Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྲོང་ཁྱེར་ཆེ་ཁག་གསུམ་ནང་གི་མཛད་འཕྲིན་ལེགས་གྲུན་ཟིན་རྗེས་བཞུགས་སྒར་དུ་ཞབས་སོར་བདེ་བདེ་བར་འཁོད་གནང་མཛད་སོང་།  

  བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདའི་ཕྱི་ཚེས་༩ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༡༤ བར་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་Chennaiདང་རྒྱ་གར་གྱི་རྒྱལ་ས་ལྡི་ལི།  དེ་བཞིན་རྒྱ་གར་བྱང་ཕྱོགས་ཀྱི་གྲོང་ཁྱེར་Jalandhar བཅས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་གསུམ་ནང་གི་མཛད་ལེགས་གྲུབ་ཟིན་རྗེས་བཞུགས་སྒར་དྷ་སར་ཞབས་སོར་བདེ་བར་འཁོད་གནང་མཛད་སོང་།   དེ་ཡང་ཐོག་མར་ཕྱི་ཚེས་ ༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་ Tamil Nadu མངའ་སྡེའི་གྲོང་ཁྱེར་ Chennai ནང་ཨབྡུལ་ཀལཱམ་མཆོག་གི་ (Abdul Kalam Seva Ratna Award) ཞེས་ཆེས་ཐོག་མའི་གཟེངས་རྟགས་མཛད་སྒོར་དབུ་བཞུགས་མཛད་པ་མ་ཟད། ཁུལ་དེའི་ནང་རྟེན་གཞི་བྱས་པའི་IITའཕྲུལ་རིག་ལྟེ་གནས་ཁང་དུ་འཛམ་གླིང་ཞི་བདེའི་ཆེད་འགྲོ་བ་མིའི་ནུས་པ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀྲིན་སྩལ་ཡོད་པ་རེད།  ཕྱི་ཚེས་ ༡༢ དང་ ༡༣ བཅས་སུ་མགོན་པོ་༸གང་ཉིད་མཆོགས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་ཚོགས་པའི་ཚད་རྡུལ་དང་དབུ་མའི་བགྲོ་གླེང་ཐོག་དབུ་བཞུགས་མཛད་པ་མ་ཟད། ཕྱི་ཚེས་ ༡༤  ཉིན་མཐའ་མའི་མཛད་འཆར་ཐོག་༸གོང་ས་མཆོག་གིས་རྒྱ་གར་བྱང་ཕྱོགས་Jalandar ནང་རྟེན་གཞི་བྱས་པའི་ Lovely Professional གཙུག་ལག་སློབ་གཉེར་ཁང་གི་སྐབས་ལྔ་པའི་བསླབ་པ་མཐར་སོན་གྱི་མཛད་སྒོར་དབུ་བཞུགས་ཀྱིས་དགེ་ལས་སློབ་ཕྲུག་རྣམས་ལ་འགྲོ་བ་མིའི་རིགས་གཅིག་འགྱུར་གྱི་བསམ་བློ་གོང་འཐོར་བཏང་ཐབས་ཐད་ལ་བཀའ་སྩལ་གནང་པ་དང།  གཟེངས་སུ་ཐོན་པའི་སློབ་མ་རྣམས་བྱ་དགའ་གསོལ་སྩལ་མཛད་འདུག  དེ་བཞིན་ཉིན་མཐའ་མའི་མཛད་འཆར་དེའི་ཁྲོད་ Lovely Professional གཙུག་ལག་སློབ་གཉེར་ཁང་གི་གཙོ་འཛིན་ཆེན་མོ་སྐུ་ཞབས་Ashok Mittal ལགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་མཐུན་འབྲེལ་དང་འགྲོ་བ་མིའི་བཟང་སྤྱོད་གོང་འཐོར། དེ་བཞིན་བོད་ཀྱི་ཁོར་ཡུག་དང་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐད་ལ་ངལ་བ་འཛེམས་མེད་ཀྱིས་༸སྐུ་ལས་བསྐྱོན་པར་ཆེ་བསྟོད་དང་སྦྲགས་ཏེ་མགོན་པོ་མཆོག་ལ་ Doctor of Divinity ཞེས་པའི་མཁས་དབང་གི་ཕྱག་ཁྱེར་གཟེངས་རྟགས་ཤིག་འབུལ་བཞེས་མཛད་ཡོིད་པ་རེད། སྐབས་དེར་༸གོང་ས་མཆོག་ནས་དགེ་ལས་སློབ་ཕྲུག་རྣམས་ནས་མགོན་པོ་༸གང་ཉིད་ལ་ཆེ་བསྟོད་གནང་བར་ཐུགས་རྗེ་ཆེ་ཞུ་དང་སྦྲགས། ང་ཚོ་ཚང་མ་སེམས་འཚོར་གང་གི་ཆ་ནས་འགྲོ་བ་མི་ཞིག་ཡིན་པ་གཅིག་འགྱུར་ཡིན་པ་དང་། རྣམ་པ་ཀུན་ཏུ་སྡུག་བསྔལ་མི་འདོད་པར་བདེ་བ་འདོད་མཁན་གཅིག་མཚུངས་ཡིན་སྟབས།  འགྲོ་བ་མིའི་རིགས་གཅིག་འགྱུར་ཡིན་བསམ་པའི་བསམ་བློ་བཏང་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་རྩལ་འདུག  དེ་བཞིན་༸གང་ཉིད་མཆོག་གིས་སློབ་ཕྲུག་ལ་རིག་རྩལ་སྦྱོང་བརྡར་སྤྲོད་ཐུབ་ཙམ་མ་ཡིན་པར་སློབ་མའི་གཤིས་སྤྱོད་ནང་བྱམས་བརྩེ་དང་སྙིང་རྗེའི་བསམ་པ་གོང་སྤེལ་བྱ་གནད་ཡིན་པ་གསུངས་འདུག  རྩ་བའི་མགོན་པོ་མཆོག་གི་མཛད་འཆར་ཁག་ལེགས་གྲུབ་ཟིན་རྗེས་ཁ་སང་ཕྱི་ཚེས་༡༥ ཉིན་གྱི་སྔ་ཐོག་བཞུགས་སྒར་དྷ་སར་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད།  

