༸གོང་ས་མཆོག
བོད་དང་ཁ་ཆེ་གཉིས་དབར་དམིགས་བསལ་འབྲེལ་བ་ཡོད་པར་བཀའ་སྩལ་བ།
༸གོང་ས་མཆོག་གིས་བོད་དང་ཁ་ཆེ་གཉིས་དབར་དམིགས་བསལ་འབྲེལ་བ་ཡོད་པར་བཀའ་སྩལ་འདུག
འཛམ་གླིང་ནང་བོད་མི་ཟེར་སྐབས་འཛུམ་མུལ་མུལ་ཡོད་པར་ངོས་འཛིན་གྱི་ཡོད་པས་སེམས་བཟང་པོ་བྱེད་དགོས་ཞེས་བཀའ་སྩལ་བ།
འཛམ་གླིང་ནང་བོད་མི་ཟེར་སྐབས་འཛུམ་མུལ་མུལ་ཡོད་པར་ངོས་འཛིན་གྱི་ཡོད་པས་སེམས་བཟང་པོ་བྱེད་དགོས་ཞེས་བཀའ་སྩལ་ཡོད།
བོད་གཞིས་བྱེས་གཞུང་མང་ལྷ་མི་ཡོངས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་པ།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
རྒྱ་གཞུང་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱ་རྒྱུ་མེད་པ་བསྐྱར་ནན།
རྒྱ་གཞུང་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱ་རྒྱུ་མེད་པའི་བསྐྱར་ནན།
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ Petr Pavel མཆོག་ལ་འཚམས་འདྲི་མཛད་པ།
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྤྱི་ཟུར་པ་སྐུ་ཞབས་ Petr Pavel མཆོག་གིས་ཉེ་ལམ་ཕྱི་ཚེས་ ༩ ཉིན་སྲིད་འཛིན་གྱི་ལས་ཁུར་དམ་འབུལ་ཞུས་པ་དང་བསྟུན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ Pavel མཆོག་ལ་འཚམས་འདྲི་མཛད་པ་དང་སྦྲགས་ཏེ། སྲིད་འཛིན་མཆོག་གི་ལས་ཡུན་ཁྲོད་ཅེཀ་མང་ཚོགས་ཀྱི་མངོན་འདོད་བསྒྲུབ་རྒྱུ་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཛད་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་སྐུ་ཞབས་ Petr Pavel མཆོག་ལ་སྩལ་བའི་འཚམས་འཕྲིན་ནང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་པོ་སྐུ་ཞབས་ Vaclav Havel མཆོག་གི་སྐབས་ཕྱི་ལོ་ ༡༩༩༠ ཟླ་ ༣ ཟླ་མགོ་ནས་བཟུང་མགོན་པོ་༸གང་ཉིད་མཆོག་ཡུལ་དེར་ཆིབས་བསྒྱུར་རིམ་པ་མཛད་པ་དྲན་གསོ་མཛད་པ་དང་འབྲེལ། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་ Velvet གསར་བརྗེའི་བརྒྱུད་དམར་པོའི་རིང་ལུགས་མཇུག་བསྡུས་པར་མ་ཟད། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་མང་རྣམས་ལ་འཛམ་གླིང་ཁྱོན་ཡོངས་སུ་རང་དབང་དང་མང་གཙོ། འཚེ་མེ་ཞི་བའི་རིན་ཐང་རྣམས་བརྒྱུད་སྤེལ་བྱ་རྒྱུའི་ནུས་པ་ལྡན་ཡོད་ཅེས་བཀའ་སྩལ་མཛད་འདུག
ལྷག་པར་དུ་༸གོང་ས་མཆོག་གིས་འདས་པའི་ལོ་ཤས་ནང་མགོན་པོ་༸གང་ཉིད་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་ཐེངས་འགའ་ཤས་ཆིབས་བསྒྱུར་མཛད་རྒྱུའི་གོ་སྐབས་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་བཀའ་སྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞི་ལས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་འགྲོ་བ་མིའི་རིན་ཐང་གོང་སྤེལ་དང་ཆོས་ལུགས་མཐུན་སྒྲིལ་ཐོག་ཁུལ་དེར་གནས་བཞུགས་མི་མང་རྒན་གཞོན་བར་གསུམ་ཚང་མས་དོ་སྣང་གནང་བའི་ཐུགས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་མཛད་ཡོད།
