Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ལ་གནམ་ལོ་གསར་བཞད་ལ་འཚམས་འདྲི་མཛད་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཚེས་ ༥ ཉིན་ཨ་རིའི་མངའ་སྡེ་མི་ནེ་སོ་ཊ་ནས་བརྙན་འཕྲིན་བརྒྱུད་གཞིས་བྱེས་བོད་མི་ཡོངས་ལ་གནམ་ལོ་གསར་བཞད་ལ་འཚམས་འདྲི་གནང་པ་དང་སྦྲགས། ༸གང་ཉིད་མཆོག་༸སྐུ་ཁམས་གསལ་ཞིང་ཐུགས་ལྷོ་ལྷོད་ངང་༸སྐུའི་འཕྲོད་བཞེས་སྨན་བཅོས་བརྟག་དཔྱད་གནང་མུས་ཡིན་པས་མང་ཚོགས་ནས་ཐུགས་ཁྲལ་གཏན་ནས་ཞུ་མི་དགོས་པའི་བཀའ་སློབ་སྩལ་བ་མ་ཟད། ལྷག་དོན་གཞིས་ལུས་རྒྱ་ཆེ་སེར་སྐྱ་མང་ཚོགས་དང་། དེ་བཞིན་བཙན་བྱོལ་དུ་ཡོད་པའི་བོད་མི་སེར་སྐྱ་ཀུན་ལ་བཀྲ་ཤིས་བདེ་ལེགས་མིང་དོན་མཚུངས་པ་ཞིག་དང་། བཀྲ་ཤིས་བདེ་ལེགས་དོན་དང་ལྡན་པ་ཞིག་གནང་རོགས་གནང་ཞེས་འཚམས་འདྲི་མཛད་འདུག ༸གོང་ས་མཆོག་གི་འཚམས་འདྲིའི་བརྙན་འཕྲིན་གཟིགས་ཆེད་འདིར་གནོན།  

༸གོང་ས་མཆོག་གིས་ཐེ་ཝན་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་བསྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་ལྕམ་སྐུ་ Tsai Ing-wen མཆོག་ལ་རྒྱལ་ཁ་ཐོབ་ནས་སྲིད་འཛིན་དུ་འོས་འདེམས་བྱུང་བར་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག ཁ་ཉིན་ཕྱི་ཚེས་ ༡༦ཉིན་ཐེ་ལྦན་གྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་འོས་བསྡུའི་ཆེན་མོ་བྱས་པའི་ཁྲོད། ཡུལ་དེའི་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ Tsai Ing-wen མཆོག་ལ་བརྒྱ་ཆ་ ༥༦ མང་མོས་རྒྱལ་ཁ་ཆེན་པོ་ཐོབ་ནས། གོ་མིང་ཏང་ཚོགས་པ་དང། མི་མང་ཚོགས་པ་གཉིས་ཕམ་ཉེས་བྱུང་ཡོད་པ་རེད། ལྷག་པར་དུ་ད་རེས་ལྕམ་ Tsai Ing-wen མཆོག་ཐེ་ལྦན་གྱི་སྲིད་འཛིན་དུ་འདེབས་ཐོན་བྱུང་བ་འདི་ནི། ད་བར་གྱི་ཐེ་ལྦན་ལོ་རྒྱུས་ཁྲོད་བེུད་ཀྱི་སྲིད་འཛིན་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁ་སང་ཚེས་ ༡༧ ཉིན་འདི་ག་བཞུགས་སྒར་ནས་ Tsai Ing-wen མཆོག་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཏེ། ཐེ་ཝན་ནང་དུ་མང་གཙོའི་རྩ་བ་བརྟན་པོ་ཞིག་ཚུགས་ཐུབ་ཡོད་པ་འདི་ནི་གཞན་ལ་སེམས་ཤུགས་འཕར་གཞི་ཞིག་ཡིན་པས་བསྔགས་བརྗོད་དང་འབྲེལ། རང་དབང་དང་འགན་ཁུར་ལྡན་པའི་འགོ་ཁྲིད་ལ་མོས་པ་ཡོད་མཁན་རྣམས་ལའང་མིག་དཔེ་དང་སེམས་སྐུལ་ཐེབས་གཞི་ཞིག་ཡིན་པ་བཀའ་གནང་འདུག ལྷག་པར་དུ་མགོན་པོ་༸གང་ཉིད་མཆོག་མང་གཙོ་གོང་འཕེལ་གནང་མཁན་ཞིག་ཡིན་པས་ཆ་ནས་ད་ཆ་ཐེ་ཝན་མང་ཚོགས་ཀྱི་གྲུབ་འབྲས་ཇི་ཐོབ་ལ་ཡི་རངས་བསྔགས་བརྗོད་ཡོད་པ་བཀའ་བསྩལ་འདུག ད་དུང་༸གོང་ས་མཆོག་གི་འཚམས་འདྲིའི་གསུང་འཕྲིན་དེའི་ནང། དེ་སྔ་ཕྱི་ལོ་ ༢༠༠༩ ལོར་༸གང་ཉིད་མཆོག་དང་ Tsai Ing-wen མཆོག་ཐེ་ཝན་ནང་དུ་མཇལ་མོལ་བྱུང་སྐབས། ཐེ་ཝན་དང་རྒྱ་ནག་སྐམ་སའི་དབར་ལ་ཚོང་འབྲེལ་དཔལ་འབྱོར་དང། ཤེས་ཡོན་གྱི་ཐད་ནས་ཡར་རྒྱས་བྱུང་ཡོད་པ་གཟིགས་སྣང་བྱུང་ཡོད་པ་ལྟར། འབྲེལ་བ་བཟང་པོ་དེ་གོང་འཕེལ་དགོས་རྒྱུ་གལ་ཆེ་ཡིན་པ་དང། དེ་དང་དུས་མཉམ་དུ་ཕྱོགས་གཉིས་དབར་ལ་མི་དང་མིའི་འབྲེལ་བ་གནང་རྒྱུ་དེ་ཡང་ཧ་ཅང་གི་གལ་གནད་ཡིན་པའི་ལམ་སྟོན་མཛད་འདུག མཐར་མགོན་པོ་༸གང་ཉིད་མཆོག་གིས་ Tsai Ing-wen