Tibetan Royal Year of 2151 | Year of the Wood Dragon

བལ་ཡུལ་དུ་༸སྐུའི་འཁྲུངས་སྐར་གཟབ་རྒྱས་ཐོག་སྲུང་བརྩི་ཞུས་ཐུབ་འདུག

Tibetan News Headlines

  • Tibet Initiative deputy director detained at Hong Kong airport for 13 hours, barred from entry
  • Tibetan activist A-Nya Sengdra granted family visits but continues to be detained in Chinese custody
  • Australian Tibet advocates wrap up 13th annual lobbying event, presenting four-point agenda to officials
  • Chinese government appears to plan large-scale dam construction on the Yarlung Tsangpo River
  • China’s ‘disappeared’ foreign minister demoted to low-level publishing job, say former U.S. officials

རེས་གཟའ་ཟླ་བ། ༢༠༢༤།༠༩།༠༩

  • འཇར་མ་ནི་བོད་དོན་རྒྱབ་སྐྱོར་བ་ཞིག་ལ་ཧོང་ཀོང་ནང་དུ་འཛུལ་ཞུགས་ཐད་བཀག་སྡོམ།
  • ཨ་ཉག་སེང་སྒྲ་ལགས་ནང་མི་དང་ཐུག་འཕྲད་བྱེད་དུ་བཅུག་ཀྱང་ད་དུང་མུ་མཐུད་བཙོན་ཁང་ནང་ལུས་ཡོད་པ།
  • དོན་ཚན་བཞི་ཅན་སྒོ་ནས་ཨོསྟྲེ་ལི་ཡཱར་བོད་དོན་ཞུ་གཏུག་གི་ཉིན་མོ་ཐེངས་ ༡༣ པ་མཇུག་སྒྲིལ།
  • རྒྱ་གཞུང་གིས་ཡར་ཀླུང་གཙང་པོའི་སྟེང་ཆུ་མཛོད་ཆེ་གྲས་བརྒྱག་འཆར་ཡོད་པ་མངོན་གསལ།
  • གར་སོང་ཆ་མེད་དུ་གྱུར་བའི་ཇིན་ཀང་དཔེ་སྐྲུན་ཁང་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད་པ་བརྗོད་འདུག

ཉེ་ཆར་ཟླ་ ༧ ཚེས་ ༦ རེས་གཟའ་སྤེན་པའི་ཉིན་བལ་ཡུལ་སྐུ་ཚབ་དོན་གཅོད་ནས་སྣེ་ཁྲིད་ཀྱིས་༸སྐུའི་འཁྲུངས་སྐར་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་དུས་ཆེན་གཟབ་རྒྱས་ཐོག་སྲུང་བརྩི་ཞུས་ཐུབ་འདུག

Nepal HHDL Birthday Celebration

དེ་ཡང་བལ་ཡུལ་ནང་དེ་སྔ་རྒྱ་ནག་གི་གནོན་ཤུགས་འོག་༸སྐུའི་འཁྲུངས་སྐར་དང་བོད་ཀྱི་གསུམ་བཅུའི་དུས་དྲན་ལ་སོགས་པའི་གཞུང་འབྲེལ་མཛད་སྒོ་ཁག་གི་ཐོག་དམ་དྲག་ཇེ་ཆེར་བྱེད་བཞིན་ཡོད་ཀྱང་། ཉེ་བའི་ལོ་ཤས་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུར་དམ་དྲག་ཅུང་ཟད་གུ་ཡངས་སུ་བཏང་བ་ལྟར། འདི་ལོ་དམ་དྲག་དང་བསུན་གཙེར་སོགས་གང་ཡང་མེད་པར་རྒྱལ་སྤྱིའི་གཞུང་ཚབ་ཁང་གི་དཔོན་རིགས་འདྲ་མིན་གཙོས་པའི་ཕྱི་ནང་མི་མང་ ༢༠༠༠ ཙམ་ལྷན་བཞུགས་ཀྱིས་༸སྐུའི་འཁྲུངས་སྐར་གྱི་དུས་ཆེན་གོ་སྒྲིག་གཟབ་རྒྱས་ཐོག་སྲུང་བརྩི་ཞུས་ཐུབ་པ་བྱུང་འདུག