༸གོང་ས་མཆོག་གིས་འཚམས་འཕྲིན་མཇུག་ཏུ་དེང་གི་ཆར་འཛམ་གླིང་འདི་གཉན་འཕྲང་ཅན་གྱི་དུས་ཚོད་ཡིན་པར་བརྟེན་སྐུ་ཞབས་ Petr Pavel མཆོག་གི་ལས་ཡུན་རིང་གདོང་ལེན་རིམ་པ་གནང་སྟེ་ཅེཀ་སྤྱི་མཐུན་རྒྱལ་ཁབ་མི་མང་གི་མངོན་འདོད་བསྒྲུབ་ཐུབ་པར་ཐུགས་སྨོན་མཛད་ཀྱི་ཡོད་པ་བཀའ་སྩལ་མཛད་འདུག
གཞི་རྩའི་དགུང་ལོ་ ༦༡ ལ་ཕེབས་པའི་སྐུ་ཞབས་ Petr Pavel མཆོག་ཁ་སྔོན་ཕྱི་ཚེས་ ༩ ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་འོག་ཀྱི་ལས་རིམ་ཚོགས་ཡུལ་ Prague Castle ནང་ལས་ཁུར་དམ་འབུལ་ཞུས་ཡོད་པ་དང་། སྐབས་དེར་ཁོང་གིས་ཁོང་ལ་འོས་ཤོག་འཕེན་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཅེཀ་སྤྱི་མཐུན་རྒྱལ་ཁབ་ལ་ཤ་ཞེན་གྱི་ཐོག་ནས་རྩ་ཁྲིམས་ལ་བརྩི་སྲུང་ཞུས་པའི་ཐོག་ནས་མི་མང་རྣམས་ཀྱི་མངོན་འདོན་ལྟར་ཕྱག་ལས་གནང་རྒྱུར་ཞལ་བཞེས་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་མིང་དོན་མཚུངས་པ་ཞིག་གནང་ངེས་ཡིན་པར་དམ་བཅའ་བཞེས་པར་མ་ཟད། རྒྱལ་ཁབ་ཀྱི་ལས་ཁུངས་སོ་སོར་ཆེ་མཐོང་དང་གུས་བརྩི། དེ་བཞིན་ཡ་རབས་ཀྱི་སྤྱོད་ཚུལ་དང་ཉེ་བར་མཁོ་བའི་རིན་ཐང་གཞན་རྣམས་སླར་གསོ་གནང་རྒྱུ་སོགས་ཞལ་བཞེས་གནང་ཡོད།
འབྲེལ་ཡོད་པར་ཁག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།
རྒྱ་ནག་དེ་ཉིད་བོད་ཙམ་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་ལ་དཀའ་ངལ་ཅན་ཞིག་ཆགས་ཀྱི་ཡོད།
དེ་རིང་ཕྱི་ཟླ་ ༣ ཚེས་ ༡༠ སྟེ་བོད་མིས་རང་དབང་སྒེར་ལངས་ཀྱི་ཉིན་མོར། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་མགྲོན་དུ་ཕེབས་པའི་ཡོ་རོབ་མཐུན་ཚོགས་དང་ལི་ཐུ་ནི་ཡ། དེ་བཞིན་མེཀ་སི་ཀོའི་གྲོས་ཚོགས་འཐུས་མི་བཅས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པ་དང་འབྲེལ། ཉིན་རྒྱབ་ཕྱག་ཚོད་ ༢།༣༠ ཐོག བོད་དང་བོད་མིའི་གནད་དོན་ཐོག་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་མཚོན་ཆེད་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་ཚོགས་ཁང་དུ་ཕྱི་དྲིལ་ལས་ཁུངས་ཀྱི་མཐུན་འགྱུར་འོག་གསར་འགོད་ལྷན་ཚོགས་ཞིག་བསྐོང་ཚོགས་གནང་སོང་།
སྐབས་དེར་ཡོ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Mikulas Peksa ལགས་ཀྱིས་ད་རེས་གོ་སྐབས་དེའི་བརྒྱུད་ནས་བོད་མིའི་སྒྲིག་འཛུགས་གཙོས་པའི་བོད་ཀྱི་བསྟི་གནས་ཁང་སོགས་རྒྱུས་ལོན་བྱ་རྒྱུ་གོ་སྐབས་བྱུང་སོང་བ་དང་། དེ་བཞིན་བོད་ནང་གི་གཞི་རྩའི་རང་དབང་སོགས་མེད་པའི་ཛ་དྲག་གི་གནད་དོན་ཐོག་གོ་བསྡུར་བྱུང་ཡོད་སྐོར་སོགས་གསུངས་སོང་།