མཆོག་ལ་ཐེ་ཝན་གྱི་སྲིད་འཛིན་གྱི་གནང་རིང་ལ་གཞུང་གི་བྱ་གཞག་མཐའ་དག་ལམ་ལྷོང་ཡོང་བའི་ཐུགས་སྨོན་མཛད་འདུག གཞི་རྩའི་ལྕམ་ Tsai Ing-wen མཆོག་ནས་ ༢༠༠༩ ལོར་༸གོང་ས་མཆོག་ཐའེ་ལྦན་དུ་ཆིབས་སྒྱུར་བསྐྱངས་སྐབས་༸གང་ཉིད་ཀྱི་མཇལ་ཁ་ཞུས་མྱོང་ཡོད་པ་མ་ཟད། ལོ་དེའི་ཐེ་ལྦན་བོད་མིའི་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་ནང་ལའང་དངོས་སུ་ཞུགས་མྱོང་ཡོད་པ་རེད། གཞན་ཡང་ལྕམ་ Tsai Ing-wen ཆོག་ནས་ ༢༠༡༢ ལོར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་སྐབས་ཕྱི་དྲིལ་བཀའ་བློན་མཆོག་དང་མཇལ་འཕྲད་བཅས་བྱུང་ཡོད་པ་རེད།

༸གོང་ས་མཆོག་གིས་སྐུ་ཞབས་ Mufti Mohammad Sayeed མཆོག་དམ་པ་དེ་ཉིད་ཀྱི་ནང་མིར་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག

ཟླ་བ་འདིའི་ཚེས་༧ཉིན་རྒྱ་གར་བྱང་ཕྱོགས་ Jammu Kashmir མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Mufti Mohammad Sayeed མཆོག་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་བྱུང་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་དེ་ཉིད་ཀྱི་ནང་མིར་ཐུགས་གསོ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གི་ཐུགས་གསོའི་གསུང་འཕྲིན་དེ་ནི་སྐུ་ཞབས་ Mufti Mohammad Sayeed མཆོག་དམ་པ་དེ་ཉིད་ཀྱི་བོུ་ལྕམ་ Mehbooba Mufti ལགས་ཀྱི་མཚན་ཐོག་ཏུ་བསྩལ་ཏེ། དམ་པ་དེ་ཉིད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འདས་གྲོངས་སུ་གྱུར་བའི་གནས་ཚུལ་དེ་གསན་མ་ཐག་༸གང་ཉིད་མཆོག་ཐུགས་སྐྱོ་སྣང་བྱུང་ཡོད་པ་དང་། ད་རེས་སྐུ་ཞབས་ Mufti Mohammad Sayeed མཆོག་འདས་གྲོངས་སུ་གྱུར་བ་འདི་ནི་ང་ཚོར་སྤྱི་ཁྱབ་བློན་ཆེན་ཞིག་མེད་པ་ཆགས་པ་ཙམ་དུ་མ་ཟད། ལོ་ངོ་ལྔ་བཅུ་ལྷག་གི་ཆབ་སྲིད་ཐོག་ཉམས་མྱོང་གཟབ་པའི་མི་སྣ་གཅིག་མེད་པ་ཆགས་ཡོད་པ་བཀའ་བསྩལ་འདུག དེ་ལྟར་ན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་དེའི་ཐོག་ནས་Jammu Kashmir མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དམ་པ་དེ་ཉིད་ལ་བསྔོ་སྨོན་དང་བཅས་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོ་ཡོད་པ་བཀའ་བསྩལ་འདུག གཞི་རྩའི་སྐུ་ཞབས་ Mufti Mohammad Sayeed མཆོག་དམ་པ་དེ་ཉིད་ནས་སྔ་ལོ་༢༠༡༥ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཐུགས་འགན་བཞེས་ཡོད་པ་དང། དེ་སྔ་ ༢༠༠༢ ནས་ ༢༠༠༥ བར་ལའང་ Jammu Kashmir མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་འདུག གཞན་ཡང་དམ་པ་དེ་ཉིད་ཀྱི་དེ་སྔ་ཕྱི་ལོ་ ༡༩༨༠ ནང་དབུས་གཞུང་གི་འགྲིམ་འགྲུལ་དང་ནང་སྲིད་བློན་ཆེན་སོགས་ཀྱི་ཐུགས་འགན་བཞེས་གནང་འདུག ཟླ་བ་འདིའི་ཚེས་ ༧ ཉིན་དམ་པ་དེ་ཉིད་སྙུན་གཞི་རྐྱེན་རྒྱལ་ས་ལྡི་ལའི་ AIIMS སྨན་ཁང་དུ་འདས་གྲོངས་སུ་གྱུར་འདུག

