ཁ་སང་ཕྱི་ཟླ་ ༨ ཚེས་ ༣༠ རེས་གཟའ་ཉི་མའི་ཉིན་ལ་དྭགས་ཞི་བའི་ཚལ་གསུང་ཆོས་ར་བར། ལ་དྭགས་ནང་ཚོགས་དང་དགོན་ཚོགས་ལ་བྱང་བོད་མི་བཅས་མང་ཚོགས་ནས་བོད་མིའི་བླ་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གནས་བཅུ་དང་འབྲེལ་བའི་མདོ་ལུགས་བརྟན་བཞུགས་བསྟར་འབུལ་ཞུས་འདུག
དེ་ཡང་ཐེངས་འདིའི་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་༸སྐྱབས་རྗེ་འབྲུག་པ་ཐུགས་སྲས་རིན་པོ་ཆེ་མཆོག་ནས་མཛད་ཡོད་པ་དང་། བརྟན་བཞུགས་ཐོག་ལ་དྭགས་ཀྱི་དད་ལྡན་མང་ཚོགས་ ༢༥༠༠༠ ལྷག་ཙམ་བཅར་འདུག
༸གོང་ས་མཆོག་གིས་སྐབས་དེར་ཉེ་ལམ་བོད་དང་བལ་ཡུལ་གཉིས་ཀྱི་ས་མཚམས་བོད་ཕྱོགས་སྐྱིད་གྲོང་དང༌། བལ་ཡུལ་ཕྱོགས་ར་སུ་ཝ་ཁུལ་ས་གནས་མང་པོར་ཆུ་ལོག་དང་ས་རུད་ཚབས་ཆེའི་རྐྱེན་ངན་གོད་ཆགས་འོག་འདས་གྲོངས་ཕྱིན་པ་དང་། གར་སོང་ཆ་མེད་དུ་གྱུར་བ། རྨས་སྐྱོན་ཕོག་པ་དང་། དཀའ་ངལ་འཕྲད་ཡོད་སྐོར་བཀའ་ཕེབས་པ་དང་འབྲེལ། འདས་གསོན་ཡོངས་ལ་དམིགས་ནས་ཚོགས་མང་གིས་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་མ་ཎི་ཡི་གེ་དྲུག་མ་སོགས་འདོན་གནང་མཛད་འདུག
མ་ཟད་༸གོང་ས་མཆོག་གིས་སངས་རྒྱས་པའི་ཆོས་ལ་དད་མོས་རྩེ་གཅིག་བྱེད་མཁན་ཡོངས་དང་། ཡང་སྒོས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ངོས་ནས་ནང་པ་སངས་རྒྱས་པའི་ཆོས་ཁ་ནས་བཤད་པ་ཙམ་མ་ཡིན་པར་ལག་ལེན་གྱི་ཐོག་ནས་ཉམས་ལེན་ཧུར་ཐག་གནང་དགོས་པ་མ་ཟད། འཛམ་གླིང་འདིར་སངས་རྒྱས་ཀྱི་ཆོས་རྒྱ་ཆེ་གཏིང་ཟབ་ཅིག་ཡོད་པ་འདི་མི་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་ལ་ངོས་ནས་སྨོན་ལམ་རྒྱག་བཞིན་ཡོད་ལ། ཁྱོད་རང་ཚོས་ཀྱང་སྨོན་ལམ་རྒྱོབ་ཅེས་བཀའ་སྩལ་འདུག
གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་རྗེས་ཟླ་དེའི་ཕྱི་ཚེས་ ༢༨ ཉིན་ལ་དགས་སུ་སྐུ་ལྷོད་བཞུགས་སླད་ཞབས་སོར་བཀྲིན་མཛད་དེ་དེ་རིང་ཟླ་བ་གཉིས་ལྷག་ཙམ་འགྲོ་ཡི་ཡོད་པ་རེད། མཛད་འཆར་ལྟར་ན་སང་ཉིན་༸གོང་ས་མཆོག་སླར་ཡང་ཞི་བའི་ཚལ་ཐང་ཆེན་དུ་ཆིབས་བསྒྱུར་དང་འབྲེལ། ལ་དྭགས་དགོན་ཚོགས་དང་ནང་ཚོགས་ཙམ་མ་ཟད། ཁ་ཆེ་དང་ཡེ་ཤུའི་སྤྱི་ཚོགས་ནས་མགོན་པོ་༸གང་ཉིད་མཆོག་ལ་ཕེབས་སྟོན་མཛད་སྒོ་འཚོགས་གནང་གི་ཡོད་པ་རེད་འདུག