དེ་བཞིན་མེཀ་སི་ཀོའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Salvador Caro Cabrera ལགས་ཀྱིས་རྒྱ་ནག་དེ་ཉིད་བོད་ཙམ་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་ལ་དཀའ་ངལ་ཅན་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱ་ནག་གཅིག་གི་སྲིད་བྱུས་ཞེས་པ་དེ་དཀའ་ངལ་འབྱུང་གཞིའི་སྲིད་བྱུས་ཤིག་ཡིན་པ་གསུངས་ཡོད། མ་ཟད་ཁོང་གིས་རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དེར་རྒྱ་ནག་གི་ཐེ་བྱུས་བྱེད་པའི་དབང་ཚད་མེད་སྐོར་གསུངས་པ་དང་ཆབས་ཅིག ང་ཚོས་བོད་དོན་ཆེད་མུ་མཐུད་རོགས་སྐྱོར་གནང་རྒྱུ་དམ་བཅའ་བརྟན་པོ་ཡོད་ཅེས་གསུངས་སོང་།
ལི་ཐུ་ནི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Arunas Valinskas ལགས་ཀྱིས་ད་རེས་གོ་སྐབས་འདིའི་བརྒྱུད་ནས་བཙན་བྱོལ་ནང་གི་བོད་མི་རྣམས་ནས་མང་གཙོ་དང་སྤྱི་ལ་ཁྱབ་པའི་སྒྲིག་འཛུགས་ཚགས་ཚུད་དེ་དག་མཐོང་དུས་དགའ་པོ་བྱུང་སོང་ཞེས་འགྲེལ་བརྗོད་དང་འབྲེལ། ལི་ཐུ་ནི་ཡ་ཡང་དེ་སྔ་ད་ལྟའི་བོད་ཀྱི་གནས་སྟངས་ལྟར་གྱུར་ཡོད་པ་སེམས་ཚོར་ཆེན་པོ་ཡོད་ཅེས་དང་། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་དོན་འཐབ་རྩོད་དེ་མུ་མཐུད་འགྲོ་བཞིན་ཡོད་པ་གླེང་སློང་བྱ་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་སོང་།
གསར་འགོད་ལྷན་ཚོགས་དེའི་ཐོག་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་གྲོས་ཚོགས་འཐུས་མི་ཁོང་རྣམས་པར་དེ་རིང་གི་ཉི་མོ་དེ་དང་འབྲེལ་བའི་རྒྱ་ནག་ལ་བརྡ་ལེན་ཇི་ཡོད་ཅེས་བཀའ་འདྲི་ཞུས་སྐབས། ཁོང་རྣམ་པས་རྒྱ་ནག་གི་འགོ་ཁྲིད་རྣམས་ནས་ཤེས་དགོས་པ་ཞིག་ལ་བོད་མི་རྣམས་ལ་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་སྒྲིག་འཛུགས། དེ་བཞིན་ཆིག་སྒྲིལ་གྱི་ནུས་པ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་བོད་མི་མང་གི་སེམས་ཤུགས་དེ་ནམ་ཡང་ཉམས་དམས་སུ་འགྲོ་གི་མ་རེད་ཅེས་བརྡ་ལེན་གནང་སོང་།
རྩ་བའི་དེ་རིང་སྔ་དྲོ་བོད་མི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་དང་ལི་ཐུ་ནི་ཡ། དེ་བཞིན་མེཀ་སི་ཀོའི་གྲོས་ཚོགས་འཐུས་མི་རྣམས་ལ་མཇལ་ཁ་སྩལ་ཡོད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་བྱིས་པའི་གནས་སྐབས་སུ་ང་ཚོ་རྒྱལ་ཁབ་དང་ཆོས་ལུགས་སོགས་ཀྱི་གནད་དོན་ཤེས་ཀྱི་མེད་པར་ཕན་ཚུན་མཛའ་བརྩེ་ངང་གནས་ཀྱི་ཡོད་སྐོར་བཀའ་སྩལ་དང་འབྲེལ། དེང་གི་ཆར་གོ་ལ་གཅིག་གྱུར་གྱི་འདུ་ཤེས་ངེས་པར་དུ་དགོས་པ་དང་། སྐབས་འགར་རྒྱལ་ཁབ་དང་ཆོས་ལུགས་སོགས་ཀྱི་མིང་ཐོག་ནས་ཕན་ཚུན་གསོད་རེ་བྱེད་ཀྱི་ཡོད་པ་དེ་མཐའ་གཅིག་ཏུ་ནོར་བ་ཞིག་ཡིན་པ་མ་ཟད། གོ་མཚོན་བེད་སྤྱོད་བྱ་རྒྱུ་ངེས་པར་དུ་མཚམས་འཇོག་དགོས་པའི་དུས་ལ་བསླེབས་ཡོད་སྐོར་བཀའ་སྩལ་དང་ཆབས་ཅིག