Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

བཞུགས་སྒར་དུ་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་ ༣༠ འཁོར་བའི་གཞུང་འབྲེལ་དུས་དྲན་མཛད་སྒོ་ཚོགས་གནང་སོང་།

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་ ༣༠ འཁོར་བའི་དུས་དྲན་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོའི་དུས་དྲན་ཐེངས་ ༧༡ དང་བསྟུན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཞོགས་པ་ཕྱག་ཚོད་ ༡༠ པའི་ཐོག་གཞུང་འབྲེལ་དུས་དྲན་མཛད་སྒོ་ཚོགས་གནང་སོང་། དེ་ཡང་ད་རེས་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དེ་བཞིན་མཛད་སྒོའི་སྐུ་མགྲོན་གཙོ་བོ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་སྐུ་ཞབས་རྒྱལ་པི་དབང་རྒྱལ་ལགས་གཙོས། འཐུས་ཚབ་མི་སྣ་དང་། རྡ་ས་ས་གནས་མི་མང་དང་། ཕྱི་མི་སོགས་མཉམ་འཛོམས་ཀྱིས་དགའ་དད་སྤྲོ་གསུམ་སྒོ་ནས་༸གོང་ས་མཆོག་གིས་འཛམ་བུ་གླིང་སྤྱི་ལ་སྨན་པའི་མཛད་རྗེས་བཀའ་དྲིན་རྗེས་དྲན་ཞུས་གནང་སོང་། སྐབས་དེར་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་བུ་གླིང་ཞི་བདེ་ཁོར་ཡུག་ཞིག་བསྐྲུན་ཆེད་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་ཁོར་ཡུག་གི་གནད་དོན། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་དང་། བོད་མིའི་བདེན་དོན་འཐབ་རྩོད་འཚེ་མེད་ཞི་བའི་ལམ་དུ་འཁྲིད་གནང་མཛད་པས་ཞབས་འདེགས་བླ་ན་མེད་པར་གྲུབ་པའི་མཛད་རྗེས་ལ་བརྟེན་ནས་ཕྱི་ལོ་ ༡༩༨༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད་པ་ལུང་འདྲེན་གྱིས། ༸གང་ཉིད་མཆོག་གིས་བོད་ཙམ་མ་ཟད། འཛམ་བུ་གླིང་སྤྱི་ཡོངས་ལ་སྨན་པའི་མཛད་འགན་བླ་མེད་བསྐྱངས་བའི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ཕྱི་ལོ་ ༢༠༢༠ ལོ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་པ་གསུངས་སོང་། དེ་བཞིན་སྲིད་སྐྱོང་མཆོག་གིས་དེ་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་ངོ་ ༧༡ འཁོར་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན་ཡང་། བོད་གཙོས་པའི་འཛམ་གླིང་གི་ཡུལ་གྲུ་མང་པོའི་ནང་དབང་འཛིན་པ་ཚོས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་འོག་གནས་མུས་ཡིན་པ་གསུངས་སོང་། དེའི་ཁྲོད་བོད་ཀྱི་གནས་སྟངས་མཚོན་པ་ཡིན་ན། བོད་མི་ངོས་ནས་ལོ་བསྟུད་མར་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་རྣམ་པ་འདྲ་མིན་སྒོ་ནས་ཞི་རྒོལ་གནང་བ་དང་ཆབས་ཅིག་ཏུ། ཕྱི་ལོ་ ༢༠༠༩ ནས་འདི་ལོའི་ཟླ་བ་ ༡༡ ཚེས་ ༢༦ བར་བོད་མི་ ༡༥༤ ཡིས་རང་ལུས་མེར་སྲེག་བཏང་གནང་ཡོད་སྐོར་དང་། མ་ཟད། རྒྱ་གཞུང་ནས་བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཚད་མེད་བྱེད་བཞིན་ཡོད་སྟབས། རྒྱ་གཞུང་ནས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ནང་མི་ལྷན་རྒྱས། དེ་བཞིན་བྱ་བྲལ་རིན་པོ་ཆེ་མཆོག་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏང་དགོས་པའི་འབོད་སྐུལ་ཞུས་གནང་སོང་། དེ་བཞིན་སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། ༸གོང་ས་མཆོག་གི་ཀུན་ཁྱབ་འགན་འཁུར་གྱི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་དང་སྐྱོང་བཞིན་པར་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་༸གང་ཉིད་མཆོག་གི་མཛད་འཕྲིན་ལ་ཆེ་བསྟོད་ཞུས་བ་མ་ཟད། དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན་པ་དང་འབྲེལ། ཚོགས་གཙོ་མཆོག་གིས། འདས་པའི་མི་ལོ་ ༦༠ ནང་རྒྱ་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་གཏོར་གཏོང་རྒྱུར་དམིགས་ནས་བོད་མིར་དྲག་གནོན་དང་། དེ་བཞིན་རྒྱལ་སྤྱིའི་ཐོག་བོད་དོན་འཁྱོག་བཤད་དང་། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཀྱི་སྲིད་བྱུས་ཟེར་བ་སོགས་གཏན་འབེབས་བྱས་པ་དང་། ལྷག་པར་དུ་གྲྭ་བཙུན་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་སྟངས་འཛིན་བྱེད་བཞིན་པ་སོགས་ལུང་འདྲེན་གྱིས། རྒྱ་གཞུང་གིས་རྒྱུན་མི་ཆད་པའི་ཇུས་ངན་གྱི་སྲིད་བྱུས་སྤེལ་བ་དག་མཚམས་འཇོག་དགོས་པ་གསུངས་སོང་། ཕྱོགས་མཚུངས་ཚོགས་གཙོ་མཆོག་གིས། བོད་ནང་ཆེས་ཛ་དྲག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ལ་སོགས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ངོས་ནས་བོད་ནང་གི་གནས་སྟངས་རྟོག་ཞིབ་ནན་པོ་གནང་སྟེ་རྒྱ་གཞུང་གི་བྱ་སྤྱོད་ངན་པ་དག་མཚམས་འཇོག་དང་། རྒྱ་ནག་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལ་ཧ་ཅང་བརྩི་མཐོང་ཆེ་བའི་ཡར་ཐོན་ཅན་གྱི་རྒྱལ་ཁབ་གཞན་དང་མཚུངས་པ་ཞིག་ཡོང་ཕྱིར་མཉམ་ཁྲིད་གནང་དགོས་པའི་འབོད་སྐུལ་ཞུས་གནང་སོང་། ད་རེས་མཛད་སྒོའི་སྐུ་མགྲོན་སྐུ་ཞབས་རྒྱལ་པི་དབང་རྒྱལ་ལགས་ཀྱིས། ༸གོང་ས་མཆོག་གིས་བོད་མི་ཙམ་མ་ཟད། རྒྱལ་སྤྱིའི་ཁྱོན་ཡོངས་ལ་བྱམས་བརྩེའི་སྒོ་ནས་བསྐྱངས་པའི་རླབས་ཆེན་གྱི་མཛད་རྗེས་ལ་ཡིད་རངས་དང་སྦྲགས། ༸གང་ཉིད་མཆོག་གིས་གདུལ་བྱ་སྐྱེ་འགྲོ་ཡོངས་ལ་བདེ་སྐྱིད་དང་ཞི་བདེ་ལྷད་མེད་བསྩལ་ཡོད་སྐོར་དང་། ལྷག་པར་དུ་དེའི་ཁྲོད་ལ་དྭགས་མང་ཚོགས་ནས་ཀྱང་༸གོང་ས་མཆོག་གི་བཀའ་སློབ་དང་ཆོས་འབྲེལ་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་སྐོར་གསུངས་སོང་། ཁོང་གིས་ད་དུང་། ལ་དྭགས་མི་སེར་དང་བོད་མིའི་འབྲེལ་བའི་སྐོར་དང་འབྲེལ། ལ་དྭགས་ད་ཆ་རྒྱ་གར་དབུས་འཛིན་སྐྱོང་མངའ་ཁུལ་དུ་གྱུར་ཡོད་སྟབས། ང་ཚོའི་ངོས་ནས་བོད་མིའི་མངོན་འདོད་དང་ལ་དྭགས་ནང་གནས་བཞུགས་བོད་མིའི་བདེ་འཇགས་ཐད་གཟིགས་སྐྱོང་ལེགས་པོ་གནང་རྒྱུ་ཡིན་སྐོར་གསུངས་སོང་། གཞི་རྩའི་དེ་རིང་གི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྐུ་ཞབས་རྒྱལ་པི་དབང་རྒྱལ་ལགས་ནས་སྲིད་སྐྱོང་མཆོག་ལ་མཛའ་བརྩེའི་ཕྱག་རྟགས་ཕུལ་སོང་།  ད་རེས་ཀྱི་ཉིན་མོ་དེ་དང་བསྟུན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་ནས་དཔའ་བོ་དཔའ་མོའི་རྡོ་རིང་གི་ཉེ་འདབས་སུ་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་དེ་རིང་ནས་འགོ་བཙུགས་ཀྱིས་གཟའ་འཁོར་གཅིག་བར། འདས་པའི་མི་ལོ་ ༦༠ འི་ནང་བོད་ཕྱི་ནང་གཉིས་ནང་འཚེ་མེད་ཞི་བའི་ལས་འགུལ་སྤེལ་བའི་ཁྲོད་ལོ་ ༦༠ འི་མཚོན་དོན་ཆེད་པར་རིས་འགྲེམས་སྟོན་ཞིག་གོ་སྒྲིག་གནང་སོང་།

༸གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་སུ་མཛད་འཆར་ཁག་གཅིག་གི་སླད་ཆིབས་ཐོན་མཛད་སོང་།

དེ་རིང་ཕྱི་ཚེས་ ༩ ཉིན་གྱི་ཉིན་ཞོགས་པ་ཚོུད་ ༧༌༣༠ ཡོལ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་མཛད་འཆར་ཁག་གཅིག་གི་སླད་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་མཛད་སོང་། དེ་སྔ་མཛད་འཆར་ཐུགས་གཏན་ཁེལ་བའི་ཁོངས་སུ་ཟླ་འདིའི་ཚེས་ ༡༡ ཉིན་མགོན་པོ་མཆོག་གིས་རྒྱ་གར་ལྷོ་ནུབ་གྷོ་བ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་གྷོ་བ་གཙུག་ལག་སློབ་གྲྭ་ཆེན་མོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཁུལ་དེར་དེང་རབས་ཀྱི་དུས་ཚོད་འདིར་དཔལ་ནཱ་ལེནྡཱའི་རིག་གནས་ཀྱི་འབྲེལ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩོལ་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོར་རྟེན་གཞི་བྱས་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད། དེ་བཞིན་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་ཚུགས་ནས་ལོ་དྲུག་འཁོར་བའི་མཛད་སྒོར་དབུ་བཞུགས་ཀྱིས་བཀའ་སློབ་སྩོལ་རྒྱུ་དང་། ཕྱི་ཚེས་ ༡༦  དང་༡༧ བཅས་ཉིན་གྲངས་གཉིས་ཀྱི་རིང་འབྲས་སྤུངས་བློ་གསལ་གླིང་དུ་ཚེ་དབང་གི་ཆོས་འབྲེལ་དང་དབུ་མ་བཞི་བརྒྱ་བའི་བགྲོ་གླེང་ལ་དབུ་བཞུགས་མཛད་རྒྱུ་ཡིན་པ་རེད། དེ་ནས་ཕྱི་ཚེས་ ༢༠ དང་ ༢༡ ཉིན་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བླ་སྤྱིར་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱས་ནས་ལོ་ངོ་ ༦༠༠ འཁོར་བའི་༸རྗེ་ཙོང་ཁ་པའི་རྗེས་དྲན་གྱི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཆེན་མོ་དང་། ༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་༸སྐུ་ཞི་བར་གཤེགས་ནས་མི་ལོ་ངོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོར་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུ་མ་ཟད་ཕྱི་ཚེས་ ༢༢ ཉིན་དགའ་ལྡན་དགོན་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་འབྲས་སྤུངས། དགའ་ལྡན་དགོན་པ་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་སོགས་ཀྱི་མཛད་འཆར་ཐུགས་གཏན་འཁེལ་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༡ ཚེས་ ༢ ཉིན་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་དང་། ཕྱི་ཚེས་ ༣ ཉིན་དད་ལྡ་མང་ཚོགས་ཡོངས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩོལ་རྒྱུ་ཡིན་པ་རེད། དེ་རྗེས་ཕྱི་ཚེས་ ༤ ནས་ ༦ བར་ཉིན་གྲངས་གསུམ་རིང་སྔར་ལོ་ ༢༠༡༨ ལོར་༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བསྩལ་བའི་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་འཕྲོས་སྐྱོང་མཛད་རྒྱུ་བཅས་ཐུགས་གཏན་ཁེལ་འདུག   ཕྱི་ཟླ་ ༢ པའི་ཕྱི་ཚེས་ ༤ ནས་ ༥ བར་ཉིན་གྲངས་གཉིས་ཀྱི་རིང་བྷེ་ཧར་མངའ་སྡེའི་རཱ་ཇི་གྷར་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་རཱ་ཇི་གྷར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ནས་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་རྒྱལ་སྤྱིའི་ནང་པའི་ཚོགས་འདུར་དབུ་བཞུགས་བཀའ་དྲིན་མཛད་གཏན་འཁེལ་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༣ ཚེས་ ༩ དང་ལོ་གསར་གྱི་ཚེས་པ་ ༡༥ སྟེ་ཆོ་འཕྲུལ་དུས་ཆེན་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་བཀའ་ཆོས་བཀའ་དྲིན་སྩོལ་རྒྱུ་ཡིན་པ་རེད།    

རྒྱ་ནག་གཞུང་གི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཁྲིམས་སྒྲིག་ལ་ངོས་ལེན་མེད་པའི་གྲོས་ཆོད་བཞག་འདུག

ཡོ་རོབ་ཁུལ་གྱི་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པའི་ཐོག རྒྱ་གཞུང་གི་བཟོས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་དང་འབྲེལ་བའི་ཁྲིམས་སྒྲིག་ཁག་ལ་ངོས་ལེན་མེད་སོགས་ཀྱི་སྤྱི་མོས་ཀྱི་གྲོས་ཆོད་བཞག་འདུག དེ་ཡང། ཟླ་བ་འདིའི་ཕྱི་ཚེས་༧་དང་༨་བཅས་ཉིན་གྲངས་གཉིས་རིང་། སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག ཁུལ་དེར་རྟེན་གཞི་བྱས་པའི་ཡོན་ཏན་གླིང་ཆོས་ཚོགས་སུ། ཡོ་རོབ་རྒྱལ་ཁབ་ཁག་༡༠་ནས། བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་༣༠ལྷག་གི་སྐུ་ཚབ་འཐུས་མི་༤༠ ཙམ་གྱི་འདུ་འཛོམས་ཐོག ཡོ་རོབ་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཐེངས་གསུམ་པ་དེ་སྐོང་ཚོགས་བྱས་འདུག ཉིན་གྲངས་གཉིས་རིང་གི་ཚོགས་འདུའི་ཐོག ཚོགས་བཅར་བ་རྣམས་ནས་གཙོ་བོ་༸གོང་ས་མཆོག་གི་མ་འོངས་པའི་ཡང་སྲིད་གནད་དོན་གཙོས་པས། རྒྱ་གཞུང་གིས་ཐེ་བྱུས་བྱེད་བཞིན་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་ཞུ་ཕྱོགས་ཐོག་ལ་གོ་བསྡུར་གནང་འདུག