོད་ཀྱང་བོད་མི་རྣམས་སེམས་ཤུགས་ནམ་ཡང་ཆག་མེད་པར་མ་ཟད་བོད་གངས་ཅན་ལྗོངས་སུ་དར་བའི་དཔལ་ན་ལེནྡཱའི་ཆོས་བརྒྱུད་ཆེན་པོའི་བསླབ་བྱར་བརྟེན་ནས་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་ལ་སྡང་སེམས་གནང་བ་ལས་ལྡོག་ཏེ་བྱམས་བརྩེ་དང་བཟོད་བསྲན་གནང་གི་ཡོད་པར་བཀའ་སྩལ་ཡོད།བགྲོ་གླེང་དེའི་ཁྲོད་ཚོགས་བཅར་བ་གཅིག་གིས་ད་ཆ་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ངལ་བ་དང་འགྲོ་བ་མིའི་མི་འབོར་འཕེལ་རྒྱས་འགྲོ་བཞིན་པའི་མཚམས་སུ་གང་ཟག་སུ་ལ་དབུ་ཁྲིད་ཡང་དག་པར་ངོས་འཛིན་གནང་མིན་དང་འབྲེལ་ཏེ་བཀའ་འདྲི་ཞུས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་ནི་རྒྱལ་ཁབ་དེའི་ནང་ཞི་བདེ་དང་མང་གཙོ་ཡང་དག་པ་ཞིག་ཡོད་མེད་ལ་རག་ལུས་པར་མ་ཟད། རྒྱལ་ཁབ་ཀྱི་དབུ་ཁྲིད་དེ་འོས་བསྡུའི་ལམ་ནས་བསྐོ་གཞག་གནང་དགོས་གལ་དང་མང་ཚོགས་ལ་དབུ་ཁྲིད་བདམ་རྒྱུའི་རང་དབང་ཆ་ཚང་སྤྲོད་དགོས་ཞེས་བཀའ་སྩལ་ཡོད།  ༸སྐུ་པར་གྱི་བདག་དབང་༸དཔལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིར་བོད་དོན་གསུང་བཤད་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉི་ཧོང་གྲོས་ཚོགས་སུ་ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ཆགས་མྱོང་མེད་ཅེས་བསྐྱར་ནན་གནང་བ་དང་སྦྲགས། ཉི་ཧོང་གི་གྲོས་ཚོགས་འཐུས་མི་དང་ཉི་ཧོང་གཞུང་གིས་རྒྱལ་ཚོགས་ལ་སྐུལ་མ་གནང་སྟེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་སྙན་ཐོ་འདོན་སྤེལ་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཉི་ཧོང་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་བསྟུན། ཁ་སང་ཕྱི་ཚེས་ ༢༡ ཉིན་ཉི་ཧོང་གྲོས་ཚོགས་སུ་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་སྐབས་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཁྲོད་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཡོངས་རྫོགས་ནས་ལོ་ ༣ ནས་ ༡༨ ལ་སོན་པའི་བོད་རིགས་སློབ་ཕྲུག་ས་ཡ་གཅིག་ཙམ་རྒྱ་ནག་གཞུང་གི་སྟངས་འཛིན་འོག་མི་སེར་སྤེལ་བའི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་ནས་ཆབ་སྲིད་ཀྱི་སློབ་གསོ་སྤྲད་པར་མ་ཟད། ཆབ་སྲིད་ཀྱི་སློབ་གསོ་དེ་བརྒྱུད་འབྱུང་འགྱུར་ལོ་ ༡༥ ནས་ ༢༠ བར་བོད་པའི་ངོ་བོའི་མཚོན་པའི་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་སྲོལ་གོམས་གཤིས་སོགས་རྩ་མེད་བཟོ་བའི་དམིགས་ཡུལ་འཛིན་ཡོད་པ་ངོ་སྤྲོད་དང་སྦྲགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཡུ་གུར་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་སྙན་ཐོ་བཏོན་པ་ལྟར་ཉི་ཧོང་གི་གྲོས་ཚོགས་འཐུས་མི་དང་ཉི་ཧོང་གཞུང་གིས་རྒྱལ་ཚོགས་ལ་སྐུལ་མ་གནང་སྟེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་སྙན་ཐོ་འདོན་སྤེལ་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་ལོ་རྒྱུས་ཐོག་བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་ཆགས་མྱོང་མེད་ཅེས་གསུངས་པ་དང་འབྲེལ་ཏེ་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་དབང་སྐུ་ཞབས་ Michael Van Walt ལགས་ཀྱིས་ཉི་ཧོང་ཚུད་པའི་ཨེ་ཤ་ཡའི་མཁས་དབང་ ༧༠ ནས་ ༨༠ ཙམ་ལ་ཐུག་འཕྲད་ཀྱིས་ལོ་ངོ་བརྒྱད་རིང་ཉམས་ཞིབ་གནང་སྟེ་ Tibet Brief 20/20 འམ་བོད་ཀྱི་གནད་བསྡུས་ཞེས་པའི་དཔེ་དེབ་དང་རྒྱ་རིགས་མཁས་དབང་སྐུ་ཞབས་ Hon-Shiang Lau ལགས་ཀྱིས་ཡོན་དང་། མིང་། ཆིན་རྒྱལ་རབས་བཅས་ཀྱི་ཡིག་ཆ་དང་ས་ཁྲ་སོགས་ལ་ཞིབ་འཇུག་གནང་བའི་དཔེ་དེབ་གཉིས་ནི་ལོ་རྒྱུས་ཐོག་བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་ཆགས་མྱོང་མེད་པའི་དཔང་རྟགས་ཁུངས་སྐྱེལ་གནང་ཡོད་སྐོར་གསུངས་འདུག སྲིད་སྐྱོང་མཆོག་གིས་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་ནས་ཨེ་ཤ་ཡའི་མི་འབོར་ཐེར་འབུམ་ ༡༌༨ ལྷག་གིས་བོད་མཐོ་སྒང་གི་གཙང་པོ་གཙོ་བོ་བཅུར་བརྟེན་ནས་འཚོ་བཞིན་ཡོད་སྟབས། ཉི་ཧོང་གཞུང་གི་ངོས་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ལྷན་ཚོགས་ཆེ་ཤོས་ COP ཞེས་པ་དང་དེ་བཞིན་རྒྱལ་ཁབ་ཕན་ཚུན་དབར་ཚོགས་འདུ་ཚོགས་སྐབས་བོད་མཐོ་སྒང་གི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གི་གལ་གནད་སྐོར་གླེང་སློང་གནང་དགོས་པའི་རེ་སྐུལ་ཡང་ཞུས་ཡོད། ཉི་ཧོང་གི་སྲིད་བློན་ཟུར་པ་དམ་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་གནང་བ་དང་འབྲེལ་ཉེ་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྲིད་བློན་ཟུར་པ་དམ་པ་སྐུ་ཞབས་ཨ་བྷེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་ཅིག་བཞག་ཡོད་པར་མ་ཟད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་༸རྗེ་བཙུན་སྒྲོལ་མའི་སྐུ་བརྙན་ཞིག་སྐུ་གཤེགས་སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་གི་ནང་མིར་འབུལ་རྒྱུ་ཡིན་ཞེས་གསུངས་པ་དང་། ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམས་བཞུགས་སྒར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུར་མགྲོན་འབོད་གནང་བ་དང་སྦྲགས། ཉི་ཧོང་གཞུང་གིས་མུ་མཐུད་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱི་འཕྲོད་བསྟེན་ཆེད་རོགས་རམ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་གསུངས་འདུག སྐབས་དེར་ཉི་ཧོང་གི་རྒྱལ་ས་ཊོ་ཀི་ཡོ་ནང་རྟེན་གཞི་བྱས་པའི་ཉི་ཧོང་གི་སྲིད་བྱུས་ཉམས་ཞིབ་བསྟི་གནས་ཁང་གི་འགན་འཛིན་ལྕམ་སྐུ་ Sakurai Yoshiko ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར། ལྷོ་སོག་བཅས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་གཏོར་གཏོང་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་དང་། ཉི་ཧོང་གི་ཁུལ་དུ་འཛམ་གླིང་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཡོད་པ་དེས་མུ་མཐུད་སྔར་ལྷག་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་དང་། དེ་བཞིན་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Shimomura Hakubun  མཆོག་གིས་ཉི་ཧོང་བ་ཚོས་བོད་ཀྱི་དཀའ་ངལ་དེ་ཉི་ཧོང་བ་རང་གི་དཀའ་ངལ་ཡིན་པར་བརྩིས་ཏེ་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མི་ཉམས་རྒྱུན་འཛིན་སླད་བོད་མིའི་བདེན་པའི་འཐབ་རྩོད་ལ་སྔར་ལྷག་རྒྱབ་སྐྱོར་གནང་དགོས་ཞེས་གསུངས་འདུག གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་ཐུགས་འགན་བཞེས་རྗེས་ཉི་ཧོང་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་འདི་ནི་ཐོག་མ་ཆགས་ཀྱི་ཡོད་པ་དང་། ཁུལ་དེར་གཟའ་འཁོར་གཅིག་གི་རིང་མཛད་འཆར་ཡོད་པ་རེད།

རེས་གཟའ་ལྷག་པ། ༢༠༢༢།༠༩།༢༡

ཉན་པ།: Listen ཕབ་ལེན། Download བོད་མི་ཞིག་རྒྱ་གཞུང་གིས་འཛིན་བཟུང་འོག་ཤེས་རྟོགས་མེད་པར་གྱུར་འདུག སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ བོད་མིའི་གནས་སྟངས་སྐོར་ཉན་ཞིབ་གནང་བ། བོད་ནང་གཉན་རིམས་ཁྱབ་གདལ་གྱི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་སྨོན། དམག་སྤྱི་སྐུ་ཞབས་ Manoj Pandae ལགས་ཀྱིས་རྒྱ་དཀར་ནག་གཉིས་ཀྱི་གདོང་ཐུག་ཁྲོད་སློབ་གསོ་བཞི་མངོན་གསལ་གནང་འདུག སྟོད་ལུང་གི་སྔོན་བྱུང་ལོ་རྒྱུས་དེབ་གསར་སྐོར་བཅར་འདྲི། བཀའ་སློབ་ལེ་ཚན། ༸གོང་ས་མཆོག་གིས་ཉེ་ཆར་བརྟན་བཞུགས་སྐབས་སྩལ་བའི་བཀའ་སློབ། Wednesday 21/09/2022 Tibetan youth from Kyegudo arrested in August, whereabouts still unknown Swiss Parliamentary Group for Tibet hears testimonies on Repression in Tibet Exile Tibetans hold solidarity prayer service for worsening COVID crisis in Tibet China remains formidable challenge in both land and sea: Indian Army Chief General Book Release: A Comprehensive History of Tolung Dechen FEATURE: HHDL speech at recent long life prayer ceremony    