༸གོང་ས་མཆོག་ཚད་རྡུལ་དང་དབུ་མའི་བགྲོ་གླེང་ཐོག་དབུ་བཞུགས་མཛད་པ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་JNUགཙུག་ལག་སློབ་ཁང་དུ་ཚད་རྡུལ་དངོས་ཁམས་རིག་པ་དང་ནང་པ་སངས་རྒྱས་པའི་དབུ་མའི་ལྟ་གྲུབ་ཀྱི་བགྲོ་གླེང་ཐོག་དབུ་བཞུགས་མཛད་པ་ཡོད་པ་རེད།  དེ་རིང་ཟླ་ ༡༡ ཚེས་ ༡༢ ཉི་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ JNU གཙུག་ལག་སློབ་གཉེར་ཁང་གིས་གོ་སྒྲིག་འོག་ཚན་རིག་པའི་ཚད་རྡུལ་དངོས་ཁམས་རིག་པ་དང་ནང་པ་སངས་རྒྱས་པའི་དབུ་མའི་ལྟ་གྲུབ་གཉིས་ཀྱི་དངོས་པོའི་གཤིས་ལུགས་ལྟ་ཚུལ་གྱི་བགྲོ་གླེང་གི་མཛད་སྒོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུ་ལྟར་དབུ་བཞུགས་མཛད་པ་གཙོས། ཚན་རིག་པའི་མཁས་པ་ Prof Michel Bitbol ལགས་དང་། Prof N Mukunda ལགས། Prof Arthur Zein ལགས་དང་དེ་བཞིན་ Prof Matthew Chandrankunnel ལགས་བཅས་རྒྱ་གར་དང་ཕྱི་རྒྱལ་ཁག་ནས་མཁས་དང་བཅུ་ཙམ་དང་ཝཱ་ཎའི་ངེས་སྟོན་པ་ཟུར་པ་དགེ་བཤེས་ངག་དབང་བསམ་གཏན་ལགས་གཙོས་པའི་ནང་པའི་དགེ་བཤེས་དྲུག་དང་དེ་བཞི་དོན་གཉེར་བ་མཁས་པ་དང་དགེ་སློབ་བཅས་མི་གྲངས་ ༥༠༠ ལྷག་ཚོགས་འདུར་ལྷན་ཞུགས་ཀྱིས་དབུ་འཛུགས་གནང་ཡོད་པ་རེད། མཛད་སྒོ་ཐོག་༸གོང་ས་མཆོག་གིས་བཀའ་སློབ་གནང་དོན་ལ་༸གང་ཉིད་མཆོག་ཆུང་དུས་ནས་ཚན་རིག་གི་སློབ་ཚན་ལ་ཐུགས་སྣང་ཆེན་པོ་ཡོད་སྐོར་གསུངས་པ་དང་སྦྲགས། ནང་པ་སངས་རྒྱས་པ་དང་ཚན་རིག་དབང་བགྲོ་གླེང་གནང་དོན་གཙོ་བོ་ནི་མིའི་རྒྱུད་ཀྱི་བློ་རྒྱ་གོང་འཕེལ་འགྲོ་ཐབས་དང་རྣམ་དཔྱོད་ལྡན་པའི་ཐོག་ནས་མིའི་མི་ཚེར་བདེ་སྐྱིད་ཞིག་བསྐྲུན་ཡོད་པ་བཀའ་སྩལ་གནང་པ་མ་ཟད། ལྷག་དོན་ནང་པའི་དགེ་བཤེས་ཚོས་དེའི་ཐད་ལ་གུ་ཡངས་ཀྱི་ཐོག་ནས་བགྲོ་གླེང་ལྷུག་པོ་གནང་གལ་ཡིན་པའི་བཀའ་སློབ་ལམ་སྟོན་མཛད་ཡོད་པ་རེད། གཞི་རྩའི་ད་ལན་གྱི་བགྲོ་གླེང་འདི་ཚོགས་དོན་གཙོ་བོ་ནི་ ༸གོང་ས་མཆོག་གི་བཀའ་དགོངས་བླ་མེད་གཞི་བཟུང་ཐོག་འགྲོ་བ་མིའི་རྒྱུད་ཀྱི་དུག་གསུམ་མེད་པ་བཟོ་ཐབས་དང་། དེ་བཞིན་ཚན་རིག་པའི་ཚད་རྡུལ་གྱི་དངོས་ཁམས་རིག་པ་དང་ཆེས་ཉེ་བའི་དབུ་མ་པའི་ལྟ་གྲུབ་ལས་དངོས་པོ་རྣམས་རང་བཞིན་གྱིས་མ་གྲུབ་པ་དང་རྒྱུ་རྐྱེན་གང་ལ་ཡང་མ་བརྟེན་པར་རང་སྐྱ་བ་ཞིག་མེད་པའི་ལྟ་ཚུལ་དང་མཐུན་ཤེད་ཆེ་བ་མ་ཟད། འགྲོ་བ་མིའི་མི་ཚེ་དང། བསམ་བློ། དེ་བཞིན་བདེ་སྡུག་དང་འབྲེལ་བ་ཆེན་པོ་ཡོད་པས་ལྟ་གྲུབ་སྨྲ་བ་དང་ཚན་རིག་པ་གྲགས་ཅན་ཚོས་ནང་པའི་དབུ་མའི་ལྟ་གྲུབ་ཐད་ཐུགས་སྣང་ཆེན་པོ་གནང་གི་ཡོད་པར་བརྟེན་ཐེངས་འདིའི་ཚད་རྡུལ་དང་དབུ་མའི་ལྟ་གྲུབ་དབར་གྱི་བགྲོ་གླེང་ཆེད་ཚོགས་གནང་པ་ཞིག་ཡིན་འདུག

༸གོང་ས་མཆོག་གིས་རང་ཉིད་དང་བློ་མི་མཐུན་པའི་མི་ཚང་མ་མེད་པ་བཟོ་ཐབས་མེད་ཅེས་བཀའ་སྩལ་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ IIT གཙུག་ལག་སློབ་གཉེར་ཁང་གི་དགེ་སློབ་ཚོར་རང་ཉིད་དང་བློ་མི་མཐུན་པའི་མི་ཚང་མ་མེད་པ་བཟོ་ཐབས་མེད་ཅེས་བཀའ་སྩལ་ཡོད་པ་རེད།    དེ་ཡང་ཁ་སང་ཟླ་ ༡༡ ཚེས་ ༡༠ ཉིན་གྱི་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་གིས་གྲོང་ཁྱེར་དེའི་ནང་རྟེན་གཞི་བྱས་པའི་རྒྱ་གར་ནང་ཆེས་སྙན་གྲགས་ཆེ་བའི་IITའཕྲུལ་རིགས་ལྟེ་གནས་ཁང་དུ་ཆིབས་སྒྱུར་མཛད་པ་དང་སྦྲགས། སློབ་ཁང་དེའི་དགེ་ལས་སློབ་མ་ ༣༠༠༠ ལྷག་ལ་འཛམ་གླིང་ཞི་བདེའི་ཆེད་འགྲོ་བ་མིའི་ནུས་པ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀྲིན་ཆེ་བ་སྩལ་ཡོད་པ་རེད།    སྐབས་དེར་༸གོང་ས་མཆོག་གིས་དགེ་སློབ་ཚོར་འགྲོ་བ་མིའི་གཞི་རྩའི་རང་བཞིན་ནི་བྱམས་པ་དང་བརྩེ་བ་ཡིན་སྟབས། གཞི་རྩ་དེ་གཉིས་ཀྱི་ཐོག་ལ་ང་ཚོས་འབད་བརྩོན་གནང་སྟེ་དུས་རབས་ཉེར་གཅིག་པ་དེ་ཞི་བདེ་དང་བདེ་སྐྱིད་ལྡན་ཞིང་འདི་བཞིན་བྱམས་བརྩེ་ལྡན་པའི་དུས་རབས་ཤིག་བསྐྲུན་ཐུབས་ངེས་ཡིན་པ་གསུངས་པ་མ་ཟད། ལྷག་པར་དུ་འཛམ་གླིང་དེའི་ཐོག་མི་འབོར་ཐེར་འབུམ་བདུན་ཡོད་པ་ལས་ཐེར་འབུམ་གཅིག་ལྷག་ཆོས་དད་མེད་ཞིག་ཡིན་སྟབས། ཆོས་དད་ཡོད་མེད་ལ་ལྟོས་མེད་པར་ཕན་ཚུན་གཅིག་གིས་གཅིག་ལ་བརྩི་བཀུར་བྱ་དགོས་གལ་ཡིན་པ་གསུངས་འདུག