ཁ་སང་ཚོགས་འདུ་མཇུག་སྒྲིལ་དང་འབྲེལ། འདི་ག་རླུང་འཕྲིན་ཁང་ནས། ཚོགས་འདུ་གོ་སྒྲིག་གནང་མཁན་སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་སུ་བཀའ་འདྲི་ཞུས་སྐབས། ད་རེས་ཚོགས་འདུ་འདིའི་ཐོག་ཚོགས་བཅར་བ་རྣམས་ཀྱིས་སྤྱི་མོས་གྲོས་ཆོད་དོན་གསུམ་ཅན་ཞིག་བཞག་འདུག་པ་དང། དེ་ཡང། ཉེ་ཆར་བཞུགས་སྒར་དུ་བོད་ཀྱི་ཆོས་བརྒྱུད་ཁག་གི་ཚོགས་ཆེན་ཐེངས་༡༤པའི་ཐོག་བཞག་པའི་གྲོས་ཆོད་ཁག་ལ་བཀྲིན་ཆེ་ཞུ་རྒྱུ་དང་། རྒྱ་གཞུང་གི་བཟོས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་དང་འབྲེལ་བའི་ཁྲིམས་སྒྲིག་ཁག་ལ་ངོས་ལེན་མེད་པ་དང་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་༸གོང་ས་མཆོག་གི་མ་འོངས་པའི་ཡང་སྲིད་དེ། སྔར་༢༠༡༡ ལོར་གང་ཉིད་མཆོག་ནས་མ་འོངས་ཡང་སྲིད་སྐོར་སྤེལ་བའི་གསལ་བསྒྲགས་གཞིར་བཟུང། སྐུའི་ཡང་སྲིད་ཐག་གཅོད་གནང་རྒྱུའི་༸སྐུ་དབང་རྒྱལ་བ་སྐུ་ཉིད་དང་དགའ་ལྡན་ཕོ་བྲང་ལ་མ་གཏོགས་གཞན་སུ་གང་ལའང་མེད་ཅེས་སྤྱི་མོས་གྱི་གྲོས་ཆོད་དོན་ཚན་གསུམ་ཅན་ཞིག་བཞག་འདུག རྩ་བའི་ཡོ་རོབ་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཐེངས་དང་པོ་དང་གཉིས་པ་ནི། དེ་སྔ་༢༠༠༥དང། ༢༠༡༣བཅས་སུད་སི་ཁུལ་དུ་༸གོང་ས་མཆོག་གི་ཆིབ་བསྒྱུར་སྐབས་ཚོགས་གནང་ཡོད་པ་རེད་འདུག

༸གོང་ས་མཆོག་གིས་མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་སྐྱེད་བསྲིང་མཛད་སྟངས་ཀྱི་མཁས་པའི་བགྲོ་གླེང་ཐོག་མ་དབུ་འབྱེད་གནང་སོང་།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀིརྟི་བྱེས་པ་གྲྭ་ཚང་དུ་དེ་རིང་སྔ་ཐོག་ཕྱག་ཚོད་༩ པ་ཡོལ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་འཕགས་ཡུལ་ཀིརྟི་བྱེས་པ་གྲྭ་ཚང་ཆེད་འཛུགས་གནང་ནས་མི་ལོ་ཧྲིལ་པོ་ཉེར་ལྔ་འཁོར་བ་དང་།  མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུ་རབ་བྱུང་ཕོ་མོ་རྣམས་སྐྱེདབསྲིང་མཛད་སྟངས་ཀྱི་མཁས་པའི་བགྲོ་གླེང་ཐོག་མ་དབུ་འབྱེད་གནང་སོང་།  དེ་ཡང་དབུ་འབྱེད་ཀྱི་མཛད་སྒོར།  ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་བཀའ་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་།  སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག   དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོས་པའི་མཛད་གཙོ་རྣམ་པ་དང་།  བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས།  གཞུང་འབྲེལ་མིན་པའི་སྐུ་ཚབ་ཁག་དང་།  ཕྱོགས་མཐའ་ཁག་ནས་ཕེབས་པའི་ས་དགེ་བཀའ་རྙིང་བོན་ཇོ་ནང་ལ་སོགས་པ་ཆོས་བརྒྱུད་བཅུ་ཙམ་ཞིག་གི་མཁན་པོ་དང་།  སློབ་གྲྭའི་སློབ་སྤྱི།  དེ་བཞིན་སྐུ་ཚབ་དང་།  དགེ་རྒན་སོགས་གྲྭ་བཙུན་མི་སྐྱ་ཁྱོན་ཚོགས་བཅར་བ་ ༡༥༠ ལྷག་དང་།  ཟུར་ཉན་པ་ ༩༠ ལྷག་ཕེབས་འདུག སྐབས་དེར་༸གོང་ས་མཆོག་གིས་འཛམ་བུ་གླིང་གི་སྡུག་བསྔལ་མང་དག་ཅིག་ཆགས་སྡང་གི་གཞན་དབང་ལ་སོང་ནས་ཡོང་བསྡད་པ་ཞིག་དང་།  ཆགས་སྡང་དེའི་གཉེན་པོ་ནི་ནང་པའི་ཆོས་ནང་བསྟན་ཡོད་སྟབས།  ཆོས་ལ་དད་པ་ཡོད་མེད་ལ་མི་བལྟས་པར་ཚང་མའི་གཞུང་ཆེན་ལ་སློབ་སྦྱོང་གནང་རྒྱུ་གལ་ཆེན་ཡིན་སྐོར་བཀའ་བསྩལ་སོང་།   དེ་བཞིན་༸མགོན་པོ་གང་ཉིད་མཆོག་གིས།  ནང་པའི་གཞུང་ལུགས་ནས་གསུངས་པའི་སེམས་ཁམས་རིག་པའི་གལ་གནད་སྐོར་ངོ་སྤྲོད་མཛད་པ་དང་སྦྲགས།     སེམས་ཁམས་རིག་པ་དང་ཚད་མ་རིག་པ་གཉིས་ཆོས་དད་མེད་མཁན་ལའང་འབྲེལ་བ་ཡོད་བསྡད་པ་དང་ཕན་ཐོགས་ཡོད་པ་ཞིག་ཏུ་གྱུར་སྟབས།   དེ་ཤེས་ཡོན་གྱི་སྡེ་ཚན་ཁོངས་སུ་བཞག་ནས་སློབ་སྦྱོང་གནང་བ་ཡིན་ན་འཛམ་བུ་གླིང་སྤྱི་ཡོངས་ལ་ཕན་ཐོགས་བྱུང་ངེས་ཡིན་སྐོར་བཀའ་བསྩལ་སོང་། ༸གང་ཉིད་མཆོག་གིས་གྲྭ་བཙུན་གཙོས་པའི་སློབ་གྲྭའི་སློབ་ཕྲུག་རྣམས་ནས་མཚན་ཉིད་བལྟ་དགོས་པ་དེ་སྔ་ཡང་ཡང་འབོད་སྐུལ་མཛད་པ་དང་སྦྲགས།  ད་ཆ་དེ་འབྲེལ་ཐུགས་སྣང་གནང་མཁན་ཇེ་མང་དུ་སོང་ཡོད་པ་དང་།   ཡང་སྒོས་རིམ་པས་བོད་མི་ཡོངས་རྫོགས་ནས་བློ་རིག་རྟགས་རིགས་འགྲོ་སྟངས་ཐོག་སེམས་ཁམས་རིག་པ་དང་རིག་པའི་དཔྱད་པ་གནང་རྒྱུ་དང་།  