Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྨྲ་བརྗོད་རང་དབང་ལ་དམ་བསྒྲགས་སྔར་ལྷག་བྱེད་བཞིན་པ་མངོན་གསལ།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༢༣ ལོའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་འདོན་སྤེལ་བརྒྱུད། འདས་ལོར་བོད་ནང་སྨྲ་བརྗོད་དང་ཆོས་དད་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་ཐོག་སྤྱིར་དྲག་གནོན་མུ་མཐུད་བྱས་ཡོད་པ་མ་ཟད། བོད་མི་རྣམས་ལ་གཞུང་གི་དྲག་གནོན་དང་དྲང་བདེན་མ་ཡིན་པའི་སྲིད་བྱུས་ལ་མི་འདོད་པའི་རྣམ་པ་མངོན་གསལ་བྱ་རྒྱུའི་སྨྲ་བརྗོད་རང་དབང་དང་ཞི་བའི་ལས་འགུལ་སྤེལ་རྒྱུའི་ཁོར་ཡུག་མེད་པ་གསལ་འདོན་གནང་འདུག

དེ་རང་སྔ་དྲོ་ཕྱག་ཚོད་ ༡༡ ཐོག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་བརྒྱུད་སྙན་ཐོ་འདོན་སྤེལ་གནང་སོང་བ་དང་། དེའི་ནང་དེ་སྔ་ཏོག་དབྱིབས་གཉན་རིམས་ ༡༩ པའི་གནས་སྟངས་ཁྲོད་སྤྱིར་བོད་མིའི་ཐོག་ས་ཁུལ་གཞན་དང་མི་འདྲ་བའི་དམ་བསྒྲགས་བྱས་ཡོད་པ་མ་ཟད། དྲ་རྒྱའི་ལམ་ནས་སྐབས་དེའི་དངོས་ཡོད་གནས་སྟངས་མངོན་གསལ་གནང་མཁན་དང་། རང་གི་དཀའ་སྡུག་མྱོང་ཚོར་གསུང་མཁན་ཐོག་དམིགས་བསལ་གྱི་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་པ་གསལ་འདོན་གནང་བ་འདུག

སྔ་ལོ་རྒྱ་གཞུང་གིས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ཕྱིར་བསྡུ་བྱས་ཡོད་པ་དེ་ལྟར་ཡང་། བོད་ནང་གི་བོད་མི་རྣམས་ལ་སྨྲ་བརྗོད་རང་དབང་གི་ཁོར་ཡུག་ཙམ་ཡང་མེད་པ་བཟོ་བཞིན་པའི་རྣམ་པ་གསལ་པོ་མངོན་རྒྱུ་ཡོད་སྐོར་བཀོད་འདུག་པ་དང་། སྙན་ཐོའི་ནང་འདས་ལོར་བོད་མི་ ༣༧ ལྷག་ཙམ་འཛིན་བཟུང་བཀག་ཉར་གྱི་གནད་དོན་བྱུང་བའི་ཁོངས་ནས་ཁག་གཅིག་གསང་བའི་ངང་འཛིན་བཟུང་དང་། དྲང་བདེན་གྱི་ཁྲིམས་བཤེར་མེད་པའི་ཐོག་ནས་ཁྲིམས་ཐག་བཅད་པ་མི་ ༦ ཡོད་པ་ཐེར་འདོན་གནང་འདུག

TCHRD Report

ལྟེ་གནས་ཁང་གིས་ཕྱི་ལོ་ ༡༩༩༠ ནས་བཟུང་ཉར་ཚགས་གནང་དང་གནང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པའི་གནད་དོན་རིའུ་མིག་ནང་དུ་འདི་ལོའི་བར་ཁྱོན་བོད་མི་ཆབ་སྲིད་བཙོན་པ་ ༦༣༣༢ ལྷག་ཙམ་ཡོད་པ་དང་། དེའི་ཁོངས་བུད་མེད་ ༩༦༦ ཡོད་པ་བཀོད་འདུག ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས། སེམས་འཚབ་དགོས་པའི་གནད་དོན་གཙོ་བོ་གཅིག་ནི་འདས་ལོར་བོད་ནང་བོད་མིའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་ཁོར་ཡུག་རྩ་བ་ནས་མེད་པ་ཆགས་སྟབས། བོད་མིའི་ངོས་ནས་སྤྱི་ཚོགས་དྲ་ལམ་ཐོག་རང་ཉིད་ཀྱི་མྱོང་བ་མངོན་གསལ་གནང་བཞིན་པའི་གནས་སྟངས་ཆགས་པ་གསུངས་སོང་།

ཐེངས་འདིའི་སྙན་ཐོ་འདོན་སྤེལ་དང་འབྲེལ་ལྟེ་གནས་ཁང་ནས་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྐུལ་འདེབས་དོན་ཚན་ ༡༡ གནང་འདུག་པའི་ནང་། རྒྱ་གཞུང་གིས་བོད་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ངན་པ་ཁག་ལ་བསྐྱར་བཅོས་དགོས་པ་དང་། དེ་དག་བརྒྱུད་བོད་མིའི་ཐོག་མི་རིགས་དབྱེ་འབྱེད་ཀྱི་བྱ་སྤྱོད་སྤེལ་བཞིན་པ་རྣམས་མཚམས་འཇོག་དགོས་པ། རྒྱ་གཞུང་གི་སྡུག་སྦྱོང་མྱོང་བཞིན་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏང་དགོས་པ། བོད་མིའི་ཐོག་ཁྲིམས་འགལ་གྱི་གདུག་རྩུབ་ཀྱི་བྱ་སྤྱོད་སྤེལ་མཁན་རྒྱ་ནག་དཔོན་རིགས་རྣམས་ལ་ཉེས་ཆད་དགལ་དགོས་པ། བོད་མིར་སྐད་ཡིག་དང་རིག་གཞུང་གི་རང་དབང་། དེ་བཞིན་འགྲུལ་བསྐྱོད་ཀྱི་རང་དབང་སོགས་སྤྲོད་པའི་བརྒྱུད་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏང་དགོས་པ་སོགས་འཁོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།