Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་ལ་དྭགས་ཀྱི་ནུབ་ར་ཁུལ་དུ་༸ཞབས་སོར་བདེ་བར་འཁོད་སྐབས་ས་གནས་མི་མང་ཚོས་ཕེབས་བསུ་གཟབ་རྒྱས་ཞུས་པ།

བོད་མིའི་བླ་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་དྲོ་ཆུ་ཚོད་   ༡༠ པའི་ཐོག་ལ་དྭགས་ཀྱི་གྲོང་ཁྱེར་གླེ་ནས་མཁའ་ལམ་བརྒྱུད་ནུབ་རར་ཆིབས་བསྒྱུར་མཛད་པ་ལྟར་ནུབ་རའི་གནམ་ཐང་ཐཱོས་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། སྐབས་དེར་ནུབ་རའི་མི་མང་ཚོས་མགོན་པོ་༸གང་ཉིད་མཆོག་ཁུལ་དེར་སྣེ་ལེན་ཞུ་ཆེད་གྲོང་གསེབ་སོ་སོའི་ནང་ཕེབས་བསུའི་རྒྱལ་སྒོ་དང་། ཕེབས་ལམ་གཡས་ཡོན་ཀུན་ལ་ཆོས་དར་སྒྲེང་འཛུགས་གནང་འདུག་པ་མ་ཟད། ཁྱད་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནམ་ཐང་ནས་བདེ་སྐྱིད་དགའ་ལྡན་བཀྲིས་གླིང་མགོན་པར་༸ཞབས་སོར་འཁོད་བསྟུན། གྲོང་གསེབ་སོ་སོར་ཕེབས་བསུའི་རྒྱལ་སྒོ་དང་གྲོ་སོ་ཕྱེ་མར་འདེགས་འབུལ། མང་ཚོགས་ཀྱི་ཕྱག་ཏུ་དཀར་གཙང་མཇལ་དར་དང་དྲི་ཞིམ་བདུག་སྤོས་སོགས་བསྣམས་ནས་༸གང་ཉིད་མཆོག་གི་ཞལ་མཇལ་ཞུས་པ་དང་འབྲེལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད།ཐོག་མའི་མཛད་འཆར་གཞིགས་ན། ༸གོང་ས་མཆོག་ཁ་སང་ནུབ་ར་ཁུལ་དུ་༸ཞབས་སོར་འཁོད་རྒྱུའི་མཛད་འཆར་ཡོད་ཀྱང་། སྐབས་མཚམས་སུ་མཛད་འཆར་ཉིན་གཅིག་རིང་ཕྱི་བཤོལ་གནང་དགོས་བྱུང་ཡོད་པ་རེད།  ཁུལ་དེའི་མི་མང་དང་ལྷག་པར་དུ་བོད་མི་ཚོར་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཕྲོད་བཞེས་ལ་སྐུ་ངལ་མེད་དམ་སྙམ་པའི་བློ་འཚབ་ཞིག་རང་བཞིན་བྱུང་ཡོད། འོན་ཀྱང་ལ་དྭགས་སུ་༸གོང་ས་མཆོག་དང་ལྷན་བཅར་ཞུས་པའི་༸སྐུའི་ཕྱི་ལུགས་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་གླེ་ཁུལ་དུ་མཛད་འཆར་མང་གྲགས་པའི་དབང་གིས་ཉིན་གྲངས་གཅིག་རིང་༸སྐུ་ངལ་གསོ་བཞུགས་གནང་བ་མ་གཏོགསད་ལྟའི་ཆར་༸གང་ཉིད་མཆོག་༸སྐུ་གཟུགས་གསལ་ཐང་ཡིན་པས་བློ་འཚབ་རྩ་བ་ནས་གནང་དགོས་དོན་མེད་ཅེས་གསུངས་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་དེ་རིང་༸ཞབས་སོར་འཁོད་སའི་ནུབ་ར་ནི་ལ་དྭགས་ཀྱི་གླེ་གྲོང་ཁྱེར་ནས་ཀོ་ལོ་མི་ཀྲར་ ༡༡༠ ལྷག་གི་སར་ཆགས་ཡོད་པ་དང་། ནུབ་རའི་ཁུལ་དུ་ཁྱོན་གྲོང་གསེབ་ཁག་ཉི་ཤུ་ལྷག་ཙམ་ཞིག་ཡོད་པའི་ནང་ཁྱོན་མི་འབོར་ཆིག་ཁྲི་ལྔ་སྟོང་ཙམ་ཞིག་ཡོད་པ་མ་ཟད་དེའི་ཁོངས་ནས་ནང་པའི་མི་འབོར་དེ་ཆིག་ཁྲིར་ཉེ་བ་ཞིག་ཡོད་པ་རེད་འདུག ནུབ་རའི་ཁུལ་གྱི་གྲོང་ཁྱེར་ཆེ་ཤོས་དེ་བདེ་སྐྱིད་ཟེར་བ་དེ་ཡིན་པ་དང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བདེ་སྐྱིད་ཁུལ་དུ་ཡོད་པའི་ལ་དྭགས་ཀྱི་མགོན་པ་རྙིང་གྲས་དགའ་ལྡན་བཀྲིས་གླིང་དུ་སྐུ་བཞུགས་གནང་གི་ཡོད་པ་རེད། དགོན་པ་དེ་ནི་དུས་རབས་ ༡༤ ནང་རྒྱལ་བ་གཙོང་ཁ་པ་ཆེན་པོའི་དངོས་སློབ་བྱང་སེམས་ཤེས་རབ་བཟང་པོ་ཞེས་པ་ཁོང་ལ་དྭགས་ཀྱི་རྒྱལ་པོ་གྲགས་པ་འབུམ་ཐེར་དང་ནུབ་རའི་རྒྱལ་པོ་ཉི་མ་གྲགས་པ་གཉིས་ཀྱི་དབུ་ལྷ་ཆགས་སྟབས། ནུབ་རའི་བདེ་སྐྱིད་དགའ་ལྡན་བཀྲིས་གླིང་དགོན་པའི་ས་གཞིས་དེ་དག་ཆ་ཚང་ཕུལ་འདུག ད་ལྟའི་ཆར་དགོན་པ་དེ་བྱང་སེམས་ཤེས་རབ་བཟང་པོའི་རྒྱུན་འཛིན་ནམ་ཡང་སྲིད་སྐུ་ཕྲེང་དགུ་པ་ཁྲིག་རྩེ་རིན་པོ་ཆེ་མཆོག་ནས་འཛིན་སྐྱོང་སྤེལ་གསུམ་གནང་གི་ཡོད་པ་མ་ཟད། དགོན་པ་དེའི་ཁོངས་སུ་ད་ལྟའི་ཆར་དགེ་འདུན་ཞལ་གྲངས་ ༢༠༠ ལྷག་ཡོད་པ་རེད་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནུབ་ར་ཁུལ་དུ་ཆིབས་བསྒྱུར་བསྐྱངས་པ་ད་རེས་ཐེངས་བདུན་པ་དེ་ཡིན་པ་དང་། མགོན་པོ་༸གང་ཉིད་མཆོག་གི་སང་ཕྱི་ཚེས་ ༡༣ ཉིན་བདེ་སྐྱིད་ཁུལ་གྱི་མི་མང་སྤྱི་པའི་ཆོས་རར་རྟེན་འབྲེལ་བསྟོད་པ་དང་། བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་བཀྲིན་བསྩལ་གནང་གི་ཡོད་པ་མ་ཟད། ཚེས་ ༡༥ ནས་ ༡༧ བར་བདེ་སྐྱིད་ནས་ཀི་ལོ་མི་ཀྲར་ ༣༠ ལྷག་གི་སར་ཡོད་པའི་ནུབ་ར་ཁུལ་གྱི་བསམ་གཏན་གླིང་དགོན་པའི་དབྱར་ཆོས་ཆེན་མོའི་མཛད་སྒོར་དབུ་བཞུགས་མཛད་རྒྱུ་བཅས་ཀྱི་མཛད་འཆར་ཡང་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་ནང་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