འཛམ་གླིང་འདིའི་སྟེང་ཕན་ཚུན་གཉེན་སྤུན་གྱི་འདུ་ཤེས་འཛིན་པའི་ཐོག་མཉམ་གནས་བྱ་དགོས་གལ་ཡིན་པའི་བཀའ་སློབ་ལམ་སྟོན་སྩལ་ཡོད། དེ་བཞིན་གྲོས་ཚོགས་འཐུས་མི་ཁོང་རྣམ་པས་དེ་རིང་བོད་མི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་བཀའ་སློབ་ལམ་སྟོན་ཞུས་པ་སྐལ་བ་བཟང་པོ་བྱུང་ཞེས་གསུངས་ཡོད།
༸གོང་ས་མཆོག་གིས་བདེ་མཆོག་ནག་པོ་བའི་བཀའ་དབང་དངོས་གཞི་སྩལ་བ།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སོག་པོའི་དད་ལྡན་མང་ཚོགས་གཙོ་གྱུར་ཕྱི་ནང་གི་ཆོས་ཞུ་བ་རྣམས་ལ་བདེ་མཆོག་ནག་པོ་བའི་བཀའ་དབང་དངོས་གཞི་བཀྲིན་སྩལ་ཏེ་ཉིན་གཉིས་ཀྱི་ཆོས་འབྲེལ་རེ་ཞིག་ལེགས་གྲུབ་མཛད་སོང་།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སོག་པོའི་ Ulaanbataar དགའ་ལྡན་ཐེག་ཆེན་གླིང་དགོན་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༸གོང་ས་མཆོག་གིས་ཁ་སང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སོག་པོ་གཙོས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཆིག་ཁྲི་བརྒལ་བར་བདེ་མཆོག་ནག་པོ་བའི་བཀའ་དབང་གི་སྟ་གོན་བཀྲིན་ཆེ་བ་སྩལ་བ་དང་དེ་རིང་ཉིན་མཐའ་མར་བཀའ་དབང་དངོས་གཞི་དབུ་འཛུགས་མ་མཛད་གོང་འགེགས་ཟློག་གི་སྡོམ་པ་གསུང་འདོན་མཛད་སྐབས་འཁོར་བ་ཐོག་མ་མེད་པ་ནས་དུས་ད་ལྟའི་བར་འགྲོ་བ་མི་རྣམས་རང་གཅེས་འཛིན་དང་བདེན་འཛིན་གཉིས་ལ་ཞེན་ནས་ཕུང་ཡོད་སྟབས་དེ་དག་གཉིས་པོ་ནི་རང་ཕུང་བྱེད་ཀྱི་རྩ་བ་དང་སེམས་ཀྱི་བདེ་སྐྱིད་ཀྱི་འགལ་རྐྱེན་གཙོ་བོ་ཆགས་ཀྱི་ཡོད་པར་བཀའ་སྩལ་བ་དང་སྦྲགས། ད་ལན་ང་ཚོར་མི་ལུས་རིན་པོ་ཆེ་ཐོབ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མཇལ་རྒྱུའི་གོ་སྐབས་ཡོད་པས་རང་རྒྱུད་ཀྱི་དགྲ་འགེགས་གཙོ་བོ་རང་གཅེས་འཛིན་དང་བདེན་འཛིན་གཉིས་པ་སྤོང་ཐབས་སླད་འབད་བརྩོན་གནང་དགོས་ཞེས་དང་། ཁྱད་པར་དུ་དེ་ལྟར་གནང་ཚེ་གང་ཟག་དེ་༸རྒྱལ་བ་རིན་པོ་ཆེའི་སློབ་མར་གྱུར་བ་རེད་ཅེས་སྐུལ་ལྕག་མཛད་ཡོད།