རྒྱ་གར་གྱི་སྲིད་བློན་ཟུར་པ་མཆོག་གཙོས་པའི་གནད་ཡོད་དཔོན་རིགས་ཚོས་༸སྐུའི་གྱ་སྟོན་སྲུང་བརྩི།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྲིད་བློན་ཟུར་པ་མཆོག་གིས་གཙོས་པའི་གནད་ཡོད་དཔོན་རིགས་ཚོས་༸གང་ཉིད་ཀྱི་༸སྐུའི་གྱ་སྟོན་སྲུང་བརྩིའི་མཛད་སྒོ་གཟབ་ཚོགས་ཡོད་པ་རེད། ཁ་སང་ཕྱི་ཟླ་ ༡ ཚེས་ ༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨོ་བྷི་རོ་ཡི་གསོལ་མགྲོན་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མན་མོ་ཧན་སིངྒ་མཆོག་དང་།  སྲིད་བློན་གཞོན་པ་ཟུར་པ་ཨེལ་ཀེ་ཨ་ཌ་ཝ་ནི་མཆོག རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་ཟུར་པ་སྐུ་ཞབས་པི་ཅི་ཏམ་བྷ་རམ་མཆོག དེ་བཞིན་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་ཁག་ཅིག ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཀེ་ལཱ་ཤ་སཏྱར་ཐི་མཆོག སྐུ་ཞབས་ཀ་རན་སིངྒ་མཆོག ལྡི་ལིའི་སྲིད་སྐྱོང་སྐུ་ཞབས་ནཱ་ཇིབ་ཇངྒ་མཆོག རྒྱ་གར་གྱི་ཁྲིམས་རྩོད་པ་གྲགས་ཅན་དང་ཁྲིམས་ཀྱི་བློན་ཆེན་ཟུར་པ་སྐུ་ཞབས་རཱམ་ཇེ་ཐི་མ་ལ་ནི་མཆོག གློག་བརྙན་འཁྲབ་སྟོན་པ་གྲགས་ཆེན་ཤར་མི་ལ་ཊ་གོར་མཆོག་དང་། རྒྱ་གར་གྱི་གནའ་བོའི་སྒྱུ་རྩལ་ཐོག་མཁས་ལས་པ་ལྕམ་སྐུ་ཀ་པི་ལ་ཝཏྶཱ་ཡན་མཆོག་བཅས་གནད་ཡོད་མི་སྣ་ ༣༠༠ སྐོར་ཞིག་ལྷན་འཛོམས་ཀྱིས་༸གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་ལ་༸སྐུ་ཚེ་མི་འཛིགས་རྡོ་རྗེ་ཁམས་སུ་བ རྟན་པའི་འཚམས་འདྲི་ཞུས་འདུག སྐབས་དེར་༸གོང་ས་མཆོག་གིས་༸གང་ཉིད་ཀྱི་མཛད་འཁུར་གཙོ་བོ་གསུམ་པོ་ལས་དང་པོ་འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུབ་ཐབས། གཉིས་པ་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་དང། གསུམ་པ་ཆོས་ལུགས་མཐུན་འབྲེལ་མཛད་རྒྱུ་དེ་ཡིན་བཅས་བཀའ་སྩལ་བ་དང་སྦྲགས། དེང་སྐབས་བོད་ཀྱི་རིག་གཞུང་དེ་གོ་ལ་སྤྱི་ལ་དགོས་མཁོ་ཡོད་པ་དང་། ལྷག་དོན་རྒྱ་གར་ནས་བྱུང་བའི་ལྟ་གྲུབ་དེ་དག་ལ་བོད་མི་ཚོས་འཛིན་སྐྱོང་སྤེལ་གསུམ་གྱིས་ཐོག་ནས་ཉར་ཚགས་བྱས་པར་རྒྱ་གར་རང་ཉིད་ཀྱི་ངོས་ནས་དེའི་ཐད་ལ་དོ་སྣང་དང་ཤུགས་བསྣོན་གནང་གལ་ཆེ་བ་སོགས་ཀྱི་གཞེན་སྐུལ་མཛད་འདུག དེ་བཞིན་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མན་མོ་ཧན་སིངྒ་མཆོག་གིས་ང་རང་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་ལན་མང་ཐོབ་མྱོང་བ་མ་ཟད། བཀའ་སློབ་ལམ་སྟོན་དང་བྱིན་རླབས་སོགས་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཀྱང་ཐོབ་སོང། ༸གང་ཉིད་མཆོག་ནི་རྒྱ་གར་གི་གནའ་སྔ་མོའི་རིག་གཞུང་བཟང་པོའི་སྐུ་ཚབ་ཞིག་མཚོན་གྱི་ཡོད་པ་ཙམ་མ་ཟད། ལྷག་དོན་༸གང་ཉིད་མཆོག་ནི་བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་དེང་དུས་ཀྱི་ཡང་སྲིད་ཞིག་ཏུ་ངོས་འཛིན་ཞུ་ཆོག་པ་ཞིག་ཀྱང་རེད་ཅེས་གསུངས་འདུག ད་དུང་ཁོང་གིས་རང་ངོས་༸གོང་ས་མཆོག་ལ་༸སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུ་རྒྱུ་དང་རྒྱ་གར་མི་མང་དང་ཨེ་ཤེ་ཡའི་མི་མང་དང་གོ་ལ་སྤྱིའི་མི་མང་ལ་མགོན་པོ་༸གང་ཉིད་མཆོག་གི་བྱིན་རླབས་ཐོབ་པའི་ཡིད་ཆེས་ཡོད་སྐོར་སོགས་གསུངས་འདུག དེ་དང་ཕྱོགས་མཚུངས་སུ་སྲིད་བློན་གཞོན་པ་ཟུར་པ་ཨེལ་ཀེ་ཨ་ཌ་ཝ་ནི་མཆོག རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་ཟུར་པ་སྐུ་ཞབས་པི་ཅི་ཏམ་བྷ་རམ་མཆོག་བཅས་གཙོས་པའི་རྒྱ་གར་གྱི་གལ་ཆེའི་གནད་ཡོད་མི་སྣ་ཚོས་༸གང་ཉིད་མཆོག་གིས་འཛམ་གླིང་སྤྱི་དང་ཁྱད་པར་དུ་རྒྱ་གར་གྱི་གཞུང་དམངས་གཉིས་ལ་ཆེས་ཤིན་ཏུ་ནས་བཀྲིན་ཆེ་བར་ངོས་འཛིན་ཞུས་ཏེ་རླབས་ཆེན་གྱི་མཛད་འཕྲིན་ལ་ཆེ་བསྟོད་ཀྱི་ལེགས་གསོའི་གུས་བརྩི་ཞུས་པ་དང་ཆབས་ཅིག ༸གང་ཉིད་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་རྒྱ་ནག་དང་མཉམ་དུ་བོད་ཀྱི་བདེན་མཐའ་སེལ་ཐབས་སུ་༸སྐུ་ངལ་བསྐྱོན་པ་དེ་སྔ་ཕྱི་མ་གཏོགས་གྲུབ་འབྲས་སོན་ངེས་ཡིན་པར་གདེང་འཇོག་སོགས་ཀྱང་གནང་ཡོད་པ་རེད།    རྩ་བའི་དེ་རིང་ཚེས་ ༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊའི་ཀ་མངའ་སྡེའི་ནང་བྱང་ཆུབ་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་ཆོས་འབྲེལ་གཙོས་པའི་མཛད་འཕྲིན་ཁག་ཡོངས་སུ་ལེགས་པར་གྲུབ་རྗེས་བཞུགས་སྒར་དུ་ཆིབས་སྒྱུར་བསྐྱངས་གནང་ཡོད་པ་རེད།

༸གོང་ས་མཆོག་གིས་རྒྱ་གར་གི་གཞུང་ཞབས་པ་ཁག་ཅགི་ལ་དྲང་བདེན་དང་ཕྱི་གསལ་ནང་གསལ་གནང་དགོས་པའི་ལམ་སྟོན།

ཕྱི་ཟླ་ ༡ ཚེས་ ༢ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊའི་མངའ་སྡེའི་གྲོང་ཁྱེར་སྦེང་ལོར་ནང་གི་རྒྱ་གར་གཞུང་ཞབས་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ་བའི་ཁྲོད། རྣམ་ཀུན་ཕྱག་ལས་གནང་སྐབས་ངོ་ལྐོག་མེད་པར་དྲང་པོ་དང་ཕྱི་གསལ་ནང་གསལ། དེ་བཞིན་བདེན་པ་བཅས་ཀྱི་ཐོག་ནས་ཕྱག་ལས་གནང་གལ་ཆེ་བ་མ་ཟད། དེ་ལྟར་གནང་ཚེ་མི་དམངས་ཀྱི་ཡིད་ཆེད་འཕེར་ཐུབ་ངེས་ཡིན་པར་ལམ་སྟོན་མཛད་འདུག དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ༸གོང་ས་མཆོག་གིས་སྐབས་དེར་ཐུགས་དགྱེས་ཚོར་ཆེན་པོ་དང་བཅས་འཚམས་འདྲི་གནང་པ་དང་སྦྲགས། འཛམ་གླིང་འདིའི་ནང་འགྲོ་བ་མིའི་རིགས་ཐེར་འབུམ་བདུན་ལྷག་ཡོད་པའི་ཁྲོད། མི་རིགས་དང་ཆོས ཁས་ལེན་མིན་དང་ཆོས་དད་ཡོད་མིན་སོགས་ཀྱི་ཁྱད་པར་སྒོ་ནས་དཀའ་རྙོག་ཁག་ཅིག་ཡོང་གི་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་ང་ཚོ་ཚང་མ་རྩ་བའི་ཆ་ནས་འགྲོ་བ་མིའི་རིགས་གཅིག་གྱུར་ཡིན་པའི་བསམ་བློ་གོང་མཐོར་ཐོངས་དགོས་གལ་ཡིན་པ་བཀའ་གནང་གི་ཡོད་ཅིང། ཁྱེད་གཞུང་གི་ལས་བྱེད་པ་རྣམས་ནས་ཀྱང་མི་དམངས་ཀྱི་བདེ་སྡུག་གཙོ་བོར་གཟིགས་པའི་ཐོག་ནས་ཕྱག་ལས་གནང་དགོས་པ་དང་། མང་ཚོགས་ཀྱི་བློ་ཡིད་ཚིམས་པ་ཞིག་བྱུང་ཐུབ་ཚེ། རང་གཞན་གཉིས་ཀའི་དབར་གྱི་བློ་དོགས་དང་མི་མཐུན་པའི་རྣམ་འགྱུར་སོགས་གང་ཡང་མེད་པ་ཆགས་པ་མ་ཟད། འགྲོ་བ་མིའི་སྤྱི་ཚོགས་འདི་བཞིན་བདེ་སྐྱིད་དང་ལྡན་པ་ཞིག་སྐྲུན་ཐུབ་ངེས་ཡིན་པ་བཀའ་བསྩལ་འདུག ད་དུང་༸གོང་ས་མཆོག་གིས་ཨ་རི་ནང་དུ་ཞི་བདེ་དང་བྱམས་སྙིང་རྗེའི་བསམ་པ་སོགས་གོང་མཐོར་སྤེལ་ཐབས་སུ་ས་གནས་གྲོང་ཁྱེར་གྱི་མིང་ལ་བྱམས་བརྩེའི་གྲོང་ཁྱེར་ཞེས་སོགས་མིང་བཏགས་ནས་དོ་སྣང་གནང་གི་ཡོད་པ་ལྟར། མ་འོངས་པར་རྒྱ་གར་དང་ཡོ་རོབ་སོགས་ཀྱི་སློབ་གྲྭའི་སློབ་ཚན་ནང་དུའང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དང་འཚེ་བ་མེད་པའི་ལྟ་གྲུབ། དེ་བཞིན་བྱམས་སྙིང་རྗེ་སོགས་ཀྱི་སྐོར་ལ་སློབ་འཁྲིད་གནང་ཐུབ་དགེ་མཚན་ཡོང་རྒྱུའི་སྐོར་བཀའ་བསྩལ་ཏེ། དེ་གར་བཅར་བའི་རྒྱ་གར་གྱི་ལས་བྱེད་པ་རྣམས་ལ་རང་་གི་གནའ་བོའི་རིག་གཞུང་ཐོག་ཐུགས་སྣང་དང་། ལྷག་པར་དུ་རང་གི་རིན་ཐང་བྲལ་བའི་འཚེ་བ་མེད་པའི་ལྟ་གྲུབ་སོགས་མི་ཉམས་གོང་འཕེལ་གནང་རྒྱུའི་འགན་ཡོད་སྐོར་སོགས་ལམ་སྟོན་རྒྱ་ཆེ་བསྩལ་འདུག

༸གོང་ས་མཆོག་རྒྱ་གར་གཞུང་ཞབས་ཁག་ཅིག་དང་མཇལ་འཕྲད།

  བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཆོས་སྡེ་བཀྲིས་ལྷུན་པོར་བྱང་ཆུབ་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་ཡོངས་སུ་ལེགས་གྲུབ་རྗེས།   དེ་རིང་ཟླ་ ༡ ཚེས་ ༢ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀའི་གྲོང་ཁྱེར་སྦེང་ལོར་དུ་ཞབས་སོར་བདེ་བར་འཁོད་གནང་ཡོད་པ་རེད།    སྦེང་ལོར་ནང་དུ་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་གཞུང་གི་གནད་ཡོད་གཞུང་ཞབས་པ་ཁག་གཅིག་ལ་དམིགས་བསལ་གྱི་མཇལ་ཁ་དང་བཀའ་སློབ་བསྩལ་བ་དང། དུས་མཚུངས་སུ་རྒྱ་གར་མཐོ་སློབ་ཀྱི་སློབ་ཕྲུག་ཁག་གཅིག་ལའང་མཇལ་ཁ་དང་བཀའ་སློབ་བསྩལ་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀའི་ཁུལ་དུ་ཟླ་བ་གཅིག་ཙམ་རིང་ཆོས་འབྲེལ་སོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་པ་རེད། དེ་ཡང་ཕྱི་ཟླ་ ༡༢ ཕྱི་ཚེས་ ༥ ཉིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་ཆིབས་སྒྱུར་བསྐྱངས་ཏེ།  རྒྱ་གར་གྱི་ Wipro ཚོང་གཉེར་གྱི་ཚོང་བདག་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། རྒྱ་གར་གྱི་ཚོང་པ་ཆེ་ཁག་བརྒྱ་སྐོར་གཅིག་ལྷན་འཛོམས་ཀྱིས་ཚོང་པའི་ངོས་ནས་སྤྱི་ཚོགས་ལ་ཕན་བདེ་བསྒྲུབ་ཕྱོགས་ཀྱི་ཚོགས་འདུའི་ཐོག་བཀའ་སློབ་བསྩལ་ཡོད་པ་རེད།  ཕྱི་ཚེས་ ༦ གི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀའི་ནང་རྟེན་གཞི་བྱས་པའི་ཕྱི་རྒྱལ་གཞུང་ཚབ་ཡན་ལག་ལས་ཁུངས་ཁག་གི་མཐུན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བྱམས་སྙིང་རྗེ་དང་ཀུན་ཁྱབ་འགན་འཁུར་གྱི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་བ་དང།  ཉིན་རྒྱབ་ཏུ་སྦེང་ལོར་གྲོང་ཁྱེར་ནང་ཡོད་པའི་རྒྱལ་ཡོངས་མཐོ་རིམ་ཤེས་ཡོན་ལྟེ་གནས་ཁང་དུ་འབུམ་རམས་པའི་སློབ་ཕྲུག་ཁག་དང་སློབ་དཔོན་ཁག་གཅིག་དང་ལྷན་དུ་ནང་ཆོས་དང་ཚན་རིག་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་གི་ཚོགས་མགོན་དུ་ཆིབས་སྒྱུར་མཛད་ཡོད་པ་རེད། ཕྱི་ཚེས་ ༨ ཉིན་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཁུལ་གྱི་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་༸ཞབས་སོར་བཀའ་དྲིན་བསྐྱངས་ནས་དགའ་ལྡན་ཁྲི་ཐོག་ཁང་གསར་བཞེངས་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་མཛད་པ་དང་། ཉིན་དགུང་ལྗགས་སྨིན་གྲུབ་རྗེས། མཁའ་ལམ་བརྒྱུད་ཧུན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་རྒྱུད་སྨད་གྲྭ་ཚང་ལ་ཕེབས་གནང་མཛད་དེ། ཚེས་༩ ནས་དབུ་འཛུགས་ཀྱིས་ཚེས་ ༡༣ བར་རྒྱུད་སྨད་གྲ་ཚང་དུ་དཔལ་དཔལ་གསང་བ་འདུས་པའི་བཀའ་དབང་སོགས་གཙོས་པའི་ཆོས་འབྲེལ་བསྐྱངས་ཡོད་པ་རེད།  ཕྱི་ཚེས་ ༡༣ ཉིན་རྒྱབ་༸གོང་ས་མཆོག་རྒྱུད་སྨད་གྲྭ་ཚང་ནས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་སེ་ར་ཐེག་ཆེན་གླིང་དུ་ཞབས་སོར་འཁོད་གནང་ཏེ། ཚེས་ ༡༤ ནས་ ༡༧ བར་དུས་ཡུན་ཉིན་གྲངས་བཞིའི་རིང་སེམས་དང་སྲོག་གི་ཚན་རིག་བགྲོ་གླེང་ཚོགས་ཆེན་དུ་དབུ་བཞུགས་མཛད་ཡོད་པ་རེད།  ཚེས་ ༡༨ ཉིན་ཆོས་སྡེ་བཀྲིས་ལྷུན་པོར་ཞབས་སོར་འཁོད་དེ་གཙུག་ལག་ཁང་གསར་བཞེངས་དབུ་འབྱེད་དང་འབྲེལ་བའི་ཕེབས་སྟོན་མཛད་སྒོར་དབུ་བཞུགས་མཛད་ཡོད་ཅིང་།  