ཁ་སང་ཟླ་ ༧ ཚེས་ ༡༡ ཉིན་ཨ་རིའི་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་ཁང་གིས་རྐང་འགན་བཞེས་ཐོག་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༣ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་འདུག མཛད་སྒོའི་ཐོག་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་སྐུ་འབུམ་དགོན་པའི་མཁན་ཟུར་ཨ་ཀྱ་རིན་པོ་ཆེ། ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཨ་རིའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ Nancy Pelosi མཆོག་གིས་གཙོས་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern མཆོག་དང་ལྕམ་སྐུ་ Ileana Ros-Lehtinen  མཆོག གྲོས་ཚོགས་འཐུས་མི་གཞན་ཁག་ཅིག ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་བསྟན་འཛིན་རྡོ་རྗེ་ལགས། རྒྱ་རིགས་ཁྲིམས་རྩོད་པ་དང་རང་དབང་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་ Chen Guangcheng ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Mecacci ལགས། སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་སོགས་གནད་ཡོད་མི་སྣ་དང་བོད་རིགས་བཅས་ནས་མཉམ་ཞུགས་གནང་འདུག སྐབས་དེར་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་འབྲེལ། ཚང་མས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་ཆབས་ཅིག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དགོངས་བཞེས་དང་བཀའ་སློབ་ལམ་སྟོན་ཕེབས་པ་རྣམས་བསྒྲུབ་གལ་ཡིན་པ་བཀའ་བསྩལ་འདུག ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་ Ileana Ros-Lehtinen མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་དང་བོད་མི་རྣམས་ཙམ་མ་ཟད་འཛམ་བུ་གླིང་འདིའི་ཐོག་ཡོད་པའི་འགྲོ་བ་ཡོངས་ཀྱི་དབུ་ཁྲིད་ཡིན་པ་དང་། ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་ནས་འཛམ་གླིང་ཞི་བདེ་དང་། མིའི་སེམས་ཁམས་ཀྱི་རིན་ཐང་གོང་འཕེལ་ཐད་ལེགས་སྐྱེས་ཆེན་པོ་འཇོག་གནང་མཛད་ཡོད་པ་སོགས་ལ་ཆེ་བསྟོད་དང་འབྲེལ་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་འདུག རྒྱ་ནག་གཞུང་ནས་དྲག་པོའི་སྲིད་བྱུས་འདྲ་མིན་བརྒྱུད་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བཞིན་པའི་བྱ་སྤྱོད་དང་། བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་གཏོར་བཤིག བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་བཞིན་པ་རྣམས་ངེས་པར་དུ་མཚམས་འཇོག་བྱེད་དགོས་པ་མ་ཟད། ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་ཀྱང་བོད་ཀྱི་གནད་དོན་དེ་གལ་གནད་ཅན་ཞིག་ལ་ངོས་འཛིན་གནང་དགོས་པ་དང་ཨ་རིའི་གྲོས་འཐུས་མི་རྣམས་ནས་ཀྱང་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གཙོ་གྱུར་བོད་རྒྱའི་དཀའ་རྙོག་གསལ་ཐབས་སུ་ཕྱག་ལས་གནང་བ་དེ་ནི་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་ཕྱག་རྟགས་ལེགས་ཤོས་ཤིག་ཆགས་སྐོར་གསུངས་འདུག ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern མཆོག་ནས་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འོག་སྐྱབས་བཅོལ་དུ་གནས་བཞིན་པའི་བོད་མི་རྣམས་རང་ཉིད་ཀྱི་ཕ་ཡུལ་དུ་ཕྱིར་ལོག་ཐུབ་ནས་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་ཁག་རང་དབང་ངང་ལོངས་སུ་སྤྱོད་རྒྱུའི་རང་དབང་གང་མགྱོགས་ཐོབ་པའི་རེ་སྨོན་དང་། རྒྱ་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་འདོད་ལྟར་བོད་ནང་ཆིབས་བསྒྱུར་མཛད་བཅུག་དགོས་པ་གསུངས་འདུག ཨ་རིའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ Nancy Pelosi མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་གཞན་རྣམས་དང་། རྒྱ་རིགས་ཁྲིམས་རྩོད་པ་དང་རང་དབང་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་ Chen Guangcheng ལགས་སོགས་ནས་ཀྱང་༸སྐུའི་འཁྲུངས་སྐར་དང་འབྲེལ་བའི་འཚམས་འདྲིའི་གསུང་བཤད་གནང་བ་དང་ཆབས་ཅིག ས་གནས་བོད་རིགས་ཁག་ཅིག་ནས་བོད་ཀྱི་སྲོལ་རྒྱུན་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་འདུག བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ནས་སྐབས་དེར་བཅར་བའི་མང་ཚོགས་སྤྱི་དང་། ལྷག་པར་དུ་འདས་པའི་ལོ་དུས་ནས་ཨ་རིའི་སྲིད་གཞུང་དང་གྲོས་ཚོགས་གཉིས་ཀྱི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཨ་རིའི་སྲིད་གཞུང་ནས་མུ་མཐུད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་བའི་བརྒྱུད་བོད་རྒྱའི་གནད་དོན་ཞི་འགྲིག་ཡོང་ཐབས་སུ་རོགས་རམ་གནང་གལ་ཡིན་པར་འབོད་སྐུལ་ཞུས་འདུག གཞི་རྩའི་ཨ་རིའི་གྲོས་ཚོགས་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་དེ་སྔ་ལོ་ནས་དབུ་འཛུགས་གནང་ཡོད་པ་དང་། སྔ་ལོའི་འཁྲུངས་སྐར་སྐབས་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀའི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་སོགས་མཉམ་ཞུགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་མཛད་འཕྲིན་ལ་ཆེ་བསྟོད་རྒྱ་ཆེ་ཞུས་ཡོད་པ་རེད།

རྒྱ་གར་བྱང་ཕྱོགས་ཇཱམུ་ཀཤྨིར་མངའ་མངའ་སྡེའི་སྲིད་སྐྱོང་མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་མགོ་སྟོད་ནས་རྒྱ་གར་བྱང་ཕྱོགས་ཇཱམུ་ཀཤྨིར་མངའ་ཁུལ་ལ་དྭགས་ཀྱི་མང་ཚོགས་ལ་བཀའ་སློབ་དང་ཆོས་འབྲེལ་སོགས་ཀྱི་མཛད་འཕྲིན་ཁག་ཅིག་སྐྱོང་བཞིན་པ་དང་བསྟུན། ཁ་སང་ཚེས་ ༡༠ ཉིན་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ Narinder Nath Vohra མཆོག་ནས་མགོན་པོ་༸གང་ཉིད་མཆོག་དང་མཇལ་འཕྲད་ཞུས་འདུག མཇལ་འཕྲད་དེའི་སྐབས་རྒྱ་གར་བྱང་ཕྱོགས་ཇཱམུ་ཀཤྨིར་མངའ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ Narinder Nath Vohra མཆོག་དང་ལྷན་ཁོང་གི་སློབ་སྟོན་པ་དང་། མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ། དེ་བཞིན་འབྲེལ་ཡོད་ལས་བྱེད་ཁག་ཅིག་བཅས་ནས་ལྷན་བཅར་ཞུས་འདུག མགོན་པོ་༸གང་ཉིད་མཆོག་ནས་འཛམ་གླིང་འདིའི་ཐོག་འཕྲད་བཞིན་པའི་དཀའ་རྙོག་རྣམས་གྲོས་མོལ་གྱི་ལམ་ནས་གསལ་ཐབས་གནང་གལ་ཡིན་པ་དང་། ལྷག་པར་དུ་མིའི་སྤྱི་ཚོགས་ནང་བསམ་ཚུལ་མི་མཐུན་པ་བྱུང་སྐབས་གྲོས་མོལ་བརྒྱུད་ནས་ཕན་ཚུན་དགོངས་བཞེས་གནང་ཐོག་འགྲིག་འཇགས་གནང་དགོས་གནད་ཡིན་པའི་ལམ་སྟོན་མཛད་འདུག ༸གོང་ས་མཆོག་གིས་ཁོང་རྣམས་ལ་དེ་སྔ་བོད་མི་རྣམས་ཐོག་མར་སྐྱབས་བཅོལ་དུ་འབྱོར་སྐབས་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་ནས་བོད་མི་ཚོར་རོགས་སྐྱོར་གང་ཐུབ་གནང་བའི་གནས་སྟངས་སྤྱི་དང་སྒོས་སུ་བོད་དུ་ནང་པ་སངས་རྒྱས་པའི་ཆོས་དར་ཚུལ། རྒྱ་གཞུང་གིས་བོད་མིའི་ངོ་བོ་རྩ་མེད་གཏོང་བཞིན་ཡོད་པའི་གནས་སྟངས་སོགས་ངོ་སྤྲོད་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ Narinder Nath Vohra མཆོག་ལ་ཚེ་དཔག་མེད་ཀྱི་༸སྐུ་བརྙན་དང་དང་ཆོས་ལུགས་མཐུན་སྒྲིལ་དང་འབྲེལ་བའི་ཕྱག་དེབ་ཁག་ཅིག་གསོལ་བསྩལ་གནང་བ་དང་ཆབས་ཅིག འཛམ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་ཚང་མའི་གཞི་རྩའི་བསླབ་བྱ་གཙོ་བོ་ནི་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློ་གོང་འཕེལ་གཏོང་རྒྱུ་གཅིག་མཚུངས་ཡིན་སྟབས། ཆོས་ལུགས་ཕན་ཚུན་དབར་གུས་བརྩི་གནང་དགོས་གལ་ཡིན་པ་དང་། འགྲོ་བ་མིའི་སྤྱི་ཚོགས་འདི་བཞིན་བྱམས་བརྩེ་དང་བཟོད་སྲན་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་གནད་ཡིན་པར་ལམ་སྟོན་བཀའ་སློབ་བཀྲིན་ཆེ་བ་རྒྱ་ཆེ་བསྩལ་འདུག

༸གོང་ས་མཆོག་གིས་ཉི་ཧོང་མང་ཚོགས་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་ཉི་ཧོང་གི་ནུབ་ཕྱོགས་ Hiroshima ནང་ཆར་ཞོད་ཧ་ཅང་ཆེན་པོ་བྱུང་བའི་དབང་གིས་ཁུལ་དེར་ཆུ་ལོག་དང་ས་རུད་སོགས་ཀྱི་དོན་རྐྱེན་བྱུང་བས་ས་གནས་མང་ཚོགས་དུ་མའི་ཚེ་སྲོག་ཤོར་བ་མ་ཟད།    སྡོད་ཁང་དང་ས་ཞིང་སོགས་མི་རྒྱུ་གཉིས་ཀར་གོད་ཆག་ཚབས་ཆེན་ཕོག་པར་ཐུགས་གསོ་མཛད་འདུག དེ་ཡང་མགོན་པོ་༸གང་ཉིད་མཆོག་ནས་དེ་རིང་ཕྱི་ཟླ་ ༧ ཚེས་ ༩ ཉིན་ཡུལ་དེའི་སྲིད་བློན་ Shinzo abe མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་།   མགོན་པོ་༸གང་ཉིད་མཆོག་ནས་ཆུ་ལོག་གི་གོད་ཆག་འོག་དཀའ་སྡུག་ཧ་ཅང་མྱོང་བཞིན་པའི་གནས་སྟངས་ལ་ཐུགས་ཕམ་ཆེན་པོ་གནང་བཞིན་ཡོད་པ་དང་།   