Nepal HHDL Birthday Celebration
Photo: Bod.asia

བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། བལ་ཡུལ་མཆོད་རྟེན་གྱི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ཡོལ་མོ་དགོན་དུ་གོ་སྒྲིག་ཞུས་པའི་གཞུང་འབྲེལ་གྱི་མཛད་སྒོ་དེའི་ཐོག སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཆུ་བཟང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བལ་ཡུལ་སྐུ་ཚབ་དོན་གཅོད་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས། བསམ་གཏན་གླིང་དང་ཤེལ་དཀར་ཆོས་སྡེ་མཁན་རིན་པོ་ཆེ་རྣམ་པ་དང་། བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྡེ་ཚན་ཁག་གི་སྐུ་ཚབ་དང་མི་མང་། ལྷག་པར་དུ་བལ་ཡུལ་ནང་དུ་བཅའ་བཞུགས་ཨ་རི་དང་ཡོ་རོབ་མཐུན་ཚོགས། Australia,  སུད་སི། France སོགས་ཀྱི་གཞུང་ཚབ་ཁང་གི་སྐུ་ཚབ་མང་དག་ཞིག་དབུ་བཞུགས་གནང་འདུག ད་དུང་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་སྤྱི་ཁྱབ། སྐྱབས་བཅོལ་བའི་ཆེད་ལས་པ། USAID རོགས་སྐྱོར་ཚོགས་པའི་སྐུ་ཚབ་ཙམ་མ་ཟད། བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་ཆོགས་པའི་སྤྱི་ཁྱབ་དང་། ལས་འགུལ་བ་སོགས་ཧི་མ་ལ་ཡའི་མི་རིགས་ཁག་གཅིག་ཀྱང་ཕེབས་ཡོད་པ་རེད་འདུག

Nepal HHDL Birthday Celebration
Photo: Bod.asia

མཛད་སྒོའི་ཐོག་མཛད་གཙོ་རྣམ་པས་༸སྐུའི་འཁྲུངས་སྐར་དང་འབྲེལ་བའི་གསུང་བཤད་དང་། ཚོགས་པ་སྐྱིད་སྡུག་དང་སློབ་གྲྭ་ཁག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་གཞས་སྣ་འདྲ་མིན་གཟིགས་འབུལ་ཞུས་པ་མ་ཟད། འཁུངས་སྐར་གྱི་ཉིན་གཉིས་པར་བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པས་ལྷ་གཞུང་བྲམ་ཟེའི་བུ་མོ་གཟུགས་ཀྱི་ཉི་མའི་རྣམ་ཐར་འཁྲབ་སྟོན་ཉིན་འཁྱོངས་གཟིགས་འབུལ་ཞུས་འདུག

Nepal HHDL Birthday Celebration
Photo: Bod.asia

དེ་བར་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་དུས་ཆེན་དང་བསྟུན། ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ Jacqueline Eustache-Brinio ལགས་ཀྱི་སྣེ་ཁྲིད་འོག་ཕ་རན་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་གསུམ་གྱི་མཛད་པ་འཕྲིན་ལས་དང་། སྐུ་ཕྲེང་རིམ་བྱོན་ནི་བོད་མི་མང་དང་བོད་བརྒྱུད་ནང་བསྟན་གྱི་བྲལ་དུ་མེད་པའི་ཆ་ཤས་ཤིག་ཡིན་པ་གསལ་འདོན་གནང་འདུག་པ་དང་། དེ་བཞིན་བསྒྲགས་གཏམ་ནང་ནན་གཏན་གྱིས་རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གྱི་གནད་དོན་ལ་ཐེ་བྱུས་བྱེད་བཞིན་པར་ངོས་ལེན་བྱ་ཐབས་མེད་ཅིང་། མགོན་པོ་༸གང་ཉིད་མཆོག་གི་ཡང་སྲིད་ནི་བོད་མི་རྣམས་ནས་ཆོས་ཕྱོགས་ཀྱི་གནང་སྒོ་གཞིར་བཟུང་ངོས་འཛིན་གནང་གི་ཡོད་པ་ནན་བརྗོད་གནང་འདུག

France Tibet Support Group
Photo: Bod.asia

གཞན་ཡང་བསྒྲགས་གཏམ་དེའི་ནང་གྲོས་ཚོགས་འཐུས་མི་རྣམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱིར་འཛམ་གླིང་དང་། སྒོས་སུ་བོད་མི་རྣམས་ཀྱི་བདེ་དོན་སླད་བསྐྱངས་པའི་མཛད་པ་འཕྲིན་ལས་སོགས་ཀྱང་དྲན་གསོ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།