Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་ནས་༸སྐུའི་ཡང་སྲིད་ལ་ཐེ་གཏོགས་མི་ཆོག་པའི་བསྒྲགས་གཏམ་སྤེལ་བ།

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

ད་ཆ་གནས་མཆོག་རྡོ་རྗེ་གདན་དུ་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་སྤྱིའི་ནང་པའི་དགེ་འདུན་པའི་གླེང་སྟེགས་ཀྱི་ལྷན་ཚོགས་འཚོགས་བཞིན་པ་དང་བསྟུན། ཡོ་རོབ་ནང་གི་ཝེ་ཏི་ནམ་ནང་པའི་གཅིག་གྱུར་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཏེ་རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་ཆོས་ཕྱོགས་ཀྱི་གནང་སྒོ་སྤྱི་དང་སྒོས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ལ་ཐེ་གཏོགས་གང་ཡང་ཞུ་མི་ཆོག་པའི་ནན་བརྗོད་གནང་འདུག

ཁ་སང་ཕྱི་ཚེས་ ༢༠ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་མོའི་རིག་གཞུང་བསྟི་གནས་ཁང་དུ་འཚོག་བཞིན་པའི་དེང་གི་འཛམ་གླིང་དུ་ནང་ཆོས་ཀྱི་བགྲོ་གླེང་ཞེས་གྲུབ་མཐའ་ཕན་ཚུན་དབར་མཚམས་སྦྱོར་དང་དེང་རབས་ལ་དང་ལེན་ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་ནང་པའི་དགེ་འདུན་པའི་ཚོགས་ཆེན་དབུ་འབྱེད་བཀའ་དྲིན་བསྐྱངས་ཡོད་པ་ལྟར། ཁ་སང་ཡོ་རོབ་ནང་རྟེན་གཞི་བྱས་པའི་ Unified Vietnamese Buddhist Congregation ཞེས་ཝེ་ཏི་ནམ་ནང་པའི་གཅིག་གྱུར་ལྷན་ཚོགས་ཀྱི་དགོན་བདག་གམ་ཚོགས་གཙོ་ Thich Tanh Thiet ལགས་དང་ཚོགས་གཙོ་གཞོན་པ་Thich Nhu Dien ལགས་གཉིས་ཟུང་སྦྲེལ་གྱིས་བསྒྲགས་གཏམ་ཞིག་སྤེལ་འདུག་པའི་ནང་། ཆོས་དད་མེད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་བོད་ཀྱི་ཆོས་ཕྱོགས་ཀྱི་གནང་སྒོ་དང་སྒོས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ལ་ཐེ་གཏོགས་བྱེད་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་ནན་བརྗོད་གནང་སྟེ། སྲིད་བྱུས་ངན་པ་དེ་ཉིད་འཕྲལ་མར་མཚམས་འཇོག་དགོས་པ་དང་བོད་མིའི་ཆོས་དད་རང་དབང་གི་ཐོབ་ཐང་ཁག་ལ་བརྩི་སྲུང་ཞུ་དགོས་པའི་འབོད་སྐུལ་དང་སྦྲགས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གིས་བསྐོ་གཞག་བྱས་པའི་༸རྒྱལ་བའི་ཡང་སྲིད་ལ་ངོས་འཛིན་ཞུ་རྒྱུ་མེད་པའི་རེ་བ་ཞུ་བཞིན་ཡོད་ཅེས་བསྐྱར་ནན་གནང་འདུག

བསྒྲགས་གཏམ་ནང་ད་དུང་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ་འདི་ནི་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ཉམས་ལེན་ཞིག་ཡིན་སྟབས། ༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནང་སྒོ་མཐའ་དག་༸རྒྱལ་བ་རིན་པོ་ཆེ་མགོན་པོ་༸གང་ཉིད་མཆོག་གིས་ཐུགས་ཐག་གཅོད་གནང་མཛད་རྒྱུ་ལས་གཞན་གཞུང་སྒེར་སུ་ལའང་ཐེ་བྱུས་བྱ་རྒྱུའི་དབང་ཚད་མེད་ཅེས་གསུངས་པར་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པ་དེ་བཞིན་ཆོས་ཁས་ལེན་བྱེད་ཀྱི་མེད་སྟབས་དེ་ལྟ་བུའི་སྲིད་གཞུང་གི་ངོས་ནས་༸རྒྱལ་བའི་ཡང་སྲིད་ལ་དབང་ཆ་ཡོད་ཟེར་བ་དེ་ནང་འགལ་ཆེན་པོ་ཞིག་ཡིན་པས་རྒྱ་ནག་གི་བྱེད་ཕྱོགས་དེར་ངོས་ལེན་མེད་པའི་དགག་པ་ཤུགས་ཆེར་གནང་འདུག

ཡོ་རུབ་ནང་གི་ཝེ་ཏི་ནམ་ནང་པའི་གཅིག་གྱུར་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་རྒྱ་ནག་གཞུང་ནས་བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ལ་ཐེ་བྱུས་མཚམས་འཇོག་བྱེད་དགོས་པ་དང་། ལྷག་དོན་བོད་མིའི་ཆོས་དད་རང་དབང་ལ་གུས་བརྩི་ཞུ་དགོས་པའི་དགོས་འདུན་ཆེད་བཏོན་དང་ཆབས་ཅིག རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ཀྱང་རྒྱ་ནག་གཞུང་གིས་བསྐོ་གཞག་བྱས་པའི་༸རྒྱལ་བའི་ཡང་སྲིད་ལ་ངོས་འཛིན་གནང་རྒྱུ་མེད་པའི་འབོད་སྐུལ་བསྐྱར་ནན་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།