ལྷག་པར་དུ་གོད་ཆག་དེའི་ཁྲོད་ཚེ་སྲོག་ཤོར་བ་རྣམས་ལ་ཐུགས་སྨོན་དང་།  ཤུལ་ལུས་ནང་མི་སྤུན་མཆེད་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོ་མཛད་པ་མ་ཟད་ཛ་དྲག་ཉེན་སྐྱོབ་དང་ངལ་སེལ་གྱི་ལས་གཞི་ཚགས་ཚུད་ངང་སྤེལ་བཞིན་པར་བསྔགས་བརྗོད་མཛད་འདུགད་དུང་མགོན་པ་༸གང་ཉིད་མཆོག་གིས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དེའི་ནང་ལན་མང་ཕེབས་མྱོང་ཡོད་སྐོར་གསུངས་པ་དང་།   ལྷག་པར་དུ་ཡུལ་དེའི་ནང་གནས་སྡོད་པ་རྣམས་གཞི་རྩའི་འགྲོ་བ་མིའི་རིན་ཐང་གོང་སྤེལ་ཆེད་བྱམས་བརྩེ་དང་།  ཆོས་ལུགས་མཐུན་སྒྲིལ་སོགས་གོང་སྤེལ་བྱེད་མཁན་གྱི་སྤྲོ་སྣང་དང་སེམས་ཤུགས་ཡོད་མཁན་ཤ་སྟག་ཡིན་པར་བསྔགས་བརྗོད་མཛད་འདུག   ད་ཆ་བྱུང་བའི་གོད་ཆག་རྐྱེན་པས་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་ཐུགས་ཕམ་ཆེན་པོ་ཡོད་སྐོར་བཀའ་བསྩལ་བ་དང་འབྲེལ། ༸གང་ཉིད་མཆོག་ནས་དཀའ་སྡུག་དེ་དག་མྱོང་བཞིན་པའི་སྐབས་སུ་ཤེས་རབ་སྙིང་པོ་འདོན་ཐུབ་ན་ཕན་རླབས་ཆེན་པོ་ཡོད་པ་ལམ་སྟོན་མཛད་འདུག གཞི་རྩའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཉི་ཧོང་གི་ནུབ་ཕྱོགས་སུ་ཆར་ཞོད་ཆེན་པོ་བྱུང་བའི་དབང་གིས་ཁུལ་དེར་ཆུ་ལོག་དང་ས་རུད་བྱུང་བའི་ཁྲོད་ད་བར་མི་སྣ་བརྒྱ་ཕྲག་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་།  མང་ཚོགས་མང་དག་ཞིག་གོད་ཆག་ཁྲོད་རྙེད་སོན་མེད་པ་གྱུར་བ་མ་ཟད།  གོད་ཆག་དེའི་རྐྱེན་པས་ཁྱིམ་ཚང་ ༡༧༠༠༠ ཙམ་ལ་གློག་མེད་པ་དང་།  ཁ་པར་ཡང་འགྲོ་ཡི་མེད་པ་འགྲེལ་བརྗོད་བྱས་འདུག ཉི་ཧོང་གི་ཉེན་རྟོག་པ་དང་། མེ་བསད་རུ་ཁག  དམག་མི་བཅས་ནས་ཛ་དྲག་གི་ཉེན་སྐྱོབ་དང་ངལ་སེལ་གྱི་ལས་གཞི་མུ་མཐུད་སྤེལ་བཞིན་ཡོད་པ་རེད་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལ་དྭགས་མཛད་འཆར་ལ་འགྱུར་བ་ཕྲན་བུ་ཕྱིན་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དེ་སྔོན་ཕྱི་ཚེས་ ༢༡ བར་ལ་དྭགས་ཁུལ་དུ་བཞུགས་བཞག་གི་མཛད་འཆར་ཡོད་པ་ཡིན་ནའང་།  ད་ཆ་མཛད་འཆར་དེར་འགྱུར་བ་ཕྱིན་ཏེ་ད་བར་ཐུགས་གཏན་འཁེལ་བའི་མཛད་འཆར་གསར་པ་གཞིར་བཟུང་བྱས་ན་མགོན་པོ་གང་ཉིད་མཆོག་ཕྱི་ཟླ་ ༧ པར་ལ་དྭགས་སུ་སྐུ་བཞུགས་གནང་གི་ཡོད་པ་རེད་འདུག དེ་ཡང་ ༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་ལ་དྭགས་སུ་ཆིབས་བསྒྱུར་གསོལ་འདེབས་ཞུ་མཁན་ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོ་ཚེ་དབང་འཕྲིན་ལས་ལགས་ཀྱིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་དོན།  གསར་དུ་ཐུགས་གཏན་འཁེལ་བའི་མཛད་འཆར་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ ༡༡ ཉིན་ནུབ་ར་ཁུལ་དུ་ཆིབས་བསྒྱུར་བསྐྱང་སྟེ་བདེ་སྐྱིད་ Diskit ཁུལ་དུ་ཉིན་གྲངས་གསུམ་རིང་བཞུགས་ཞག་དང་འབྲེལ་ནུབ་རར་ཉིན་གཅིག་གི་ཆོས་འབྲེལ་བསྩལ་གནང་རྒྱུ་དང་།  ཕྱི་ཚེས་ ༡༤ ནས ༡༧ བར་བསམ་གཏན་གླིང་དུ་ཆིབས་བསྒྱུར་བཀྲིན་བསྐྱང་སྟེ་ཁུལ་དེའི་དབྱར་ཆོས་ཆེན་མོར་དབུ་བཞུགས་མཛད་རྒྱུ་དང་།  དེ་ནས་སླར་ཡང་ཕྱི་ཚེས་ ༡༨ ཉིན་གྲོང་ཁྱེར་གླེ་ནང་ཕྱིར་༸ཞབས་སོར་འཁོད་པ་དང་འབྲེལ་ཕྱི་ཚེས་ ༡༩ ཉིན་སྐུ་ངལ་གསོ་བཞུགས་གནང་རྒྱུ་རེད་འདུག  དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ ༢༠ ནས ༢༥ བར་ཟངས་དཀར་ཁུལ་དུ་ཆིབས་བསྒྱུར་བསྐྱང་སྟེ་ཁུལ་དེར་ཆོས་འབྲེལ་བསྩལ་གནང་རྒྱུ་མ་ཟད།  དེ་ནས་ཀར་གྷིལ་ Kargil དུ་ཆིབས་བསྒྱུར་གྱིས་ཁུལ་དེར་ཉིན་གྲངས་གཉིས་ཀྱི་མཛད་འཆར་ཡོད་པ་རེད།  ཕྱི་ཚེས་ ༢༧ ཉིན་སླར་ཡང་མགོན་པོ་མཆོག་གླེ་གྲོང་ཁྱེར་དུ་ཕྱིར་༸ཞབས་སོར་འཁོད་ནས་ཕྱི་ཚེས་ ༢༨ ཉིན་སྐུ་ངལ་གསོ་བཞུགས་དང་དེ་ནས་ཕྱི་ཚེས་ ༢༩ ནས ༣༡ བར་བཅས་ཉིན་གྲངས་ ༣ རིང་གླེ་རུ་ཆོས་འབྲེལ་བཀྲིན་བསྩལ་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད་འདུག ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོ་ཚེ་དབང་འཕྲིན་ལས་ལགས་ཀྱིས་ད་བར་ཐུགས་གཏན་འཁེལ་བའི་མཛད་འཆར་དེ་ཕྱི་ཚེས་ ༣༡ བར་ཡིན་ནའང་།  མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཕྲོད་བཞེས་ཧ་ཅང་ཡག་པོ་དང་ལྷག་པར་དུ་ལ་དྭགས་མི་མང་གི་དད་པ་དང་དམ་ཚིག་བཅས་ལ་བརྟེན་མཐའ་མའི་ཐུགས་ཐག་དེ་མགོན་པོ་༸སྐུ་ཉིད་ནས་གནང་རྒྱུ་ཡིན་པ་དེ་ལྟར་ཡང་ང་ཚོ་བསོད་ནམས་ཅན་གྱི་ལ་དྭགས་མི་མང་ཚོས་༸གང་ཉིད་མཆོག་ད་དུང་ཁུལ་དེར་ཉིན་གྲངས་འཕར་མ་འགའ་ཤས་ཤིག་བཞུགས་ཐུབ་པའི་རེ་བ་གནང་བཞིན་གསུངས་པ་དང་སྦྲགས།  ལ་དྭགས་མི་མང་དང་བོད་མི།  ལྷག་པར་དུ་འཛམ་བུ་གླིང་གི་ནང་པ་ཚོས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་བརྟན་པའི་ཐུགས་སྨོན་དང་འབྲེལ་༸གང་ཉིད་མཆོག་གི་བཀའ་དགོངས་ཇི་བཞིན་ལག་བསྟར་ཐུབ་པར་འབད་བརྩོན་གནང་དགོས་པ་སོགས་གསུངས་སོང་།

