Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

པཱ་ལི་ཆོས་བརྒྱུད་འཛིན་མཁན་ཚོས་ཚད་གཞུང་ལ་ཐུགས་སྣང་གནང་དགོས་སྐོར་བཀའ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སིང་གྷ་པོར་གྱི་བོད་བརྒྱུད་ནང་པའི་ཆོས་ཚོགས་ Tibetan Buddhist Center གཙོས་པའི་ཚོགས་པ་ཁག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ལེགས་སྦྱར་དང་པཱ་ལའི་གཞུང་ལས་འབྱུང་བའི་བསླབ་པ་གསུམ་གྱི་བརྗོད་གཞིའི་བགྲོ་གླེང་ཉིན་དང་པོའི་དབུ་འབྱེད་མཛད་སྒོར་ཚོགས་མགོན་དུ་དབུ་བཞུགས་ཀྱིས་པཱ་ལི་ཆོས་བརྒྱུད་འཛིན་མཁན་ཚོས་ཚད་གཞུང་ལ་ཐུགས་སྣང་གནང་ཚེ་དགེ་མཚན་ཡོད་སྐོར་བཀའ་སྩལ་སོང་།   དེ་རིང་སྔ་དྲོ་ཕྱག་ཚོད་ ༩༌༣༠ ཐོག་༸གོང་ས་༸སྐྱབས་མགོན་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲྭ་ལམ་ཐད་གཏོང་བརྒྱུད་བོད་བརྒྱུད་ནང་པའི་ཆོས་ཚོགས་དང་ཚོགས་པ་ཁག་ལ་བཀའ་སློབ་ལམ་སྟོན་སྩལ་སྐབས་དུས་རྒྱུན་ཐེག་པ་ཆེ་ཆུང་གཉིས་ཀྱི་བཀའ་མོལ་གནང་གི་ཡོད་སྟབས་དེ་ལྟ་བུའི་ཚིག་སྤྱོད་བྱེད་བཞིན་པ་ནི་མི་འགྲིག་པ་དང་། མགོན་པོ་༸གང་ཉིད་མཆོག་གིས་ལེགས་སྦྱར་དང་པཱ་ལིའི་ཆོས་བརྒྱུད་ཞེས་པའི་ཐོག་ནས་དབྱེ་བ་མཛད་ཀྱི་ཡོད་སྐོར་བཀའ་སྩལ་དང་སྦྲགས། པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་གཉིས་ཀྱི་ནང་འདུལ་བའི་ཉམས་བཞེས་དང་བསླབ་པ་གསུམ་གྱི་ཉམས་ལེན་གཞི་རྩ་ཡིན་པ་དང་། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་བསྟན་སྐབས་སྟོན་ཡུལ་གདུལ་བྱའི་ཉམས་ལེན་གཞི་མར་བཞག་ནས་བཀའ་ཆོས་སྩལ་ཡོད་སྐོར་བཀའ་སྩལ་ཡོད།    མགོན་པོ་༸གང་ཉིད་མཆོག་གིས་བོད་ནང་དུ་ནང་པའི་ཆོས་བརྒྱུད་དར་ཚུལ་ངོ་སྤྲོད་མཛད་པ་དང་འབྲེལ་ནས་བོད་ནང་བོད་ཀྱི་སྔར་བྱོན་མཁས་གྲུབ་ཚོས་ཚད་མ་རིག་པའི་གཞུང་ལ་གལ་ཆེར་ངོས་འཛིན་གྱིས་ ཐུགས་སྣང་ཆེན་པོ་གནང་ཡོད་པ་དང་སྒོས་དེང་རབས་ཚན་རིག་ཡར་རྒྱས་ཆེན་པོ་ཕྱིན་པའི་དུས་སྐབས་འདིར་ལུང་ཁོ་ན་ལ་སྐྱབས་སུ་མཆི་ཞེས་ཕྱིན་ཚེ་ངལ་བ་འཕྲད་ཀྱི་ཡོད་སྟབས་པཱ་ལི་ཆོས་བརྒྱུད་འཛིན་མཁན་ཚོས་ཚད་མའི་གཞུང་ལ་ཏོག་ཙམ་ཐུགས་སྣང་གནང་ན་དགེ་མཚན་ཡོད་སྐོར་ལམ་སྟོན་བཀའ་སྩལ་སོང་། བརྗོད་གཞི་དང་འབྲེལ་ནས་ཚོགས་ཞུགས་པས་བཀའ་འདྲི་དགོངས་སྐོར་ཁག་ཅིག་ཞུས་པའི་ཁྲོད་ཚོགས་ཞུགས་པ་གཅིག་གིས་པཱ་ལི་དང་ལེགས་སྦྱར་གྱི་གཞུང་ནས་བསླབ་པ་གསུམ་གྱི་ཉམས་ལེན་སྐོར་གསུངས་ཁག་སློབ་གྲྭར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཚན་གྱི་ངོ་བོར་སློབ་ཁྲིད་གནང་ཐུབ་མིན་ཐོག་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་ཉམས་ལེན་གྱི་སྙོང་པོ་གང་ཡིན་བསླབ་དགོས་པས་དེ་ནི་གཞན་གནོད་གཞི་བཅས་སྤོང་བ་ཞིག་དགོས་ཀྱི་ཡོད་སྟབས། དེ་དག་དང་མཐུན་པའི་ལེགས་སྦྱར་དང་པཱ་ལི་ཆོས་བརྒྱུད་ནས་བསླབ་བྱ་གང་ལེན་ན་འགྲིག་པ་དང་སློབ་གྲྭར་སློབ་ཁྲིད་ཐུབ་སྐོར་བཀའ་སྩལ་ཡོད།དེ་བཞིན་ནང་པ་ཚད་ལྡན་ཞིག་ཇི་ལྟར་གནང་དགོས་སམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་སྐྱབས་འགྲོའི་ཚིག་ཞལ་འདོན་གནང་བ་ཙམ་མིན་པར་དེ་དག་གི་དོན་ཤེས་དགོས་པ་དང་། དེ་ནང་པའི་ཆོས་ཀྱི་དོན་གང་ཡིན་ཞིབ་རྒྱས་ཤེས་འདོད་ཡོད་ཚེ་དེར་སློབ་གཉེར་ཡང་གཏིང་ཟབ་གནང་དགོས་གལ་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་སྩལ་སོང་།གཞི་རྩའི་དྲ་ཐོག་བརྒྱུད་དེ་རིང་དང་སང་ཉིན་བཅས་ཉིན་གཉིས་ཀྱི་ཚོགས་ཆེན་དེ་སིང་གྷ་པུར་བོད་ཀྱི་ཆོས་ཚོགས་དང་མ་ལེ་ཤ་ཡའི་ཆོས་ཚོགས་གཉིས་ཀྱི་གོ་སྒྲིག་འོག་ཚོགས་སྡེ་ ༡༢ དང་ལྷན་དུ་གོ་སྒྲིག་གནང་བ་ཞིག་ཡིན་ཞིང་། ལྷན་ཚོགས་དེར་རྒྱལ་ཁབ་ ༡༤ ཡི་གསུང་བཤད་གནང་མཁན་ ༣༨ ལྷག་ཡོད་པ་རེད་འདུག

༸གོང་ས་མཆོག་ལ་ཏོག་དབྱིབས་སྔོན་ཁབ་བརྒྱབ་རྒྱུའི་དམིགས་བསལ་མཐུན་རྐྱེན་སྦྱར་རྒྱུ་ཡིན་ཞེས་གསུངས་འདུག