ཚེས་ ༡༩ ཉིན་བཀྲིས་ལྷུན་པོའི་གཙུག་ལག་ཁང་གསར་བཞེངས་དབུ་འབྱེད་ཀྱི་སྒོར་དབུ་བཞུགས་ཀྱིས་བཀའ་སློབ་བསྩལ་ཡོད་པ་མ་ཟད།  ཕྱི་ཟླ་ ༡༢ ཚེས་ ༢༠ ནས་ཕྱི་ཟླ་ ༡ ཚེས་ ༡  བར་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་ཡོངས་སུ་ལེགས་གྲུབ་ཀྱིས་རེ་ཞིག་མཇུག་སྒྲིལ་གནང་ཡོད་པ་རེད།  ཤེས་རྟོགས་བྱུང་བར་གཞིགས་ན། གནངས་ཉིན་ཕྱི་ཚེས་ ༣ ཉིན་༸གོང་ས་མཆོག་སྦེང་ལོར་བརྒྱུད་ལྡི་ལིར་ཆིབས་བསྒྱུར་གནང་རྒྱུ་དང། དེ་རྗེས་ཕྱི་ཚེས་ ༥ ཉིན་བཞུགས་སྒར་དུ་ཆིབས་བསྒྱུར་གནང་གི་འདུག

༸གོང་ས་མཆོག་གིས་ཆོས་སྡེ་བཀྲིས་ལྷུན་པོར་ཆོས་འབྲེལ་ལེགས་གྲུབ་མཛད་པ།

དེ་རིང་ཕྱི་ཟླ་ ༡ ཚེས་ ༡ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་སྡེ་བཀྲིས་ལྷུན་པོར་དད་ལྡན་མང་ཚོགས་རྣམས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བཀའ་དབངབ་བསྩལ་ཏེ་ཆོས་འབྲེལ་རེ་ཞིག་ལེགས་གྲུབ་ཟིན་པ་དང་བསྟུན། བྱང་ཆུབ་ལམ་རིམ་ཆེན་མོའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་དང་ཆོས་སྡེ་བཀྲིས་ལྷུན་པོ། དེ་བཞིན་སྦེལ་ཀོབ་གཞིས་ཁག་ལྔ་བཅས་ཟུང་འབྲེལ་གྱིས་མཁའ་འགྲོ་བསུན་བཟློག་གི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་སློབ་ཕྲུག་བདུན་བརྒྱ་ཙམ་ལ་དམིགས་བསལ་གྱི་བཀའ་སློབ་བསྩལ་བར་དེ་རིང་ཕྱི་ལོའི་ལོ་གསར་འཁེལ་ཡོད་པས་འཚམས་འདྲི་ཡོད་ལ། དམ་ཚིག་ལྡན་པའི་རིག་གཞུང་ཉམས་པ་གསོ་ཆུད་དང་མི་ཉམས་གོང་འཕེལ་གྱིས་རྒྱུན་འཛིན་ཐུབ་ན་ང་ཚོ་བོད་མི་རིགས་ཙམ་དུ་མ་ཟད། འཁྲིས་ཀྱི་རྒྱ་མི་རིགས་ས་ཡ་བྱེ་བ་མང་པོར་ཕན་ཐོགས་ཡོང་ངེས་ཡིན་པ་བརྒྱ་ཆ་བརྒྱ་ཐམ་པ་རེད་ལ། དེ་བཞིན་ཤར་ཕྱོགས་ཀྱི་ཡུལ་གྲུ་མང་པོར་ཕན་ཐོགས་ངེས་དང། དེ་དང་ཕྱོགས་མཚུངས་སུ་འཛམ་བུ་གླིང་སྤྱི་ལ་ཕན་ཐོགས་ཡོང་ཐུབ་པ་ཞིག་ཆགས་ཀྱི་ཡོད་པ་རེད། དེས་ན་བོད་རིགས་ན་གཞོན་སློབ་ཕྲུག་ཚོ་མ་འོངས་པའི་སོན་རྩ་ཡིན་པས་གལ་ཆེ་ཆགས་ཡོད་སྟབས། ད་ལྟའི་དུས་སུ་སློབ་སྦྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱག་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་པར་བཀའ་བསྩལ་ནན་པོ་གནང་འདུག ༸གང་ཉིད་མཆོག་གིས་མུ་མཐུད་བཀའ་བསྩལ་དོན་ལ།  སློབ་ཕྲུག་ཁྱེད་རང་ཚོས་དུས་རབས་ཉེར་གཅིག་པ་འདིར་འབད་བརྩོན་བྱེད་པ་ཡིན་ན།  དུས་རབས་ཉེར་གཅིག་པ་འདིའི་སྨད་ཆ་ནས་ག་ལེ་ག་ལེར་འཛམ་བུ་གླིང་འདི་ཞི་བདེ་ཡོད་པ་ཞིག་ཆགས་ཐུབ་ངེས་རེད་ལ། ཞི་བདེ་ཟེར་བ་དེ་ཡང་གཞན་ལ་བརྩེ་བ་དང་གཞན་གྱི་སྲོག་ལ་བརྩི་བཀུར་བྱེད་པ་ཡིན་ན་ཞི་བདེ་ཡོང་རྒྱུ་ལས་དེ་མིན་གཞན་གྱི་བདེ་སྡུག་སེལ་བ་ལ་ཇི་མི་སྙམ་པའི་ ཡལ་བར་དོར་བའི་ཁྱད་གསོད་བྱེད་པ་ཡིན་ན་བདེ་སྐྱིད་ཡོང་རྒྱུ་མེད་པ་སོགས་བཀའ་བསྩལ་འདུག ད་དུང་མགོན་པོ་མཆོག་གིས་མི་ཚེ་དོན་དང་ལྡན་པ་ཞིག་བྱེད་རྒྱུ་བྱུང་བ་ཡིན་ན། ཚེ་རིང་དུ་གནས་པ་དེའི་ཚོད་ཀྱིས་རང་གཞན་ཀུན་ལ་ཕན་ཡག་ཞིག་ཡོང་གི་རེད། ཚེ་དབང་ཞུས་པ་དེ་དང་ཆབས་ཅིག མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་གྱི་ཡིན་བསམ་པའི་དགོངས་པ་བཞེས་དགོས་གལ་ཡིན་པ་སོགས་བཀའ་བསྩལ་འདུག རྩ་བའི་སང་ཉིན་ཚེས་ ༢ ཉིན་༸གོང་མཆོག་དང་སྐུ་འཁོར་རྣམས་ཆོས་སྡེ་བཀྲིས་ལྷུན་པོ་ནས་རྒྱ་གར་གྱི་ལྷོ་ཕྱོགས་ཀ་ན་ཊ་ཀའི་གྲོང་ཁྱེར་སྦེང་ལོར་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་རྒྱུ་རེད་འདུག

