Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

བལ་ཡུལ་ནང་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་བཅུག་མི་འདུག

དེ་རིང་བལ་ཡུལ་གཞུང་ནས་ཁུལ་དེའི་ནང་གི་བོད་མི་ཚོར་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཅུག་མེད་པ་མ་ཟད། མཆོད་འབྱོར་ས་གནས་འགོ་འཛིན་ཡང་ཉེན་རྟོག་པསའཛིན་བཟུང་བྱས་འདུག དེའང་དེ་རིང་བཙན་བྱོལ་ནང་གི་བོད་མིའི་གཞིས་སྡོད་གང་སར་བྱེད་སྒོ་འདྲ་མིན་བརྒྱུད་ནས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༡ ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ལ་དགའ་དད་སྤྲོ་གསུམ་གྱིས་དགའ་སྐྱིད་དཔལ་ལ་རོལ་བཞིན་སྲུང་བརྩི་ཞུ་བཞིན་ཡོད་ཀྱང་། བལ་ཡུལ་ནང་དེ་རིང་བལ་ཡུལ་གཞུང་གིས་ཁུལ་དེའི་ནང་གི་བོད་མི་ཚོར་༸གང་ཉིད་ཀྱི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཅུག་མི་འདུག བལ་ཡུལ་གྱི་ཉེན་རྟོག་པས་འཁྲུངས་སྐར་གྱི་མཛད་སྒོ་མ་འཚོགས་གོང་ནས་ཁུལ་དེའི་མཆོད་འབྱོར་ས་གནས་འགོ་འཛིན་སྐལ་བཟང་དོན་གྲུབ་ལགས་བཙན་འཁྲིད་ཀྱིས་འཛིན་བཟུང་བྱས་པ་མ་ཟད། ས་གནས་ཀྱི་བོད་མི་ཚོར་༸གང་ཉིད་ཀྱི་༸སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་མཚམས་འཇོག་དགོས་པའི་བཀོད་ཁྱབ་བཏང་དགོས་པའི་གནོན་ཤུགས་སྤྲད་ཡོད་པ་རེད། ད་ལྟའི་ཆར་འཁྲུངས་སྐར་གྱི་མཛད་སྒོ་ཚོགས་ཡུལ་སྲོང་བཙན་སློབ་གྲྭའི་མཐའ་འཁོར་དུ་བལ་ཡུལ་ས་གནས་ཉེན་རྟོག་པ་འཕོན་ཆེ་འགྲེམས་འཇོག་གིས་བོད་མི་ཚོ་སློབ་གྲྭའི་ར་བའི་ནང་བཀག་དཀྱིལ་བྱས་འདུག རྩ་བའི་ད་ལྟའི་ཆར་བལ་ཡུལ་ནང་བོད་མི་ ༡༢༠༠༠ ལྷག་ཡོད་པ་དང་རྒྱ་གཞུང་གི་གནོན་ཤུགས་འོག་བོད་མི་དེ་དག་ལ་རྒྱལ་ཁབ་དེའི་ནང་གནས་སྡོད་ཆོག་པའི་ཡིག་ཆ་རག་རྒྱུར་ངལ་བ་ཤུགས་ཆེ་འཕྲད་བཞིན་ཡོད་པ་མ་ཟད། ས་གནས་སུ་རྒྱུན་དུ་བོད་མི་ཚོ་བོད་དོན་དང་འབྲེལ་བའི་ལས་འགུལ་དང། ༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སོགས་སྲུང་རྩི་ཞུ་རྒྱུར་དམ་དྲག་བྱེད་བཞིན་ཡོད་པ་རེད།

༸གོང་ས་མཆོག་དབུ་བཞུགས་ཐོག་ནང་པའི་ལྟ་གྲུབ་དང་དེང་དུས་ཤེས་ཡོན་དབར་བགྲོ་གླེང་གནང་པ།

དེ་རིང་ཟླ་ ༧ ཚེས་ ༥ ཉིན་རྒྱབ་ཚོུད་ ༢ སྟེང་འབྲས་སྤུངས་བླ་སྤྱིའི་གཙུག་ལག་ཁང་དུ་༸གོང་ས་མཆོག་དབུ་བཞུགས་ཐོག་གྲོང་ཁྱེར་སྦེང་ལོར་ནང་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་ཕྲུག་དང་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་འདུན་པའི་དབར་ལ་ནང་པའི་ལྟ་གྲུབ་དང་དེང་དུས་ཤེས་ཡོན་གོ་རྟོགས་སྤེལ་རེས་ཀྱི་བགྲོ་གླེང་ཚོགས་ཡོད་པ་རེད། དེའང་དགེ་འདུན་པ་དང་སློབ་ཕྲུག་དབར་ལ་ནང་པའི་དབུ་མ་པ་དང་སེམས་ཙམ་པའི་ལྟ་གྲུབ། འཛམ་གླིང་མང་གཙོའི་ལམ་ལུགས་སྤྱི་དང་སྒོས་སུ་བོད་ཀྱི་མང་གཙོའི་སྐོར། རྒྱ་ནག་གཞུང་ནས་བོད་དེ་རྒྱ་ནག་གི་མངའ་ཁོངས་ཡིན་སྟངས་སྐོར་ལོ་རྒྱུས་ཀྱི་འཁྱོག་བཤད་བྱེད་སྟངས།  བོད་པ་དང་དེང་དུས་འཕྲུལ་ལས་བར་གྱི་འབྲེལ་བ་དང་ཤེས་པའི་སྐོར་བཅས་བརྗོད་གཞི་ཁག་མི་འདྲ་བ་དྲུག་ཙམ་གི་ཐོག་ལ་གཏམ་བཤད་དང་དྲི་བ་དྲི་ལན་གནང་སོང་། སྐབས་དེར་༸གོང་ས་མཆོག་གིས་མང་གཙོ་དང་འབྲེལ་བའི་བཀའ་སློབ་སྩལ་དོན་ལ། མང་གཙོའི་ལམ་ལུགས་ཡག་པོ་ཡོང་དང་མི་ཡོང་གཙོ་བོ་ནི་མིའི་ལྷག་བསམ་དང་བྱེད་ལས་ལ་རག་ལས་ཡོད་སྐོར་སོགས་བཀའ་བསྩལ་སོང་།  དེ་བཞིན་༸གང་ཉིད་ཀྱིས་ཤེས་པ་ཕྲ་མོའི་ཐོག་ལ་བསམ་བློ་གཏོང་དགོས་གལ་ཡིན་པ་བཀའ་སློབ་གནང་སོང་།  དེ་བཞིན་སློབ་ཆུང་སློབ་མ་ཁག་ཅིག་གིས་རྟགས་གསལ་སྤྱན་འབུལ་ཞུས་གྲུབ་མཚམས་༸གང་ཉིད་ནས་སློབ་ཕྲུག་ཚོས་ཀྱང་རང་ཉིད་ཀྱི་རིག་པ་གསལ་ཕྱིར་རིགས་ལམ་རྟགས་གསལ་ལ་དོ་སྣང་བྱ་དགོས་པ་མ་ཟད། རིགས་ལམ་དེའང་སློབ་ཚན་ཚང་མའི་ནང་བེད་སྤྱོད་ཡོད་པ་ཞིག་ཡིན་སྟབས་དེར་དོ་སྣང་བྱ་གལ་ཆེ་བ་ཡིན་པ་སོགས་ཀྱི་བཀའ་སློབ་ཟབ་མོ་བསྩལ་ཡོད་པ་རེད། གོང་ཚེས་ཉིན་གྱི་སྔ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་པ་ ༧༢ ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་གྲུབ་རྗེས།  དགེ་སློང་སྒྲུབ་གནང་རྒྱུའི་མཛད་རིམ་རེ་ཞིག་མཇུག་སྒྲིལ་གནང་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢ ནས་དབུ་འཛུགས་ཀྱིས་དེ་རིང་བར་དུ་ཁྱོན་དགེ་འདུན་ཞལ་གྲངས་ ༣༣༣ ལ་བསྙེན་རྫོགས་སྒྲུབ་གནང་ཡོད་པ་རེད། རྩ་བའི་སང་ཕྱི་ཚེས་ ༦ ཉིན་༸གོང་ས་མཆོག་འབྲས་སྤུངས་བླ་སྤྱིར་སྔ་ཐོག་དགེ་ལུགས་ཡོངས་དང་མོན་གྷོ་གཞིས་ཆགས་ཀྱི་སེར་སྐྱ་མི་མང་ཀུན་ཐུན་མོང་གིས་༸གང་ཉིད་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་གནང་རྒྱུ་ཡིན་འདུག དེ་རྗེས་སུ་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོར་དབུ་བཞུགས་གནང་རྒྱུ་དང་ཉིན་རྒྱབ་ཏུ་འབྲས་སྤུངས་བློ་གསལ་གླིང་གི་ཆོས་ར་གསར་པ་དབུ་འབྱེད་རབ་གནས་མཛད་རྒྱུ་རེད་འདུག

