ཚོགས་སྡེ་ ༡༨༦ གིས་ཧ་ཝར་ཌི་མཐོ་སློབ་ལ་རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་དྲག་གནོན་ཐད་ཡ་ལན་དགོས་པའི་འབོད་སྐུལ་ཞུས་འདུག

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

འདི་ལོའི་ཟླ་བ་བཞི་པའི་ནང་ཨ་རིའི་ Harvard གཙུག་ལག་སློབ་གཉེར་ཁང་གི་ Kennedy སློབ་གྲྭར་རྒྱ་ནག་གི་གཞུང་ཚབ་ Xie Feng ཤིའི་ཧྥེང་གི་གཏམ་བཤད་སྐབས། རྒྱ་ནག་དང་བོད་པའི་སློབ་ཕྲུག་ཁག་གཅིག་གིས་ངོ་རྒོལ་བྱས་སྐབས་རྒྱ་མི་སྒེར་པ་འགའ་ཤས་ནས་ཁོ་ཚོ་དྲག་ཤུགས་ཀྱིས་དྲུད་དེ་འདྲི་རྩད་བྱས་པ་དང་། ཁོ་ཚོར་རྗེས་འདེད་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་བ་ལྟར། ཉེ་ཆར་ཟླ་འདིའི་ཕྱི་ཚེས་གཅིག་ཉིན། Select Committee on the Chinese Communist Party འམ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་འཐབ་བྱུས་ཚོགས་ཆུང་གིས་ཞིབ་འཇུག་ཁྲོད་རྒྱ་ནག་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་ལ་ཆེས་སེམས་འཚབ་ཀྱིས་ཧ་ཝར་ཌི་མཐོ་སློབ་ཀྱི་ཚོགས་གཙོ་སྐུ་ཞབས་ Garber ལགས་སུ་ལན་འདེབས་དགོས་ཡོད་པའི་འབོད་སྐུལ་ཞུས་ཡོད་པ་རེད།

186 organizations call upon Harvard
Students of Harvard

དེ་འབྲེལ་ཁ་ཉིན་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་བྱེད་མཁན་སློབ་མའི་མཐུན་ཚོགས་ཁག་གཅིག་གིས་གོ་སྒྲིག་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་རང་དབང་ཁང་པ་སོགས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་སྡེ་ ༡༨༦ གིས་མཉམ་འབྲེལ་ཐོག་ནས་ཧ་ཝར་ཌི་སློབ་གྲྭ་ཆེན་མོའི་ཚོགས་གཙོ་ Garber ལགས་སུ་ཕྱག་བྲིས་ཞིག་ཕུལ་ཏེ། གཙུག་ལག་སློབ་ཁང་དེ་ཉིད་ངོས་ནས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་འཐབ་བྱུས་ཚོགས་ཆུང་ལ་ཡོང་གྲགས་དང་འཐུས་སྒོ་ཚང་བའི་ཡ་ལན་ཞིག་སྤྲོད་དགོས་པ་མ་ཟད། རྒྱ་ནག་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་ལ་གདོང་ལེན་དང་དེ་འབྲེལ་དཀའ་ངལ་རིགས་སེལ་ཐབས་ཀྱི་ཁས་ལེན་དགོས་པའི་ཞུ་སྐུལ་གནང་འདུག

Alan Garber
Alan Garber

བསྒྲགས་གཏམ་དེར་མཚན་རྟགས་བསྐྱོན་མཁན་ཁོངས་སུ་ཧ་ཝར་ཌིའི་དབུས་ཨེ་ཤི་ཡའི་སློབ་ཕྲུག་ལྷན་ཚོགས་གཙོས་པའི་ཧ་ཝར་ཌིའི་ཚོགས་སྡེ་ཁག་གཅིག་དང་། ཧོང་ཀོང་མང་གཙོའི་ལྷན་ཚོགས་གཙོས་པའི་ཧོང་ཀོང་གི་ཚོགས་སྡེ་ཁག་གཅིག ཡུ་གུར་འགྲོ་བ་མིའི་ཐོབ་ཐང་ལས་གཞིའི་ཚོགས་པ་གཙོས་པའི་ཡུ་གུར་ཚོགས་སྡེ་ཁག་གཅིག ཐའེ་ཝན་མང་གཙོ་ཚོགས་པ་གཙོས་པའི་ཐའེ་ཝན་གྱི་ཚོགས་སྡེ་ཁག་གཅིག China Dissent Network གཙོས་པའི་རྒྱ་ནག་གི་ཚོགས་སྡེ་ཁག་གཅིག Maharashtra ཧིན་བོད་མཛའ་འབྲེལ་ཚོགས་པ་གཙོས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གཅིག དེ་བཞིན་བོད་དོན་ལས་འགུལ་ལྟེ་གནས་ཁང་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོས་པའི་བོད་མིའི་ཚོགས་སྡེ་ཁག་གཅིག མ་ཟད་ཨ་རིའི་རྒྱལ་སྤྱི་ཉེས་ཡངས་ཚོགས་པ་དང་རང་དབང་ཁང་པ། དེ་བཞིན་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གཙོས་པའི་རྒྱ་རིགས་ཚོགས་སྡེ་ཁག་གཅིག་བཅས་ནས་མཉམ་ཞུགས་གནང་འདུག