དེ་བཞིན་༸གོང་ས་མཆོག་གིས་བཀའ་དབང་ལས་འཕྲོས་ཏེ་མགོན་༸གང་ཉིད་མཆོག་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་དུ་གནས་གཟིགས་ལ་ཕེབས་པའི་གཟིམ་ལམ་ཞིག་བྱུང་ཡོད་པ་དང་། གཟིམ་ལམ་ནང་དུ་༸གོང་ས་མཆོག་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱི་སྐུ་མདུན་དུ་ཕེབས་ཏེ་དད་གུས་མཛད་སྐབས་ཐུགས་རྗེ་ཆེ་པོས་སྤྱན་བཙུམ་མཛད་པ་མཇལ་བ་ན་མགོན་པོ་༸གང་ཉིད་མཆོག་ཐུགས་སྐྱོ་ནས་ཤུམ་སྐབས་རང་བྱུང་ལྔ་ལྡན་ཡང་སྤྱབ་ཆབ་གནང་གི་འདུག བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས།། བརྟེན་སྤྲོ་ལེ་ལོ་མ་མཆིས་ཤིང༌།། སྟོབས་དང་ལྡན་པའི་ལུས་སེམས་ཀྱིས།། བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག། ཅེས་ཚིགས་བཅད་འདི་གསུངས་སོང་། དེ་ནི་སྙིང་སྟོབས་ཞུམ་པ་མེད་པ་དགོས་པ་རེད་ཅེས་གསུང་གི་ཡོད་པ་རེད་ཅེས་བཀའ་སྩལ་མཛད་སོང་།
༸གོང་ས་མཆོག་གིས་བཀའ་དབང་དངོས་གཞི་དབུ་འཛུགས་མ་མཛད་གོང་ཆོས་ཞུ་བ་ཚོར་བྱང་ཆུབ་སེམས་པའི་སྡོམ་པ་འབོག་པ་དང་འབྲེལ། ༸རྒྱལ་བ་དགྱེས་པའི་མཆོད་པ་ངོ་མ་དེ་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་པ་གང་ཞིག་སྟོང་ཉིད་ཀྱི་ལྟ་བའི་ཉམས་ལེན་ཡོད་པའི་ཐོག་ནས་གསང་སྔགས་ཀྱི་ཆོས་ཉམས་ལེན་གནང་རྒྱུ་ཡིན་པར་བཀའ་སྩལ་བ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གིས་ཉིན་ལྟར་ཆད་མེད་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་བཞེས་མཛད་ཀྱི་ཡོད་པ་ལྟར་མང་ཚོགས་ཀྱི་ངོས་ནས་རྒྱུན་དུ་དེ་གཉིས་ཉམས་བཞེས་གནང་སྟེ་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་དགོས་པར་ལམ་སྟོན་མཛད་སོང་།
དེ་རིང་མགོན་པོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདེ་མཆོག་ནག་པོ་བའི་བཀའ་དབང་དངོས་གཞི་སྩལ་གྲུབ་མཚམས་སོག་པོའི་ Ulaanbaatar གྱི་དགའ་ལྡན་ཐེག་ཆེན་གླིང་དགོན་པ་གཙོས་བོད་སོག་བླ་སྤྲུལ་ཁག་གཅིག་ནས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་ཡུན་རིང་བཞུགས་ཕྱིར་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཏེ་༸གོང་ས་མཆོག་ལ་བརྟན་བཞུགས་ཀྱི་འབུལ་མཚོན་དུ་བརྒྱད་སྟོང་པ་གསེར་བྲིས་མ་དང་མཁར་རྔ། དེ་བཞིན་སྟོན་པའི་༸སྐུ་བརྙན་སོགས་ཕུལ་ཡོད།
རྩ་བའི་༸གོང་ས་མཆོག་ནས་ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་བདེ་མཆོག་ནག་པོ་བའི་བཀའ་དབང་གི་སྟ་གོན་དང་དངོས་གཞི་བཀྲིན་སྩལ་ཡོད་པ་ལྟར་སོག་པོའི་དད་ལྡན་སེར་སྐྱ་མི་གྲངས་ ༧༠༠ གཙོས་འཛམ་གླིང་རྒྱལ་ཁབ་མི་འདྲ་བ་ ༦༦ ནས་ཁྱོན་ཆོས་ཞུ་བ་ ༡༢༠༠༠ ལྷག་འདུ་འཛོམས་བྱུང་འདུག
༸གོང་ས་མཆོག་གིས་བདེ་མཆོག་ནག་པོ་བའི་བཀའ་དབང་གི་སྟ་གོན་སྩལ་བ།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་མཆོག་གིས་དེ་རིང་སྔ་ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སོག་པོའི་དད་ལྡན་མང་ཚོགས་གཙོས་ཕྱི་ནང་གི་ཆོས་ཞུ་བ་ཆིག་ཁྲི་ལྷག་ལ་བདེ་མཆོག་ནག་པོ་བའི་བཀའ་དབང་གི་སྟ་གོན་བཀའ་དྲིན་སྩལ་སོང་།