༸གོང་ས་མཆོག་གིས་ནང་ཆོས་ལ་སློབ་གཉེར་གནང་ནས་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞིག་བྱ་དགོས་པ་བཀའ་བསྩལ་བ།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་སྡེ་བཀྲིས་ལྷུན་པོར་སྩོལ་བཞིན་པའི་ཆོས་འབྲེལ་ཉིན་བཅིུས་ཐོག་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སེར་སྐྱ་མང་ཚོགས་ཁྲི་བཞི་ལྷག་ཉེ་བར་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་བསྩལ་གྲུབ་པ་དང་བསྟུན། ནང་ཆོས་ལ་སློབ་གཉེར་གནང་ནས་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞིག་བྱ་དགོས་གལ་ཡིན་པ་བཀའ་བསྩལ་འདུག   སྐབས་དེར་༸གོང་ས་མཆོག་གིས་ཆོས་སྡེ་བཀྲིས་ལྷུན་པོར་འདས་པའི་ཆོས་འབྲེལ་གྱི་ཉིན་དེ་དག་རིང་འགེགས་མེད་ལམ་ལྷོངས་ཡོང་བ་ནི་དཀར་ཕྱོགས་སྐྱོང་བའི་ལྷ་དང་བཅས་པར་ལེགས་གསོའི་བསྔགས་བརྗོད་མཛད་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་བཀའ་བསྩལ་དོན་ལ། ལོ་ཁ་ཤས་གོང་ནས་མགོ་བཙུགས་ཏེ་ལམ་རིམ་གྱི་ཁྲིད་ཆེན་བཅོ་བརྒྱད་ཀྱི་ཁྲིད་རྒྱུན་ཡོད་པ་དེ་དག་གཅིག་ཏུ་ལྡེབས་ནས་ཁྲིད་རྒྱུ་དེ་ཕལ་ཆེ་ངོས་ཀྱི་མི་ཚེ་གཅིག་ལ་ཚར་གཅིག་མ་གཏོགས་ཡོང་རྒྱུ་ཡོད་པ་མ་རེད། ད་ལྟ་ཚར་གཅིག་དེ་ཚར་ཟིན་པ་རེད། དེ་ཡང་འགལ་རྐྱེན་གང་ཡང་མེད་པར་ཞེ་དྲག་ཡག་པོ་བྱུང། གཙོ་བོ་དད་པ་དང་དམ་ཚིག་གཡོ་བ་མེད་པའི་ཐོག་ལ་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པ་དང། དཀར་ཕྱོགས་སྐྱོང་བའི་སྲུང་མ་ཚོ་ལ་ཐུགས་རྗེ་ཆེ་ཟེར་གྱི་ཡིན་ལ། གཟུགས་ཅན་མིས་འདིར་མངོན་དུ་འགྱུར་པའི་ཐོག་ནས་སེམས་ཤུགས་བསྐྱེད་ནས་མཐུན་འགྱུར་གྱི་རོགས་རམ་བྱེད་མཁན་ཚོར་ཐུགས་རྗེ་ཆེ་ཟེར་གྱི་ཡིན། དགེ་བ་རྫོགས་བྱང་ལ་བསྔོ་ཡག་གལ་ཆེན་པོ་རེད་ཅེས་བཀའ་བསྩལ་མཛད་འདུག དེ་བཞིན་བཀྲིས་ལྷུན་པོ་གཙོས་པའི་དགོན་སྡེ་ཁག་གིས་ཕྱག་ལས་ལེགས་པོ་གནང་བར་ཐུགས་རྗེ་ཆེ་ཞུའི་བསྔགས་བརྗོད་སོགས་གནང་འདུག དེ་དང་ཕྱོགས་མཚུངས་སུ་༸གང་ཉིད་མཆོག་གིས་ང་ཚོ་ནང་ཆོས་ལ་ཉམས་ལེན་དང་སློབ་གཉེར་གནང་ནས་གསོན་པའི་རིང་གཞན་ལ་ཕན་པར་བསྒྲུབ་གང་ཐུབ་གནང་གལ་ཡིན་པ་བཀའ་གནང་འདུག མགོན་པོ་༸གང་ཉིད་མཆོག་གིས་བཀའ་བསྩལ་དོན་ལ། ང་ཚོ་གསོན་པའི་རིང་ལ་ང་ཚོས་གང་ཐུབ་ཐུབ་ཀྱི་ཆོས་ཉམས་ལེན་བྱེད་ཡག་དང་། ཆོས་ཉམས་ལེན་བྱེད་ཟེར་བ་དེ་ཡང་དབང་རྟུལ་དད་པའི་རྗེས་འབྲང་མིན་པར་ཆོས་ལ་སློབ་གཉེར་བྱེད་ནས་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞིག་བྱ་དགོས་པ་མ་ཟད། དབང་རྣོན་ཆོས་ཀྱི་རྗེས་འབྲང་པའི་བྱེད་སྟངས་དེ་ལྟར་བྱེད་པ་ཡིན་ན་དུས་རབས་ ༢༡ དང་ ༢༢ དེ་བཞིན་དུས་རབས་ ༢༣ སྐབས་ལའང་མུ་མཐུད་བསྡད་ཀྱི་རེད་ཅེས་བཀའ་བསྩལ་ཡོད་པ་རེད། ད་དུང་མགོན་པོ་མཆོག་གིས་གསུངས་པར་ད་ལོ་ཕྱི་ཟླ་དང་པོའི་ནང་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གནང་འཆར་ཡོད་ཀྱང་༸གང་ཉིད་མཆོག་ལ་སྨན་བཅོས་ཞུ་ཕྱིར་དུས་འཁོར་དབང་ཆེན་གནང་རྒྱུ་དེ་ཕར་འགྱངས་ཚུལ་དང་སྦྲགས། ཕྱི་ལོ་ ༢༠༡༧ ལོའི་ཕྱི་ཟླ་ ༡ པོའི་ནང་དུས་འཁོར་དབང་ཆེན་བསྩལ་རྒྱུ་ཡིན་པའི་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་ཡོད་པ་རེད། མགོན་པོ་༸གང་ཉིད་མཆོག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བྱང་ཆུབ་ལམ་རིམ་གྱི་བཀའ་ཆོས་ཞུ་བར་ཕེབས་པ་རྣམས་ལ་དམིགས་བསལ་གྱི་ཕྱི་ལུགས་ཀྱི་གནམ་ལོ་གསར་ཚེས་ལ་འཚམས་འདྲི་མཛད་འདུག