དེ་བཞིན་གྲུབ་མཐའ་སོགས་བལྟས་ཐུབ་ན་བོད་པའི་སྤྱི་ཚོགས་མང་ཚོགས་ཀྱི་ཤེས་ཡོན་ཡར་རྒྱས་འགྲོ་ངེས་ཡིན་སྐོར་བཀའ་བསྩལ་སོང་།དེ་བཞིན་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས།  ད་རེས་ཀིརྟི་བྱེས་པ་གྲྭ་ཚང་ནས་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་བཙན་བྱོལ་ནང་དགོན་སྡེ་བསྐྱར་གསོ་གནང་ཐུབ་པ་དང་སྦྲགས།  ད་བར་རྒྱུན་གནས་ཐུབ་པ་དང་ཡང་སྒོས་གོང་འཕེལ་ནས་གོང་འཕེལ་འགྲོ་བའི་རླབས་ཆེན་གྱི་མཛད་འཕྲིན་གྲུབ་པར་བསྔགས་བརྗོད་ཞུས་སོང་།  མ་ཟད།   སྲིད་སྐྱོང་མཆོག་གིས་ད་ཆ་འཛམ་བུ་གླིང་ནང་ཆོས་དད་ཡོད་མཁན་ལས་ཆོས་དད་མེད་མཁན་གྱི་མི་འབོར་མང་བ་ཡོད་པ་དང་།   ཕྱོགས་མཚུངས་བཀའ་འགྱུར་བསྟན་འགྱུར་གྱི་སྡེ་ཚན་གསུམ་ཡོད་པའི་ཁྲོད་ནང་པའི་ཚན་རིག་དང་།  ལྟ་གྲུབ་དེ་བཞིན་ཆོས་དད་པ་མེད་མཁན་ཚོ་དང་འབྲེལ་བ་ཆགས་ཡོད་སྐོར་དང་།   ལྷག་པར་དུ་ད་ཆ་འཛམ་བུ་གླིང་ནང་འཕྲད་བཞིན་པའི་ཁོར་ཡུག་གི་གནད་དོན་དང་།   འགོ་ཁྲིད་སྐྱེད་བསྲིང་གནང་རྒྱུ་སོགས་ཐད་ནང་པའི་གཞུང་ལུགས་ནང་བསླབ་བྱ་གཏིང་ཟབ་ཤོས་བརྒྱབ་ཡོད་སྐོར་གསུངས་སོང་།  མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་རྒྱ་གཞུང་གིས་བོད་ས་བཙན་བཟུང་བྱས་ནས་བཙན་བྱོལ་ནང་༸གོང་ས་མཆོག་གི་དབུ་ཁྲིད་ལམ་སྟོན་དང་།  མི་རིགས་རྒན་པ་རྣམས་ནས་བོད་མིའི་ངོ་བོ་དང་རིག་གཞུང་དར་སྤེལ་དང་མི་ཉམས་རྒྱུན་འཛིན་གནང་ཐུབ་ཡོད་སྟབས།  ད་ལྟའི་གནས་སྐབས་སུ་བོད་བརྒྱུད་ནང་བསྟན་ཐོག་ཧི་མ་ལ་ཡའི་རིགས་རྒྱུད་ཀྱི་མི་རིགས་དང་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ནས་དོ་སྣང་གནང་མཁན་ཇེ་མང་ཞིག་ཏུ་འགྲོ་བཞིན་སྟབས།  འཛམ་གླིང་མི་མང་གཞན་ནས་ནང་ཆོས་ལ་གཉེར་བཞིན་ཡོད་ན་བོད་མི་སྤྱི་བོ་གནམ་བསྟན་རྣམས་ནས་ནང་ཆོས་ལ་བསླབ་པ་སློབ་གཉེར་གནང་རྒྱུ་དེ་བས་གལ་ཆེ་ཡིན་སྐོར་གསུངས་སོང་།  ཚོགས་གཙོ་མཆོག་གིས་ད་དུང་།  ད་རེས་མཁས་པའི་བགྲོ་གླེང་གོ་སྒྲིག་ཞུས་པ་དེ་གསར་གཏོད་རང་བཞིན་ལྡན་པའི་རླབས་ཆེན་གྱི་བྱ་བ་ཞིག་ཡིན་པ་དང་།  ༸རྒྱལ་བའི་བཀའ་སློབ་ལམ་སྟོན་རྣམས་དོན་དམ་པའི་ལག་ལེན་དུ་འཁེལ་ཐབས་ཕྱོགས་སུ་མདུན་སྐྱོད་ཀྱི་གོམས་སྟབས་ཆེན་པོ་ཞིག་ཡིན་སྐོར་གསུངས་སོང་། མཛད་སྒོའི་ཐོག་མར་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ཀིརྟི་བྱེས་པ་གྲྭ་ཚང་གི་ལས་སྡོམས་དང་བགྲོ་གླེང་གི་དམིགས་ཡུལ་ངོ་སྤྲོད་དང་འབྲེལ།  ད་ཆ་བོད་ཀྱི་མི་རབས་གསར་རྙིང་བརྗེ་བའི་དུས་ཚིགས་སུ་བསླེབ་ལ་ཉེ་བའི་གནད་འགག་ཅན་གྱི་དུས་ཚོད་ཅིག་ཏུ་གྱུར་ཡོད་པ་དང་།  སླད་མར་བསྟན་པ་གནས་མི་གནས་དེ་མ་འོངས་པར་བསྟན་པ་འཛིན་མཁན་གྱི་རབ་བྱུང་ཕོ་མོ་མིང་དོན་མཚུངས་པའི་སྐྱེད་བསྲིང་གནང་ཐུབ་ཡོད་མེད་ལ་རག་ལས་ཡོད་སྐོར་གསུངས་སོང་། གཞི་རྩའི་ད་རེས་དབུ་འབྱེད་མཛད་སྒོ་གྲུབ་མཚམས་སུ་བགྲོ་གླེང་དངོས་གཞིའི་མཛད་རིམ་དང་པོར་བཀའ་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བགྲོ་གླེང་གི་གྲོས་གཞི་དང་འབྲེལ་གསུང་བཤད་གནང་ཡོད།  རྩ་བའི་མ་འོངས་པའི་རབ་བྱུང་ཕོ་མོ་ན་གཞོན་སྐྱེས་བསྲིང་མཛད་སྟངས་ཀྱི་མཁས་པའི་བགྲོ་གླེང་དེ་དེ་རིང་ནས་འགོ་འཛུགས་ཀྱིས་ཕྱི་ཚེས་ ༩ བཅས་ཉིན་གྲངས་གསུམ་རིང་ཚོགས་ཀྱི་ཡོད་པ་དང་། བགྲོ་གླེང་དེའི་ཐོག་རབ་བྱུང་ཕོ་མོ་རང་ལོ་ ༧ ནས་ ༩ བར་ལྟ་བུའི་ན་གཞོན་ཚོའི་དམིགས་བསལ་དགེ་རྒན་གྱི་སློབ་ཁྲིད་གནང་སྟངས་ལ་དུས་བསྟུན་ལེགས་བཅོས་ཇི་ལྟར་མཛད་དགོས་པ་དང་།   དགེ་རྒན་ལ་ཚང་དགོས་པའི་ཁྱད་ཆོས།  དེ་བཞིན་བོད་ཀྱི་སྐད་ཡིག་གི་གནས་ཚད་མཐོ་བ་ཡོང་ཐབས་སུ་བློ་ཚོད་དང་བསྟུན་པའི་སྒོ་ནས་སློབ་སྦྱོང་སྤྲོད་སྟངས་གཙོས་པའི་གྲོས་གཞི་ལྔ་ཐོག་བགྲོ་གླེང་གནང་རྒྱུ་རེད་འདུག

པཱ་ལིས་ཐན་དང་ཨི་ཛེ་རེལ་ནང་བོད་ཀྱི་འཐབ་རྩོད་ཀྱི་ཤུགས་རྐྱེན་བསླེབ་དགོས་གལ་ཡིན་པར་གསུངས་སོང་།