སོག་པོའི་ Ulaanbaatar གྱི་དགའ་ལྡན་ཐེག་གླིང་དགོན་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། དེ་རིང་སྔ་དྲོ་ཕྱག་ཚོད་ ༨ ཐོག་མགོན་པོ་༸གང་ཉིད་མཆོག་གིས་བདེ་མཆོག་ནག་པོ་བའི་བཀའ་དབང་གི་སྟ་གོན་གྱི་སྒྲུབ་ཞག་མཛད་དེ་སྔོན་འགྲོའི་བཀའ་དབང་ཁག་ཅིག་སྩལ་སོང་།
སྐབས་དེར་༸གོང་ས་མཆོག་གིས་དེ་རིང་གི་བཀའ་དབང་འདི་ཉིད་མ་རྒྱུད་འཁོར་ལོ་སྡོམ་པ་དང་དེའི་ནང་ནས་ལུ་ནག་དྲིལ་གསུམ་ཡོད་པ་ལས་ནག་པོ་བའི་ཁོངས་སུ་གཏོགས་ཀྱི་ཡོད་སྐོར་བཀའ་འགྲེལ་ཞིབ་རྒྱས་མཛད་པ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གིས་ནག་པོ་བའི་ལུགས་ཆད་མེད་ཞལ་འདོན་མཛད་ཀྱི་མེད་ཀྱང་གྲུབ་ཆེན་ནག་པོ་བ་དང་ཐུགས་ཉེ་པོར་དགོངས་ཀྱི་ཡོད་པར་བཀའ་སྩལ་མཛད་དེ་མགོན་པོ་༸གང་ཉིད་མཆོག་ནས་བཀའ་དབང་དེ་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཞུས་པ་ཡིན་ཞེས་བཀའ་སྩལ་སོང་།
དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་སྤྱིར་སངས་རྒྱས་བཅོམ་ལྡན་འདས་ནི་སྟོན་པ་འདྲ་འདྲའི་ནང་ནས་གཞན་དང་མི་འདྲ་བ་ཞིག་བྱུང་ཡོད་པ་དང་། གཙོ་བོ་གསུང་གི་འཕྲིན་ལས་བརྒྱུད་གཞན་དོན་རླབས་ཆེན་མཛད་ཡོད་པ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཀྱང་ད་བར་མིག་མཐོང་ལག་ཟིན་གྱིས་བསྟན་པའི་ཞབས་འདེགས་གང་ཐུབ་སྒྲུབ་ཡོད་ལ་མུ་མཐུད་ནས་གཞན་ཕན་རྒྱ་ཆེ་སྒྲུབ་རྒྱུ་མ་ཟད། རིང་པོར་མ་ཐོགས་པར་རྒྱ་ཧོར་བོད་གསུམ་ནང་སངས་རྒྱས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་རྒྱུར་ཚང་མས་སྨོན་ལམ་རྒྱག་དགོས་ཞེས་བཀའ་སྩལ་མཛད་ཡོད།
༸གོང་ས་མཆོག་གིས་ཆེད་དུ་བྱ་བའི་གདུལ་བྱ་སོག་རིགས་དད་ལྡན་མི་མང་གིས་གཙོས་པའི་ཕྱི་ནང་གི་ཆོས་ཞུ་བ་རྣམས་ལ་ནག་པོ་བའི་སྔོན་འགྲོའི་བཀའ་དབང་སྩལ་བ་དང་ཆབས་ཅིག བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་འབོག་པར་མཛད་སྐབས་མགོན་པོ་༸གང་ཉིད་མཆོག་གིས་ཉིན་ལྟར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་བཞེས་མཛད་ཀྱི་ཡོད་པ་དང་དེས་ཐུགས་སྟོབས་དང་༸སྐུ་གཟུགས་གསལ་ཐང་བཅས་ལ་ཕན་ཐོགས་ཆེན་པོ་འདུག་ཅེས་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བའི་ཕན་ཡོན་སྐོར་བཀའ་སྩལ་དང་སྦྲགས་ཏེ་དད་ལྡན་མང་ཚོགས་ཚོས་ཀྱང་མཐིལ་ཕྱིན་པའི་ཉམས་བཞེས་གནང་དགོས་པར་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་སོང་།
རྩ་བའི་༸གོང་ས་མཆོག་ནས་དེ་རིང་བདེ་མཆོག་ནག་པོ་བའི་བཀའ་དབང་གི་སྟ་གོན་གནང་སྟེ་སང་ཕྱི་ཚེས་ ༩ ཉིན་ནག་པོ་བའི་དབང་གི་དངོས་གཞི་བཅས་བཀའ་དྲིན་སྩལ་རྒྱུ་ཡིན་ཞིང་ཐེངས་འདིའི་བཀའ་དབང་ཐོག་སོག་པོའི་དད་ལྡན་མང་ཚོགས་ ༥༠༠ ལྷག་གཙོས་ཕྱི་ནང་གི་ཆོས་ཞུ་བ་ཆིག་ཁྲི་ལྷག་ཆེད་བཅར་ཞུས་ཡོད་པ་རེད།
༸གོང་ས་མཆོག་གིས་དེ་རིང་བདེ་མཆོག་ནག་པོ་བའི་བཀའ་དབང་གི་སྟ་གོན་སྩལ་གྲུབ་རྗེས་གཙུག་ལག་ཁང་དུ་སོག་པོའི་དད་ལྡན་རྣམས་ལ་མཇལ་ཁ་སྩལ་སོང་།
རྒྱ་ཧོར་བོད་གསུམ་ནང་༸རྒྱལ་བའི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་སླད་ཧུར་བསྐྱེད་གནང་དགོས།
དེ་རིང་བོད་ཟླ་ ༡ ཚེས་ ༡༥ ཆོ་འཕྲུལ་དུས་ཆེན་གྱི་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དད་ལྡན་ཆོས་ཞུ་བ་ཆིག་ཁྲི་བརྒལ་བར་སྐྱེས་རབས་དང་སེམས་བསྐྱེད་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་བ་དང་སྦྲགས། རྒྱ་ཧོར་བོད་གསུམ་ནང་༸རྒྱ་བའི་བསྟན་པ་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་སླད་ཧུར་བསྐྱེད་གནང་དགོས་པའི་ལམ་སྟོན་སྩལ་སོང་།
དེ་རིང་སྔ་དྲོ་ཆུ་ཚོད་ ༧།༤༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་བདེ་བར་འཁོད་མཚམས་སུ་༸གོང་ས་མཆོག་གིས་ཐོག་མར་དེ་རིང་ཆོ་འཕྲུལ་དུས་ཆེན་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་སྨོན་ལམ་ཆེན་མོ་འཚོགས་པའི་ཕྱག་སྲོལ་དེ་བྱུང་ནས་ལོ་བརྒྱ་ཕྲག་ཁ་ཤས་འགྲོ་མུས་ཁྲོད་ད་ཆ་བོད་ནང་གནས་སྐབས་དེ་འབྲེལ་སྨོན་ལམ་ཆེན་མོ་འཚོག་རྒྱུར་དཀའ་ངལ་ཆེན་པོ་འཕྲད་མུས་ཡིན་ནའང་། ང་ཚོ་བཙན་བྱོལ་བོད་མི་ཚོས་བོད་རྒྱ་ཆེ་མང་ཚོགས་ཀྱི་སེམས་འཁུར་དང་བསྟན་པ་དང་འགྲོ་བའི་སླད་ཀྱི་ལྷག་བསམ་སྙིང་སྟོབས་རི་ལྟར་བརྟན་པོ་ཡོད་པ་དེ་མུ་མཐུད་གནས་ཡོད་པ་མ་ཟད། སྔོན་གྱི་སྐྱེས་བུ་དམ་པ་ཚོའི་ཕྱག་བཞེས་ཇི་ལྟར་ཡོད་པ་དེ་མུ་མཐུད་རྒྱུན་འཛིན་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཀའ་སྩལ་སོང་།
དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་རྗེ་རིན་པོ་ཆེ་མཆོག་དང་༸གང་ཉིད་མཆོག་གི་འཁྲུངས་ཡུལ་ཐག་ཉེ་པོ་ཡིན་ཞིང་། རྗེ་རིན་པོ་ཆེ་མཆོག་དེ་སྔ་བོད་དུ་ཕེབས་ནས་རྒྱལ་བའི་ལུང་དང་རྟོགས་པ་གཉིས་འཛིན་སྐྱོང་སྤེལ་གསུམ་ཐོག་མཛད་པ་ཆེན་པོ་བསྐྱངས་ཡོད་པ་ལྟར་མགོན་པོ་༸གང་ཉིད་མཆོག་གིས་ཀྱང་རྗེ་རིན་པོ་ཆེ་མཆོག་གི་མཛད་རྗེས་བསྐྱངས་ཡོད་པ་དེ་མཇུག་མཐུད་ཐུབ་པར་ཐུགས་སྨོན་མཛད་བཞིན་ཡོད་ཅེས་དང་། ལྷག་དོན་༸གོང་ས་མཆོག་གིས་༸རྒྱལ་དབང་གི་མིང་ཐོགས་པ་ནང་བཞིན་བསྟན་པའི་ཞབས་འདེགས་རླབས་ཆེན་པོ་ཞིག་སྒྲུབ་བསམ་པའི་སེམས་བསྐྱེད་ཀྱི་ཡོད་ཅེས་བཀའ་སྩལ་མཛད་ཡོད།