༸གོང་ས་མཆོག་གིས་སྐུ་ཞབས་ཝི་སེལ་མཆོག་དམ་པ་དེ་ཉིད་ནས་མི་ཚེ་དོན་སྙིང་ལྡན་པ་ཞིག་སྐྱེལ་ཡོད་པ་གསུངས་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེའི་ལས་འགུལ་བ་དང་རྩོམ་པ་པོ་གྲགས་ཅན། དེ་བཞིན་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་བོད་ཀྱི་གྲོགས་པོ་སྐུ་ཞབས་ Elie Wiesel ལགས་ཁ་ཉིན་ཚེས་ ༢ ཉིན་གུང་གྲངས་ ༨༧ ཐོག་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་པར་དམ་པ་དེ་ཉིད་ཀྱི་ནང་མིར་ཐུགས་གསོ་བསྩལ་འདུག དེའང་མགོན་པོ་༸གང་ཉིད་མཆོག་གིས་ཁ་སང་ཕྱི་ཚེས་ ༣  ཉིན་ཁོང་གི་སྐུ་ཟླ་ Marion Wiesel མཆོག་གི་མཚན་ཐོག་ཏུ་བསྩལ་བའི་ནང་། སྐུ་ཞབས་ Wiesel ཁོང་འདས་གྲོངས་སུ་གྱུར་བར་༸གང་ཉིད་མཆོག་ཐུགས་ཕམ་ཆེན་པོ་བྱུང་སྐོར་བཀའ་གནང་བ་དང་སྦྲགས། སྐུ་ཞབས་ Elie Wiesel དམ་པ་དེ་ཉིད་དང་མགོན་པོ་མཆོག་གཉིས་ནས་འཛམ་གླིང་ཞི་བདེའི་དེད་དཔོན་གཞན་རྣམས་དང་ལྷན་དུ་གྲོས་མོལ་དང་འཆམ་མཐུན་གྱི་ལམ་ནས་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་བཅས་ཀྱི་ཐོག་ལ་ཕྱག་ལས་གནང་མྱོང་ཡོད་པ་དང། ད་ཆ་ཁོང་འདས་གྲོངས་སུ་གྱུར་བའི་དུས་སྐབས་འདིར་༸གང་ཉིད་ནས་ཁོང་གི་ལྷག་བློ་ཆེ་བའི་བྱམས་བརྩེའི་དགོངས་པ་རྣམས་ལ་རྗེས་དྲན་ཞུ་བཞིན་ཡོད་པ་དང། དམ་པ་དེས་སྐུ་འཚོ་བཞུགས་རིང་དོན་སྙིང་ལྡན་པའི་མི་ཚེ་སྐྱེལ་ཡོད་ལྟར།  ང་ཚོས་དམ་པ་དེ་ཉིད་ལ་རྗེས་དྲན་ཞུ་སྟངས་ལེགས་ཤོས་ནི་ཁོང་གིས་ཐུགས་གཉེས་པའི་འགྲོ་བ་མི་ཕན་ཚུན་མཛའ་འབྲེལ་དང་མཆེད་གྲོགས་བཅས་གོང་སྤེལ་གྱི་འདུ་ཤེས་འཛིན་པའི་མི་ཚེའི་རིན་ཐང་རྣམས་གོང་སྤེལ་གཏོང་གལ་ཡིན་པ་སོགས་བཀའ་སྩལ་གནང་པ་དང་ཆབས་ཅིག དམ་པ་ཁོང་ལ་ཡོན་ཏན་མང་དག་ཞིག་ཡོད་པ་ལས་གཅིག་ནི་ཁོང་བོད་ཀྱི་གྲོགས་པོ་བརྟན་པོ་ཞིག་ཡིན་པ་དང། ༸གང་ཉིད་མཆོག་གིས་བསྔོ་སྨོན་དང་བཅས་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོ་མཛད་འདུག རྩ་བའི་སྐུ་ཞབས་ Elie Wiesel མཆོག་ནི་ Romania ནང་དུ་སྐུ་འཁྲུངས་ཤིང། ཕྱི་ལོ་ ༡༩༣༩ ནས་ ༤༥ བར་བྱུང་བའི་འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད།  Germany ཡི་དབང་ཆ་གཅིག་བསྡུས་རིང་ལུགས་པ་ Hitler ཡིས་དབང་གྱུར་འོག Jew མི་རིགས་རྩ་གཏོར་གྱི་དཀའ་སྡུག་དངོས་སུ་མྱངས་མྱོང་ཡོད་མཁན་ཞིག་ཡིན་པ་མ་ཟད། འཛམ་གླིང་ཁྱོན་ཡོངས་ལ་མུན་ནག་ཅན་གྱི་དུས་ཚོད་བྱུང་རིམ་ཁག་ལ་བདེན་དཔང་གནང་མཁན་གཙོ་གྲས་ཤིག་དང། འཛམ་གླིང་ནང་འཚེ་བ་དང་བཙན་གནོན། མི་རིགས་དབྱེ་འབྱེད་སོགས་ལ་གདོང་ལེན་གྱིས་སྐུ་ཚེ་ཧྲིལ་པོའི་རིང་ཞི་བདེའི་ཆེད་དུ་ཕྱག་ལས་མང་དག་གནང་སྟབས། ཕྱི་ལོ་ ༡༩༨༦ ལོར་ཁོང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དང་། དེ་སྔོན་ཕྱི་ལོ་ ༡༩༨༥ ལོར་ཨ་རིའི་གྲོས་ཚོགས་ཀྱི་ཚད་མཐོའི་གཟེངས་རྟགས་ Congressional Gold Medal ཞེས་པ་དེའང་བཞེས་མྱོང་ཡོད་པ་མ་ཟད། དེ་བཞིན་ཕྱི་ལོ་ ༢༠༠༥ ལོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཆེད་སྒྲིག་ཞུས་པའི་ Light of Truth འམ་བདེན་པའི་སྒྲོན་མེའི་གཟེངས་རྟགས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ནས་བཞེས་མྱོང་ཡོད་པ་རེད།  དེ་མཚུངས་སུ་ཕྱི་ལོ་ ༢༠༠༧ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལའང་ཨ་རིའི་གྲོས་ཚོགས་ཀྱི་གཟེངས་རྟགས་ Congressional Gold Medal དེ་འབུལ་བཞེས་མཛད་པའི་སྐབས་ཁོང་ཆེད་ཕེབས་ཀྱིས་༸གང་ཉིད་ལ་ཆེ་བསྟོད་དང་བཅས་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་དོན་ངོ་སྤྲོད་གནང་པའི་བརྒྱུད། ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་རྣམས་ནས་བདེན་པའི་ནུས་སྟོབས་ཤུགས་ཆེ་རུ་བཏང་ཡོད་སྐོར་གསུངས་ཡོད་པ་མ་ཟད། ༸གོང་ས་མཆོག་ལ་གྲོགས་པོ་༸གང་ཉིད་སྐྱབས་བཅོལ་ནང་ཇི་སྲིད་བར་དུ་བཞུགས་ཀྱང་ཁེར་ཀྱང་རྩ་བ་ནས་མིན་པ་དང། ང་ཚོའི་རང་དབང་གྱི་འདོད་དོན་དེ་དུས་རྟག་ཏུ་ཁྱེད་ཀྱི་ལྷན་དུ་ཡོད་པ་དང། གལ་སྲིད་ང་གསོན་པོར་གནས་ཚེ་ཉིན་གཅིག་ང་གཉིས་མཉམ་དུ་བོད་ལ་ཕྱིར་ལོག་གནང་ཆོག་གི་རེད་ཅེས་མཛའ་བརྩེས་གསུང་བཤད་གནང་ཡོད་པ་རེད།