ཧི་མཱ་ཅལ་ཀངྒ་རཱ་ས་གནས་གཞུང་གི་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཏོག་དབྱིབས་གཉན་རིམས་ ༡༩ པའི་སྔོན་ཁབ་བརྒྱབ་རྒྱུ་ཐད་དམིགས་བསལ་མཐུན་རྐྱེན་སྦྱར་རྒྱུ་རེད་འདུགབོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་དབུས་དང་ཀངྒ་རཱ་རྫོང་གི་སྤྱི་ཁྱབ་སྨན་པ་འགན་འཛིན་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་སྐུ་འཁོར་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་བརྒྱབ་གནང་རྒྱུར་དམིགས་བསལ་མཐུན་རྐྱེན་སྦྱར་རྒྱུ་དང་བོད་མི་ཡོངས་ལ་སྔོན་ཁབ་བརྒྱབ་རྒྱུའི་འབོད་སྐུལ་ཞུས་དོན་ལྟར་ཀངྒ་རཱ་རྫོང་དཔོན་སྐུ་ཞབས་ Rakesh Prajapati མཆོག་གིས་སྤྱིར་དམིགས་བསལ་གྱི་ཆོག་མཆན་དགོས་ཀྱི་མེད་ཀྱང་།  ལོ་ན་ ༦༠ ཡན་ཚང་མར་སྔོན་ཁབ་བརྒྱབ་ཀྱི་ཡོད་པ་བཞིན་༸གོང་ས་མཆོག་ལ་དམིགས་བསལ་གྱི་སྔོན་ཁབ་བརྒྱབ་རྒྱུའི་མཐུན་རྐྱེན་སྦྱར་རྒྱུ་ཡིན་ཞེས་གསུངས་འདུག དེ་བཞིན་ཀངྒ་རཱ་རྫོང་གི་སྤྱི་ཁྱབ་སྨན་པ་འགན་འཛིན་སྐུ་ཞབས་ Gurdarshan Gupta ལགས་ཀྱིས་ང་ཚོས་༸གོང་ས་མཆོག་ལ་༸སྐུའི་ཕོ་བྲང་དུ་སྔོན་ཁབ་བརྒྱབ་རྒྱུའི་ཐད་དམིགས་བསལ་མཐུན་རྐྱེན་བསྐྲུན་རྒྱུར་དགོངས་པ་བཞེས་ཀྱི་ཡོད་ཅེས་གསུངས་འདུག གཞི་རྩའི་རྒྱ་གར་ནང་ཏོག་དབྱིབས་སྔོན་ཁབ་ཐོག་མར་སྨན་པ་དང་སྨན་ཞབས་པ།  དེ་བཞིན་མདུན་བསྐྱོད་ཞབས་ཞུ་བ་ལ་བརྒྱབ་ཡོད་པ་དང་། བདུན་ཕྲག་སྔ་མའི་གྲངས་ཐོར་གཞིགས་ན་ད་བར་ཁྱོན་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ནང་མདུན་བསྐྱོད་ཕྱག་ལས་གནང་མཁན་མི་གྲངས་བསྡོམས་ ༤༠༦ ཙམ་ལ་རྒྱ་གར་གཞུང་གི་མཐུན་འགྱུར་འོག་སྔོན་འགོག་སྨན་ཁབ་བརྒྱབ་ཐུབ་པ་བྱུང་ཡོད་པ་རེད། སྔོན་ཁབ་རིམ་པ་གཉིས་པ་དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡  ནས་མི་ལོ་ན་ ༦༠ ཡན་དང་དེ་བཞིན་ལོ་ན་ ༤༥ ཡན་གང་ཞིག་ལ་ཁྲག་ཤེད་དང་གཅིན་སྙི་སོགས་བླ་གཉན་གྱི་ནད་གཞི་ཡོད་པ་ཚོར་བརྒྱབ་རྒྱུ་དབུ་འཛུགས་གནང་ཡོད་པ་རེད།  དེའི་ཁྲོད་ཁ་ས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ལོ་ན་ ༦༠ ཡན་གྱི་དགེ་འདུན་པ་དང་བཙུན་མ་ ༨༢ དང་མན་སྤར་ཕན་བདེ་གླིང་དང་གཞན་ས་ཁུལ་ཁག་གི་ལོ་ན་བགྲེས་པ་ཚོར་ཏོག་དབྱིབས་སྔོན་ཁབ་བརྒྱབ་འདུག

གཞིས་ལུས་བོད་རིགས་ན་གཞོན་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་དམིགས་བསལ་དོ་སྣང་བྱེད་སྐོར་བཀའ་སྩལ་བ།

དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རབ་གནས་ལྕགས་གླང་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐྱེས་རབས་དང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ། སེམས་བསྐྱེད་བཅས་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་བ་དང་སྦྲགས། གཞིས་ལུས་བོད་རིགས་ན་གཞོན་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་དམིགས་བསལ་དོ་སྣང་བྱེད་སྐོར་ལམ་སྟོན་མཛད་སོང་།དེ་རིང་ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༧ སྟེ་ཆོ་འཕྲུལ་དུས་ཆེན་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷརྨ་ས་ལའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་དྲྭ་ལམ་བརྒྱུད་སྐྱེས་རབས་ཀྱི་བཀའ་ཆོས་དབུ་འཛུགས་ཀྱིས་སྔོན་འགྲོའི་བཀའ་སློབ་སྩལ་སྐབས་བོད་མི་རྣམས་བཙན་བྱོལ་ལ་ཡོང་བ་དེ་རྐྱེན་ངན་གྲོགས་ལ་ཤར་བ་ལྟ་བུར་ཆགས་ཡོད་སྐོར་བཀའ་སྩལ་བ་དང་སྦྲགས། ང་ཚོ་བཙན་བྱོལ་ལུང་པའི་ནང་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་སྲུང་སྐྱོབ་གནང་བའི་སྒོ་ནས་དེ་དག་ད་ཆ་འཛམ་གླིང་ཐོག་མཐོང་ཆོས་སུ་གྱུར་ཡོད་པ་དང་ལྷག་དོན་ཆོས་ལུགས་གཞན་དང་དེང་རབས་ཀྱི་ཚན་རིག་པ་ཚོའི་ནང་ལ་དོ་སྣང་གསར་པ་ཞིག་སླེབས་ཡོད་པར་བཀའ་སྩལ་བ་དང་ལྷག་པར་དུ་བོད་གངས་ཅན་ལྗོངས་ཀྱི་ཆོས་རྒྱལ་དང་སློབ་དཔོན་སོགས་ཀྱི་སྐུ་དྲིན་ལ་བརྟེན་ནས་ནང་པ་སངས་རྒྱས་པའི་བསྟན་པ་ཆ་ཚང་བ་འདི་འཛམ་གླིང་གང་དུའང་མེད་པར་བོད་ནང་དར་ཁྱབ་བྱུང་ཡོད་པ་ལུང་འདྲེན་གྱིས་ད་ཆ་ང་ཚོ་ཆབ་སྲིད་ཀྱི་ཐོག་ནས་གནས་སྟངས་སྐྱོ་པོ་ཆགས་ཡོད་ཀྱང་སངས་རྒྱས་པའི་ཆོས་གཏིང་ཟབ་ཡོད་པ་དེའི་རྐྱེན་གྱིས་རྒྱ་གཞུང་གིས་བོད་མི་ཚོར་བཙན་དབང་ཐོག་ཆབ་སྲིད་ཀྱི་སློབ་གསོ་དང་སྡུག་སྦྱོང་མནར་གཅོད་གང་འདྲ་བཏང་དང་གཏོང་མུས་ལ་ལྟོས་མེད་བོད་མིའི་ཆོད་སེམས་ལ་འགྱུར་བ་མེད་སྐོར་བཀའ་སློབ་སྩལ་སོང་།དེ་བཞིན་༸གོང་ས་མཆོག་གིས་དེང་གི་ཆར་བོད་གཞིས་ལུས་རྒྱ་ཆེ་མི་མང་ཚོགས་ཚང་མས་སངས་རྒྱས་ཀྱི་བསྟན་པ་འདི་རྒྱ་ཆེན་པོའི་ཐོག་ནས་མ་ཤེས་ཀྱང་དད་པ་རང་གི་ཐོག་ནས་ཆོས་དད་བརྟན་པོ་ཡོད་པ་འདི་བོད་མི་རིགས་ཀྱི་བླ་སྲོག་ཡིན་པ་དང་། ནང་པའི་ཆོས་འདི་མ་འོངས་པར་རིམ་པས་བོད་རྒྱ་ཧོར་གསུམ་ནང་ཁྱབ་སྤེལ་ཤུགས་ཆེར་འགྲོ་ངེས་ཡིན་སྟབས་ཚང་མ་སེམས་སྐྱིད་པོ་དང་བག་ཕེབས་པོའི་ངང་བཞུགས་དགོས་ཞེས་ལམ་སྟོན་བཀྲིན་ཆེ་བ་སྩལ་ཡོད། ལྷག་དོན་༸གོང་ས་མཆོག་གིས་བོད་ནང་གི་རྒྱ་ཆེ་མི་མང་སྤྱི་དང་སྒོས་བོད་རིགས་གཞོན་སྐྱེས་ཚོར་བོད་ཡིག་ཐོག་དམིགས་དོ་སྣང་གནང་གལ་ཡིན་སྐོར་དང་འབྲེལ། ནང་པ་སངས་རྒྱས་པའི་དཔལ་ནཱ་ལེནྡཱའི་ཆོས་བརྒྱུད་ཀྱི་ལྟ་གྲུབ་ཁག་འགྲེལ་བརྗོད་གནང་ཐུབ་མཁན་བོད་སྐད་ཁོ་ན་ཆགས་ཡོད་པ་དང་དེ་བཞིན་རྒྱ་གཞུང་གིས་བོད་ནང་བོད་ཀྱི་སྐད་ཡིག་འདི་རིམ་པས་རྩ་བརླག་གཏོང་རྒྱུའི་ཐབས་ཤེས་སྣ་མང་བྱེད་བཞིན་པའི་གནས་སྟངས་འོག་འཛམ་གླིང་སྤྱིའི་དོ་སྣང་སླེབས་རྒྱུའི་སངས་རྒྱས་པའི་ལྟ་གྲུབ་འདི་བོད་ཡིག་ཁོ་ནར་ཡོད་པས་དེ་ནི་བོད་མི་རིགས་ཀྱི་སྤོབས་པ་ཡིན་སྟབས་གཞིས་ལུས་བོད་རིགས་ན་གཞོན་རྣམས་ཀྱིས་ངེས་པར་དུ་བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་སློབ་སྦྱོང་བྱེད་རྒྱུ་གལ་ཆེ་ཡིན་པའི་གཞེན་སྐུལ་མཛད་ཡོད། ༸གོང་ས་མཆོག་གིས་ད་དུང་ལོ་ལྟར་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་མཆོག་གིས་མཆུ་ཟླའི་ཡར་ཚེས་གཅིག་ནས་བཅོ་ལྔའི་བར་བདུད་དང་མུ་སྟེགས་ཅན་ལ་སོགས་པ་ཆོ་འཕྲུལ་སྣ་ཚོགས་ཀྱི་སྒོ་ནས་ཚར་བཅད་པའི་དུས་ཆེན་ནམ་ཆོ་འཕྲུལ་དུས་ཆེན་ནམ་ཡིན་ལ་སྟོན་པ་སངས་རྒྱས་ཀྱི་རྣམ་ཐར་དང་འབྲེལ་བའི་སྐྱེས་རབས་ཀྱི་བཀའ་ཆོས་སྩལ་གྱི་ཡོད་པ་ལྟར། དེ་རིང་སྔ་དྲོ་སྔ་ལོར་བསྩལ་བའི་སྐྱེས་རབས་ཀྱི་བཀའ་ཆོས་ལས་འཕྲོ་སྐྱོང་མཛད་རྗེས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་དང་པོའི་བཀའ་ཆོས་དང་། ལ་དྭགས་སེམས་བསྐྱེད་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སེམས་བསྐྱེད་ཀྱི་ཆོས་འབྲེལ་སོགས་བཀའ་དྲིན་སྩལ་སོང་།

༸གོང་ས་མཆོག་གིས་ཆོ་འཕྲུལ་དུས་ཆེན་ཉིན་བཀའ་ཆོས་སྩལ་གཏན་འཁེལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་ ༢༧ སྟེ་ཆོ་འཕྲུལ་དུས་ཆེན་ཉིན་བཀའ་ཆོས་དང་འབྲེལ་སེམས་བསྐྱེད་ཀྱི་ཆོས་འབྲེལ་སྩལ་གནང་མཛད་རྒྱུ་མ་ཟད་ཕྱི་ཟླ་ ༤ ཚེས་ ༧ བར་དྲྭ་རྒྱ་བརྒྱུད་ནས་བཀའ་ཆོས་དང་བཀའ་སློབ་ཀྱི་མཛད་འཆར་ཁག་བཞི་ཙམ་བསྐྱང་བསྐྱང་གཏན་འཁེལ་འདུག ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲྭ་གནས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷརྨ་ས་ལའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་དྲྭ་ལམ་བརྒྱུད་བཀའ་ཆོས་དང་བཀའ་སློབ་ཁག་ཅིག་སྩལ་གཏན་འཁེལ་བའི་གསལ་བསྒྲགས་གནང་གསལ་གཞིགས་ན། མགོན་པོ་༸གང་ཉིད་མཆོག་གིས་ལོ་ལྟར་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་མཆོག་གིས་མཆུ་ཟླའི་ཡར་ཚེས་གཅིག་ནས་བཅོ་ལྔའི་བར་བདུད་དང་མུ་སྟེགས་ཅན་ལ་སོགས་པ་ཆོ་འཕྲུལ་སྣ་ཚོགས་ཀྱི་སྒོ་ནས་ཚར་བཅད་པའི་དུས་ཆེན་ནམ་ཆོ་འཕྲུལ་དུས་ཆེན་ནམ་ཡིན་ལ་སྟོན་པ་སངས་རྒྱས་ཀྱི་རྣམ་ཐར་དང་འབྲེལ་བའི་སྐྱེས་རབས་ཀྱི་བཀའ་ཆོས་སྩལ་གྱི་ཡོད་པ་བཞིན། འདི་ལོར་དུས་ཆེན་ཉིན་༸གོང་ས་མཆོག་གིས་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་བཀའ་ཆོས་བསྡུས་པ་ཞིག་སྩལ་རྒྱུ་དང་ལ་དྭགས་སེམས་བསྐྱེད་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སེམས་བསྐྱེད་ཀྱི་ཆོས་འབྲེལ་ཡང་བཀའ་དྲིན་སྩལ་རྒྱུ་རེད་འདུག