དེང་དུས་འང་མི་བསད་ཁྲག་སྦྱོར་གྱི་ལས་རྩོམ་མུ་ནི་ཆེས་ཐབས་སྐྱོ་བའི་གནད་དོན་ཡིན་པས་འཛམ་གླིང་དེའི་ཐོག་རང་ཉིད་དང་བློ་མི་མཐུན་པའི་མི་ཚང་མ་མེད་པ་བཟོ་ཐུབ་ཐབས་མེད་པ་རེད་ཅེས་བཀའ་སྩལ་ཡོད་པ་རེད།  ད་དུང་༸གོང་ས་མཆོག་གིས་ལྟེ་གནས་ཁང་དེའི་རྒྱ་གར་དགེ་ལས་སློབ་མ་ཚོར་༸གང་ཉིད་ཀྱི་ཐུགས་ཀྱི་མཛད་འཁུར་གསུམ་པོའི་ཐོག་ངོ་སྤྲོད་གནང་པ་དང་འབྲེལ།  རྒྱ་གར་དེ་བཞིན་འཛམ་གླིང་དེའི་ཐོག་ཆོས་ལུགས་སྣ་ཁ་འཛོམས་ཤོས་ཡིན་པ་དང་དེ་དག་གི་ནང་ཕན་ཚུན་བརྩི་བཀུར་དང་མཉམ་གནས་ཐུབ་པ་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་དམིགས་དཔེ་འོས་པ་ཞིག་ཡིན་པ་གསུངས་འདུག   གཞི་རྩའི་ཁ་སང་ IIT འཕྲུལ་རིག་ལྟེ་གནས་ཁང་དུ་དགེ་ལས་སློབ་མ་ཚོར་བཀའ་སྩལ་གྲུབ་རྗེས། གྲོང་ཁྱེར་དེའི་ནང་དུ་སློབ་གཉེར་བྱེད་བཞིན་པའི་བོད་རིགས་ ༡༥༠ སྐོར་ཞིག་ལ་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བརྩེ་བ་ཆེན་པོས་ཟུར་མཇལ་དང་བོད་རིགས་གཞོན་སྐྱེས་ཚོའི་ངོས་ནས་ནང་པ་སངས་རྒྱས་པའི་ཆོས་ལ་དོ་སྣང་དང་སློབ་གཉེར་བྱ་དགོས་པའི་བཀའ་ཟབ་མོ་བཀྲིས་ཆེ་བ་སྩལ་གནང་མཛད་འདུག

༸གོང་ས་མཆོག་སྲིད་འཛིན་དམ་པ་ཨབྡུལ་ཀལཱམ་མཆོག་གི་གཟེངས་རྟགས་མཛད་སྒོར་དབུ་བཞུགས་མཛད་འདུག

རྒྱ་གར་གྱི་སྲིད་འཛིན་དམ་པ་སྐུ་ཞབས་ཨབྡུལ་ཀལཱམ་མཆོག་གི་མཚན་གནས་རྗེས་དྲན་གཟེངས་རྟགས་ཆེས་ཐོག་མ་འདི་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ནས་གསོལ་སྩལ་གནང་འདུག ཁ་སང་ཟླ་བ་ ༡༡ ཕྱི་ཚེས་ ༩ ཉིན་རྒྱ་གར་ལྷོ་ཕྱོགས་ Tamil Nadu མངའ་སྡེའི་གྲོང་ཁྱེར་ Chennai ནང་རྟེན་གཞི་བྱས་པའི་ Music Academy རུ་ཨབྡུལ་ཀལཱམ་མཆོག་གི་ (Abdul Kalam Seva Ratna Award) ཞེས་པ་དེའི་ཆེས་ཐོག་མའི་གསོལ་སྩལ་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་མགྲོན་གཙོ་བོར་དབུ་བཞུགས་མཛད་ཐོག་རྒྱ་གར་གཞུང་འབྲེལ་གནད་ཡོད་དཔོན་རིགས་ཁག སྲིད་འཛིན་དམ་པ་ཁོང་གི་མཚན་རིག་སློབ་སྟོན་པ་སྐུ་ཞབས་ V.Ponarj ལགས་དང། དེ་བཞིན་མང་ཚོགས་བཅས་ཁྱོན་མི་ཚོགས་ ༥༠༠༠ ལྷག་མཛད་སྒོར་འདུ་འཛོམས་བྱུང་ཡོད་པ་རེད།   མཛད་སྒོ་དེའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་འཛིན་དམ་པ་ཨབྡུལ་ཀལཱམ་ཁོང་གི་ཐུགས་དགོངས་ལྟར་རྒྱ་གར་ནང་སྤྱི་ཚོགས་ཞབས་ཞུའི་ལས་དོན་ནང་གཟེངས་སུ་ཐོན་མཁན་ཚོགས་སྒེར་ཁག་ལ་ཆེས་ཐོག་མའི་གཟེངས་རྟགས་གསོལ་སྩལ་གནང་པ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གིས་ད་ལན་གྱི་གཟེངས་རྟགས་འདི་བཞེས་མཁན་སྤྱི་སྒེར་དང་ཚོགས་སྐྱིད་ཚོས་ངེས་པར་དུ་གཟེངས་རྟགས་ཐོབ་པ་ཙམ་གྱིས་འདོད་བློ་འཚིམས་ནས་མ་བསྡད་པར་མ་འོངས་པར་སྤྱི་ཚོགས་ལ་ཕན་པའི་ལས་དོན་ཁག་མུ་མཐུད་ནས་རྒྱུན་སྐྱོང་གནང་དགོས་པའི་བཀའ་སྩལ་མཛད་ཡོད་པ་རེད། རྩ་བའི་ཨབྡུལ་ཀལཱམ་མཆོག་གི་ (Abdul Kalam Seva Ratna Award) ཞེས་པའི་གཟེངས་རྟགས་དེ་ནི་རྒྱ་གར་གྱི་སྲིད་འཛིན་ཞིང་གཤེགས་དམ་པ་སྐུ་ཞབས་ཀལཱམ་མཆོག་གི་མཚན་གནས་རྗེས་དྲན་ཆེད། སྲིད་འཛིན་དམ་པོ་མཆོག་གིས་མ་འོངས་པའི་རྒྱ་གར་འཆར་སྣང་ཞེས་པའི་ལས་འགུལ་ནང། ཤིང་སྣ་འདེབས་འཛུགས་ཀྱི་ལས་འགུལ་དང། འཐུང་ཆུང་སྲུང་སྐྱོབ། སྨྱོ་རྫས་ངན་གོམས་སྔོན་འགོག སྔོ་ལྗང་ཅན་གྱི་གྲོང་ཁྱེར་དང་གྲོང་གསེབ་བསྐྲུན་རྒྱུའི་ལས་འཆར་ཐོག་ཕུལ་བྱུང་གཟེངས་སུ་ཐོན་མཁན་གྱི་གང་ཟག་སྤྱི་སྒེར་དང་ཚོགས་སྐྱིད་ཁག་ལ་ཕུལ་རྒྱུའི་གཟེངས་རྟགས་ཆེས་ཐོག་མ་འདི་ཆགས་ཡོད་པ་རེད།