༸གོང་ས་མཆོག་གིས་དགེ་འདུན་པ་ ༩༠ སྐོར་ཞིག་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་བཞིན་པ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་འདིའི་ཚེས་ ༢ ནས་དབུ་འཛུགས་ཀྱིས་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་གྱི་གྲྭ་ཚང་དྲུག་དང་། རྭ་སྟོད། རྒྱུད་གྲྭ་སྟོད་སྨད། བཀྲི་ཤིས་ལྷུན་པོ། རྫོང་དགའ་ཆོས་སྡེ་བཅས་ཀྱི་གྲྭ་ཚང་དགུའི་དགེ་འདུན་པ་ཞལ་གྲངས་ ༩༠༠ ལ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནང་རྟེན་གཞི་བྱས་པའི་འབྲས་སྤུངས་ཚོགས་ཆེན་དུ་བསྙེན་རྫོགས་ཀྱི་སྡོམ་པ་འབོག་ཆོག་གནང་བཞིན་ཡོད་པ་རེད། དེའང་ཁ་ཉིན་ཕྱི་ཚེས་ ༢ ཉིན་འབྲས་སྤུངས་ཀྱི་དགེ་འདུན་པ་ཞལ་གྲངས་ ༨༡ ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་ཡོད་པ་དང་། དེ་རྗེས་ཕྱི་ཚེས་ ༣ ཉིན་དགའ་ལྡན་དགོན་པའི་དགེ་འདུན་པ་ཞལ་གྲངས་ ༩༠ ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་ཡོད་པ་རེད། དེ་རིང་ཕྱི་ཚེས་ ༤ ཉིན་སེ་ར་ཐེག་ཆེན་གླིང་གི་དགེ་འདུན་པ་ཞལ་གྲངས་ ༩༠ ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་ཡོད། སྙེན་རྫོགས་ཀྱི་སྡོམ་པ་དེ་གནད་ཆེ་ཆུང་ཇི་ཡིན་སྐོར་སྐུ་བཅར་དགེ་བཤེས་ལྷ་རམས་པ་ཡང་སྟེང་རིན་པོ་ཆེར་བཅར་འདྲི་ཞུས་པར་ཁོང་གིས་གསུང་དོན། དེེ་ནི་ཧ་ཅང་གལ་ཆེན་པོ་ཡིན་ཞིང་སྤྱིར་སྡོམ་པ་ལ་དབྱེ་བ་གསུམ་ཙམ་ཡོད་པ་ལས་དགེ་སློང་གིི་སྡོམ་པ་དེ་ནི་ལུས་ངག་གཉིས་ཀྱི་ཉེས་སྤྱོད་མཐའ་དག་སྡོམ་པའི་ཁས་ལེན་ཞིག་ཡིན་པ་དང་། ལྷག་དོན་སྡོམ་པ་དེ་ནི་སྡོམ་པ་ཀུན་གྱི་ནང་ནས་གནས་རིམ་མཐོ་ཤོས་དང་གལ་ཆེ་ཤོས་དེ་ཡིན་པ་མ་ཟད། སངས་རྒྱས་ཀྱི་བསྟན་པ་གནས་དང་མི་གནས་དེ་བསྙེན་རྫོགས་ཀྱི་སྡོམ་པ་ཚུལ་བཞིན་དུ་སྲུང་མཁན་གྱི་འདུལ་བ་འཛིན་པ་དགེ་སློང་གནས་དང་མི་གནས་ལ་རག་ལུས་ཡོད་ཅེས་འགྲེལ་བརྗོད་གནང་སོང་། དེ་བཞིན་ཁོང་གིས་དགེ་སློང་བསྒྲུབ་མཁན་གང་ཟག་དེ་ལོ་ཚད་ཀྱི་ཆ་ནས་ལོ་ངོ་ ༢༠ ཧྲིལ་པོ་ལོན་དགོས་པ་དང་འདི་བཞིན་བསམ་བློ་དང་ལུས་ཀྱི་ཐོག་ནས་ཀྱང་ཆ་རྐྱེན་མང་པོ་ཞིག་ཚང་དགོས་པ་གསུངས་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་དགེ་སློང་གི་སྡོམ་རྒྱུན་དང་ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགེ་སློང་གི་སྡོམ་རྒྱུན་དེ་ནི་ཡོངས་འཛིན་གླིིང་རིན་པོ་ཆེ་མཆོག་གི་དྲུང་ནས་ཞུས་པ་ཞིག་དང་། དེ་ཡང་འདི་ནས་ཡར་ཁུངས་གཏུག་ན་མཁན་ཆེན་ཞི་འཚོ་ལ་ཐུག་གི་ཡོད་པ་གསུངས་ཡོད། གཞི་རྩའི་ཐེངས་འདིའི་བསྙེན་རྫོགས་སྒྲུབ་རྒྱུ་དེའང་འབྲས་སྤུངས་དགོན་པར་གནང་དོན་ནི་སྔ་ལོ་འབྲས་སྤུངས་དགོན་པའི་ངོས་ནས་འདི་ལོའི་༸སྐུའི་འཁྲུངས་སྐར་སྐབས་འདིར་ཆིབས་བསྒྱུར་མཛད་གནང་ཡོང་བའི་གསོལ་འདེབས་ཡང་ཡང་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་པ་ཞིག་དང་། ༸སྐུའི་འཁྲུངས་སྐར་སྐབས་གསུང་ཆོས་རིགས་དམིགས་བསལ་མི་དགོས་པར་བསྙེན་རྫོགས་སྒྲུབ་རྒྱུ་མང་པོ་ཞིག་ལྷག་བསྡད་ཡོད་པ་དེ་རྣམས་ལ་བསྙེན་རྫོགས་སྒྲུབ་གནང་རྒྱུའི་མཛད་འཆར་ཞིག་ཆགས་ཀྱི་འདུག དེ་ཡང་ཐོག་མའི་འཆར་ཉིན་གྲངས་དགུའི་རིང་སྒྲུབ་གནང་རྒྱུ་ཐུགས་གཏན་འཁེལ་ཡོང་ཀྱང་། ཉེ་ལམ་༸གོང་ས་མཆོག་ཨ་རིར་གཟའ་འཁོར་གཉིས་ལྷག་གི་མཛད་འཕྲིན་བསྐྱངས་པ་དང་། དེ་མིན་མཛད་འཕྲིན་གཞན་ཁག་ཅིག་གི་རྐྱས་པས་ཐེངས་འདིར་ཉིན་གྲངས་བཞིར་ཐུགས་གཏན་འཁེལ་བ་ཞིག་ཡིན་པ་རེད་འདུག རྩ་བའི་ཐེངས་འདིར་གདན་ས་གྲྭ་ཚང་ཁག་ནས་དགེ་སློང་སྒྲུབ་མཁན་ཐོ་གཞུང་གནང་དོན་ལྟར་ན། དགེ་འདུན་ཞལ་གྲངས་ ༩༠༠ ལྷག་ཙམ་ཡོད་ནའང་ཉིན་བཞིའི་རིང་ཉིན་རེར་དགེ་འདུན་པ་གྲངས་ ༦༠ ནས་ ༩༠ བར་སྒྲུབ་གནང་རྒྱུ་ཡིན་པ་དང། སང་ཕྱི་ཚེས་ ༥ ཉིན་མཐའ་མའི་སྐབས་འཕྲོས་རྣམས་ལ་གང་ཚར་ཚར་ཞིག་ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་རྒྱུ་དང་། དེ་མིན་བལ་ཡུལ། མོན། ལ་དྭགས་སོགས་ཕྱོགས་མཐའ་ཁག་ནས་ཕེབས་མཁན་རྣམས་ལོ་རྗེས་མ་ཕྱི་ཟླ་ ༡ ནང་སྒྲུབ་འཆར་ཡོད་པ་རེད་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོར་༸ཞབས་སོར་བདེ་བར་འཁོད་གནང་མཛད་པ།