མཛད་འཆར་ལྟར་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༣ ཚེས་ ༥ ཉིན་སིང་ག་པོར་གྱི་བོད་བརྒྱུད་ནང་པའི་ཆོས་ཚོགས་གཙོས་པའི་ཚོགས་པ་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་གྱི་ནང་པའི་ལྷག་པའི་བསླབ་པ་གསུམ་གྱི་བརྗོད་གཞིའི་ཐོག་ཉིན་གསུམ་རིང་གི་བགྲོ་གླེང་གནང་རྒྱུའི་དྲྭ་ཐོག་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་ཚོགས་མགོན་དུ་དབུ་བཞུགས་དང་བཀའ་སློབ་བཀའ་དྲིན་སྩལ་རྒྱུ་དང་། ཕྱི་ཟླ་ ༣ ཚེས་ ༡༡ ནས་ཚེས་ ༡༣ བར་ཉིན་གསུམ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་དད་ལྡན་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠༌༣༠ བར་དྲ་ལམ་བརྒྱུད་ནང་ཆོས་དང་ཚན་རིག་སྐོར་ལ་བགློ་གྲེང་དང་ཆོས་འབྲེལ་ཁག་ཅིག་བཀའ་དྲིན་སྩལ་རྒྱུ་རེད་འདུགདེ་ཡང་ཚེས་ ༡༡ ཉིན་མགོན་པོ་༸གང་ཉིད་མཆོག་གིས་སོག་རིགས་གཞོན་སྐྱེས་ཚོར་ནང་ཆོས་དང་ཚན་རིག་གི་སྐོར་བཀའ་སློབ་དང་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་རྒྱུ་དང་། ཚེས་ ༡༢ དང་ ༡༣ ཉིན་གཉིས་རིང་སོག་པོའི་དད་ལྡན་མི་མང་ལ་ནཱ་ལེནྡཱའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དང་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་བཀའ་དྲིན་བསྐྱང་རྒྱུ་ཡིན་པ་རེད། དེ་བཞིན་ཕྱི་ཟླ་ ༤ ཚེས་ ༧ ཨི་ཊ་ལིའི་ནང་པའི་ཚོགས་པ་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཆུ་ཚོད་ ༩ ནས་ ༡༠༌༣༠ བར་བདེན་པ་བཞི་དང་བདེན་པ་གཉིས་ཀྱི་བཀའ་ཆོས་སྩལ་རྒྱུ་དང་བཀའ་འདྲི་དགོངས་སྐོར་ཞུ་ཁག་ལ་བཀའ་ལན་བསྩལ་རྒྱུ་བཅས་ཀྱི་མཛད་འཆར་ཐུགས་གཏན་འཁེལ་འདུག གཞི་རྩའི་དྲྭ་ལམ་ཐད་གཏོང་བརྒྱུད་བཀའ་ཆོས་དང་བཀའ་སློབ་དེ་དག་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་བརྒྱུད་ལམ་བོད་དབྱིན་རྒྱ་སྐད་གཙོས་པའི་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་གནང་གི་ཡོད་པ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པའི་གཞེན་སྐུལ་གནང་འདུག

ཨ་རི་བོད་ཁང་གི་ལོ་འཁོར་དགོས་དངུལ་འདུ་འགོད་ཀྱི་དགོང་ཚོགས་ཐོག་གསུང་འཕྲིན་སྩལ་བ།

ཨ་རིའི་གྲོང་ཁྱེར་ New York ནང་རྟེན་གཞི་བྱས་པའི་ Tibet House US ཞེས་ཨ་རི་བོད་ཁང་གི་ཕྱི་ལོ་ ༢༠༢༡ ལོའི་ལོ་འཁོར་དགོས་དངུལ་འདུ་འགོད་དང་འབྲེལ་བའི་རོལ་དབྱངས་སྤྲོ་སྟོན་གྱི་དགོང་ཚོགས་ཐེངས་ ༣༤ པ་དེ་ཁ་སང་ཨ་རི་ནང་གི་དགོང་དྲོའི་ཆུ་ཚོད་ ༨ ནས་དྲྭ་ཐོག་བརྒྱུད་ཚོགས་ཡོད་པ་རེད།དགོས་དངུལ་འདུ་འགོད་ཀྱི་སྤྲོ་སྟོན་དེ་དང་འབྲེལ་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་པར་བརྒྱུད་དམིགས་བསལ་གསུང་འཕྲིན་ཞིག་སྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་ང་ཚོ་བོད་མི་རྣམས་སྐྱབས་བཅོལ་བ་ཆགས་ནས་ཐོག་མར་རྒྱ་གར་དུ་འབྱོར་སྐབས་ཕྱོགས་གཅིག་ནས་བློ་ཕམ་པོ་བྱུང་ཡང་ཕྱོགས་གཞན་ཞིག་ནས་བོད་མི་ཚོས་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དེ་དག་ཕྱི་ལ་ཁྱབ་སྤེལ་གནང་རྒྱུ་སོགས་ཀྱི་གོ་སྐབས་གསར་པ་ཞིག་ཀྱང་བྱུང་ཡོད་པར་བཀའ་སྩལ་བ་དང་སྦྲགས། སྐབས་དེར་ཐོག་མའི་གྲས་སུ་ཨ་རིའི་མི་སེར་མི་ཉུང་བ་ཞིག་ནས་བོད་ཀྱི་རིག་གཞུང་ཁག་ལ་དོ་སྣང་བྱུང་ཡོད་པ་དང་། དེ་དག་གི་ཁྲོད་ནས་གཅིག་ནི་ཨ་རི་བོད་ཁང་གསར་འཛུགས་གནང་མཁན་སྐུ་ཞབས་ Bob Thurman