༸གོང་ས་མཆོག་ཨ་རིའི་ཚོང་འབྲེལ་ཞིབ་འཇུག་ལྟེ་གནས་ཁང་གི་བགྲོ་གླེང་ཚོགས་འདུར་དབུ་བཞུགས་མཛད་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཚོང་འབྲེལ་ཞིབ་འཇུག་ལྟེ་གནས་ཁང་གི་བགྲོ་གླེང་ཚོགས་འདུའི་ཐོག་འགྲོ་བ་མི་ཐེར་འབུམ་བདུན་པོ་ཚང་མར་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་འགན་ཡོད་ཅེས་བཀའ་སྩལ་མཛད་ཡོད་པ་རེད། དེ་རིང་ཟླ་ ༡༡ ཚེས་ ༤ ཉིན་གྱི་སྔ་དྲོ་རྒྱལ་བའི་ཕོ་བྲང་དུ་ཨ་རིའི་ཚོང་འབྲེལ་ཞིབ་འཇུག་ལྟེ་གནས་ཁང་ American Enterprise Institute) གི་གོ་སྒྲིག་འོག་ཚོགས་འདུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གཙོས་པའི་ ཨ་རི་ཚོང་འབྲེལ་ཞིབ་འཇུག་ལྟེ་གནས་ཁང་གི་ཚོགས་གཙོ་སྐུ་ཞབས་ Arthur Brooks ལགས་དང་ཕྱག་སྦྲེལ་ཚོགས་མི། ཨ་རི་དང་རྒྱ་གར་ནང་གི་ཚོང་གཉེར་བ་རྣམས། ཡར་ཐོན་ཅན་གྱི་ཚོང་འབྲེལ་ཆེད་ལས་པ། སྤྱི་ཚོགས་ཞབས་ཞུ་བ་སོགས་ལས་རིགས་འདྲ་མིན་གྱི་གནད་ཡོད་མི་སྣ་ཁག་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག དཔལ་འབྱོལ་བཀའ་བློན་ཚེ་རིང་དོན་གྲུབ་མཆོག ནང་སྲིད་དང་དཔལ་འབྱོར་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་རྣམ་པ་དང་། བོད་མི་ཚོང་པ་ཚོགས་པའི་སྐུ་ཚབ་བཅས་ཆེད་ཕེབས་ཐོག་དཔལ་འབྱོར་གོང་འཕེལ་སྟེང་འཛམ་གླིང་ནང་བདེ་སྐྱིད་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐད་བགྲོ་གླེང་གི་ཚོགས་འདུ་དབུ་འཛུགས་གནང་ཡོད་པ་རེད། བགྲོ་གླེང་གི་ཚོགས་དུས་དང་པོའི་ཐོག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་དང་། ཐ་ན་སྲོག་ཆགས་འབུ་སྲིན་མཚོན་པའི་སེམས་ཅད་ཚང་མ་རང་ཉིད་ཀྱི་འཚོ་ཐབས་ལ་དགའ་ཞེན་ཡོད་པ་ཞིག་ཡིན་པ་རེད། ལྷག་དོན་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མི་བཟོད་པའི་དཀའ་ངལ་དེ་དག་སེལ་རྒྱུའི་རྣམ་དཔྱོད་ཀྱི་ནུས་པ་ལྡན་ཡོད་པའི་བཀའ་སྩལ་དང་ཆབས་ཅིག ༸ གང་ཉིད་མཆོག་གིས་རང་ཉིད་ལ་ཁོང་ཁྲོ་དང་ང་རྒྱལ་དེ་བཞིན་ཆགས་སྡང་བཅས་ཀྱི་བློ་དེས་མཐར་ཐུག་གི་བདེ་སྐྱིད་ཞིག་བསྐྲུན་ཐབས་མེད་པ་མ་ཟད། དེ་ལས་ལྡོག་ཏེ་རང་ཉིད་ཀྱི་ཚ་རོག་རོག་ཡོད་པའི་ཁྱིམ་ཚང་གི་ཁོར་ཡུག་དེ་གཏོར་བཤིག་གཏོང་ངེས་རེད་ཅེས་བཀའ་སྩལ་མཛད་སོང་། ད་དུང་མགོན་པོ་མཆོག་གིས་གསུངས་པར་དེང་སྐབས་སྤྱི་ཚོགས་ཁྲོད་ཚན་རིག་དབང་གིས་ཕྱིའི་དངོས་པོ་ཡར་རྒྱས་དང་ཤེས་ཡོན་ཐད་ཡར་རྒྱས་སྔར་ལྷག་འགྲོ་མུས་ཡིན་ཀྱང་། སྤྱི་ཚོགས་ཁྲོད་བཟོད་པ་དཀའ་བའི་འཚེ་བའི་ལམ་ནས་མི་བསད་ཁྲག་སྦྱོར་གྱི་ལས་རྩོམ་པ་མ་ཟད། ལྷག་དོན་ཆོས་ལུགས་ཀྱི་མིང་ཐོག་ནས་གཅིག་གིས་གཅིག་གསད་རེས་བྱེད་བཞིན་པ་དེ་ནི་བློ་ཡུལ་ན་ཤོང་བ་དཀའ་བའི་གནད་དོན་ཞིག་ཡིན་པ་བཀའ་སྩལ་དང་སྦྲགས། འཛམ་གླིད་འདིའི་ཐོག་གནས་བཞིན་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་པོ་ཚང་མར་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་ཐོུང་གི་འགན་ཡོད་ཅེས་བཀའ་སྩལ་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་ད་ལན་གྱི་ཚོགས་འདུ་དེ་དང་འབྲེལ་ཡོད་དམིགས་བཀར་གསུངས་དོན་ལ་དཔལ་འབྱོར་དབུལ་ཕྱུག་ལ་མ་ལྟོས་པར་གང་ཟག་ཚང་མར་གྲོད་པ་གཅིག་ལས་མེད་པ་གཅིག་མཚུངས་ཡིན་པ་རེད། རྒྱ་གར་ལྟ་བུ་ལ་ཆ་མཚོན་ན། དབུལ་ཕྱུག་དབར་ལ་པར་ཁྱད་ཆེན་པོ་ཡོད་སྟབས། རྒྱ་གར་བ་ཚོའི་ངོས་ནས་རྒྱ་གར་གྱི་གྲོང་ཁྱེར་གཅིག་པོ་ཡར་རྒྱས་གཏོང་རྒྱུ་ཙམ་མ་ཡིན་པར་ཡར་རྒྱས་ངོ་མ་དེ་གྲོང་གསེབ་ནས་འགོ་འཛུགས་གནང་དགོས་པའི་བཀའ་སློབ་གནང་པ་མ་ཟད། འདས་པའི་ལོ་ཤས་ནང་དུ་ཨ་རིའི་ནང་གི་གྲོང་ཁྱེར་ཆེ་གྲས་བཅུའི་ནང་བྱམས་བརྩེ་དང་གཞན་ཕན་གྱི་ལས་གཞི་སྤེལ་འགོ་བཙུག་ཡོད་པ་དང། རྒྱ་གར་ནང་སྙིང་རྗེ་དང་བྱམས་བརྩེ། དེ་བཞིན་འཚེ་མེད་ཞི་བ་བཅས་ཀྱི་ལྟ་གྲུབ་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་ཡོད་པ་ཞིག་ཡིན་སྟབས། རྒྱ་གར་བ་ཚོས་ངེས་པར་དུ་གཞན་ཕན་གྱི་ལྟ་གྲུབ་དེའི་ཐོག་ནས་གྲོང་ཁྱེར་ཆེ་གྲས་ཁག་ནས་ལས་གཞི་དེ་དག་སྤེལ་འགོ་འཛུགས་དགོས་པའི་གཞེན་སྐུལ་ཡང་མཛད་སོང་། གཞི་རྩའི་བགྲོ་གླེང་ཚོགས་འདུ་དེ་བཞིན་བཞུགས་སྒར་༸གང་ཉིད་ཀྱི་ཕོ་བྲང་ནང་དེ་རིང་དང་སང་ཉིན་བཅས་ཉིན་གཉིས་རིང་ཚོགས་ཀྱི་ ཡོད་པ་རེད། དེ་རིང་ཉི་རྒྱབ་ཏུ་ American Enterprise Institute ཞིབ་འཇུག་ལྟེ་གནས་ཁང་གི་ཚོགས་མི་དང་བོད་ཀྱི་ཚོང་ཚོགས་པའི་ཚོགས་མི་དབར་ལ་ཕན་ཚུན་ངོ་སྤྲོད་ཀྱི་ལས་རིམ་ཞིག་ཀྱང་ཚོགས་ཡོད་པ་རེད།