བོད་མི་ཞིག་རྒྱ་གཞུང་གིས་འཛིན་བཟུང་འོག་ཤེས་རྟོགས་མེད་པར་གྱུར་འདུག

རྒྱ་གཞུང་ཉེན་རྟོག་པས་རྒྱུ་མཚན་འདྲ་མིན་ལ་ཁ་གཡར་ནས་བོད་མི་མང་པོ་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༨ ནང་ལ་བོད་སྐྱེ་རྒུ་མདོ་འབྲི་སྟོད་རྫོང་ནས་ཡིན་པའི་ན་གཞོན་ཚེ་བརྟན་ལགས་ཁྲིན་འདུ་གྲོང་ཁྱེར་ནས་ནག་ཉེས་ཁ་གསལ་མེད་པའི་ཐོག་འཛིན་བཟུང་གིས་བཀག་ཉར་བྱས་ནས་ཟླ་བ་གཅིག་ཙམ་ཕྱིན་ཡོད་ཀྱང་། ཁོང་བཙོན་ཁང་གང་དུ་བཀག་ཉར་བྱས་པ་དང་གཟུགས་གཞིའི་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་གང་ཡང་ཐུབ་ཀྱི་མི་འདུག གསར་འགོད་པར་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བར་རྒྱ་གཞུང་ཉེན་རྟོག་པས་བོད་མི་རྣམས་ལ་རྒྱུ་མཚན་འདྲ་མིན་འོག་ནས་འཛིན་བཟུང་བཀག་ཉར་དང་གཅར་རྡུང་བཏང་བའི་གནས་སྟངས་མང་དག་ཅིག་བྱུང་ཡོད་པ་ལས་བོད་ཁམས་སྐྱེ་རྒུ་མདོ་ནས་ཡིན་པའི་བོད་མི་ཚེ་བརྟན་ལགས་ཟླ་བ་སྔོན་མར་ཆུ་དམར་ལེབ་རྫོང་དུ་རང་གི་ནང་མི་སྤུན་མཆེད་ཐུག་འཕྲད་གནང་རྗེས་ཕྱིར་ལོག་སྐབས་གློ་བུར་དུ་ཁྲིན་འདུ་ས་གནས་རྒྱ་གཞུང་ཉེན་རྟོག་པས་རྒྱུ་མཚན་གང་ཡིན་གསལ་བཤད་གང་ཡང་མེད་པར་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། དུས་དེ་ནས་བཟུང་ཁོང་གི་ནང་མི་ཚོས་དུས་ནས་དུས་སུ་ས་གནས་རྒྱ་གཞུང་ཉེན་རྟོག་པར་ཚེ་བརྟན་ལགས་ཀྱི་གཟུགས་གཞིའི་གནས་སྟངས་དང་བཙོན་ཁང་གང་དུ་བཞག་ཡོད་པ་སོགས་དང་འབྲེལ་བའི་འདྲི་རྩད་གནང་ཡོད་ཀྱང་ཉེན་རྟོག་པའི་ངོས་ནས་ལན་འདེབས་གང་ཡང་བྱེད་ཀྱི་མེད་སྐོར་གསུངས་སོང་། རྩ་བའི་ཉེ་ཆར་ཕྱི་ཟླ་ ༨ ཚེས་ ༢༤ ཉིན་རྒྱ་གཞུང་གིས་བོད་གསེར་རྟ་ཁུལ་ནས་ཡིན་པའི་བོད་མི་ལྔ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བའི་ཉེས་མིང་འོག་བཙན་ཁྲིད་བྱས་པ་དང་། དེ་དག་ལས་ཕྱུག་དར་ལགས་ལ་གཅར་རྡུང་དྲག་པོ་བཏང་སྟེ་དམར་གསོད་བཏང་བའི་གནས་ཚུལ་བྱུང་བ་དང་། ཟླ་ ༩ ཚེས་ ༡༤ ཉིན་རྒྱ་གཞུང་གིས་བོད་ནག་ཆུ་ཤན་རྩ་དང་རྒྱལ་ས་ལྷ་ས། ཆུ་དམར་ལེབ་རྫོང་བཅས་ནས་ཡིན་པའི་རིན་ཆེན་དོན་འགྲུབ་ལགས་ཀྱིས་གཙོས་པའི་བོད་མི་བདུན་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་པར་དང་བརྙན་སོགས་འགྲེམས་སྤེལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་བྱས་པའི་གནས་ཚུལ་ཡང་ཐོན་ཡོད། འབྲེལ་ཡོད་པར་བོད་ཀྱི་དུས་བབ།

Latest news