བསྒྲགས་གཏམ་ནང་འདས་པའི་ཕྱི་ཟླ་ ༤ པའི་སྐབས་དེ་དུས་ཀྱི་གནས་ཚུལ་དེ་བྱུང་རྗེས་ཧ་ཝར་ཌི་མཐོ་སློབ་ཀྱི་སློབ་ཕྲུག་ཚོར་འཇིགས་སྣང་དང་། རྒྱབ་སྐྱོར་བདེ་འཇགས་མེད་པའི་ཚོར་སྣང་བྱུང་འདུག་པ་དང་འབྲེལ། ཁོ་ཚོས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བར་ཞི་བའི་ངོ་རྒོལ་བྱས་པ་དེར་བརྟེན་ནས་དྲག་སྤྱོད་དང་། འཇིགས་སྐུལ། ཐ་ན་མཐོ་སློབ་ནས་སྒྲིག་ཁྲིམས་ཀྱི་ཉེས་པ་ཡང་མྱོང་དགོས་བྱུང་བར། སྲིད་དབང་སྒེར་འཛིན་གྱི་གཞུང་ཞིག་གིས་དྲང་བདེན་མིན་པའི་དཔྱད་ཞིབ་དང་བཀག་སྡོམ་དེ་དག་ཨ་རི་ལྟ་བུའི་མང་གཙོའི་རྒྱལ་ཁབ་འདིར་ཁྱབ་གདལ་དུ་སོང་བར་མ་ཟད། ཨ་རིའི་ཆེས་སྙན་གྲགས་ཆེ་བའི་སློབ་གཉེར་ཁང་ཞིག་གིས་དེར་བཟོད་སྒོམ་བྱས་ཡོད་པ་གསལ་འདོན་གནང་འདུག

186 organizations call upon Harvard
Xie Feng, April 2024

མ་ཟད་སྟབས་མ་ལེགས་པ་ཞིག་ལ་གནས་ཚུལ་འདི་གཅིག་པུ་མིན་པར་རྒྱ་གཞུང་གིས་ཕྱི་རྒྱལ་གྱི་ཞི་རྒོལ་བ་དང་ལས་འགུལ་བ་ཚོར་ལྟ་རྟོག་དང་། བཀག་འགོག ཉེས་ཆད་གཅོད་པ་བཅས་ཀྱི་ཆེད་དུ་ཞིབ་བཤེར་གྱི་ནུས་པ་བེད་སྤྱོད་གཏོང་བའི་ཚད་གཞི་ཇེ་མཐོར་འགྲོ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་རང་དབང་ཁང་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་སོགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་ཚོགས་པ་མང་པོས་ཨ་རིའི་མཐོ་སློབ་ཁག་ཏུ་རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱས་པའི་ཡིག་ཆའི་སྙན་ཐོ་ཞིབ་ཕྲ་འགྲེམས་སྤེལ་བྱས་ཡོད་པ་དང་། མཐོ་སློབ་ཁག་གི་སློབ་ཕྲུག་དང་ལས་བྱེད་ཚོར་སྲུང་སྐྱོབ་ཡག་ཤོས་བྱེད་ཕྱོགས་ཀྱི་ལམ་སྟོན་ཡང་སྤེལ་ཡོད། གང་ལྟར་ཡང་ད་ལྟའི་ཧ་ཝར་ཌི་མཐོ་སློབ་དང་དེ་མིན་གྱི་མཐོ་སློབ་ཁག་གི་སྒྲིག་ཁྲིམས་ལག་བསྟར་ནི་ཆེད་འདོན་གནང་བའི་ལམ་སྟོན་འདི་དག་ལས་རྦད་དེ་བརྒལ་ཡོད་པའི་འགྲེལ་བརྗོད་གནང་འདུག