འདི་ལོ་བལ་ཡུལ་ནང་༸སྐུའི་འཁྲུངས་སྐར་སྲུང་བརྩི་གང་ལེགས་ཞུས་ཐུབ་པ་བྱུང་འདུག

བལ་ཡུལ་གཞུང་གིས་ཁུལ་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་ཆོག་མཆན་གནང་མིན་ལ་ལྟོས་མེད་བོད་མི་རྣམས་ཀྱིས་ཁ་སང་དགའ་དད་སྤྲོ་གསུམ་ངང་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་འགྲེལ་བརྗོད་གནང་བར་ཁ་སང་བལ་ཡུལ་གྱི་རྒྱལ་ས་ Kathmandu ནང་གི་ Jwalakhel བོད་མིའི་གཞིས་སྒར་དུ་བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་ལས་ཁང་གིས་རྐང་འགན་བཞེས་ཐོག་སྐུ་མགྲོན་གཙོ་བོ་བལ་ཡུལ་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་ཨཱཙཱ་རྱ་ཀརྨ་ཡེ་ཤེས་ཤར་པ་ལགས་དང་ཨ་རིའི་གཞུང་ཚབ་ཆེན་མོ་རྣམ་གཉིས་ཀྱིས་གཙོས་དབྱིན་ཡུལ་དང་ཕི་རན་སི། དེ་བཞིན་ཨི་སི་ཊོ་ལི་ཡ། རྒྱ་གར་ལ་སོགས་པའི་རྒྱལ་ཁབ་མང་པོའི་གཞུང་ཚབ་ཆེན་མོ་བཅས་ལྷན་ཞུགས་ཐོག་བོད་མི་རྣམས་ཀྱིས་དགའ་དད་སྤྲོ་གསུམ་འཁོད་པའི་ངང་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་འདུག་པ་མ་ཟད་དེ་རིང་བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པའི་ངོས་ནས་མང་ཚོགས་ལ་གཟུགས་ཀྱི་ཉི་མའི་ལྷ་གཞུང་འཁྲབ་སྟོན་ཞུས་འདུག དེ་བཞིན་ཁ་སང་༸གོང་ས་མཆོག་གི་༸སྐུའི་འཁྲུངས་དུས་ཆེན་ཉིན་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱི་རིག་གཞུང་ཚན་པས་གོ་སྒྲིག་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༢༠༠ ཙམ་ལྷན་འཛོམས་ཐོག་སུད་སི་གྲོང་ཁྱེར་ Zurich ས་གནས་ཡུལ་མི་རྣམས་ལ་བོད་ཀྱི་གནའ་དེང་གཉིས་ཀྱི་སྒོར་གཞས་གཟིགས་འབུལ་དང་། བོད་ཀྱི་ཐུན་མིན་ཁ་ཟས་ཀྱི་ལྟོ་ཕད་རེ་རེ་འགོད་འགྲེམས་གནང་ཐོག་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་ནང་ཁ་སང་བོད་ཀྱི་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་འོག་ཁུལ་དེའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་མི་སྣ་དང་གྲོས་ཚོགས་འཐུས་མི། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་བཅས་ལྷན་འཛོམས་ཐོག་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་འདུག དེ་རིང་དབྱིན་ཡུལ་སྐུ་ཚབ་དོན་གཅོད་དང་ས་གནས་བོད་རིགས་ཚོགས་པ་གཉིས་ཐུན་མོང་གིས་དབྱིན་ཡུལ་གཞུང་མང་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་དང་འབྲེལ་ནས་ཡུལ་དེའི་ Cambain ས་གནས་སུ་ཉིན་གུང་ཚོུད་ ༡༢ ནས་ཕྱི་དྲོ་ཚོུད་ ༥ བར་བོད་ཀྱི་རིག་གཞུང་དུས་སྟོན་ཞེས་པའི་མཚན་སྦྱང་ཐོག་ཡུལ་དེའི་མང་ཚོགས་ལ་བོད་ཀྱི་གཞས་སྣ་སློབ་ཁྲིད་དང་བོད་དོན་གཏམ་བཤད། བོད་ཀྱི་ཆོས་ཕྱོགས་དང་འབྲེལ་བའི་དཀྱིལ་འཁོར་བཞེངས་བསྐྲུན་སོགས་ཀྱི་ལས་རིམ་སྤེལ་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག རྩ་བའི་ཁ་སང་ཟླ་ ༧ ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུངས་གྲངས་ ༨༣ དང་བོད་ལུགས་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོ་དང་བསྟུན་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་གནས་བཞུགས་བོད་རིགས་ཡོད་དོ་ཅོག་ནས་རྣམ་པ་འདྲ་མིན་གྱི་སྒོ་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་མ་ཟད། ཕྱི་རྒྱལ་རྒྱལ་ཁབ་ཁག་ཅིག་གི་ནང་གཟའ་འཁོར་འདིའི་རེས་གཟའ་སྤེན་པ་དང་ཉི་མའི་ཉིན་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་རེད་འདུག དེ་དང་ཕྱོགས་མཚུངས་ ༸གོང་ས་མཆོག་ལ་དད་གུས་ཞུ་མཁན་རྒྱ་གར་དང་རྒྱལ་སྤྱིའི་གནད་ཡོད་མི་སྣ་མང་དག་ཞིག་གིས་འཕྲུལ་སྒྲ་ཐོག་ནས་༸སྐུའི་འཁྲུངས་སྐར་ལ་དགའ་བསུའི་འཚམས་འདྲི་དང་༸གང་ཉིད་མཆོག་གི་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་བསྟོད་ཞུས་འདུག