བོད་མིའི་ཚོགས་པ་བཞིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།

༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དེ་རིང་ཟླ་ ༡༡ ཕྱི་ཚེས་ ༣ དང་བོད་ཟླ་ ༩ ཚེས་ ༢༢ ཉིན་བོད་མིའི་ཚོཊ་ཁག་བཞིས་བརྟན་བཞུགས་བསྟར་འབུལ་དང་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་སོང། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བར་ཁམས་སོག་ཤོད་གསུང་ཆོས་དང་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་། བར་ཁམས་རོང་པོ་ཤོག་ཀ་ཕྱེད་བརྒྱད། དེ་བཞིན་བར་ཁམས་ཁྲིད་རྡོ་དང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་མདོ་སྟོད་ཆུ་སྒང་བཅས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་པ་བཞིན་སྔ་དྲོ་ཚོུད་ ༧།༣༠ ཐོག་ལ་མགོན་པོ་༸གང་ཉིད་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་ཕྱི་ནང་གི་དད་ལྡན་མང་ཚོགས་ ༤༠༠ ལྷག་ལ་སྐྱབས་འགྲོ་སེམས་བསྐྱེད་དང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀྲིས་ཆེ་བ་སྩལ་བ་དང་སྦྲགས། བོད་མིའི་ཚོགས་ཁག་བཞིས་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིགས་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང།  སྐབས་དེར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྔར་འཁོར་ལོ་གསུམ་གྱི་ཆོས་འཁོར་གསུང་པའི་ཆོས་ཡོངས་རྫོགས་བོད་ཡིག་རང་གི་ནང་ཡོད་པ་དང། དེ་དག་བརྒྱུད་ནས་བསྟན་འགྲོ་སྤྱིའི་ཕན་བདེ་ལ་དགེ་ཚན་ཆེན་པོ་ཞིག་ཡོད་སྟབས། དེའི་ཆེད་དུ་ཚེ་སྒྲུབ་བྱེད་རྒྱུ་ཧ་ཅང་གལ་ཆེ་ཡིན་པའི་བཀའ་སྩལ་གནང་པ་མ་ཟད། ལྷག་པར་དུ་ཚེ་དབང་ཞུས་པའི་དགོས་དོན་དེ་ཡང་མི་ཚེ་བཟང་པོ་ཞིག་དང་དོན་སྙིང་ལྡན་པ་ཞིག་སྐྱེལ་རྒྱུའི་ཆེད་རེད་ཅེས་བཀའ་སྩལ་གནང་ཡོད་པ་རེད།  ཐེངས་དེའི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གསོལ་འདེབས་ཞུ་མཁན་བར་ཁམས་སོག་ཤོད་ཚོགས་པ་དང། བར་ཁམས་རོང་པོ་ཤོག་ཁ་ཕྱེད་བརྒྱད་གཉིས་པོ་སོ་སོ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་བཀྲིན་རྗེས་དྲན་གྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་ཚོགས་ཡོད་པ་རེད། སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གིས་བླ་མ་ལ་བརྟན་བཞུགས་ཕུལ་རྒྱུ་ནི་གཙོ་བོ་བླ་མ་དང་སློབ་མའི་དབར་གྱི་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཞིག་དགོས་གལ་ཡིན་པ་གསུངས་པ་དང་སྦྲགས། མགོན་པོ་མཆོག་གི་དོལ་རྒྱལ་བསྟེན་སྲོལ་དང་འབྲེལ་བའི་བླང་དོར་གྱི་བཀའ་སྩལ་མཛད་པ་མ་ཟད། ལྷག་པར་དུ་བར་ཁམས་སོག་ཤོད་མི་མང་ཡོངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པའི་གཉིས་སྨན་དབུ་ལམ་གྱི་སྲིད་བྱུས་ཐོག་ཤར་བསྐྱོད་བྱ་རྒྱུའི་དམ་བཅའ་འབུལ་ཞུས་པར་༸གང་ཉིད་ནས་ཐུགས་རྗེ་ལེགས་གསོལ་མཛད་ཡོད་པ་རེད། མགོན་པོ་མཆོག་གི་དམིགས་བཀར་གསུངས་དོན་ལ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པ་ནས་བཟུང། འདས་པའི་ལོ་ངོ་མང་པོ་རིང་གི་༸སྐུའི་མྱོང་བ་དང་ཐུགས་ཞིབ་ཟབ་མོ་མཛད་དེ་དབུ་ལམ་སྲིད་བྱུས་དེ་ལམ་སྟོན་མཛད་པ་ཞིག་ཡིན་པ་ལས། ༸གང་ཉིད་མཆོག་གིས་བསམ་བློ་གང་ཡང་མ་བཏང་བ་དང། བློ་ཁོག་མ་འདངས་པ། དེ་བཞིན་རྣམ་དཔྱོད་ཀྱི་མ་འདངས་པ་ཞིག་ཕལ་ཆེར་མིན་ཅེས་བཀའ་སྩལ་ནན་པོ་ཕེབས་པ་མ་ཟད། ལྷག་དོན་མགོན་པོ་མཆོག་གིས་འདས་པའི་ལོ་ངོ་ ༦༠ རིང་ལྷག་བསམ་རྣམ་དག་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་མཛད་འཁུར་བཞེས་ནས་ད་ཆ་དགུང་ལོ་ ༨༠ ཕེབས་མཚམས་འདིར་འགྲིག་འདུག་ཟེར་བ་ལས་ལྡོག་ཏེ་མ་འགྲིག་པར་སྐྱོན་བརྗོད་བྱེད་དུས་སྐབས་རེ་ཐུགས་ཕམ་ཡོང་གི་འདུག་ཅེས་བཀའ་སྩལ་མཛད་སོང། མཐའ་དོན་མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་གནད་དོན་དེ་ཡང་མི་རབས་ནས་མི་རབས་བར་གནས་དགོས་ཀྱི་ཡོད་སྟབས། མི་རབས་རྒན་པ་ཚོ་རྫོགས་མཚམས་སུ། བཙན་བྱོལ་ནང་ཡོད་པའི་མི་རབས་གཞོན་པ་ཚོས་རྒྱུན་མཐུད་དགོས་ཀྱི་རེད་ཅེས་བཀའ་ཕེབས་ཡོད་པ་རེད།  