དེ་རིང་ཟླ་ ༧ ཕྱི་ཚེས་ ༡ ཉིན་གྱི་སྔ་དྲོ་ཚོུད་ ༩།༣༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཀར་བར་རྫོང་ནས་མོན་གྷོ་འདོད་གླིང་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད་པ་དང་བསྟུན། ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་དང་། དགེ་ལུགས་ཡོངས་ཀྱི་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཚོགས་གཙོ། གདན་ས་ཁག་གི་མཁན་པོ་རྣམ་པ། ས་འཐུས་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ་བཅས་ཀར་བར་རྫོང་དུ་ཕེབས་བསུར་ཆེད་བཅར་ཞུས་ཡོད་པ་རེད། ༸གོང་ས་མཆོག་གིས་ཐོག་མར་བླ་སྤྱིར་གནས་གཟིགས་གནང་པ་དང་དེ་རྗེས་བཞུགས་ཁྲིར་ཞབས་སོར་བདེ་བར་འཁོད་མཚམས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་མཎ་དྲལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་རེད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་གནས་དེར་ཆིབས་སྒྱུར་མཛད་དོན་གང་ཡིན་སྐོར་བཀའ་བསྩལ་དང་འབྲེལ་དད་ལྡན་སེར་སྐྱ་ཀུན་ལ་འཚམས་འདྲི་གནང་སོང་། ༸གང་ཉིད་མཆོག་གིས་མུ་མཐུད་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་སེམས་ཁམས་རིག་པ་དང་འབྲེལ་བའི་ཆོས་བརྒྱུད་དེ་དག་ལོ་ངོ་སྟོང་ཕྲག་རིང་ང་ཚོ་བོད་པ་ཚོས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཡོད་པ་དང་། ད་ཆ་འཛམ་གླིང་འདིར་ང་ཚོའི་ངོས་ནས་ཞབས་འདེགས་བསྒྲུབ་པའི་དུས་ལ་བབ་ཡོད་སྐོར་བཀའ་སྩལ་མཛད་སོང་བ་དང་། ད་དུང་མགོན་པོ་མཆོག་གིས་དེང་སྐབས་ཨ་རིའི་ནང་ལའང་བྱམས་བརྩེའི་ཉམས་ལེན་ཐོག་དོ་སྣང་ཆེན་པོ་བྱེད་བཞིན་པ་མ་ཟད། ལྷག་པར་དུ་ཨ་རིའི་གྲོང་ཁྱེར་གཉིས་ཙམ་གྱི་མིང་ཡང་སྙིང་རྗེའི་གྲོང་ཁྱེར་ཞེས་མིང་བཏགས་ཡོད་པ་དང་། གྲོང་ཁྱེར་དེ་དག་ནང་བྱམས་བརྩེ་དང་འབྲེལ་བའི་བགྲོ་གླེང་དང་དེ་དག་བརྒྱུད་འཁྲུག་རྩོད་རིགས་ཀྱང་ཇི་ཉུང་དུ་སོང་བ་སོགས་དངོས་སུ་ཕན་ཐོགས་བྱུང་སྐོར་ལུང་འདྲེན་དང་འབྲེལ་ཉེ་ལམ་༸གོང་ས་མཆོག་ཨ་རིར་ཕེབས་སྐབས་གྲོང་ཁྱེར་སྤྱི་ཁྱབ་པ་ ༢༠༠ ཙམ་གྱི་ལྷན་འཛོམས་སྐབས་ཁོང་རྣམས་པས་ཀྱང་དེའི་ཐད་ཐུགས་སྣང་གནང་བཞིན་པ་སོགས་ངོ་སྤྲོད་སོགས་མཛད་ཡོད། ལྷག་དོན་༸གང་ཉིད་མཆོག་གིས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་གོང་འཕེལ་གྱི་སློབ་གསོའི་སློབ་དེབ་ཞིག་ཀྱང་རྩོམ་སྒྲིག་བྱེད་བཞིན་པ་དང་ཟླ་ཤས་ནང་གཏན་འབེབས་ཟིན་གྱི་ཡོད་སྐོར་སོགས་བཀའ་སྩལ་གནང་སོང་། གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མུ་མཐུད་རྒྱ་ནག་ནང་ནང་པའི་གྲངས་འབོར་དེ་ས་ཡ་ ༤༠༠ ཙམ་ཡོད་ཅིང་དེང་སྐབས་བོད་རྒྱུད་ནང་བསྟན་ལའང་དོ་སྣང་ཇི་ཆེར་འགྲོ་བཞིན་ཡོད་སྟབས། ང་ཚོས་ཕྱི་རང་དབང་ལུང་པར་བཟང་སྤྱོད་དང་འབྲེལ་བའི་ལས་འགུལ་ཞིག་སྤེལ་ཐུབ་ཚེ་རྒྱ་ནག་ནང་གཏན་གཏན་ཤུགས་རྐྱེན་ཐེབས་ངེས་ཡིན་པ་དང་དེའི་ཐོག་ནས་བོད་དོན་ཐོག་ལ་ཡང་ཕན་ཐོགས་ཡོང་གི་རེད་ཅེས་གསུངས་ཡོད་པ་རེད། དེ་རྗེས་༸གོང་ས་མཆོག་གིས་ས་གནས་རྒན་གསོ་ཁང་དང་འཕྲོད་བསྟེན་སྨན་ཁང་གཉིས་ཀྱི་གནས་སྟངས་དང་འབྲེལ་བའི་འཕྲོད་བསྟེན་སྨན་ཁང་ལ་སྨན་པ་མེད་དོན་གང་ཡིན་དང་། ས་གནས་སུ་ཉལ་ཐ་འཐེན་མཁན་ཡོད་མེད་སོགས་ཀྱི་གནད་དོན་མང་དག་ཞིག་གི་ཐད་བཀའ་རྩད་གནང་པར་ས་འགོ་མཆོག་གིས་བཀའ་ལན་ཕུལ་ཡོད་པ་རེད། མཛད་འཆར་ལྟར་ན། སང་ཉིན་ཕྱི་ཚེས་  ༢ ནས་ ༥ བར་གདན་ས་ཆེན་པོ་གསུམ་དང་རྭ་སྟོད་གྲྭ་ཚང་། རྒྱུད་གྲྭ་སྟོད་སྨད་གཉིས། དེ་བཞིན་བཀྲ་ཤིས་ལྷུན་པོ་བཅས་ཀྱི་དགེ་འདུན་པ་རྣམས་ལས་ཉིན་རེར་དགེ་འདུན་གྲངས་ ༦༠ ལ་བསྙེན་རྫོགས་ཀྱི་སྡོམ་པ་འབོགས་ཆོག་མཛད་རྒྱུ་ཡིན་པ་དང་། དེ་བཞིན་ཕྱི་ཚེས་ ༦ ཉིན་༸སྐུའི་འཁྲུངས་སྐར་འཁེལ་གྱི་ཡོད་སྟབས། དེ་ཉིན་དྲོར་འབྲས་སྤུངས་དགའ་ལྡན་པོ་བྲང་བླ་སྤྱིའི་མདུན་ཐང་དུ་སྲུང་བརྩི་ཞུ་རྒྱུ་དང་འདི་བཞིན་དགེ་ལུགས་ཡོངས་ཀྱི་ངོས་ནས་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་གནང་གི་ཡོད་པ་དང་། དེ་མཚུངས་སུ་མོན་གྷོ་སེར་སྐྱ་མི་མང་ཡོངས་ནས་ཀྱང་འདི་ལོ་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་ ༥༠ ཐམ་པ་ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་དང་འདི་བཞིན་བརྟན་བཞུགས་རྒྱས་པ་ཞིག་ཀྱང་བསྟར་འབུལ་ཞུ་རྒྱུ་རེད་འདུགདང་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་སེར་སྐྱ་མི་མང་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། དེ་རྗེས་ཕྱི་ཚེས་ ༧ ཉིན་འབྲས་སྤུངས་བློ་གསལ་གླིང་གི་ཆོས་ར་གསར་པ་དབུ་འབྱེད་རབ་གནས་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཁག་ཅིག་ཐུགས་གཏན་ཁེལ་ཡོད་པ་རེད། ༸སྐུའི་འཁྲུངས་སྐར་གྱི་མཛད་སྒོར་༸གང་ཉིད་མཆོག་དབུ་བཞུགས་ཀྱིས་གཙོས་ཀར་ན་ཊ་ཀ་མངའ་སྡེའི་བློན་ཆེན་གཞོན་པ་མཆོག་དང་།  དེ་སྔོན་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཚུགས་རྒྱུར་མཐུན་གྱུར་དང་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཀ་ན་ཊ་ཀ་མངའ་སྡེའི་བློན་ཆེན་འདས་པོ་སྐུ་ཞབས་ནི་ཇ་ལིང་གཱ་པ་མཆོག་གི་བཀྲིན་རྗེས་དྲན་ཞུ་ཕྱིར་ཁོང་གི་སྐུ་ཚ་ཞིག་ཀྱང་གདན་ཞུ་གནང་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གསུམ་སོགས་ཕྱི་ནང་གི་སྐུ་མགྲོན་མང་དག་ཞིག་གདན་ཞུ་གནང་ཡོད་པ་རེད་འདུག

༸གོང་ས་མཆོག་གིས་བྱམས་བརྩེ་ལྡན་པའི་འཛམ་བུ་གླིང་བསྐྲུན་ཆེད་ཨ་རིས་ངེས་པར་དུ་སྣེ་འཁྲིད་དགོས་པ་བཀའ་སྩལ་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཕྱི་ཚེས་༡༣ ནས་ཨ་རིའི་རྒྱལ་ས་ Washington DC གཙོས་Utah དང་ California དེ་བཞིན་Colorado མངའ་སྡེ་བཅས་སུ་མང་ཚོགས་ལ་བཀའ་སློབ་དང་ཆོས་འབྲེལ་བཀྲིན་བསྩལ་བ་དུས་མཚུངས། ཨ་རིའི་སྲིད་འཛིན་ Obama མཆོག་གིས་དབུས་པའི་གྲོས་ཚོགས་འཐུས་མི་དང་། གྲོང་ཁྱེར་གྱི་སྲིད་སྐྱོང་སོགས་དང་མཇལ་འཕྲད་ཀྱིས་མཛད་འཕྲིན་ཁག་ཅིག་གྲུབ་རྗེས། ཁ་སང་མགོན་པོ་༸གང་ཉིད་མཆོག་ནས་ཨ་མི་རི་ཀའི་ Indiana མངའ་སྡེའི་རྒྱལ་ས་ Indianapolis ནང་ཚོགས་པའི་ཨ་མི་རི་ཀའི་གྲོང་སྡེ་སྤྱི་ཁྱབ་པའི་ཚོགས་ཆེན་ཐེངས་༨༤ པའི་ཐོག་དབུ་བཞུགས་མཛད་པ་མ་ཟད། གྲོང་ཁྱེར་སྤྱི་ཁྱབ་ཉིས་བརྒྱ་ལྷག་ལ་བྱམས་བརྩེ་ལྡན་པའི་གྲོང་ཁྱེར་བསྐྲུན་ཐབས་ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་བཀའ་དྲིན་སྩལ་འདུག ཚོགས་ཆེན་དེའི་ཐོག་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རི་ནི་འཛམ་གླིང་སྟེང་གི་རང་དབང་དང་མང་གཙོ། དེ་བཞིན་འདྲ་མཉམ་སོགས་ལ་བརྩི་སྲུང་གནང་མཁན་གྱི་རྒྱལ་ཁབ་གཙོ་གྲས་ཤིག་ཏུ་ངོས་འཛིན་གནང་བཞིན་ཡོད་སྐོར་བཀའ་སྩལ་དང་འབྲེལ། ད་བར་ཨ་རིའི་ངོས་ནས་རྒྱལ་སྤྱིའི་ཐོག་འཕྲུལ་ཆས་སོགས་ཕྱི་དངོས་པོའི་རིག་གནས་ཐོག་ཞབས་འདེགས་རླབས་ཆེན་སྒྲུབ་ཡོད་པ་ལྟར། མ་འོངས་འཛམ་གླིང་དེ་བཞིན་བྱམས་བརྩེ་ལྡན་པ་ཞིག་ཏུ་བསྐྲུན་ཆེད་ཨ་རིས་ངེས་པར་དུ་སྣེ་འཁྲིད་གནང་རྒྱུའི་འགན་ཡོད་བཀའ་སྩལ་འདུག ལྷག་པར་དུ་ཁ་སང་གི་མཛད་འཆར་དེའི་ཁྲོད་༸གོང་ས་མཆོག་གིས་རྒྱལ་སྤྱིའི་མང་ཚོགས་ས་ཡ་མང་པོས་དགའ་མོས་ཞུ་ཡུལ་ཨ་རིའི་གཞས་མ་གྲགས་ཅན་Lady Gaga ལགས་དང་མཇལ་འཕྲད་དང་དྲི་བ་དྲི་ལན་གྱི་མཛད་རིམ་ཞིག་ཀྱང་གནང་འདུག

༸གོང་ས་མཆོག་གིས་རྒྱ་གཞུང་ནས་༸གང་ཉིད་ལ་སྐྱོན་བརྗོད་བྱེད་བཞིན་པ་དེར་རྒྱ་ནག་མི་མང་ནས་ངོས་ལན་བྱེད་མིན་ཐེ་ཚོམ་རེད་ཅེས་བཀའ་སྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་ནས་མགོན་པོ་༸གང་ཉིད་མཆོག་རྒྱལ་སྤྱིའི་དབུ་འཁྲིད་རྣམས་དང་མཇལ་འཕྲད་གནང་སྐབས་སྐྱོན་བརྗོད་བྱེད་བཞིན་པར་རྒྱ་ནག་མི་མང་ཐེར་འབུམ་གཅིག་དང་ཕྱེད་ཀ་ཙམ་ཡོད་པ་དེ་དག་ལ་བཀའ་འདྲི་ཞུས་ན་ངོས་ལན་བྱེད་མིན་ཐེ་ཚོམ་རེད་ཅེས་བཀའ་སྩལ་འདུག དེ་ཡང་ཁ་ཉིན་ཕྱི་ཚེས་ ༡༥ ཉིན་མགོན་པོ་མཆོག་དང་ཨ་མི་རིའི་སྲིད་འཛིན་བྷ་རག་ཨོ་བྷ་མ་མཆོག་རྣམ་པ་གཉིས་ཕོ་བྲང་དཀར་པོའི་ནང་གྱི་མཇལ་འཕྲད་གྲུབ་པའི་དགོང་མཚམས་དེར། ཁུལ་དེར་རྟེན་གཞི་བྱས་པའི་ Fox གསར་ཁང་གི་ཆབ་སྲིད་གསར་འགོད་པའི་གཙོ་འཛིན་སྐུ་ཞབས་ Bret Bair ལགས་ནས་༸གོང་ས་མཆོག་ལ་ད་ལྟའི་བོད་དང་རྒྱ་ནག་གི་གནས་སྟངས། དེ་བཞིན་སྲིད་འཛིན་ཨོ་བྷ་མ་མཆོག་དང་མཇལ་འཕྲད་གནང་པའི་སྐོར་དང་འབྲེལ་བའི་བཀའ་འདྲི་ཁག་ཅིག་ཞུས་འདུག