ལ་དྭགས་མི་མང་ཚོས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་སྟོན་ཆེན་པོ་ཞིག་གི་ངོ་བོའི་ཐོག་ནས་སྲུང་བརྩི་ཞུས་པ།

དེ་རིང་ཟླ་ ༧ ཚེས་ ༦ ཉིན་ལ་དྭགས་ཀྱི་གླེ་གྲོང་ཁྱེར་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་  ༨༣  ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཆེན་དེ་དུས་སྟོན་ཆེན་པོ་ཞིག་གི་ངོ་བོའི་ཐོག་ནས་སྲུང་བརྩི་ཞུས་སོང་བ་དང་།  ལ་དྭགས་ལྕོག་ལམ་སར་ཞི་བའི་ཚལ་གྱི་དུས་འཁོར་ཐང་ཆེན་དུ་ཚོན་ཁྲ་འདྲ་མིན་ལྡན་པའི་དབུ་གུར་མང་པོ་ཞིག་གྲ་སྒྲིག་གནང་ཡོད་པ་མ་ཟད་དེ་དག་སྟེང་ནང་པའི་ཆོས་དར་དང་བོད་ཀྱི་རྒྱལ་དར་སོགས་སྒྲེང་འཛུགས་གནང་འདུག ལྷག་པར་དུ་མི་མང་ཚོས་གྱོན་ཆས་ལེགས་པར་སྤྲས་ནས་དབུ་གུར་སོ་སོའི་ནང་ཟས་རིགས་སྣ་འཛོམས་གྲ་སྒྲིག་ཐོག་གླིང་ཁའི་དུས་སྟོན་ཆེན་པོ་ཞིག་ཚོགས་པའི་རྣམ་པ་མཚོན་གྱི་འདུག ཁོར་ཡུག་དེའི་ཁྲོད་སྔ་དྲོ་ཆུ་ཚོད་ ༩ ཐོག་ལ་དྭགས་ནང་པའི་ཚོགས་འདུ་དང་ལ་དྭགས་ཀྱི་བོད་མིའི་ལ་སྤྱི་ལས་ཁུངས་གཉིས་ཐུན་མོང་གིས་གོ་སྒྲིག་ཞུས་པའི་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཀྱིས་༸གང་ཉིད་མཆོག་ཕྱི་ལུགས་ལྟར་དགུངས་གྲངས་ ༨༣ དང་བོད་ལུགས་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་རེད། མཛད་སྒོའི་ཐོག་ལ་དྭགས་ཀྱི་མི་མང་ཚོས་༸སྐུའི་འཁྲུངས་སྐར་གྱི་ཕྱག་རྟགས་ཚུལ་དུ་མགོན་པོ་༸གང་ཉིད་མཆོག་གི་བཀའ་དགོངས་ཇི་བཞིན་ལག་ལྟར་དོན་འཁྱོལ་ཡོང་ཐབས་ཀྱི་དམ་བཅའ་ཕུལ་བ་དང་། ཧི་མཱ་ལ་ཡའི་ནང་པའི་མཐུན་ཚོགས་ཀྱིས་ཁུལ་སོ་སོའི་དགོན་པ་གྲྭ་ཚང་ཁག་ཤེས་ཡོན་གྱི་ལྟེ་གནས་ཤིག་ཡོང་ཐབས་གནང་རྒྱུ་ཡིན་སྐོར་ཞུས་ཡོད་པ་རེད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན་རྒྱལ་སྤྱིའི་ཁྱོན་ལ་བཞུགས་པའི་མང་ཚོགས་ཀྱི་ཁྲོད་ནས་དགའ་བསུའི་འཚམས་འདྲི་ཕྱག་བྲིས་འབུལ་མཁན་ཀུན་ལ་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་སོང་བ་དང་ལ་དྭགས་མི་མང་ཚོའི་གཡོ་བ་མེད་པའི་དད་དམ་ལ་ཐུགས་རྗེ་ཆེ་ཞེས་ཐུགས་དགྱེས་ཚོར་ཆེན་པོས་བཀའ་བསྩལ་མཛད་སོང་། ལ་དྭགས་ཀྱི་ནང་པ་ཚོ་དང་ཧི་མཱ་ལ་ཡའི་རི་བརྒྱུད་ཀྱི་ནང་པ་ཚོས་ནང་བསྟན་དང་འབྲེལ་བའི་བོད་ཀྱི་སྐད་ཡིག་ཐོག་དོ་སྣང་ཤུགས་ཆེ་ཙམ་བྱེད་དགོས་པའི་ལམ་སྟོན་དང་སྦྲགས། ལ་དྭགས་ཀྱི་ཁ་ཆེ་ཚོ་དང་ནང་པའི་དབར་མཐུན་འབྲེལ་གང་ལེགས་ཡོད་པ་དེ་ཡར་རྒྱས་གོང་འཕེལ་གཏོང་དགོས་པའི་ལམ་སྟོན་རྒྱ་ཆེ་མཛད་ཡོད་པ་རེད། ལ་དྭགས་མི་མང་ཚོས་༸གང་ཉིད་མཆོག་གི་བཀའ་དྲིན་རྗེས་དྲན་ཚུལ་དུ་༸གོང་ས་མཆོག་གི་བཀའ་སློབ་ཇི་བཞིན་བསྒྲུབ་རྒྱུར་འབད་བརྩོན་ཞུ་རྒྱུའི་དགོངས་གཞིར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་དང་། མིའི་རིགས་ལ་སེམས་ཅན་གཞན་དང་མི་འདྲ་བར་བྱམས་བརྩེའི་རང་བཞིན་གྱི་ནུས་པ་ཞིག་ཡོད་པ་ལྟར་སློབ་སྦྱོང་གི་ཐོག་ནས་རྒྱུ་ཆ་དེ་གོང་འཕེལ་གཏོང་ཐབས་བྱེད་དགོས་པ་མ་ཟད་ལྟ་གྲུབ་འདྲ་མིན་ལ་ལྟོས་མེད་ཆོས་ལུགས་ཕན་ཚུན་དབར་དམ་ཚིག་གཙང་མ་ཡོང་ཐབས་གནང་གལ་ཡིན་པའི་བཀའ་སློབ་བཀྲིན་བསྩལ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༣ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་མཛང་སྒོའི་ཐོག་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་གིས་དབུས་པའི་འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག འོད་ཟེར་རིན་པོ་ཆེ་མཆོག མཁན་བླ་སྤྲུལ་ཁག་ཅིག།ལ་དྭགས་ནང་པའི་ཚོགས་པའི་ཚོགས་གཙོ། ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་འབྲེལ་ཡོད་ལས་བྱེད། ས་གནས་རྫོང་དཔོན། ཉེན་རྟོག་མགོ་དཔོན། ས་གནས་གྲོས་ཚོགས་འཐུས་མི། ལ་དྭགས་ཁ་ཆེའི་ཚོགས་གཙོ་གཙོས་སྐུ་ཚབ་ཁག་ཅིག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག གཞུང་འབྲེལ་གནད་ཡོད་མི་སྣ། དེ་བཞིན་སེར་སྐྱ་མང་ཚོགས་བཅས་སྟོང་ཕྲག་ལྷག་ལྷན་འཛོམས་གནང་ཡོད་པ་རེད། སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་ལ་དྭགས་རང་སྐྱོང་རི་ལྗོངས་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་རྒྱལ་དབང་རྒྱལ་མཆོག་ལགས་ལ་ལ་དྭགས་མི་མང་ཚོས་བོད་དོན་ལ་རྒྱབ་སྐྱོར་གནང་དང་གནང་མུས་དེར་ཐུགས་རྗེ་ཆེ་ཞེས་ཞུས་པ་སྦྲགས་གཟེངས་རྟགས་ཤིག་འབུལ་ཞུས་ཡོད་པ་རེད། ས་གནས་མི་མང་ཚོ་ད་དུང་སང་ཉིན་དང་གནངས་ཉིན་བཅས་ཉིན་གཉིས་རིང་འཁྲུངས་སྐར་སྲུང་བརྩི་དང་སྦྲགས་གླིང་ཁ་བཏང་ནས་དུས་འཁོར་ཐང་ཆེན་ནང་དགའ་སྤྲོའི་དཔལ་ལ་རོལ་ནས་ཞུགས་རྒྱུ་རེད་འདུག

