༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་པའི་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་དང་འབྲེལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྣེ་འཁྲིད་པའི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་གནང་འདུག
དེ་ཡང་ཟླ་འདིའི་ཚེས་ ༡༧ ཉིན་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཨུ་ཏྲ་ཁན་ཌའི་རྒྱལ་ས་ལྡེ་ར་ལྡུན་ནས་དབུ་འཛུགས་ཀྱིས་ཁ་སང་ཚེས་ ༢༢ ཉིན་རྒྱལ་ས་ལྡི་ལིར་ཕྱི་དྲོ་ཙམ་ལ་འབྱོར་ཡོད་པ་དང་། དེ་རིང་ལས་འགུལ་འདིར་མཉམ་ཞུགས་བ་མི་གྲངས་ ༤༧ གྱིས་ Ramlila ཐང་ཆེན་ནས་ Jantar Mantar དབར་རྐང་འཁོར་སྐོར་བསྐྱོད་ཀྱིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པའི་ཞི་རྒོལ་གནང་པ་དང་སྦྲགས། རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དེ་མཇུག་སྒྲིལ་གནང་ཡོད་པ་རེད།
དེ་རིང་ཟླ་ ༥ ཕྱི་ཚེས་ ༢༣ ཉིན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་གནང་དོན་ནི་དེ་སྔ་ ༡༩༥༡ ལོའི་ཟླ་ ༥ ཕྱི་ཚེས་ ༢༣ ཉིན་ཆིང་ཡིག་དོན་ཚན་བཅུ་བདུན་བཞག་པ་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ངོས་ལེན་ནམ་ཡང་གནང་ཐབས་མེད་པའི་རྣམ་པ་གསལ་བཏོན་ཞུ་ཆེད་ཡིན་པ་དང་། ལས་འགུལ་གྱི་སྣེ་འཁྲིད་པ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་ཀྱིས་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་ཆེད་དུ་གཟའ་འཁོར་གཅིག་རིང་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དེའི་བརྒྱུད་བོད་ཀྱི་གཞོན་ནི་ལྷན་ཚོགས་ལ་བློ་སྤོབས་གསར་པ་ཞིག་སྦྱིན་བྱུང་ཞེས་གསུངས་ཡོད་པ་རེད།
གཞི་རྩའི་ཐེངས་འདིའི་ལས་འགུལ་ནི་དེ་སྔ་སྤྱི་ལོ་ ༡༩༥༥ ཟླ་ ༥ ཕྱི་ཚེས་ ༡༧ ཉིན་རྒྱ་གཞུང་གིས་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མི་སྤུན་མཆེད་བཅས་པ་བཙན་དབང་གིས་འཛིན་བཟུང་བྱས་པའི་དུས་ཚིགས་དང་སྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གཙོ་འགན་བཞེས་ཐོག་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཨུ་ཏྲ་ཁན་ཌའི་རྒྱལ་ས་ལྡེ་ར་ལྡུན་ནས་དབུ་འཛུགས་ཀྱིས་རྒྱལ་ས་ལྡི་ལི་བར་རྐང་འཁོར་སྐོར་བསྐྱོད་གནང་སྟེ། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡིན་མིན་གྱི་བདེན་དཔང་གསལ་བཏོན་དགོས་པ་དང་། རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེགས་གནང་མཁན་བོད་མི་རྣམས་ཀྱི་དགོས་འདུན་དང་མངོན་འདོད་ཁག་ལ་འགན་འཁུར་བྱ་དགོས་པ། བོད་ནང་གི་དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་ངེས་པར་དུ་གཏོང་དགོས་པ། དེ་བཞིན་རྒྱ་ནག་གཞུང་ནས་བོད་ཀྱི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་བཀྲོལ་གཏོང་དགོས་པ་བཅས་དགོས་འདུན་དོན་མཚན་བཞིའི་ཐོག་ཞུ་ཡིག་ཕུལ་ཡོད་པ་རེད།
རྩ་བའི་ད་ལན་གྱི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་འདི་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་གཉིས་ནས་གཙོ་འགན་གྱིས་སྣེ་འཁྲིད་འོག་བདེ་སྐྱིད་གླིང་། པོན་ཌ། ཕུ་རུ་ཝ་ལ། ཚེ་རིང་དོན་ལྡན་གླིང་། ར་ཇི་པུར། ཧར་པ་པུར། ན་ནི་ཏལ། མ་སུ་རི། ལྡི་ལི་བཅས་ཀྱི་ས་གནས་གཞོན་ནུའི་ཚོགས་མི་དང་། རྐང་འཁོར་བསྐོར་བསྐྱོད་ཀྱི་བོད་དོན་རྒྱབ་བསྐྱོར་ལས་འགུལ་བ་རྒྱ་གར་ཡུལ་མི་བསམ་གཏན་མི་ཤཱ་ར་གཙོས་པའི་བོད་དོན་རྒྱབ་བསྐྱོར་བ་ཁག་ཅིག་བཅས་ཁྱོན་མི་གྲངས་ ༤༧ གྱིས་མཉམ་ཞུགས་གནང་འདུག