ལགས་ཡིན་པར་མ་ཟད་ཁོང་གིས་སྐབས་དེར་ཆེད་མངགས་བཞུགས་སྒར་དུ་ཕེབས་ཏེ་བོད་ཀྱི་རིག་གཞུང་ཁག་ལ་བཅོས་མིན་གྱིས་དོ་སྣང་ཆེན་པོ་གནང་ཡོད་སྐོར་དྲན་གསོ་མཛད་འདུག མགོན་པོ་༸གང་ཉིད་མཆོག་གིས་ཨ་རི་བོད་ཁང་ཆེད་འཛུགས་གནང་བ་དེས་བོད་ཀྱི་རིག་གཞུང་ཁག་བོད་པའི་སྤྱི་ཚོགས་ནང་དུ་མི་ཉམས་རྒྱུན་འཛིན་ཐུབ་རྒྱུ་ཙམ་མ་ཟད་ཕྱིའི་རྒྱལ་ཁབ་དང་ཚོགས་པ་ཁག་ལ་བོད་ཀྱི་རིག་གཞུང་དང་ལེགས་བྱང་། ཐུན་མིན་གོམས་སྲོལ། ནང་པའི་གཞུང་ལུགས་ངོ་མ་རྣམས་ཁྱབ་སྤེལ་གྱི་ངོ་སྤྲོད་གནང་རྒྱུ་དང་ལྷག་པར་དུ་དཔལ་ནཱ་ལེནྜཱ་ནས་མཆེད་པའི་རིག་གནས་དེ་དག་རིགས་པས་དཔྱད་པའི་ཐོག་ནས་འགྲོ་རྒྱུ་ཡོད་པ་དེ་དག་ངོ་སྤྲོད་དང་སློབ་སྟོན་གནང་རྒྱུར་ཞབས་འདེགས་ཆེན་པོ་ཞུ་ཐུབ་ཡོད་པ་དང་། དེ་སྔ་བོད་པའི་ཆོས་དེ་བླ་མའི་ཆོས་རེད་ཅེས་བརྗོད་བཞིན་ཡོད་ཀྱང་ད་ཆ་མང་ཚོགས་ཙམ་མིན་པར་རྒྱལ་སྤྱིའི་ཚན་རིག་མཁས་པ་ཚོས་ཀྱང་དམིགས་བསལ་དོ་སྣང་ཆེན་པོ་གནང་ཡུལ་ཞིག་ཏུ་གྱུར་ཡོད་པར་བཀའ་སྩལ་བ་དང་སྦྲགས། སྐུ་ཞབས་ Bob Thurman ལགས་དང་སྐུ་ཟླས་གཙོས་པའི་ཁོང་གཉིས་ལ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་བཀའ་སྩལ་འདུགགཞན་ཡང་གསུང་འཕྲིན་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རི་ནང་བོད་ཀྱི་གཞུང་ཁྱབ་སྤེལ་ངོ་སྤྲོད་སོགས་ཀྱི་ཐད་ལ་ཚེ་འདས་དམ་པ་སོག་པོ་དབང་རྒྱལ་ལགས་དང་སྐུ་ཞབས་ Thurman ལགས་གཉིས་ནས་སྐུ་ལས་ཆེས་ཆེར་བསྐྱོན་པའི་གནད་དོན་ཁག་ཅིག་དྲན་གསོ་མཛད་པ་དང་ཆབས་ཅིག ཐེངས་འདིའི་དགོས་དངུལ་འདུ་འགོད་ཀྱི་རོལ་དབྱངས་སྤྲོ་ཚོགས་བརྒྱུད་འཚམས་འདྲི་བཀྲིས་བདེགས་དང་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་ཡོད། གཞི་རྩའི་ Tibet House US འམ་ཨ་རི་བོད་ཁང་དེ་ནི་ཕྱི་ལོ་ ༡༩༨༧ ལོར་ཨ་རིའི་Columbia གཙུགས་ལག་སློབ་གཉེར་ཁང་གི་སློབ་དཔོན་ Bob Thurman ལགས་དང་སྐུ་ཞབས་ Richard Gere ལགས། དེ་བཞིན་གཞས་ཚིག་རྩོམ་པ་པོ་གྲགས་ཅན་ Philips Glass ལགས་བཅས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེས་ལྟར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་རྣམས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་གནང་ཐབས་སུ་ཆེད་འཛུགས་གནང་བ་ཞིག་ཡིན་པ་དང་། ཨ་རི་བོད་ཁང་ནས་ལོ་ལྟར་དཔལ་འབྱོར་འདུ་འགོད་སོགས་ཀྱི་ལས་གཞི་ཁག་ཅིག་སྤེལ་ཏེ་བོད་ཀྱི་རིག་གཞུང་ཁྱབ་སྤེལ་ངོ་སྤྲོད་གནང་བ་མ་ཟད། ལས་གཞི་དེ་དག་ལས་བྱུང་བའི་དཔལ་འབྱོར་ཁག་བོད་དོན་དང་འབྲེལ་བའི་ཚོགས་པ་ཁག་གི་དཔལ་འབྱོར་གནས་བབས་ལ་རྒྱབ་སྐྱོར་གནང་མུས་ཡིན་པ་རེད།ཁ་སང་དྲ་ཐོག་ནས་ཚོགས་པའི་ཨ་རི་བོད་ཁང་གི་ལོ་འཁོར་དགོས་དངུལ་འདུ་འགོད་དང་འབྲེལ་བའི་རོལ་དབྱངས་སྤྲོ་སྟོན་གྱི་དགོང་ཚོགས་ཐེངས་ ༣༤ ཐོག་རྒྱལ་སྤྱིའི་ཐོག་མཚན་སྙན་ཆེ་བའི་གཞས་པ་དང་གཞས་མ། སྒྱུ་རྩལ་བ་ Iggy Pop ལགས་དང་། Jesse Paris Smith ལགས། Patti Smithལགས། བསྟན་འཛིན་ཆོས་རྒྱལ་ལགས་སོགས་དང་གྲགས་ཆེ་བའི་རོལ་དབྱངས་རུ་ཁག་ Black Pumas སོགས་ཀྱང་མཉམ་ཞུགས་གནང་འདུག

རྒྱལ་ཁབ་སྲུང་སྐྱོབ་ཅེས་བརྗོད་སྐབས་མཐའ་མཚམས་སྲུང་རྒྱུ་ཙམ་མིན་པར་ལོ་ངོ་སྟོང་ཕྲག་ལྷག་གི་གནའ་བོའི་རིག་གནས་སྲུང་རྒྱུ་དེ་རེད།

དེ་རིང་རྒྱ་གར་ཉེན་རྟོག་པའི་དགེ་རྩས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེན་རྟོག་པས་བྱམས་སྙིང་རྗེ་དང་ཉེན་སྲུང་བྱེད་ཚུལ་གྱི་བཀའ་སློབ་ལམ་སྟོན་སྩལ་བ་དང་འབྲེལ་ནས་རྒྱལ་ཁབ་སྲུང་སྐྱོབ་ཞེས་བརྗོད་སྐབས་མཐའ་མཚམས་སྲུང་རྒྱུ་ཙམ་མིན་པར་ལོ་ངོ་སྟོང་ཕྲག་ནས་ཡོད་པའི་གནའ་རབས་རིག་གནས་སྲུང་སྐྱོབ་གནང་རྒྱུ་དེ་རྒྱལ་ཁབ་སྲུང་བ་ཞིག་དང་ལྷག་དོན་རིག་གནས་དེའང་འཛམ་གླིང་སྤྱི་ལ་མཁོ་བ་ཞིག་ཡིན་པར་བཀའ་སྩལ་སོང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་མཆོག་གི་༸སྐུ་ཚེ་ཧྲིལ་པོ་ཉེན་རྟོག་པ་དང་ལྷན་དུ་འབྲེལ་བ་གཟབ་མོ་བྱུང་ཡོད་སྐོར་ངོ་སྤྲོད་གནང་བ་དང་འབྲེལ། བོད་ནང་ལོ་ངོ་དགུའི་རིང་ལ་རྒྱའི་ཉེན་རྟོག་པས་སྲུང་སྐྱོབ་དང་དེ་ནས་ ༡༩༥༩ དང་ ༡༩༦༠ ནས་བཟུང་ལོ་ངོ་ ༦༠ ལྷག་གི་རིང་ལ་རྒྱ་གར་གྱི་ཉེན་རྟོག་པས་སྐོར་སྲུང་གནང་བའི་ཁྲོད་རྒྱ་ནག་དམར་ཤོག་ཚོགས་པའི་ཉེན་རྟོག་པས་མགོན་པོ་མཆོག་ལ་སྲུང་སྐྱོབ་ཞུ་རྒྱུའི་འགན་དང་ལས་འགན་གཞན་ཞིག་ནི་གསོ་མྱུལ་བྱ་རྒྱུ་དེ་ཡིན་པ་དང་། རྒྱ་གར་གྱི་ཉེན་རྟོག་པ་ཚོའི་ངོས་ནས་ལྷག་བསམ་རྣམ་དག་གིས་༸གང་ཉིད་མཆོག་ལ་སྲུང་སྐྱོབ་ཀྱི་ཞབས་ཞུའི་ཕྱག་ལས་གནང་གི་ཡོད་སྟབས། རྒྱ་གར་ཉེན་རྟོག་པ་དང་མཇལ་མོལ་བྱུང་སྐབས་དངངས་སྐྲག་ཡོང་གི་མེད་པ་དང་ཉིན་ལྟར་མཇལ་མོལ་ནམ་བྱུང་ལ་འཚམས་འདྲི་མཛད་ཀྱི་ཡོདཔར་་བཀའ་སྩལ་སོང་།མགོན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གྲུབ་མཚམས་སུ་རྒྱ་གར་ཉེན་རྟོག་པ་ཁག་ཅིག་ལ་བཀའ་འདྲི་དགོངས་སྐོར་ཞུ་རྒྱུའི་གོ་སྐབས་བཀའ་དྲིན་ཆེ་བར་སྩལ་སྐབས་ཅན་དྷི་གྷར་ནས་ཡིན་པའི་ཉེན་རྟོག་པ་ཞིག་གིས་ཉེན་རྟོག་པའི་ཁྲིམས་སྒྲིག་ནང་ཉེན་རྟོག་པས་བྱམས་སྙིང་རྗེའི་རྣམ་འགྱུར་བསྟན་ཚེ་མི་དེ་མགོ་སླ་བོ་དང་ཞན་ཆའི་ལྟ་གྲུབ་ཅན་ཞིག་ལ་་ངོས་འཛིན་གནང་སྲོལ་ཡོད་སྟབས། བསམ་བློ་དེ་དོར་ཐབས་ཀྱི་ལམ་སྟོན་གསོལ་འདེབས་ཞུས་སྐབས་མགོན་པོ་མཆོག་གིས་དྲག་རྩུབ་བྱ་རྒྱུའི་ཐབས་ཤེས་དེ་བཟང་ངན་གང་འདྲ་ཞིག་ཡིན་མིན་ནི་ཀུན་སློང་ལ་རག་ལས་པ་ཞིག་ཡིན་པ་དང་། གཞན་ཕན་གྱི་ལྟ་གྲུབ་ཡོད་པའི་སྒོ་ནས་ཐབས་ཤེས་དེ་ཅུང་དྲག་རྩུབ་ཅན་ཞིག་བྱུང་ཡང་སྐྱོན་ཆ་མ་རེད་ཅེས་བཀའ་སྩལ་སོང་། Captain Ragu ཡིས་ཉེན་རྟོག་པར་ལུས་ཀྱི་འཕྲོད་བསྟེན་དང་ནང་མིར་ལྟ་རྟོག་གི་དཀའ་ངལ་གཅིག་དང་ཆབ་སྲིད་པས་གནོན་ཤུགས་ཀྱི་དཀའ་ངལ། དེ་བཞིན་ཉེན་རྟོག་པའི་ལས་དོན་ལ་གཞན་གྱི་བསྔགས་བརྗོད་མེད་པའི་དཀའ་ངལ་མང་དག་ཅིག་ཡོད་སྟབས། དཀའ་ངལ་དེ་དག་གི་ཁྲོད་ནས་སོ་སོའི་ལས་དོན་ལ་བྱམས་སྙིང་རྗེ་དང་དགའ་སྤྲོའི་ངང་ནས་ཇི་ལྟར་གནང་དགོས་སམ་ཞེས་ལམ་སྟོན་་གསོལ་འདེབས་ཞུས་པར་མགོན་པོ་མཆོག་གིས་སྤྱི་ཚོགས་གང་འདྲ་ཞིག་གི་ནང་དུ་ལས་དོན་གང་ཞིག་གཉེར་ཡང་མི་མང་སྤྱོད་པ་ངན་པ་འགའ་དང་འཕྲད་ཀྱི་ཡོད་སྟབས། དེར་གདོང་ལེན་གནང་རྒྱུའི་ཆེད་དུ་དྲག་རྩུབ་ཀྱི་རྣམ་པ་བསྟན་དགོས་པ་ཆགས་ཀྱི་ཡོད་པ་དང་ལྷག་པར་དུ་རྒྱ་གར་གྱི་ཉེན་རྟོག་པས་རྒྱ་གར་གྱི་མང་གཙོ་དང་རང་དབང་སྲུང་སྐྱོབ་གནང་གི་ཡོད་སྟབས་དམིགས་ཡུལ་བཟང་པོ་ཞིག་གི་ཐོག་ནས་དྲག་རྩུབ་བྱས་པ་དེ་སྐྱོན་གང་ཡང་མིན་པ་དང་ཉེན་རྟོག་པ་ཚོས་རྒྱ་ཆེ་ས་ནས་དགོངས་པ་བཞེཟ་དགོས་པར་བཀའ་སྩལ་ཡོད།  མགོན་པོ་མཆོག་གིས་དེ་རིང་གི་བཀའ་སློབ་མཇུག་སྒྲིལ་མ་མཛད་གོང་དུ་རྒྱ་གར་གྱི་ཉེན་རྟོག་པས་ཉིན་མཚན་དུས་དྲུག་ཏུ་མགོན་པོ་མཆོག་ལ་སྲུང་སྐྱོབ་གནང་ནས་གཟིགས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་བ་དང་འབྲེལ། རྒྱ་གར་གྱི་ཉེན་རྟོག་པ་ནི་ཞི་བདེ་བག་ཕེབས་དང་ལྷག་པར་དུ་ཞི་བདེ་སྲུང་སྐྱོབ་གནང་མཁན་གྱི་ཉེན་རྟོག་པ་ཞིག་ཆགས་ཀྱི་ཡོད་པ་རེད་ཅེས་བཀའ་སྩལ་སོང་། གཞི་རྩའི་༸གོང་ས་མཆོག་གིས་དེ་རིང་གི་དྲྭ་ཐོག་བརྒྱུད་བཀའ་སློབ་ལམ་སྟོན་གྱི་མཛད་འཕྲིན་བསྐྱངས་པ་འདི་ནི་བོད་གནམ་ལོ་གསར་དུ་བཞད་པའི་རྗེས་ཀྱི་མཛད་འཆར་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

ཨུཏྟརཱ་ཁནྜ་མང་ཚོགས་ལ་ཐུགས་གསོ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཕྱོགས་ Uttarakhand མངའ་སྡེའི་ Chamoli ཁུལ་དུ་འཁྱག་རོམ་གས་འཐོར་རྐྱེན་གྱིས་ ཆུ་རུད་ཚབས་ཆེ་བྱུང་ནས་མི་རྒྱུ་གཉིས་ཀར་དོ་ཕོག་ཚབས་ཆེན་བྱུང་བར་ཐུགས་ཕམ་དང་བཅས་ཐུགས་གསོའི་གསུང་འཕྲིན་སྩལ་བ་དང་འབྲེལ་ཏེ་མངའ་སྡེའི་གཞུང་མང་གཉིས་ལ་གདུང་སེམས་མཉམ་བསྐྱེད་དང་མང་ཚོགས་ཀྱི་ངལ་སེལ་རོགས་རམ་ལ་ཏཱ་ལའི་བླ་མའི་ཡིད་ཆེས་དགེ་རྩ་བརྒྱུད་མ་དངུལ་གསོལ་བསྩལ་མཛད་རྒྱུ་ཡིན་པ་བཀའ་བསྩལ་འདུག༸གོང་ས་མཆོག་གིས་དེ་རིང་མངའ་སྡེའི་བློན་ཆེན་སྐུ་ཞབས་ Trivendra Singh Rawat མཆོག་གི་མཚན་ཐོག་ཏུ་གསུང་འཕྲིན་ཞིག་སྩལ་བར་ད་རེས་  Chamoli ཁུལ་དུ་དོན་རྐྱེན་དེ་འདྲ་ཞིག་བྱུང་ནས་མང་ཚོགས་ཁག་གཅིག་གི་ཚེ་སྲོག་ཤོར་བར་མ་ཟད། ལ་ལ་གར་སོང་ཆ་མེད་དུ་གྱུར་བའི་ཡ་ང་བའི་གནས་སྟངས་ཐད་མགོན་པོ་༸གང་ཉིད་མཆོག་ཐུགས་ཕམ་ཆེན་པོ་བྱུང་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ། འདས་གྲོངས་སུ་གྱུར་བ་རྣམས་ཀྱིས་གཙོས་པའི་གར་སོང་ཆ་མེད་དུ་གྱུར་བ་ཚོའི་སྲུང་སྐྱོབ་དང་བདེ་དོན་སླད་ཐུགས་སྨོན་མཛད་བཞིན་ཡོད་པར་བཀའ་སྩལ་འདུགརྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་གཉིས་ཀྱིས་ད་ལྟའི་ཆར་ས་གནས་སུ་ངལ་སེལ་རོགས་སྐྱོར་གྱི་ལས་གཞི་རླབས་ཆེན་སྤེལ་བཞིན་པར་ཡི་རང་ཆེ་བསྟོད་མཛད་པ་དང་འབྲེལ་ཨུཏྟརཱ་ཁནྜ་མངའ་སྡེའི་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་ཡིད་ཆེས་དགེ་རྩ་ནས་མ་དངུལ་གསོལ་སྩལ་མཛད་རྒྱུ་ཡིན་པར་བཀའ་སྩལ་འདུགགཞི་རྩའི་རེས་གཟའ་ཉི་མའི་ཉིན་བྱུང་བའི་དོན་རྐྱེན་དེའི་ཁྲོད་ Chamoli རྫོང་གྱི་ཧི་མཱ་ལ་ཡའི་འཁྱག་རོམ་གློ་བུར་དུ་གས་འཐོར་བྱུང་བའི་རྐྱེན་གྱིས་ Rishiganga ཞེས་པའི་ཆུ་མཛོད་གས་འཐོར་གྱིས་ Dhauliganga ཆུ་རྒྱུན་ཁྲོད་ཆུ་རུད་ཚབས་ཆེ་བྱུང་སྟེ་མི་ ༣༠ ཙམ་རྐྱེན་འདས་སུ་གྱུར་བ་དང་མི་ ༢༠༠ ལྷག་ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། ཆུ་རུད་རྐྱེན་གྱིས་གཤམ་འོག་ཟམ་པ་དང་གཞུང་ལམ་རྣམས་ལ་གཏོར་སྐྱོབ་ཐེབས་ནས་གྲོང་གསེབ་མང་དག་ཅིག་ལ་འགྲོ་འོང་གནང་དཀའ་བར་གྱུར་བ་མ་ཟད། Tapovan ཞེས་པའི་ཕུགས་ལམ་འགག་ནས་དེའི་ནང་ལས་མི་ ༣༠ ཙམ་ལུས་ཡོད་སྟབས་ད་ཆ་ཁོང་རྣམས་མྱུར་སྐྱོབ་ཀྱི་ལས་གཞི་སྤེལ་མུས་ཡིན་པ་རེད།

གཞིས་བྱེས་བོད་མི་ཡོངས་ལ་བོད་ཀྱི་གནམ་ལོ་གསར་བཞད་ལ་འཚམས་འདྲི་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གཞིས་བྱེས་གཉིས་སུ་བཞུགས་པའི་བོད་མི་ཡོངས་ལ་བོད་ཀྱི་གནམ་ལོ་གསར་བཞད་ལ་དགའ་བསུའི་འཚམས་འདྲི་བཀའ་དྲིན་ཆེ་བ་སྩལ་སོང་།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཟླ་ ༢ ཚེས་ ༨ ཉིན་གྱི་སྔ་དྲོར་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲྭ་ལམ་ཐོག་བརྒྱུད་བླ་མ་བཟོད་པ་རིན་པོ་ཆེ་དང་ཁོང་གི་ཆོས་ཚོགས་ཐེག་ཆེན་འཛིན་སྐྱོང་ཚོགས་པ་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་ལྟ་མགུར་ཨ་མ་ངོས་འཛིན་གྱི་བཀའ་ཆོས་སྩལ་བ་དང་སྦྲགས། བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་གླང་ལོའི་བོད་ཀྱི་གནམ་ལོ་གསར་དུ་བཞད་ལ་ཉེ་བ་དང་བསྟུན་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ཀྱིས་གཙོས་པའི་སོག་པོ་དང་ཧི་མཱ་ལ་ཡའི་རི་རྒྱུད་བཅས་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་མཁན་ཀུན་ལ་དགའ་བསུའི་འཚམས་འདྲི་སྩལ་བ་དང་། ལོ་གསར་ཞེས་པ་ནི་དུས་ཡུན་རྙིང་པ་རྫོགས་ཏེ་དུས་གསར་པ་འཚེར་གྱི་ཡོད་སྟབས་འདས་ལོར་དགེ་སེམས་དང་འབྲེལ་བའི་ཐོས་བསམ་སྒོམ་གསུམ་གང་འདྲ་གནང་ཡོད་མེད་ཐོག་ཕྱིར་མིག་བལྟ་རྒྱུ་དང་ལོ་གསར་པའི་ནང་ལ་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་གཙོས་དཔལ་ལྡནརྩ་རྒྱུད་ཀྱི་བླ་མ་གོང་མ་རྣམ་པའི་ཐུགས་དགོངས་རྫོགས་པ་ཞིག་གནང་རྒྱུར་འདུན་ཤུགས་དྲག་བསྐྱེད་དགོས་གལ་ཡིན་པའི་ལམ་སྟོན་མཛད་སོང་།༸གོང་ས་མཆོག་གིས་གཞིས་ལུས་རྒྱ་ཆེ་མང་ཚོགས་ཚོར་འཕགས་པ་སྤྱན་རས་གཟིགས་ཞེས་རྩེ་གཅིག་པའི་དད་པ་དང་མོས་པ་ཤུགས་ཆེན་པོ་ཡོད་སྐོར་བཀའ་སྩལ་བ་དང་སྦྲགས། དགོངས་པ་དེ་ལྟར་བཞེས་པར་བརྟེན་སེམས་ལ་ཞི་བདེ་བག་ཕེབས་ཤིག་ཡོང་ཐུབ་ཀྱི་ཡོད་སྟབས་གཞིས་ལུས་རྒྱ་ཆེ་མང་ཚོགས་རྣམས་ལ་བོད་ཀྱི་གནམ་ལོ་གསར་བཞད་ལ་དགའ་བསུའི་འཚམ་འདྲི་སྩལ་བ་དང་ཆབས་ཅིག བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་འདི་ནི་རིགས་པའི་ལམ་གྱི་ཐོག་ནས་ནང་པ་སངས་རྒྱས་པའི་གཞི་ལམ་འབྲས་གསུམ་ཡང་དག་པར་འགྲེལ་བརྗོད་བྱེད་ཐུབ་མཁན་ཞིག་དང་། ལྷག་དོན་གཟབ་ཅིང་རླིང་བའི་ཆོས་དེ་དག་ཚང་ཞིང་མ་ནོར་བར་འགྲེལ་བརྗོད་ཐུབ་པའི་སྐད་ཡིག་གཅིག་ཁོ་ན་ཡོད་པ་ནི་བོད་ཀྱི་སྐད་ཡིག་ཆགས་སྟབས་དེར་དོ་སྣང་རྒྱ་གང་ཆེ་གནང་དགོས་པ་དང་། ད་ཆ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་བཅས་པ་རྒྱལ་སྤྱིའི་སྟེང་ངོམས་སུ་ཆོག་པ་དང་ཚང་མས་དོ་སྣང་བྱ་ཡུལ་ཞིག་ཏུ་འགྱུར་བཞིན་པ་དེ་གཙོ་བོ་གཞིས་ལུས་རྒྱ་ཆེ་མང་ཚགས་ཀྱི་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པར་གཅེས་འཛིན་གནང་བར་བརྟེན་ནས་ཡོང་བ་ཞིག་ཆགས་སྟབས་ཡི་རང་བསྔགས་བརྗོད་དང་། དེ་བཞིན་བྱེས་སུ་སློབ་གྲྭ་དང་བཤད་གྲྭ་ཁག་ཆེས་ཐོག་མར་གསར་འཛུགས་མཛད་ཡོད་སྐྱོར་ངོ་སྤྲོད་མཛད་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྟ་མགུར་ཨ་མ་ངོས་འཛིན་གྱི་བཀའ་ཆོས་སྩལ་གྲུབ་རྗེས་ད་དུང་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་སྩལ་བ་དང་འབྲེལ་ནས་བྱེས་འཁོད་བོད་མི་རྣམས་ཀྱིས་གཙོས་པའི་བོད་ཀྱི་ཆོས་གྲོགས་རྣམ་པ་དང་ལྷག་དོན་གཞིས་སུ་རྒྱ་ཆེ་མང་ཚོགས་ཚོ་རང་དབང་བྲལ་ནས་བཞུགས་ཡོད་ཀྱང་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པར་དད་པ་དང་ཡིད་ཆེས་ཐོག་མུ་མཐུད་བཞུགས་ཡོད་པ་ལ་གནམ་ལོ་གསར་བཞད་ཀྱི་ལེགས་སྐྱེས་ཚུལ་དུ་དེ་ལྟར་སྩལ་བ་ཞིག་ཡིན་པར་བཀའ་སྩལ་བ་དང་ལྷན་ཅིག མགོན་པོ་༸གང་ཉིད་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་༸སྐུ་བཞུགས་མཛད་བཞིན་ཡོད་ཀྱང་བོད་ལ་བཞུགས་པ་ལས་རྒྱ་གར་དུ་བཞུགས་པ་འདིས་འགྲོ་བ་མིར་ཕན་ཐོགས་ཆེ་བའི་མཛད་པ་འཕྲིན་ལས་བསྐྱངས་ཐུབ་ཡོད་ཅེས་བཀའ་སྩལ་ཏེ་གཞིས་ལུས་རྒྱ་ཆེ་མང་ཚོགས་ཚོ་བློ་བདེ་པོ་བྱོས་ཤིག་ཞེས་ཐུགས་དགྱེས་ཚོར་ཆེན་པོས་བཀའ་སྩལ་ཡོད།དེ་རིང་བཀའ་ཆོས་གསོལ་འདེབས་ཞུ་མཁན་བླ་མ་བཟོད་པ་རིན་པོ་ཆེ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ནས་ ལྟ་མགུར་ཨ་མ་ངོས་འཛིན་གྱི་བཀའ་ཆོས་དང་བཀའ་འདྲིར་བཀའ་ལན་གྱི་མཛད་འཕྲིན་བསྐྱངས་གྲུབ་རྗེས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཐུགས་བརྩེ་ཆེན་པོས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་པར་ཐུགས་རྗེ་ཆེ་ཞེས་དང་སྐྱེ་འགྲོ་ཡོངས་ཀྱི་བདེ་ཐབས་སླད་དུ་༸སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་ཤུགས་དྲག་གིས་ཞུས་སོང་བ་དང་། སྐབས་དེར་༸གོང་ས་མཆོག་གིས་བླ་མ་བཟོད་པ་རིན་པོ་ཆེ་མཆོག་དང་ཁོང་གི་དགེ་རྒན་ཐུབ་བསྟན་ཡེ་ཤེས་རྣམ་གཉིས་ཀྱི་འཛམ་གླིང་ས་ཕྱོགས་གང་སར་ཆོས་ཚོགས་ཆེད་འཛུགས་ཀྱིས་འགྲོ་བ་མིར་གང་ཕན་ཕྱག་ལས་ཧུར་བརྩོན་གནང་བར་ཡི་རང་མཛད་པ་དང་སྦྲགས།ད་ཆ་རིན་པོ་ཆེའི་དགེ་རྒན་སྐུ་འཚོ་བཞུགས་མེད་ཀྱང་མུ་མཐུད་ནས་སྐྱེ་འགྲོ་སྤྱིར་སྨན་པའི་ཕྱག་ལས་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་དང་སླད་མར་ཐུགས་བསྐྱེད་ཆེ་བཞེས་གནང་དགོས་པའི་གཞེན་སྐུལ་མཛད་ཡོད་པ་རེད།གཞི་རྩའི་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་ལྟ་མགུར་ཨ་མ་ངོས་འཛིན་གྱི་བཀའ་ཆོས་སྩལ་བ་དང་སྦྲགས། ཆོས་ཚོགས་དེའི་ངོས་ནས་གོ་སྒྲིག་ཞུས་པའི་དྲྭ་ཐོག་ལྷན་ཞུགས་གནང་མཁན་ཁོངས་ནས་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་མཛད་ཡོད།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་བོད་དོན་ལ་རྒྱབ་སྐྱོར་ཡོད་པར་གསུངས་འདུག

ཨ་རིའི་སྲིད་འཛིན་བྷེ་ཊན་གྱི་གཞུང་འཛིན་གསར་བའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཨ་རིའི་ངོས་ནས་བོད་དོན་ལ་ཤུགས་སྣོན་སྐྱོན་རྒྱུ་ཡིན་པའི་ཁས་ལེན་གནང་འདུག

Latest news