༸གོང་ས་མཆོག་གིས་ཆོས་སྡེ་བཀྲིས་ལྷུན་པོར་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་བསྩལ་བ།

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་སྡེ་བཀྲིས་ལྷུན་པོར་སྩོལ་བཞིན་པའི་ཆོས་འབྲེལ་ཉིན་བཅིུག་ཐོག་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སེར་སྐྱ་མང་ཚོགས་ཁྲི་བཞི་ལྷག་ཉེ་བར་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་དབུ་འཛུགས་མཛད་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཆོས་འཁོར་དེ་ཉིད་ཐོག་མར་ལྷ་རི་སྙིང་པོ་ལ་རྔོག་གིས་ཞུས་པ་ལྟར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་གསུང་པའི་སྐབས་དེར་དག་སྣང་སྣ་ཚོགས་བྱུང་བར་བརྟེན། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཆོས་འཁོར་ཐོག་མར་གསུངས་པ་ནས་ཡུན་རིང་གསང་བ་ཤིན་ཏུ་དམ་པོའི་ཐོག་ནས་ཉམས་བཞེས་ཀྱི་ཕྱག་སྲོལ་བྱུང་བའི་ལོ་རྒྱུས་དང་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཆོས་འཁོར་འདི་ཉིད་བོད་གངས་ཅན་ལྗོངས་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་བཀའ་བསྩལ་འདུག ཕྱོགས་མཚུངས་བཀའ་དབང་དེ་ཉིད་དག་སྣང་གི་ཐོག་ནས་བྱུང་བ་ཞིག་ཡིན་པ་མ་ཟད། དག་སྣང་གི་ཕྱོགས་ནི་སངས་རྒྱས་བཅོམ་ལྡན་འདས་༸གང་ཉིད་སྐུ་མྱ་ངན་ལས་འདས་ཟིན་རྗེས་དག་སྣང་དུ་བྱུང་བ་ཞིག་དང་། དག་སྣང་ནི་རྒྱ་གར་འཕགས་ཡུལ་ཁོ་ནར་ཡོང་བ་ལས་བོད་གངས་ཅན་གྱི་ལྗོངས་སུ་མི་འབྱུང་བ་ཞིག་མིན་ཚུལ་བཀའ་བསྩལ་ཡོད་པ་རེད། ༸གོང་ས་མཆོག་གིས་བཀའ་བསྩལ་དོན་ལ། དག་སྣང་གི་ཕྱོགས་དེ་ཚོ་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་བདག་པོའི་རྣམ་པར་བཞེངས་ཏེ་གསུང་པ་ཞིག་ཡིན་པ་རེད། གང་ལྟར་ཡང་དག་སྣང་དབང་གིས་ཡིན་པས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ཟིན་ཀྱང་། རྡོ་རྗེ་འཆང་གི་དཀྱིལ་འཁོར་གྱི་རྣམ་པར་བཞེངས་ནས་མར་གསུང་པ་དེ་དག་གཙོས་གསང་སྔགས་བླ་མེད་ཀྱི་ཆོས་འཁོར་མང་ཆེ་བ་དག་སྣང་རང་རེད། དག་སྣང་ཟེར་བ་དེ་རྒྱ་གར་ལ་མ་གཏོགས་ཡོང་མི་ཆོག་པ་ཞིག་མ་རེད། དེས་ན་བོད་གངས་ཅན་ལྗོངས་སུ་ཡོང་ཆོག་པ་ཞིག་རེད། རྣལ་རྟེན་གྱི་སྐྱེས་བུ་ས་ལམ་གྱི་རྟོགས་པ་ཚད་མཐོ་པོར་སླེབས་ཡོད་པ་གཅིག་ལ་དག་སྣང་ཡོང་ཆོག་གི་རེད་ཅེས་སོགས་བཀའ་བསྩལ་མཛད་ཡོད་པ་རེད། གཞན་ཡང་བཀའ་དབང་འདི་ཉིད་བརྙན་འཕྲིན་བརྒྱུད་ནས་ཞུ་ན་ཐོབ་མིན་ཐོག་བཀའ་འདྲི་ཞུས་པར་༸གང་ཉིད་མཆོག་གིས་བཀའ་ལན་དུ་འདུལ་བའི་གཞུང་ནས་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་པ་ལྟར། འཕྲིན་གྱི་སྒོ་ནས་བཀའ་དབང་བསྩལ་ན་ཆོག་པ་ལྟ་བུ་གསུང་ཡོད་པས་དེ་ལྟར་གནང་ན་འགྲིག་པ་བཀའ་བསྩལ་འདུག རྩ་བའི་དེ་རིང་༸གོང་ས་མཆོག་གིས་བུམ་དབང་གི་སྒོ་ནས་དབང་སྐུར་དབུ་འཛུགས་མཛད་ཡོད་པ་དང་འཕྲོས་རྣམས་སང་ཉིན་མུ་མཐུད་བསྩལ་གནང་རྒྱུ་རེད་འདུག

Latest news