སྐབས་དེར་སྐུ་ཞབས་ Bret Bair ལགས་ནས་མགོན་པོ་མཆོག་ལ་ད་རེས་ཀྱི་མཇལ་འཕྲད་དེ་གང་འདྲ་བྱུང་ཞེས་བཀའ་དྲི་ཞུ་སྐབས། ༸གོང་ས་མཆོག་ནས་ད་རེས་ཀྱི་མཇལ་འཕྲད་དེ་རང་ཉིད་ཀྱི་གྲོགས་པོ་ལྷན་དུ་བསྐྱར་འཛོམས་བྱུང་བའི་ཚོར་བ་ཞིག་བྱུང་ཞེས་བཀའ་བསྩལ་གནང་པ་དང་། སྲིད་འཛིན་ཨོ་བྷ་མ་ལྷན་དུ་ད་ལྟའི་བོད་དང་རྒྱ་ནག་ནང་གི་གནས་སྟངས། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གི་ཐུགས་འཁུར་གསུམ་ལས་ཤེས་ཡོན་སློབ་གསོ་བརྒྱུད་འགྲོ་བ་མིའི་རིང་ཐང་གོང་མཐོར་གཏོང་ཐབས་སྐོར་ལ་གྲོས་མོལ་གནང་ཡོད་སྐོར་བཀའ་ལན་མཛད་འདུག དེ་བཞིན་ཁོང་གིས་༸གང་ཉིད་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་མ་གནང་གོང་དུ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ Lu Kang ནས་༸གོང་ས་མཆོག་ལ་སྐྱོན་བརྗོད་དང་འབྲེལ་རྒྱལ་སྤྱིའི་གཞུང་ནས་༸གང་ཉིད་མཆོག་དང་མཇལ་འཕྲད་གནང་ན་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཐེབས་སྲིད་པ་མ་ཟད། རྒྱ་ནག་མི་མང་ཐེར་འབུམ་གཅིག་དང་ཕྱེ་ཀ་ཙམ་གྱི་སེམས་ཚོར་ལ་གནོད་ཀྱི་རེད་ཅེས་གནོན་ཤུགས་སྤྲད་པ་ལུང་འགྲེན་དང་སྦྲགས། ༸གོང་ས་མཆོག་གི་དགོངས་ཚུལ་བཀའ་འདྲི་ཞུ་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གཞུང་གིས་༸གང་ཉིད་མཆོག་ལ་སྐྱོན་བརྗོད་དང་རྒྱལ་སྤྱིའི་ཐོག་གནོན་ཤུགས་སྤྲད་བཞིན་པ་དེ་ནི་རྒྱ་ནག་སྲིད་གཞུང་གི་འཆར་ཅན་བྱེད་སྒོ་ཞིག་རེད་ཅེས་བཀའ་གནང་པ་དང་ཆབས་ཅིག མགོན་པོ་གང་མཆོག་གིས་དབུས་པའི་བོད་མི་ཚོས་རང་བཙན་མི་རྩོད་པར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད་སྐོར་བཀའ་ནན་མཛད་འདུག མགོན་པོ་༸གང་ཉིད་མཆོག་ནས་དེ་སྔ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ནས་ནང་ཆོས་དེ་རྒྱ་ནག་གི་རིག་གཞུང་ལ་གལ་ཆེ་ཞིག་ཡིན་ཅེས་བརྗོད་པ་ལུང་འདྲེན་དང་འབྲེལ། རྒྱ་ནག་དེ་འཛམ་བུ་གླིང་འདིའི་ཐོག་མུ་མཐུད་དམ་དྲག་དང་གནོན་ཤུགས་འོག་གནས་ཐབས་མེད་པ་དང་། དུས་ཚོད་རིང་ཐུང་ཙམ་གྱི་ཁྱད་པར་ལས་རིམ་པས་རྒྱ་ནག་ནང་འགྱུར་བ་ཞིག་འགྲོ་ངེས་ཡིན་པ་གསུངས་འདུག གཞན་ཡང་སྐུ་ཞབས་ Bret Bair ལགས་ནས་མགོན་པོ་མཆོག་ལ་ཨ་རའི་འོས་བསྡུའི་ལས་རིམ་དང་ཨ་རི་ནང་ལ་ཞི་སྤོས་གནང་མཁན་མང་དུ་འགྲོ་བཞིན་པའི་སྐོར་ལ་བཀའ་འདྲི་ཞུས་པར་༸གོང་ས་མཆོག་ནས་རྩ་བའི་འོས་བསྡུའི་ཁྲོད་འོས་མི་ཕན་ཚུན་དབར་སྐྱོན་བརྗོད་ཁོ་ན་བྱེད་བཞིན་པ་དེ་ཅུང་ཡ་མཚན་ཆེ་ཡང་། ཨ་རི་མི་མང་རྣམས་ནས་རང་ཉིད་ཀྱི་རིག་རྩལ་བརྒྱུད་ མ་འོངས་པར་སྲིད་འཛིན་ཡག་པོ་ཞིག་འདེམས་ངེས་ཡིན་སྐོར་བཀའ་ལན་མཛད་པ་དང་སྦྲགས། མགོན་པོ་མཆོག་ནས་ཨ་རི་ནང་ཡོད་པའི་མི་རིགས་དཀར་པོ་ཚང་མ་ཞི་སྤོ་བ་རེད་ཅེས་ཞལ་ཤོབ་དང་འབྲེལ། ཨ་རི་ནང་ལོ་ལྟར་མི་ས་ཡ་ལྷག་གནས་སྤོ་བྱེད་བཞིན་ཡོད་ན་སེམས་འཚབ་བྱ་ཡུལ་གྱི་གནས་ཤིག་ཡིན་པ་ལས། གཞན་ད་ལྟའི་གནས་སྟངས་དེས་བཀའ་ངལ་དེ་ཙམ་འཕྲད་ཀྱི་མ་རེད་ཅེས་བཀའ་སྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་ཉེ་འཆར་ཕྱི་ཚེས་ ༡༣ ཉིན་ཨ་རིའི་ Florida མངའ་སྡེའི་གྲོང་ཁྱེར་ Orlando མཚན་ཚོགས་ཤིག་ཏུ་མི་གྲངས་ལྔ་བཅུ་ལྷག་ཙམ་གྱི་སྲོག་ཤོར་བ་དང་འབྲེལ། ཆོས་དང་འཇིགས་བསྐུལ་རིང་ལུགས་ཐད་བཀའ་འདྲི་ཞུས་པར་ ༸གང་ཉིན་མཆོག་ནས་རྩ་བའི་Muslim Terrorist འམ་ཁ་ཆེའི་འཇིགས་བསྐུལ་རིང་ལུགས་ཞེས་པའི་ཐ་སྙད་དེ་ཉིད་ནོར་བ་ཞིག་ཡིན་པར་འགྲེལ་བརྗོད་དང་། ཁ་ཆེའི་ཆོས་ལུགས་གཙོས་པའི་ཆོས་ཐམས་ཅད་ཀྱི་སླབ་བྱ་གཙོ་བོ་བྱམས་སྙིང་རྗེ་དང་སེམས་པ་བཟང་པོ་བྱ་རྒྱུ་དེ་རེད་བཅས་བཀའ་བསྩལ་མཛད་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཕྱི་ཚེས་བཅུ་གསུམ་ནས་ཨ་མི་རི་ཀའི་རྒྱལ་ས་Washington DC ནང་མང་ཚོགས་ལ་བཀའ་སློབ་དང་ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་མཇལ་འཕྲད་སོགས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་བསྟུན། ཁ་སང་ཨ་རིའི་ནུབ་ཕྱོགས་མངའ་སྡེ་ཀེ་ལི་ཕོར་ནིའི་གྲོང་ཁྱེར་ Orange Country ཕྱོགས་སུ་ཆིབས་ཞལ་སྒྱུར་གནང་གིས་ཁུལ་དེར་ཞབས་སོར་བདེ་བར་འཁོད་མཚམས། ས་གནས་བོད་རིགས་དང་དད་ལྡན་མང་ཚོགས་རྣམས་ནས་དགའ་སྤྲོའི་གླུ་གཞས་དང་སྦྲགས་ཕེབས་བསུ་གཟབ་རྒྱས་ཞུས་འདུག  