དེ་རིང་སྔ་དྲོ་ཚོུད་ ༡༠ པཱ་ལིས་ཐན་དང་ཨི་ཛེ་རེལ་གསར་འགོད་པ་དང་འཐབ་རྩོད་པ་བཅུ་གྲངས་ཤིག་གིས་ཁུལ་དེའི་ས་ཁོངས་བདག་དབང་གི་དཀའ་རྙོག་སེལ་ཕྱོགས་ཀྱི་ཐད་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་བཀའ་སློབ་ལམ་སྟོན་ཞུ་བར་ཆེད་བཅར་ཞུས་ཡོད་པ་དང་འབྲེལ། པཱ་ལིས་ཐན་དང་ཨི་ཛེ་རེལ་ནང་བོད་ཀྱི་འཐབ་རྩོད་ཀྱི་ཤུགས་རྐྱེན་བསླེབ་དགོས་གལ་ཡིན་པ་གསུངས་འདུག ཐེངས་འདིའི་འཐབ་རྩོད་བ་དང་མཇལ་བཅར་བ་དེ་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་ཁྲིད་ནས་གཟིམ་ཆུང་མཇལ་ཁ་ཞུས་ཡོད་པ་རེད། མཇལ་ཁ་གྲུབ་མཚམས་སུ་སྲིད་སྐྱོང་མཆོག་གིས་གསར་འགོད་པར་ཁོང་རྣམས་ནི་དཀའ་རྙོག་ཆེ་བའི་ས་ཁུལ་དེར་ཁུར་མཉམ་ལེན་གྱི་ཐོག་ནས་འཚེ་མེད་ཞི་བའི་འཐད་རྩོད་གནང་མཁན་ཡིན་པ་ལྟར་བཞུགས་སྒར་དུ་བཅར་ནས་སྔར་བཞིན་སེམས་ཤུགས་དང་སྙིང་སྟོབས་ཆེར་བསྐྱེད་ཀྱི་ཐོག་ནས་དཀའ་རྙོག་སེལ་ཐབས་ཀྱི་ཕྱག་ལས་གནང་སྟངས་ཐད་ལ་ལམ་སྟོན་ཞུས་ཡོད་པ་ངོ་སྤྲོད་གནང་སོང་། སྐབས་དེར་པཱ་ལིས་ཐན་གྱི་འཐབ་རྩོད་པ་སྐུ་ཞབས་ khaled Awwad ལགས་ཀྱིས་པཱ་ལིས་ཐན་དང་ཨི་ཛེ་རེལ་གཉིས་ཀྱི་ས་ཁོངས་བདག་དབང་གི་དཀའ་རྙོག་དེར་དུས་རྟག་ཏུ་དམག་འཐབ་ཀྱི་ཁྲོད་ནས་སེལ་ཐབས་བྱེད་བཞིན་ཡོད་ཀྱང་། དེར་མཇུག་འབྲས་གཅིག་ཀྱང་སོན་གྱི་མེད་པར་བརྟེན་བཞུགས་སྒར་དུ་བཅར་ནས་༸གོང་ས་༸སྐྱབས་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཏེ་ཞི་བདེ་དང་འཚེ་མེད་ཀྱི་ཐབས་ལམ་བརྒྱུད་ནས་དཀའ་རྙོག་སེལ་ཐབས་ཀྱི་བཀའ་སློབ་ལམ་སྟོན་ཞུ་རྒྱུ་དང་། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཆེད་བཅར་ཞུས་ནས་རྒྱ་ནག་གིས་དྲག་གནོན་ལ་མ་བལྟས་བར་བོད་མི་རྣམས་ཀྱིས་བྱམས་བརྩེ་དང་འཚེ་མེད་ཞི་བའི་འཐབ་རྩོད་མཇུག་སྐྱོང་གནང་གི་ཡོད་པའི་ཐད་ལ་རྒྱུས་ལོན་གནང་སྟེ་པཱ་ལིས་ཐན་དང་ཨི་ཛེ་རེལ་དཀའ་རྙོག་དེ་ཡང་བོད་མི་ནང་བཞིན་ཞི་བདེ་དང་འཚེ་བ་མེད་པའི་ཐབས་ལམ་གྱི་ཐོག་ནས་སེལ་དགོས་གལ་ཡིན་པའི་སློབ་སྦྱོང་ཞུ་བར་བཅར་བ་དང་། དཀའ་རྙོག་ཆེ་བའི་ས་ཁུལ་དེར་བོད་མིའི་འཐབ་རྩོད་ཀྱི་ཤུགས་རྐྱེན་བསླེབ་རྒྱུའི་རེ་བ་ཆེན་པོ་ཡོད་པ་སོགས་ངོ་སྤྲོད་གནང་སོང་། ཁོང་གིས་༸གོང་ས་མཆོག་གིས་པཱ་ལིས་ཐན་དང་ཨི་ཛེ་རེལ་བར་གྱི་དུས་ཡུན་རིང་པོའི་དཀའ་རྙོག་དེར་ཐུགས་ཚབ་ཆེན་པོ་ཡོད་པར་བཀའ་གནང་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་ས་ཁུལ་གཉིས་ཀྱི་བར་དུ་ཞི་བདེ་ངང་ནས་གནད་དོན་གཙང་སེལ་ཡོང་རྒྱུར་ཐུགས་སྨོན་དང་རྒྱབ་སྐྱོར་ཡོད་པའི་བཀའ་བསྩལ་སྐོར་གསུངས་པ་དང་། དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ནང་དུ་ཞི་བདེའི་འཐབ་རྩོད་པ་རྣམས་ལ་ཆེ་མཐོང་ཞེ་དྲག་མེད་ནའང་། དུས་རྟག་དུ་དཀའ་ངལ་ཁྱད་གསོད་ཀྱིས་མུ་མཐུད་ནས་ཞི་བདེ་ངང་ནས་བློ་སྤོབས་ཆེན་པོས་འཐབ་རྩོད་གནང་ཚེ་ནམ་ཞིག་ལེགས་ཕྱོགས་ཀྱི་གྲུབ་འབྲས་ཤིག་སྨིན་ངེས་ཡིན་པ་བཀའ་བསྩལ་བ་དང་འབྲེལ། སྔར་ལྷག་བློ་རྒྱ་ཆེར་བསྐྱེད་ཀྱིས་འཐབ་རྩོད་གནང་དགོས་བའི་ལམ་སྟོན་མཛད་ཡོད་པ་གསུངས་སོང་། གཞན་ཡང་ཨི་ཛེ་རེལ་འཐབ་རྩོད་པ་ཞིག་གིས་གསར་འགོད་པར་མགོན་པོ་༸གང་ཉིད་མཆོག་གིས་ད་ཆ་དུས་རབས་ལ་འགྱུར་བ་ཕྱིན་ཡོད་སྟབས་འགྲོ་བ་མིའི་རིགས་ཀྱི་དཀའ་རྙོག་སེལ་ཐབས་དེ་ཡང་ཕྱོགས་གཉིས་ཀྱི་མི་རིགས་ཀྱི་ངོ་བོ་ལ་བརྩི་བཀུར་ཡོད་པའི་ཐོག་ནས་ཞི་བདེ་རང་བཞིན་ལྡན་པའི་ཐོག་ནས་དཀའ་རྙོག་སེལ་ཐབས་གནང་དགོས་བ་དང་ཞི་བདེ་རང་བཞིན་གྱིས་དཀའ་རྙོག་སེལ་ཐབས་གནང་རྒྱུ་དེ་ནི་རྒྱལ་སྤྱིའི་རང་བཞིན་གྱི་ལམ་ལུགས་ཤིག་ལ་འགྱུར་བཞིན་ཡོད་སྟབས་ངེས་པར་དུ་ཞི་བདེ་དང་ཕྱོགས་གཉིས་ཀྱི་འབྲེལ་ལམ་གསར་པའི་རྨང་གཞིའི་ཐོག་ནས་ཕན་ཚུན་གཉིས་ཀྱི་དཀའ་རྙོག་སེལ་རྒྱུ་གལ་ཆེན་ཡིན་སྐོར་ལམ་སྟོབ་ཕེབས་པ་དེ་བརྡ་ལན་གལ་ཆེན་ཞིག་ཡིན་པ་ངོ་སྤྲོད་གནང་ཡོད། པཱ་ལིས་ཐན་གྱི་སྤྱི་མང་གི་ཞི་བདེ་འཛིན་སྐྱོང་གི་གཞུང་འབྲེལ་མིན་པའི་ཚོགས་པ་བརྒྱ་ལྷག་གི་འབྲེལ་ལམ་གྱི་འགན་འཛིན་ལྕམ་ Huda Abuarquob ལགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་དུ་སླེབས་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་གཞིགས་ཚེ་རང་ཉིད་བཙན་དབང་གིས་ཕྱིར་ཕུད་བཏང་བའི་མི་ཞིག་ཡིན་ནའང་འཇིགས་ཞིམ་བྲལ་བའི་ཐོག་ནས་འཚོ་དགོས་པ་དང་། དགྲ་བོ་ལ་ཞེ་འཁོན་མེད་པར་ད་དུང་མ་འོངས་པའི་མདུན་ལམ་གྱི་ཆེད་དུ་བྱམས་བརྩེ་སྒོམ་ནས་འཐབ་རྩོད་མཇུག་སྐྱོང་བྱེད་བཞིན་པ་དེས་ཁོང་ལ་སེམས་ཤུགས་དམིགས་བསལ་ཞིག་བསྐྲུན་སོང་ཞེས་གསུངས་སོང་། གསར་འཁོད་པས་ཁོང་ལ་བོད་མི་ཚོར་བརྡ་ལན་གང་གནང་རྒྱུ་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་ཁོང་གིས་ བོད་མི་རྣམས་ཀྱིས་རང་གི་སྐད་ཡིག་དང་ལོ་རྒྱུས་ལ་སློབ་སྦྱོང་བྱས་ཏེ་རང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུ་དང་། དེ་བཞིན་མུ་མཐུད་ནས་འཐབ་རྩོད་ལ་མཇུག་སྐྱོང་གནང་རོགས་ཞེས་རེ་སྐུལ་གནང་སོང་། རྩ་བའི་ཐེངས་འདིའི་གསར་འགོད་པ་དང་འཐབ་རྩོད་པ་དེ་རྣམས་འཚེ་མེད་ཞི་བར་རྒྱུས་ལོན་གྱི་ཆེད་དུ་བཞུགས་སྒར་དུ་ཆེད་ཕེབས་གནང་བ་ཞིག་ཡིན་ཞིང་། ཁོང་རྣམས་ཟླ་འདིའི་ཚེས་ ༤ ཉིན་བཞུགས་སྒར་དུ་ཕེབས་ཡོད་པ་དང་། ཁ་སང་ནས་བོད་ཀྱི་དཔེ་མཛོད་ཁང་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་ལ་རྒྱུས་ལོན་བྱེད་དུ་ཕེབས་ཡོད་པ་དང་། དེ་རིང་སྔ་དྲོ་མཇལ་ཁ་གྲུབ་བསྟུན་ཉིན་རྒྱབ་ཏུ་སྲིད་སྐྱོང་མཆོག་དང་ལྷན་དུ་བཅར་འདྲིའི་ལས་རིམ་ཞིག་ཡོད་པ་དང་། ཕྱི་ཚེས་ ༩ ཉིན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་ལྷན་དུ་ཡང་བཅར་འདྲི་ཞུ་རྒྱུ་ཡིན་པ་དང་ཚེས་ ༡༠ ཉིན་མཁའ་ལམ་བརྒྱུད་དེ་ཕྱིར་རང་རྒྱལ་དུ་ཕེབས་རྒྱུ་རེད་འདུག

༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་རྒྱ་གར་དང་འབྲེལ་བ་ཆེན་པོ་ཡོད།

བོད་དང་རྒྱ་དཀར་ནག་གི་ཆབ་སྲིད་ཐོག་ཉམས་ཞིབ་གནང་མཁན་རྒྱ་གར་གྱི་རྩོམ་པ་པོ་དང་གསར་འགོད་པ་སྐུ་ཞབས་ Claude Arpi ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལས་འཕྲོས་ཏེ་ Politics of reincarnation ཞེས་ཡང་སྲིད་ཀྱི་ཆབ་སྲིད་ཅེས་པའི་དཔྱད་རྩོམ་ཞིག་འདོན་སྤེལ་གནང་བའི་ནང་དུ་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་གར་ལ་འགན་ཆེན་པོ་ཡོད་པ་གསུངས་འདུག དེ་རིང་སྔ་ཐོག་ The Pioneer གྱིས་སྤེལ་བའི་སྐུ་ཞབས་ Claude Arpi ལགས་ཀྱི་དཔྱད་རྩོམ་ནང་ལ་འདས་པའི་ཟླ་ཤས་གོང་ལ་བོད་ནང་གི་དགོན་སྡེ་ཁག་གཅིག་གི་རྒྱལ་སྒོའི་ཐོག་རྒྱ་ནག་གཞུང་གི་ལས་བྱེད་དང་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་དགོན་པའི་ནང་དུ་ཡོང་མི་ཆོག་ཅེས་པའི་སྦྱར་པང་རིགས་བཀལ་བ་དང་། བོད་ནང་གི་བོད་མི་ཚོ་ཆོས་ཕྱོགས་ཀྱི་ལས་དོན་ལ་མཉམ་ཞུགས་གནང་རྒྱུར་དམ་དྲག་བྱེད་སྟངས་བཅས་ལ་བལྟས་ཚེ་རྒྱ་ནག་དམར་ཤོག་གཞུང་དེ་དོན་དམ་ཐོག་ཆོས་ལ་ཡིད་ཆེས་མི་བྱེད་མཁན་ཞིག་ཡིན་པ་གསལ་པོ་ཤེས་ཐུབ་ངེས་ཡིན་ཀྱང་། རྒྱ་ནག་གཞུང་ནས་ཕྱི་ལོ་ ༢༠༠༧ ལོར་གཏན་འབེབས་བྱས་པའི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཀྱི་ཡིག་ཆ་འགྲེམས་སྤེལ་བྱེད་སྟངས་དང་དེའི་ནང་དོན་སོགས་ལ་གཞིགས་ན་རྒྱ་ནག་དམར་ཤོག་གཞུང་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ལ་སྟངས་འཛིན་བྱ་རྒྱུའི་འདུན་པ་ཆེན་པོ་ཡོད་པ་མངོན་གསལ་རེད་ཅེས་འགྲེལ་བརྗོད་གནང་འདུག ཁོང་གི་དཔྱད་རྩོམ་དེར་རྒྱ་ནག་དམར་ཤོག་གི་བྱེད་སྟངས་དེས་རྒྱ་ནག་རྒྱལ་ཁབ་དེ་ཆོས་མེད་པ་རེད་དམ་ཡང་ན་ཆོས་དད་ཅན་རེད་དམ་ཞེས་དྲི་བ་ཞིག་གནང་བ་དང་སྦྲགས་ཏེ་རྒྱ་ནག་གི་བྱེད་སྟངས་དང་འདུན་པ་དེ་ནི་དམར་ཤོག་སྲིད་གཞུང་གི་ཁེ་ཕན་དང་བསྟུན་མཁས་བྱས་ཀྱི་ཡོད་པ་དང་། སོ་སོའི་དགོས་མཁོར་ཐུག་སྐབས་དམར་ཤོག་རིང་ལུགས་འཛིན་པ་དང་། རིང་ལུགས་དེ་ལས་ལྡོག་ཏེ་ཁེ་ཕན་གཞན་ཞིག་མཐོང་ཚེ་རྒྱ་ནག་དམར་ཤོག་རྒྱལ་ཁབ་དེ་ཆོས་ཕྱོགས་ཐོག་ལ་ཆེས་མཁས་པ་ལྟ་བུར་བྱས་ནས་བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ཐོག་ལ་སྟངས་འཛིན་འདྲ་མིན་བྱེད་བཞིན་པ་གསུངས་འདུག