༸གོང་ས་མཆོག་གིས་བཙུན་མའི་འཇང་དགུན་ཆོས་མཇུག་སྒྲིལ་མཛད་སྒོར་དབུ་བཞུགས་དང་ཆོས་འབྲེལ་རྩལ་གནང་མཛད་པ།

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༡༡ ཕྱི་ཚེས་ ༣༡ ཉིན་གྱི་སྔ་དྲོ་ཚོུད་ ༩།༠༠ སྟེང་ ཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བཙུན་མའི་འཇང་དགུན་ཆོས་གོ་སྒྲིག་ཚོགས་ཆུང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་དགུན་ཆོས་ཐེངས་ ༢༡ མཛད་སྒོར་དབུ་བཞུགས་གནང་པ་དང་སྦྲགས། དེའི་ཐོག་བཅར་བའི་བཙུན་མ་རྣམས་ལ་པཎ་སྒྲུབ་བཅུ་བདུན་གྱི་གསོལ་འདེབས་སྐོར་ཆོས་འབྲེལམཛད་པ་མ་ཟད། མཐུན་མོང་མ་ཡིན་པའི་དཔལ་ནཱ་ལེནྡྲའི་པཎ་སྒྲུབ་རྣམས་ཀྱིས་མཛད་པའི་ནང་པའི་གཞུང་ལ་ཐོས་བསམ་སྒོམ་གསུམ་གྱིས་སློབ་གཉེར་གནང་གལ་ཡིན་པ་དང་ དེ་སྔ་བོད་ནང་བྱུང་མྱོང་མེད་པའི་བཙུན་མའི་འཇང་དགུན་ཆོས་འདི་བཞིན་རིམ་པས་བཙན་བྱོན་ནང་དར་འཕེལ་བྱུང་སྐོར་སོགས་བཀའ་སྩལ་ཕེབས་ཡོད་པ་རེད། དེ་བཞིན་མགོན་པོ་མཆོག་གིས་ཛམ་བུ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་རྣམས་ལ་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང། ཆོས་ལུགས་ཇི་ཡོད་ཚང་མས་རང་གཞན་ཀུན་ལ་ཕན་པའི་བྱམས་བརྩེའི་སྐོར་གཅིག་མཚུངས་གསུང་གི་ཡོད་པས་ཆོས་ལུགས་ཁྱད་ཕན་ཚུལ་དབར་ལ་གུས་བརྩི་གནང་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་བཀའ་རྩལ་མཛད་པ་མ་ཟད། ད་དུང་མགོན་པོ་མཆོག་གིས་དེ་སྔ་བོད་ནང་གི་ཕྱག་དཔེ་གཟིགས་སྟངས་ཙམ་མ་ཡིན་པར། རིས་སུ་མ་ཆད་པའི་ནང་པའི་ཆོས་བརྒྱུད་ཁག་གི་གཞུང་ཆེན་མོ་དག་ལ་ཁྱད་མེད་ཀྱིས་གསན་བསམ་གནང་གལ་ཆེ་བ་ཡིན་པ་གསུངས་སོང་། ལྷག་དོན་༸གང་ཉིད་མཆོག་གིས་བཙུན་མའི་དགོན་པ་རྣམས་ནས་མགོན་པོ་མཆོག་གི་ཇི་ལྟར་འབོད་སྐུལ་གནང་པ་བཞིན་གཞུང་ཆེན་མོ་དག་ལ་ཐོས་བསམ་དང་། ཚད་མའི་སློབ་འཁྲིད་སོགས་ལ་འབད་བརྩོན་ཧུར་ཐག་གནང་པར་དགའ་བསུའི་བསྔགས་བརྗོད་ཀྱང་མཛད་ཡོད་པ་རེད། དེ་བཞིན་སྐབས་དེར་དགུན་ཆོས་ནང་མཉམ་བཞུགས་གནང་མཁན་རྒྱ་བལ་གཉིས་ནང་ཡོད་པའི་བཙུན་དགོན་ཁག་གི་སྐུ་ཚབ་རྣམས་ནས་མགོན་པོ་མཆོག་སྤྱན་མངར་རྟགས་གསལ་སྤྱན་འབུལ་ཞུས་ཡོད་པ་རེད། རྩ་བའི་བཙུན་མའི་འཇང་དགུན་ཆོས་ཐེངས་ ༢༡ འདིའི་ཐོག་རྒྱ་གར་ནང་ཡོད་པའི་བཙུན་དགོན་ལྔ་དང་། བལ་ཡུལ་ནང་ཡོད་པའི་བཙུན་དགོན་གཉིས་བཅས་ནས་ཁྱོན་བཙུན་མ་ ༣༠༠ ལྷག་ནས་མཉམ་ཞུགས་གནང་འདུག

༸གོང་ས་མཆོག་རྒྱ་གར་གྱི་སྲིད་འཛིན་དམ་པ་སྐུ་ཞབས་ཨབྡུལ་ཀལཱམ་མཆོག་གི་གཟེངས་རྟགས་མཛད་སྒོར་དབུ་བཞུགས་མཛད་རྒྱུ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༡༡ ཕྱི་ཚེས་ ༩ ཉིན་རྒྱ་གར་ལྷོ་ཕྱོགས་ Tamil Nadu མངའ་སྡེའི་གྲོང་ཁྱེར་ Chennai ནང་རྟེན་གཞི་བྱས་པའི་ Chennai Trade Center རུ་ཆིབས་སྒྱུར་དང་སྦྲགས། རྒྱ་གར་གྱི་སྲིད་འཛིན་དམ་པ་སྐུ་ཞབས་ཨབྡུལ་ཀལཱམ་(Abdul Kalam) མཆོག་གི་མཚན་གནས་རྗེས་དྲན་གཟེངས་རྟགས་ཀྱི་མཛད་སྒོར་དབུ་བཞུགས་མཛད་རྒྱུ་མ་ཟད། ད་ལན་གྱི་ Abdul Kalam Seva Ratna ཞེས་པའི་གཟེངས་རྟགས་ཆེས་ཐོག་མ་དེ་མགོན་པོ་༸གང་ཉིད་མཆོག་གི་ཕྱག་ནས་གསོལ་སྩལ་གནང་རྒྱུ་ཡིན་འདུག   སྲིད་འཛིན་དམ་པ་སྐུ་ཞབས་ཨབྡུལ་ཀལཱམ་མཆོག་འདི་ལོ་སྐུ་གཤེགས་པའི་རྗེས་མཚན་གནས་རྗེས་དྲན་ཆེད་འབུལ་ལམ་ཞུ་རྒྱུའི་གཟེངས་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང། སྲིད་འཛིན་དམ་པ་ཁོང་གི་སློབ་སྟོན་པ་སྐུ་ཞབས་ V.Ponarj ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་འཛིན་དམ་པ་ཨབྡུལ་ཀལཱམ་མཆོག་གཉིས་དབར་ལ་ཞི་བདེ་དང་བདེ་སྐྱིད་ལྡན་པའི་འཛམ་གླིང་སྐྲུན་རྒྱུའི་ཐུགས་ཀྱི་དགོངས་པ་གཅིག་མཚུངས་ཡིན་པ་མ་ཟད། དབུ་ཁྲིད་གཉིས་རྣམ་གཉིས་ཀྱིས་མི་རབས་གསར་པའི་གཞོན་སྐྱེས་ཚོས་ཡང་དག་པའི་སྤྱི་ཚོགས་ཞིག་སྐྲུན་རྒྱུར་དུས་ནས་དུས་སུ་ལམ་སྟོན་དང་སྐུ་ལས་བསྐྱོན་མཁན་གཅིག་པ་ཡིན་སྟབས། ད་ལན་གྱི་ཆེས་སྙན་གྲགས་ཆེ་བའི་གཟེངས་རྟགས་འདི་བཞིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གསོལ་སྩལ་གནང་སྐྱོང་སླད་ཆེད་དུ་གདན་ཞུ་ཕུལ་བ་ཡིན་ཞེས་གསུངས་འདུག རྩ་བའི་ཐེངས་འདིའི་ Abdul Kalam Seva Ratna Award ཞེས་པའི་གཟེངས་རྟགས་དེ་ནི་རྒྱ་གར་གྱི་སྲིད་འཛིན་དམ་པ་སྐུ་ཞབས་ཨབྡུལ་ཀལཱམ་མཆོག་གི་མཚན་གནས་རྗེས་དྲན་ཆེད། སྲིད་འཛིན་དམ་པོ་མཆོག་གིས་མ་འོངས་པའི་རྒྱ་གར་འཆར་སྣང་ཞེས་པའི་ལས་འགུལ་ནང། ཤིང་སྣ་འདེབས་འཛུགས་ཀྱི་ལས་འགུལ་དང། འཐུང་ཆུང་སྲུང་སྐྱོབ། སྨྱོ་རྫས་ངན་གོམས་སྔོན་འགོག སྔོན་ལྗངས་ཅན་གྱི་གྲོང་ཁྱེར་དང་གྲོང་གསེབ་སྐྲུན་རྒྱུའི་ལས་འཆར་ཐོག་ཕུལ་བྱུང་གཟེངས་སུ་ཐོན་མཁན་གྱི་མི་སྒེར་པ་དང་ཚོགས་སྐྱིད་ཁག་ལ་ཕུལ་རྒྱུ་ཡིན་པ་རེད་འདུག ད་ལན་གྱི་གཟེངས་རྟགས་དེའི་ཆེད་རྒྱ་གར་ཁྱོན་ཡོངས་ནས་མི་སྒེར་པ་དང་ཚོགས་སྐྱིད་ཁག་འབུམ་ ༡༠ ལྷག་གིས་ཐོ་འགོད་གནང་ཟིན་འདུག་ལ། གོ་སྒྲིག་ཚོགས་ཆུང་ངོས་ནས་གཟེངས་རྟགས་ཀྱི་མཛད་སྟོན་དེ་བཞིན་རིན་མེད་ངང་མང་ཚོགས་ཚང་མ་མགྲོན་འབོད་ཞུས་འདུག་པ་མ་ཟད།  ལྷག་དོན་མཛད་སྒོའི་མདུན་ཕྱོགས་ཀྱི་ཞབས་སྟེགས་ཁག་ལ་རྒྱ་གར་ནང་གི་ཞིང་པ་དང། ཁ་ལོ་བ་དང་དེ་དག་ཕྲུ་གུ་རྣམས་ལ་དམིགས་བསལ་ཟུར་འཇོག་གནང་འདུག   གཞན་ཡང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་འཆི་མེད་རིན་འཛིན་ལགས་ཀྱི་གསུངས་པར། ཟླ་བ་རྗེས་མའི་ཕྱི་ཚེས་ ༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་ཆིབས་བསྒྱུར་མཛད་རྒྱུ་ཡིན་པ་དང། ཕྱི་ཚེས་ ༩ ཉིན་རྒྱ་གར་གྱི་སྲིད་འཛིན་ཞིང་གཤེགས་དམ་པ་སྐུ་ཞབས་ཨབྡུལ་ཀལཱམ་མཆོག་གི་མཚན་གནས་རྗེས་དྲན་ཆེད་གཟེངས་རྟགས་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུ་བཞུགས་གནང་རྒྱུ་དང།  ཕྱི་ཚེས་ ༡༠ ཉིན་ Chennai གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ IIT འཕྲུལ་རིགས་ལྟེ་གནས་ཁང་དུ་ཆིབས་བསྒྱུར་གྱིས་དགེ་ལས་སློབ་གཉེར་བ་ཚོར་བཀའ་སློབ་ལམ་སྟོན་བསྩལ་གནང་མཛད་གྲུབ་རྗེས།  ཕྱི་ཚེས་ ༡༢ དང་ ༡༣ བཅས་སུ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ JNU གཙུག་ལག་སློབ་གྲྭ་ཆེན་མོར་ནང་ཆོས་དང་ཚན་རིགས་ཀྱི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་ཀྱི་ཡོད་པ་རེད་འདུག  ཕྱི་ཚེས་༡༤ ཉིན་རྒྱ་གར་གྱི་ Punjab མངའ་སྡེའི་གྲོང་ཁྱེར་ Phagwara ནང་རྟེན་གཞི་བྱས་པའི་ lovely Professional གཙུག་ལག་སློབ་གྲྭ་ཆེན་མོས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་མགོན་པོ་༸གང་ཉིད་མཆོག་སློབ་གྲྭ་ཆེན་མོའི་བསླབ་པ་མཐར་སོན་གྱི་མཛད་སྒོར་མགྲོན་གཙོར་དབུ་བཞུགས་མཛད་རྒྱུ་དང་འདི་བཞིན་གཙུག་ལག་སློབ་གྲྭ་ཆེན་མོས་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་མཁས་དབང་ཕྱག་འཁྱེར་ཞིག་ཀྱང་འབུལ་བཞེས་བསྐྱང་རྒྱུ་རེད་འདུག