སྲིད་འཛིན་ཨོ་བྷ་མ་མཆོག་གིས་༸གོང་ས་མཆོག་ལ་རྒྱ་ནག་དང་དོན་དམ་གྱི་གྲོས་མོལ་གནང་དགོས་གལ་ཡིན་པ་གསུངས་འདུག

ཁ་སང་ཟླ་ ༦ ཚེས་ ༡༥ ཉིན་ཨ་རིའི་སྔ་དྲོའི་ཆུ་ཚོད་ ༡༠།༡༥ ཙམ་ལ་ཨ་རིའི་ཕོ་བྲང་དཀར་པོའི་ས་ཁྲའི་ལས་ཁུངས་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་རྣམ་གཉིས་མཇལ་འཕྲད་མཛད་པ་དང་བསྟུན། སྲིད་འཛིན་མཆོག་གིས་༸གོང་ས་མཆོག་ལ་བོད་རྒྱ་དཀའ་རྙོག་སེལ་ཆེད་རྒྱ་ནག་ལྷན་དུ་དོན་དམ་གྱི་གྲོས་མོལ་གནང་དགོས་གལ་ཡིན་པ་གསུངས་འདུག དེ་ཡང་དབུ་ཁྲིད་རྣམ་གཉིས་མཆོག་གི་མཇལ་འཕྲད་གྲུབ་བསྟུན། ཨ་རིའི་ཕོ་བྲང་དཀར་པོའི་དྲ་གནས་ཐོག་ཐེངས་འདིའི་མཇལ་འཕྲད་ཁྲོད། སྲིད་འཛིན་ཨོ་བྷ་མ་མཆོག་དང་༸གོང་ས་མཆོག་རྣམ་གཉིས་དབར་བཀའ་མོལ་ཇི་བྱུང་སྐོར་ལ་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། ༸གང་ཉིད་མཆོག་གིས་ཉེ་ཆར་ཨ་རིའི་གྲོང་ཁྱེར་ Orlando ནང་མཚན་ཚོགས་ཤིག་ཏུ་མི་བསད་ཁྲག་སྦྱོར་གྱི་དོན་རྐྱེན་འོག་ཚེ་འདས་དང་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་བར་ཐུགས་ཕམ་དང་བཅས་སྲིད་འཛིན་མཆོག་ལ་ཐུགས་གསོ་མཛད་ཡོད་པ་དང་། སྲིད་འཛིན་ཨོ་བྷ་མ་མཆོག་གིས་ཀྱང་༸གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ༸གང་ཉིད་མཆོག་གིས་གཞན་ལ་བྱམས་བརྩེ་དང་གུས་བརྩི་སོགས་གོང་སྤེལ་གཏོང་ཐབས་མཛད་བཞིན་པར་ཡི་རང་བསྔགས་བརྗོད་ཞུས་འདུག བོད་ནང་གི་གནས་སྟངས་དང་འབྲེལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སླད་ཨ་རིའི་གཞུང་གིས་རྒྱབ་སྐྱོར་ཡོད་སྐོར་གསུངས་པ་མ་ཟད། ལྷག་དོན་སྲིད་འཛིན་མཆོག་གིས་མགོན་པོ་༸གང་ཉིད་མཆོག་གྱི་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྔགས་བརྗོད་ཞུས་པ་དང་སྦྲགས་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་ནན་བརྗོད་གནང་འདུག སྲིད་འཛིན་ཨོ་བྷ་མ་མཆོག་གིས་བོད་ཀྱི་དཀའ་རྙོག་སེལ་ཆེད་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཉིས་དབར་དོན་དམ་གྱི་གྲོས་མོལ་གནང་དགོས་གལ་ཡིན་སྐོར་ཡང་གསུངས་ཡོད་པ་དང་། སྲིད་འཛིན་མཆོག་གིས་ད་དུང་ཨ་རིའི་གཞུང་གི་ངོས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། ཨ་རིའི་ངོས་ནས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པ་དེ་ཨ་རིའི་གཞུང་གིས་ཡུན་རིང་ནས་འཛིན་པའི་སྲིད་བྱུས་རང་འཇག་ཡིན་སྐོར་གསུངས་པ་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་༸གང་ཉིད་ཀྱིས་ནམ་ཡང་རང་བཙན་རྩོད་ཀྱི་མེད་སྟབས། རྒྱ་ནག་གཞུང་ཕྱོགས་ནས་༸གང་ཉིད་ཀྱི་སྐུ་ཚབ་ལྷན་དུ་གྲོས་མོལ་མགྱོགས་མྱུར་བསྐྱར་གསོ་གནང་བའི་ཐུགས་རེ་གནང་བཞིན་ཡོད་པ་བཀའ་བསྩལ་འདུག སྲིད་འཛིན་མཆོག་དང་༸གོང་ས་མཆོག་དབུ་ཁྲིད་རྣམ་པ་གཉིས་མཆོག་གིས་རྒྱ་ནག་དང་ཨ་མི་རི་ཀའི་དབར་འབྲེལ་ལམ་བཟང་པོ་དགོས་གལ་ཡིན་པའི་ངོས་འཛིན་གནང་བ་མ་ཟད། སྲིད་འཛིན་མཆོག་ནས་༸གོང་ས་མཆོག་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་གནད་དོན་ལ་ཐུགས་འཁུར་ཆེ་བཞེས་གནང་བཞིན་པར་དགའ་སུ་དང་སྦྲགས། ༸གོང་ས་མཆོག་གིས་ཧི་མཱ་ལ་ཡའི་རི་རྒྱུད་དང་། ཁྱད་པར་དུ་བོད་མཐོ་སྒང་གི་འཁྱག་རོམ་མྱུར་ཚད་མཐོ་བོའི་ཐོག་ཞུར་བཞིན་པ་སོགས་གོ་ལའི་ཚ་དྲོད་དང་འབྲེལ་བའི་གནད་དོན་ཐོག་ཐུགས་འཁུར་ཆེན་པོ་བཞེས་བཞིན་པར་རྒྱབ་སྐྱོར་ཤུགས་ཆེ་ཞུས་ཡོད་པ་རེད།

༸གོང་ས་མཆོག་དབུ་བཞུགས་ཐོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་དང་བོད་མིའི་སྒྲིག་འཛུགས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་འདུག