མ་ཟད་ཞིབ་འཇུག་འདིའི་ཐད་ཧ་ཝར་ཌི་སློབ་ཆེན་ནས་ལན་འདེབས་གང་འདྲ་ཞིག་བྱེད་མིན་ནི་ད་ལྟ་དང་འབྱུང་འགྱུར་གྱི་ཧ་ཝར་ཌི་སློབ་ཆེན་གྱི་སློབ་ཕྲུག་ཚང་མའི་བདེ་འཇགས་ལ་གནད་འགག་ཆེན་པོ་ཞིག་ཡིན་པ་དང་། ཕྱི་རོལ་གྱི་དགག་ཆ་དང་རང་འགུལ་དགག་ཆ་གང་ཡིན་ཡང་དེ་ལ་ཁ་གཏད་གཅོག་པ་དང་། ཤེས་ཡོན་གྱི་རང་དབང་དང་སྨྲ་བརྗོད་ཀྱི་རང་དབང་སྲུང་སྐྱོབ་བྱེད་པར། ཧ་ཝར་ཌི་སློབ་ཆེན་ནས་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་ཉེན་ཁའི་ཁྲོད་ལྷུང་བའི་སློབ་ཕྲུག་ཚང་མར་རྒྱབ་སྐྱོར་གྱི་ཐབས་ལམ་དང་འབྲེལ་བའི་ཤེས་ཡོན་དང་གོ་སྐབས་འཐོབ་ཐབས་ཀྱི་ཆེད་དུ་ངེས་པར་དུ་མང་ཚོགས་ལ་ལན་འདེབས་བྱེད་དགོས་པ་མ་ཟད། ད་ལྟའི་སྲིད་ཇུས་དང་ལག་ལེན་གསལ་བཤད་བྱེད་པ་ནི་སྲུང་སྐྱོབ་ཚད་ལྡན་ཞིག་འཛུགས་སྐྲུན་བྱེད་པའི་དགོས་ངེས་ཀྱི་གོམ་པ་དང་པོ་ཡིན་པའི་འགྲེལ་བརྗོད་བྱས་འདུག

Select Committee on the Chinese Communist Party
Harvard, April 2024

ཚོགས་སྡེ་ཁག་ ༡༨༦ དེ་དག་ནས་ཧ་ཝར་ཌི་མཐོ་སློབ་ལ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་འཐབ་བྱུས་ཚོགས་ཆུང་ནས་རྒྱ་གཞུང་གི་རྒྱལ་མཚམས་བརྒལ་བའི་དྲག་གནོན་ཐོག་དྲི་བ་ཁག་གཅིག་ཕུལ་བ་དེར་ཚུལ་མཐུན་གྱི་དུས་ཐོག་ལན་འདེབས་དགོས་པ་དང་། འབྲེལ་ཡོད་སློབ་ཕྲུག་ཚོ་དང་། སློབ་ཕྲུག་ཚོགས་པ།  དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་དང་ལྷན་དུ་གྲོས་བསྡུར་ནན་པོ་བྱས་ནས་སློབ་ཕྲུག་ཚོའི་བདེ་འཇགས་དང་རྒྱབ་སྐྱོར་གྱི་སྒྲིག་གཞི་ཁག་ལ་འཕྲད་པའི་དཀའ་ངལ་དང་སྟོང་ཆ་རྣམས་ངོས་འཛིན་དང་སེལ་ཐབས་བྱ་དགོས་པ། ལྷག་པར་དུ་གནོད་འཚེ་ཕོག་ཡུལ་གྱི་སློབ་ཕྲུག་དང་། སློབ་ཕྲུག་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་དང་མཉམ་དུ་གྲོས་བསྡུར་ནན་པོ་བྱས་རྗེས་རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་དང་བརྙས་བཅོས་འཇིགས་སྐུལ་གྱི་བྱ་སྤྱོད་ནང་མཉམ་ཞུགས་བྱས་མཁན་ཕྱི་རྒྱལ་དུ་ཡོད་པའི་རྒྱ་མི་ཚོར་གདོང་ལེན་གྱིས་འཐབ་རྩོད་བྱ་བའི་དམ་བཅའ་འཇོག་དགོས་པའི་འབོད་སྐུལ་ཞུས་འདུག

རྩ་བའི་འདི་ལོའི་ཕྱི་ཟླ་ ༤ པར་ཧར་ཝཊ་ནང་རྒྱ་ནག་གཞུང་ཚབ་པས་གཏམ་བཤད་བྱས་སྐབས་རྒྱ་ནག་དང་བོད་ཀྱི་སློབ་མ་ཁག་གཅིག་ནས་ངོ་རྒོལ་བྱས་ཡོད་པར་ཁོང་རྣམ་པར་དྲག་གནོན་གྱི་གནས་ཚུལ་ཐད་ Select Committee on the Chinese Communist Party འམ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་འཐབ་བྱུས་ཚོགས་ཆུང་གིས་གཙུག་ལག་སློབ་ཁང་དེ་ཉིད་ཀྱི་གཙོ་འཛིན་མཆོག་ལ་སྐབས་དེ་དུས་ཀྱི་གནས་ཚུལ་གསལ་བཀོད་དང་སྦྲགས། གསལ་བཤད་དགོས་ངེས་ཡིན་པ་མ་ཟད། དྲི་བ་ཁག་ ༡༣ ཆེད་བཀོད་ཀྱི་ཟླ་བ་ ༧ ཚེས་ ༢༦ བར་དེ་འབྲེལ་ལན་འདེབས་གསལ་བཤད་དགོས་ཡོད་པ་ནན་བརྗོད་གནང་ཡོད་པ་རེད།

186 organizations call upon Harvard
Harvard, April 2024

འབྲེལ་ཡོད་གསར་གནས།

གསར་གནས།