༸གོང་ས་མཆོག་ལ་ཨ་རིའི་ ༢༠༡༥ལོའི་རང་དབང་གཟེངས་རྟགས་ཕུལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་ཆེས་སྙན་པར་གྲགས་པའི་རང་དབང་གཟེངས་རྟགས་ཕུལ་ཡོད་ཀྱང། ༸གང་ཉིད་མཆོག་ཨ་རིའི་ནང་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་སྐབས་སྨན་པ་ཁག་གིས་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ལེགས་གྲུབ་རྗེས་མགོན་པོ་༸གང་ཉིད་ལ་༸སྐུ་ངལ་གསོ་བཞུགས་དགོས་གལ་ཡིན་པའི་ལམ་སྟོན་ཕུལ་བ་ལྟར་གཟེངས་བརྟགས་འབུལ་བཞེས་མཛད་སྟོན་ཐོག་མགོན་པོ་མཆོག་༸སྐུ་དངོས་ཕེབས་ཐུབ་མེད་པ་རེད།      ཁ་སང་ཟླ་ ༡༠ ཕྱི་ཚེས་ ༢༦ ཉིན་ཨ་རིའི་རྒྱལ་ཡོངས་རྩ་ཁྲིམས་ལྟེ་གནས་ཁང་གི་གོ་སྒྲིག་འོག་རང་དབང་གཟེངས་རྟགས་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ Philadelphia གྲོང་ཁྱེར་སྤྱི་ཁྱབ་མཆོག་དང་༸གོང་ས་མཆོག་གི་སྐུ་ཚབ་རྣམ་པ། ལྟེ་གནས་ཁང་གི་ཚོགས་གཙོ་གཙོས། གཞུང་འབྲེལ་གནད་ཡོད་མི་སྣ། དེ་བཞིན་མཛད་སྟོན་ཚོགས་ཁང་ཕྱི་ནང་གཉིས་སུ་མང་ཚོགས་ ༢༥༠༠ ལྷག་འདུ་འཛོམས་ཐོག་༸གང་ཉིད་མཆོག་གི་སྐུ་ཚབ་རྣམ་པར་རང་དབང་གཟེངས་རྟགས་དང་ཨ་སྒོར་ $100,000 བཅས་འབུལ་བཞེས་ཀྱི་མཛད་སྒོ་དབུ་འཛུགས་གནང་ཡོད་པ་རེད།   མཛད་སྟོན་ཐོག་རང་དབང་གཟེངས་རྟགས་བཞེས་པར་༸གོང་ས་མཆོག་གི་སྐུ་ཚབ་ཏུ་བཅར་མཁན་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས་དང། ཨ་རི་ནང་རྟེན་གཞི་བྱས་པའི་སེམས་དང་སྲོག་གི་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་༸སྐུའི་དབྱིན་སྐད་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང། ཚོགས་པའི་དེའི་ཚོགས་གཙོ་སྐུ་ཞབས་ Richard Davidsonལགས། དེ་བཞིན་ Carolyn Jacobsབཅས་ཁོང་རྣམ་པ་བཞི་ནས་༸གོང་ས་མཆོག་ལ་ཨ་རིའི་ཆེས་སྙན་པར་གྲགས་པའི་རང་དབང་གཟེངས་རྟགས་འབུལ་བཞེས་ཐོག་གནད་ཡོད་མི་སྣ་ཁག་གིས་ཆེ་བསྟོད་ཞུས་པའི་བརྙན་ཐུང་གཟིགས་འབུལ་ཞུས་གྲུབ་རྗེས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལན་གྱི་གཟེངས་རྟགས་གོ་སྒྲིག་ཚོགས་ཆུང་གཙོས་པའི་མང་ཚོགས་ལ་བརྙན་འཕྲིན་ཐོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་ཕེབས་ཡོད་པ་རེད།   མགོན་པོ་མཆོག་གིས་དེའི་ནང་གཟེངས་རྟགས་གོ་སྒྲིག་ཚོགས་ལ་ཆུང་ཐུགས་རྗེ་ཆེ་ཞུའི་བཀའ་སྩལ་ཕེབས་པ་མ་ཟད། ལྷག་དོན་དེ་སྔ་༸གང་ཉིད་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་སྐབས་གསུངས་པ་དང་མཚུངས་པར་མགོན་པོ་མཆོག་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན་སྐོར་བཀའ་སྩལ་གནང་པ་དང་ཆབས་ཅིག མགོན་པོ་མཆོག་ལ་གཟེངས་རྟགས་དེ་དག་གིས་༸གང་ཉིད་མཆོག་གིས་ད་བར་འགྲོ་བ་མིའི་བདེ་དོན་ཆེད་ཕྱག་ལས་གནང་པར་ངོས་འཛིན་དང་ཆེ་བསྟོད་ཀྱི་ཚུལ་དུ་ཕུལ་བར་ངོས་འཛིན་གནང་གི་ཡོད་ཅེས་བཀའ་སྩལ་གནང་པ་མ་ཟད།  ༸གོང་ས་མཆོག་གི་མཛད་འཁུར་གཙོ་བོ་གསུམ་གྱི་ཐོག་ལ་བཀའ་སློབ་གཙོ་བོ་སྩལ་གནང་མཛད་ཡོད་པ་རེད།   ད་ལན་གྱི་རང་དབང་གཟེངས་རྟགས་དེའི་ལྷན་ཨ་སྒོར་ $100,000 ཕུལ་བ་དེ་ཨ་རིའི་ནང་རྟེན་གཞི་བྱས་པའི་སེམས་དང་སྲོག་གི་ཚོགས་པས་ཚན་རིག་ལམ་ནས་འགྲོ་བ་མིའི་སེམས་བརྒྱུད་གོང་འཕེལ་དང་བཟང་སྤྱོད་སློབ་གསོའི་ཤེས་ཡོན་ལས་འཆར་ཆེད་གསོལ་སྩལ་གནང་ཡོད་པ་རེད།  རྩ་བའི་རྒྱལ་ཡོང་རྩ་ཁྲིམ་ལྟེ་གནས་ཁང་ནས། ད་ལན་༸གོང་ས་མཆོག་ལ་གཟེངས་རྟགས་དེ་འབུལ་ལམ་ཞུ་དོན་གཙོ་བོ་ནི། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་རྩ་དོན་དང་། དེ་བཞིན་འཛམ་གླིང་སྤྱི་ཡོངས་ལ་འདྲ་མཉམ་དགོས་པ་དང་། འགྲོ་བ་མི་རིགས་ཡོངས་ལ་བདེ་སྐྱིད། ཞི་བདེ། རང་དབང་། འདྲ་མཉམ་སོགས་ཀྱི་ཐོག་རྩོད་ལེན་མཛད་མཁན་ཞིག་ཡིན་པ་མ་ཟད་ཁོང་གིས་ཕྱི་ལོ་ ༡༩༨༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་གནང་མཛད་ཡོད། ཁོང་ནི་འཛམ་གླིང་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐོག་རྩོད་ལེན་མཛད་མཁན་ཞིག་དང་། ལྷག་བསམ་རྣམ་དག་གིས་སྒོ་ནས་རང་དབང། གྲོས་མོལ། དེ་བཞིན་བཟོད་བསྲན་བཅས་ཀྱི་དགོངས་པ་ནན་བརྗོད་ཀྱི་མཛད་རྗེས་ཁག་ད་ལན་གྱི་རང་དབང་གི་གཟེངས་རྟགས་དེའི་གསལ་པོ་མཚོན་གྱི་ཡོད་པར་བརྟེན་ཐེངས་འདིའི་གཟེངས་རྟགས་དེ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཕུལ་པ་ཞིག་ཡིན་འདུག  

Latest news