མང་གཙོ་གོང་སྤེལ་བསྟི་གནས་ཁང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་དང་བོད་མིའི་སྒྲིག་འཛུགས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་འདུག དེ་ཡང་ཁ་སང་ཟླ་ ༦ ཚེས་ ༡༥ ཉིན་གྱི་སྔ་དྲོར་ཨ་རིའི་ཕོ་བྲང་དཀར་པོའི་ས་ཁྲའི་ལས་ཁུངས་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་རྣམ་གཉིས་མཇལ་འཕྲད་མཛད་ཟིན་པའི་ཉིན་རྒྱབ་ཏུ་མགོན་པོ་༸གང་ཉིད་མཆོག་ནས་ཁུལ་དེར་རྟེན་གཞི་བྱས་པའི་ National Endowment for Democracy ཞེས་མང་གཙོ་གོང་སྤེལ་བསྟི་གནས་ཁང་གི་ལས་ཁུངས་སུ་ཆིབས་སྒྱུར་དང་སྦྲགས མང་གཙོ་དང་རེ་བ་ཞེས་པའི་བགྲོ་གླེང་གི་ཚོགས་མགོན་དུ་དབུ་བཞུགས་མཛད་ཡོད་པ་དང་། སྐབས་དེར་ མང་གཙོ་གོང་སྤེལ་བསྟི་གནས་ཁང་དེས་བསྐལ་བཟང་གི་དུས་ཚོད་དམ་འཛིན་ཆེན་པོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་དང་བོད་མིའི་སྒྲིག་འཛུགས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་འདུག མཛད་རིམ་གྱི་ཐོག་མར་ཚོགས་པ་དེའི་ཚོགས་གཙོ་ Carl Gershman ལགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག རྒྱ་གཞུང་གི་བཙོན་ཁང་ནང་གློ་བུར་དུ་༸སྐུ་འདས་གྲོངས་སུ་གྱུར་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆེ་དམ་པ་ཁོང་གིས་བོད་མིའི་འཐབ་རྩོད་ཁྲོད་མི་རིགས་ཀྱི་ལ་རྒྱ་དང་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐད་ལ་རླབས་ཆེན་གྱི་མཛད་རྗེས་བསྐྱངས་པར་ཆེ་བསྟོད་དང་སྦྲགས། Democracy Service Medal འམ་མང་གཙོ་ཞབས་ཞུའི་གཟེངས་རྟགས་འབུལ་བཞེས་གནང་འདུག གཟེངས་རྟགས་དེ་བཞུགས་སྒར་གནས་སྡོད་རིན་པོ་ཆེ་མཆོག་གི་ཚ་བོ་དགེ་བཤེས་འཇམ་དབྱངས་ཉི་མ་ལགས་ནས་བཞེས་ཡོད་པ་དང་། སྐབས་དེར་དགེ་བཤེས་ཉི་མ་ལགས་ཀྱིས་ཚོགས་པ་དེའི་ངོས་ནས་རིན་པོ་ཆེའི་མཛད་རྗེས་ཁག་ལ་ངོས་འཛིན་གྱིས་གཟེངས་རྟགས་གནང་བར་རིན་པོ་ཆེའི་འབྲེལ་ཡོད་ནང་མི་དང་ཁོང་གི་རྗེས་འཇུག་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས། གཟེངས་རྟགས་འདི་རིན་པོ་ཆེ་གཅིག་པུ་ཙམ་མ་ཡིན་པར་རིན་པོ་ཆེ་དང་འདྲ་བའི་རྒྱ་གཞུང་གིས་བཙོན་འོག་ཏུ་ཡོད་པའི་བོད་མི་ཡོངས་ལ་ཐོབ་པ་ཞིག་ཏུ་ངོས་འཛིན་ཞུ་ཡི་ཡོད་པ་གསུངས་འདུག གཞན་ཡང་མང་གཙོ་གོང་སྤེལ་བསྟི་གནས་ཁང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་བཞིན་མང་གཙོའི་ལམ་ལུགས་ཚད་ལྡན་ཐོག་སྐྱོད་བཞིན་པར་ངོས་འཛིན་གྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་ཀྱང་འབུལ་བཞེས་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་འབྲེལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་མང་གཙོ་ཚད་ལྡན་ཐོག་སྐྱོད་བཞིན་ཡོད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞི་ལྟར་བོད་ཀྱི་ཆོས་དང་རིག་གཞུང་སོགས་ཀྱི་ཐད་ལ་སྲུང་སྐྱོབ་བྱ་རྒྱུར་འབད་བརྩོ་ཤུགས་ཆེ་གནང་བཞིན་ཡོད་པ་ངོ་སྤྲོད་གནང་པ་དང་འབྲེལ། ད་རེས་ཀྱི་གཟེངས་རྟགས་འདི་༸གང་ཉིད་མཆོག་གི་༸སྐུ་མདུན་དུ་བཞེས་རྒྱུའི་གོ་སྐབས་བྱུང་བར་དམིགས་བསལ་གྱི་དགའ་སྤྲོ་ཆེན་པོ་བྱུང་ཞེས་གསུངས་འདུག གཟེངས་རྟགས་འབུལ་བཞེས་ཀྱི་མཛད་རིམ་དེ་ལེགས་པར་གྲུབ་བསྟུན། ཚོགས་པ་དེའི་འགན་འཛིན་ Brian Joseph ལགས་ཀྱིས་གཙོ་སྐྱོང་འོག་༸གོང་ས་མཆོག་དང་ཆབ་སྲིད་ཀྱི་ཟིང་འཁྲུག་ཆེ་བའི་རྒྱལ་ཁབ་ཁག་ནས་བཅར་བའི་གཞོན་རྣམས་ཀྱི་དབར་ལ་མང་གཙོ་དང་རེ་བ་ཞེས་པའི་བརྗོད་གཞིར་གྲོས་མོལ་གནང་ཡོད་པ་དང་། ལས་རིམ་དེའི་ཐོག་ Cuba ནས་ Rosa Maria ལགས་དང་། Sudan ནས་ Azar Elshami ལགས། དེ་བཞིན་ Azerbaijan ནས་ Arzu Geybullayeva ལགས་དང་ Jordan ནས་ Rami Soud ལགས་སོགས་མཉམ་ཞུགས་གནང་འདུག སྐབས་དེར་མགོན་པོ་མཆོག་གིས་དུས་རབས་ཉི་ཤུ་རྩ་གཅིག་འདི་མི་བསད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཏུ་མི་འགྱུར་བའི་སླད་ཤེས་ཡོན་སློབ་གསོའི་ཁྲོད་ན་གཞོན་རྣམས་ལ་ཕྱི་དངོས་པོའི་གནས་ལུགས་ཙམ་མ་ཡིན་པར་འགྲོ་བ་མིའི་རིན་ཐང་དང་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་གསོ་གང་མང་གནང་གལ་ཡིན་པ་དང་། ལྷག་པར་དུ་ཉེ་དུས་གང་ཟག་རེ་བཟུང་གིས་སྤེལ་བའི་བྱ་སྤྱོད་ལ་གཞིགས་ཏེ་ཆོས་ལུགས་དེ་ཡག་པོ་མ་རེད་སོགས་བརྗོད་པ་ནི་ནོར་འཕྲུལ་རེད་ཅེས་བཀའ་བསྩལ་འདུག གཞི་རྩའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་ནི་རྒྱལ་སྤྱིའི་ཐོག་མང་གཙོ་རྒྱ་སྐྱེད་གཏོང་ཐབས་སུ་དམིགས་ཏེ། ཐོག་མར་སྤྱི་ལོ་ ༡༩༨༣ ལོར་ཨ་རི་ནང་ཆེད་འཛུགས་གནང་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་པ་དང་། ད་ལྟའི་འཆར་ཚོགས་པ་དེས་རྒྱལ་སྤྱིའི་ཡུལ་གྲུ་དུ་མའི་ནང་མང་གཙོ་དང་འབྲེལ་བའི་ཚོགས་པ་དང་ཤེས་ཡོན་བསྟི་གནས་སོགས་ལ་དཔལ་འབྱོར་གྱི་རོགས་རམ་མི་ཉུང་བ་ཞིག་གནང་བཞིན་ཡོད་པ་རེད།

Latest news