༸གོང་ས་མཆོག་གིས་སྤྱིར་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ཧོར་བོད་གསུམ་ནང་དེ་སྔ་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་ཁ་ཡོད་ལག་ཡོད་ཀྱིས་དར་ཁྱབ་ཆེས་ཆེར་བྱུང་ཡོད་ཀྱང་བར་སྐབས་དུས་ཚོད་འགྱུར་འགྲོས་ཕྱིན་པའི་མཚམས་སུ་དར་རྒུད་སྣ་ཚོགས་བྱུང་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ། ད་ཆ་མགོན་པོ་༸གང་ཉིད་མཆོག་ནས་རྒྱ་ཧོར་བོད་གསུམ་ནང་དེ་སྔ་སངས་རྒྱས་ཀྱི་བསྟན་པ་དར་ནས་བར་སྐབས་ཉམས་རྒུད་ཕྱིན་པ་དེ་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་སླད་ཞབས་འདེབས་ངེས་ཅན་ཞིག་སྒྲུབ་པའི་སེམས་བསྐྱེད་པ་ལྟར་བོད་མི་ཚོའི་ངོས་ནས་ངོ་ཐོག་རྒྱུད་ལ་སྦྱར་ནས་བསླབ་པ་གསུམ་གྱི་ཉམས་ལེན་ཚད་ལྡན་གནང་གལ་ཆེ་བ་དང་། སོ་སོའི་བྱེད་སྟངས་ཀྱི་མིག་ལྟོས་རོགས་པ་གཅིག བཅུ། བརྒྱ། སྟོང་སོགས་རིམ་པས་ཐོན་ཐུབ་པ་ཞིག་ཡོང་བར་འབད་བརྩོན་བྱེད་དགོས་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་སོང་།
མགོན་པོ་༸གང་ཉིད་མཆོག་གིས་བརྟག་དཔྱད་རིམ་པ་གནང་བའི་ཁྲོད་རྒྱ་ནག་ཏུ་འགྱུར་བ་འགྲོ་བཞིན་ཡོད་པ་དང་སྒོས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལའང་འགྱུར་བ་འགྲོ་རྒྱུའི་རྣམ་པ་གསལ་པོ་མངོན་གྱི་ཡོད་པར་བཀའ་སྩལ་བ་དང་སྦྲགས། རིང་པོརམི་ཐོགས་པར་རྒྱ་ཧོར་བོད་གསུམ་ནང་ཡོངས་སུ་རྫོགས་པའི་༸རྒྱལ་བའི་བསྟན་པ་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡག་པོ་ཡོང་ཐུབ་པར་ཕལ་ཆེར་ཡིད་ཆེས་ཡོད། ང་ཚོ་བཙན་བྱོལ་བའི་ནང་ནས་བཙན་བྱོལ་བ་གྲ་འགྲིག་ཤོས་ཤིག་དང་རང་ཉིད་བཙན་བྱོལ་བ་ཙམ་མ་ཡིན་པར་རང་ཉིད་ཀྱི་ལུང་པ་བྲལ་ཡོད་ཀྱང་། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་བདག་ཉར་ཐུབ་ཡོད་པ་འདི་ནི་གཞན་གྱི་སྨོན་དགོས་ཡག་གི་གནས་སུ་གྱུར་ཡོད་སྟབས་ཚང་མས་ཧུར་ཐག་གནང་དགོས་ཞེས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་ཡོད།
མགོན་པོ་༸གང་ཉིད་མཆོག་གིས་ད་ལྟའི་དུས་སུ་རིང་པོར་མི་ཐོགས་པར་རྒྱ་ཧོར་བོད་གསུམ་གྱི་ས་ཁུལ་དང་སྒོས་རྒྱ་ནག་ནང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཁྱབ་ཡག་པོ་ཡོང་སླད་བཙན་བྱོལ་བོད་མི་ཚོས་ནང་པའི་ཆོས་ཉམས་ལེན་གྱིས་ཡིད་སྨོན་བྱ་གཞིར་གྱུར་ཐུབ་པ་གནང་དགོས་གལ་ཡིན་པར་བཀའ་སྩལ་བ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གིས་སྔར་ནས་ད་བར་བོད་ཀྱི་ཆབ་སྲིད་དང་གནས་ཚུལ་མང་དག་ཅིག་ལ་དར་རྒུད་སྣ་ཚོགས་བྱུང་ཡོད་པར་ལྟོས་མེད་གདོང་ལེན་གྱིས་བོད་ཀྱི་ཆོས་རིག་གཉིས་པོ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་རྒྱུ་ཐད་ཧུར་ཐག་བྱས་ཡོད་ཅེས་དང་ཁྱེད་རང་ཚོས་ཀྱང་ཧུར་ཐག་གནང་ཤོག་ཅེས་བཀའ་སྩལ་མཛད་སོང་།
མཐར་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཏེ་ཆོ་འཕྲུལ་དུས་ཆེན་ཉིན་གྱི་ཆོས་འབྲེལ་གནང་སྒོ་ལེགས་པར་གྲུབ་པ་མཛད་ཡོད།
Latest news
(Visited 1 times, 1 visits today)