འཛམ་གླིང་ཞི་བདེ་ཡོང་བར་གང་ཟག་སྒེར་ནས་འགོ་འཛུགས་ཀྱིས་སེམས་འགུལ་ཁྱབ་སྤེལ་བྱེད་དགོས་ཞེས་བཀའ་བསྩལ་བ།

དེ་རིང་ཟླ་ ༧ ཚེས་ ༦ ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་ཞི་བའི་ཚལ་གསུང་ཆོས་ར་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ལ་དྭགས་གཞུང་མང་དང་ས་གནས་བོད་མི་ཚོས་མགོན་པོ་༸གང་ཉིད་མཆོག་ཕྱི་ལུགས་ལྟར་དགུངས་གྲངས་ ༨༣ དང་བོད་ལུགས་དགུང་གྲངས་ ༨༤ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་དང་། དུས་ཚིགས་ཁྱད་པར་ཅན་འདིའི་ཐོག་ལ་དྭགས་གླེ་བྱང་སེར་སྐྱ་མང་ཚོགས་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་སླད་རིན་ཆེན་གསེར་དངུལ་ལས་གྲུབ་པའི་ཆོས་ཀྱི་འཁོར་ལོ་ཞིག་གཟེངས་རྟགས་སུ་འབུལ་ལམ་ཞུས་ཡོད་པ་རེད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན་རྒྱལ་སྤྱིའི་ཁྱོན་ལ་བཞུགས་པའི་མང་ཚོགས་ཀྱི་ཁྲོད་ནས་དགའ་བསུའི་འཚམས་འདྲི་ཕྱག་བྲིས་འབུལ་མཁན་ཀུན་ལ་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་སོང་བ་དང་། ཁྱེད་རྣམས་ཀྱིས་ངོས་ནས་རྣམ་ཀུན་གང་བཤད་པ་ལྟར་དོན་དངོས་ཐོག་ག་ཚོད་ཐུབ་ཐུབ་ཀྱིས་ལག་བསྟར་བྱེད་དགོས་ཞེས་ལམ་སྟོན་མཛད་འདུག ལྷག་དོན་ཧི་མཱ་ལ་ཡའི་ནང་པའི་ཚོགས་གཙོས་ངོས་ལ་༸གོང་ས་མཆོག་གི་བཀའ་བསྩལ་བཞིན་ལག་བསྟར་ཞུ་རྒྱུ་ཡིན་ཞེས་ཞུས་པར་༸གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་དང་འབྲེལ་དེ་ནི་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཞིག་ཡིན་པར་བཀའ་བསྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་ཚན་རིག་པ་ཚོས་མིའི་རང་བཞིན་གང་ཡིན་དཔྱད་པའི་གྲུབ་དོན་དུ་བྱམས་བརྩེའི་རང་བཞིན་ཡིན་པ་རྙེད་པ་བཞིན་སེམས་ཅན་ཐམས་ཅད་ཀྱི་མངོན་འདོད་ལྟར་དེ་དག་ལ་ཕན་ཐོགས་ཐུབ་པ་ཞིག་བྱེད་དགོས་གལ་ཡིན་པ་བཀའ་བསྩལ་བ་དང་འབྲེལ། ༸གང་ཉིད་མཆོག་ནས་རྣམ་ཀུན་བྱམས་བརྩེ་ལྡན་པའི་མི་ཞིག་ཡོང་བར་ཐུགས་འགན་ཆེ་བཞེས་གནང་བ་བཞིན་ཁྱེད་རང་ཚོའི་ངོས་ནས་ཀྱང་དེའི་ཐད་འབད་བརྩོད་བྱེད་དགོས་ཞེས་བཀའ་བསྩལ་འདུག ཁྱད་པར་དུ་༸གོང་ས་མཆོག་གིས་ངོས་ཀྱིས་བཤད་དོན་ལྟར་ཁྱེད་རང་ཚོས་འགྲོ་བ་མི་སྤྱིའི་བདེ་སྐྱིད་དང་འཛམ་གླིང་ཞི་བདེ་ཡོང་བར་གང་ཟག་སྒེར་ནས་འགོ་འཛུགས་ཀྱིས་རང་ཉིད་གྲོགས་བཅུ་དང་དེ་ནས་རིམ་བཞིན་དེ་དག་གི་བརྒྱུད་ནས་འཛམ་གླིང་ཡོངས་ལ་བྱམས་བརྩེའི་སེམས་འགུལ་ཁྱབ་སྤེལ་བྱེད་དགོས་གལ་ཡིན་པའི་ལམ་སྟོན་མཛད་འདུག དེ་བཞིན་༸གོང་ས་མཆོག་གིས་གཙོ་བོ་མགོན་པོ་མཆོག་གིས་རྣམ་ཀུན་ཏུ་གསུང་བཞིན་པའི་༸གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་གསུམ་པོའི་ཐོག་མི་རེ་ངོ་རེ་ནས་གང་ཐུབ་གནང་དགོས་གལ་ཡིན་པར་བཀའ་བསྩལ་བ་མ་ཟད་དུས་ཀྱི་ཆ་ནས་སློབ་ཕྲུག་རྣམས་མ་འོངས་པའི་རེ་བ་བྱེད་ས་ཞིག་ཡིན་སྟབས་ནང་དོན་རིག་པ་དང་ཚད་མ་རིག་པའི་སློབ་གཉེར་བྱེད་ས་བོད་ཀྱི་སྐད་ཡིག་ལས་ལྷག་པ་མེད་པར་བརྟེན་བོད་ཀྱི་སྐད་ཡིག་ཐོག་སློབ་གཉེར་གང་ཐུབ་བྱེད་དགོས་གནད་ཡིན་པའི་ལམ་སྟོན་མཛད་འདུག ༸སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་བཞུགས་ཐོག དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་གིས་དབུས་པའི་འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག འོད་ཟེར་རིན་པོ་ཆེ་མཆོག མཁན་བླ་སྤྲུལ་ཁག་ཅིག།ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ། ས་གནས་རྫོང་དཔོན། ཉེན་རྟོག་མགོ་དཔོན། ས་གནས་གྲོས་ཚོགས་འཐུས་མི། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག གཞུང་འབྲེལ་གནད་ཡོད་མི་སྣ། གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་སེར་སྐྱ་མང་ཚོགས་བཅས་སྟོང་ཕྲག་ལྷག་ལྷན་འཛོམས་གནང་ཡོད་པ་རེད།

ལ་དྭགས་མི་མང་ཚོས་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་ཡོང་ཐབས་སུ་དམིགས་བསལ་འགན་ཁུར་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་དེ་རིང་སྔ་དྲོ་རྒྱ་གར་བྱང་ཕྱོགས་ལ་དྭགས་སླེ་རྒྱལ་སར་རྟེན་གཞི་བྱས་པའི་ཇོ་ཁང་དུ་གནས་གཟིགས་མཛད་པ་དང་འབྲེལ། སྐབས་དེར་མགོན་པོ་མཆོག་ནས་སྤྱིར་འཛམ་བུ་གླིང་ནང་བྱམས་པ་དང་སྙིང་རྗེ་བཅས་ཀྱི་བསླབ་བྱ་གནང་མཁན་ཆོས་ལུགས་ཀྱི་སྟོན་པ་མང་པོ་བྱུང་ཡོད་པར་མ་ཟད། ལྷ་ཁང་རྫིག་པོ་དང་།  སྐུ་འདྲ་རྫིག་པོ་ཆོས་ལུགས་ཚང་མར་ཡོད་ཀྱང་། ནང་པ་སངས་རྒྱས་པའི་ཆོས་འདི་ཆོས་ལུགས་གཞན་དང་མི་འདྲ་བར་ལྟ་གྲུབ་ཀྱི་ཐོག་ནས་དངོས་ཡོད་ཀྱི་གནས་སྟངས་དང་མཐུན་པའི་ཐུན་མོང་མ་ཡིན་པའི་ཆོས་ལུགས་ཤིག་ཡིན་པར་ངོ་སྤྲོད་མཛད་པ་མ་ཟད། ཆེད་དུ་བཅར་བའི་ལ་དྭགས་ཀྱི་བླ་ཆེན་ཁག་ཅིག་དང་ཆབ་སྲིད་ཀྱི་མི་སྣ།  ཚོགས་པ་ཁག་གི་དབུ་ཁྲིད་བཅས་མི་གྲངས་ ༢༠༠ སྐོར་ཞིག་ལ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་མཛད་པའི་བཀའ་འགྱུར་པོད་ ༡༠༠ དང་རྒྱ་གར་གྱི་མཁས་པ་ཚོས་མཛད་པའི་བསྟན་འགྱུུར་པོད་ ༢༠༠ ལྷག་ཡོད་པ་དེ་དག་ནི་ཆོས་ལུགས་གཞན་ལ་མེད་པའི་མིའི་སེམས་ལ་འགྱུར་བ་གཏོང་ཐུབ་པའི་རྩ་ཆེའི་གཞུང་ཞིག་ཡིན་པ་ལྟར་དེ་དག་ཐོག་ལ་ངེས་པར་དུ་སློབ་སྦྱོང་བྱེད་དགོས་ཞེས་ལམ་སྟོན་བསྩལ་འདུག དེ་བཞིན་ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོ་ཚེ་དབང་འཕྲིན་ལས་ལགས་ཀྱིས་མ་འོངས་པར་སླེ་གྲོང་ཁྱེར་ནང་ཡོད་པའི་ཇོ་ཁང་འདི་ཤེས་ཡོན་གྱི་ལྟེ་གནས་ཤིག་ཡོང་ཐབས་སུ་འབད་བརྩོན་གནང་བཞིན་ཡོད་པ་སྙན་སེང་ཞུས་པར་མགོན་པོ་༸གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་བ་དང་ཆབས་ཅིག ང་ཚོ་ནང་པ་ཚོས་རྒྱུན་ལྡན་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་འཁྲུངས་ཚེ་དགོངས་པ་རྒྱ་ཆེ་བཞེས་ནས་གཞན་ལ་ཁ་ཡོད་ལག་ཡོད་ཕན་ཐོགས་པའི་ཕྱག་ལས་གནང་གལ་ཡིན་པར་ལམ་སྟོན་སོགས་རྒྱ་ཆེ་མཛད་འདུག ལ་དྭགས་པ་ཚོས་མིའི་བདེ་སྐྱིད་ལ་ཕན་ཐོགས་ཡོད་པའི་ནང་པའི་ལྟ་གྲུབ་ཀྱི་ཆོས་དང་མ་འབྲེལ་བའི་བཟང་པོའི་ཡོན་ཏན་དེ་དག་བསྐྱར་གསོ་ཡོང་ཐབས་ཐོག་འབད་བརྩོན་གནང་དགོས་པ་བཀའ་བསྩལ་བ་དང་འབྲེལ། ༸གང་ཉིད་མཆོག་༸སྐུ་སྒེར་གྱི་ངོས་ནས་དེང་སྐབས་རྒྱ་གར་གྱི་ཕ་མེས་ནས་ཡོད་པའི་རིག་གཞུང་བཟང་པོ་དེ་ཆོས་དང་མ་འབྲེལ་བའི་ཐོག་ནས་བསྐྱར་གསོ་ཡོང་ཐབས་གནང་བཞིན་ཡོད་པ་ལྟར། ཉེ་བའི་ཆར་རྒྱལ་ས་ལྡི་ལིའི་ས་གནས་གཞུང་གི་སློབ་གྲྭའི་དགེ་རྒན་ ༥༠༠༠ ལྷག་མཇལ་འཕྲད་གནང་བ་མ་ཟད་དྷ་སའི་མཐོ་རིམ་སློབ་གྲྭའི་དབུ་འཛིན་དང་མཇལ་འཕྲད་གནང་སྐོར་བཀའ་བསྩལ་འདུག དེ་བཞིན་དེ་སྔོན་ཝཱ་རཱ་ཎ་སཱི་ཁུལ་དུ་ཉེ་བའི་རིགས་བདག་ ༡༥༠ ལྷག་མཇལ་འཕྲད་སྐབས་སློབ་གྲྭ་ཁག་ཏུ་དེ་ལྟར་སློབ་ཁྲིད་གནང་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་པའི་ལམ་སྟོན་མཛད་པ་བཞིན་དངོས་པོ་ཡར་རྒྱས་དང་བསྟུན་སེམས་ཀྱི་ཞི་བདེ་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་པ་རེད། དེས་ན་ལ་དྭགས་མི་མང་ཚོས་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་ཡོང་ཐབས་སུ་དམིགས་བསལ་འགན་ཁུར་ཡོད་པ་བཞིན་ཤུགས་སྣོན་འཕར་མ་བརྒྱབ་དགོས་ཞེས་བཀའ་ནན་བསྩལ་འདུག མཛད་འཆར་ལ་གཞིགས་ན། སང་ཚེས་ ༥ ཉིན་༸སྐུ་ངལ་གསོ་བཞུགས་མཛད་རྒྱུ་དང་། ཕྱི་ཚེས་ ༦ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་ལ་དྭགས་མང་ཚོགས་ནས་གོ་སྒྲིག་ཞུས་པའི་༸གོང་ས་མཆོག་དགུང་གྲངས་ ༨༣ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྟོན་ཐོག་མགོན་པོ་༸གང་ཉིད་མཆོག་དབུ་བཞུགས་དང་འབྲེལ་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུ་ཡི་ཡོད་པ་རེད། ཚེས་ ༡༠ ནས་ ༡༢ བར་ཉིན་གྲངས་གསུམ་རིང་ཞི་བའི་ཚལ་དུས་འཁོར་ཐང་ཆེན་དུ་ས་གནས་སུ་ཡོད་པའི་དད་ལྡན་མང་ཚོགས་ལ་སྔ་ལོའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་འཕྲོ་སྐྱོང་མཛད་རྒྱུ་མ་ཟད་ཚེས་ ༡༤ ཉིན་མགོན་པོ་༸གང་ཉིད་མཆོག་ལ་དྭགས་གླེ་ནས་ནུབ་ར་ཁུལ་དུ་ཆིབས་ཞལ་བསྒྱུར་གནང་མཛད་དེ་ཁུལ་དེའི་མང་ཚོགས་ལ་སྒོམ་རིམ་བར་པའི་བཀའ་ཆོས་དང། དེ་བཞིན་བསམ་གཏན་གླིང་དགོན་པའི་ཕར་ཕྱིན་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཐུགས་གནང་ཁེལ་ཡོད་པ་རེད།

Latest news