ལྷག་པར་དུ་ཁོང་གིས་དེ་སྔ་རྒྱ་ནག་གཞུང་ནས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་དགུ་པར་གོ་གནས་དང་དངུལ་སོགས་ཀྱི་འཚོ་སྣོན་ཕུལ་བའི་ལོ་རྒྱུས་ཁག་གཅིག་ལུང་འདྲེན་དང་སྦྲགས། རྒྱ་ནག་ཕྱོགས་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ཆོས་ཕྱོགས་ཀྱི་བྱ་བ་རྐྱང་པ་ཞིག་མིན་པར་ཆབ་སྲིད་ཀྱི་གནད་འགག་ཞིག་ཏུ་ངོས་འཛིན་བྱེད་བཞིན་པ་དང་། ལྷག་པར་དུ་ཉེ་ཆར་ཨ་རིའི་གྲོས་ཚོགས་ནས་ཀྱང་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་གྲོས་ཆོད་གཏན་འབེབས་གནང་བ་དེ་དག་ཀྱང་ཆབ་སྲིད་ཀྱི་གནད་འགག་ཞིག་ཡིན་པར་འགྲེལ་བརྗོད་དང་འབྲེལ་ཏེ་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ནི་༸གོང་ས་མཆོག་དང་བོད་མིའི་གནད་དོན་ཞིག་རེད་ཅེས་ཡོངས་གྲགས་སུ་ཐག་གཅོད་གནང་བཞིན་སྐབས་འདིར་རྒྱ་གར་གཞུང་ནས་ཐད་ཀར་ཐེ་བྱུས་མ་གནང་ཡང་། རྒྱ་གར་གྱི་ཧི་མཱ་ལ་ཡའི་མངའ་ཁུལ་གྱི་ནང་པའི་གྲངས་འབོར་དང་གནས་བབས་སོགས་ལ་གཞིགས་ཚེ་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་རྒྱ་གར་དང་འབྲེལ་བ་ཆེན་པོ་ཡོད་པ་གསལ་པོ་རེད་ཅེས་གསུངས་འདུག དེ་བཞིན་ཁོང་ནས་ཉེ་ཆར་བཞུགས་སྒར་དུ་བསྐོང་ཚོགས་གནང་བའི་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པར་༸སྐུའི་ཡང་སྲིད་དང་འབྲེལ་བའི་དམིགས་བསལ་གྱི་གྲོས་ཆོད་བཞག་པའི་ནང་གསེས་དོན་ཚན་གསུམ་པའི་ནང་དུ་༸གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ནང་པ་སངས་རྒྱས་པའི་གཞི་རྩའི་ལྟ་གྲུབ་ཡང་དག་ལ་བརྟེན་ཅིང་། མི་ལོ་བརྒྱད་བརྒྱ་ལྷག་ཙམ་སྔོན་ནས་བྱུང་བའི་བོད་ལུགས་ནང་བསྟན་ཐོུང་མ་ཡིན་པའི་ལམ་སྲོལ་ད་ལྟའི་བར་རྒྱུན་འཛིན་ལག་བསྟར་བྱས་དང་བྱེད་མུས་ཡིན་པའི་བྱེད་ཐབས་དེ་ཉིད་ལ་བརྟེན་ནས་ངོས་འཛིན་བྱ་རྒྱུ་ཡིན་ཞེས་གསལ་ཡོད་ཀྱང་། བོད་ལུགས་ཀྱི་གནང་སྒོ་གང་ཡིན་གསལ་པོ་འཁོད་མེད་པ་དེས་རྒྱ་ནག་གཞུང་ལ་མུ་མཐུད་གཡོ་བྱུས་འཁྲབ་སའི་ས་སྟོང་ཞིག་བཞག་ཡོད་སྐོར་སོགས་ཀྱང་གསུངས་འདུག གཞི་རྩའི་ཉེ་དུས་ནས་བོད་མིའི་སྤྱི་ཚོགས་སྤྱི་དང་ལྷག་པར་དུ་ཨ་རིས་གཙོས་པའི་རྒྱལ་སྤྱིའི་ཚོགས་པ་མི་ཉུང་བ་ཞིག་ནས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ལ་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་བཞིན་པའི་གནས་སྟངས་ལ་སེམས་འཚབ་ཆེན་པོ་གནང་བ་དང་སྦྲགས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་རྒྱ་ནག་གཞུང་ལ་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་མེད་པ་སོགས་ཀྱི་གྲོས་ཆོས་གཏན་འབེབས་གནང་ཡོད་པ་དང་། ཁྱད་པར་དུ་ཉེ་ཆར་བཞུགས་སྒར་དུ་ཚོགས་པའི་ཆོས་ཚོགས་ཀྱི་ཉིན་མཐའ་མའི་ཐོག་༸གོང་ས་མཆོག་ནས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་ཡང་སྲིད་ཐད་ཁྱེད་རང་ཚོས་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་བ་དང་མགོན་པོ་༸གང་ཉིད་མཆོག་ད་ལྟའི་ཆར་སྐུ་ཁམས་གསལ་ཐང་ཡིན་པས་༸སྐུའི་ཡང་སྲིད་ཐོག་ལ་བྲལ་བ་མི་འདུག་ཅེས་བཀའ་བསྩལ་མཛད་ཡོད།

ཨུ་རུ་སུའི་ཤེས་ཡོན་ལམ་ལུགས་ཁྲོད་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་ཟབ་ཁྲིད།

བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སུ་གནས་ཚུལ་བཀོད་པ་ལྟར་ན། ཨུ་རུ་སུའི་མངའ་སྡེ་ཧཱར་ཛཎ་ཁུལ་གྱིི་སློབ་ཁྲིད་རིག་པའི་གཙུག་ལག་སློབ་ཁང་ཞིག་གི་ནང་དུ་ཟླ་བཅུ་གཅིག་པའི་ཟླ་མཇུག ཚེས་ ༢༨།༢༩ བར་དུ་རྒྱལ་སྤྱིའི་དེང་རབས་ཀྱི་སྤྱིི་ཚོགས་ཀྱི་རིག་གཞུང་གི་མཁའ་དབུགས་ཞེས་པའི་བརྗོད་གཞི་ཐོག་ཚོགས་ཆེན་ཞིག་འཚོགས་ཡོད་པའི་ཁྲོད་དུ། སཱི་བསླབ་གཞི་འམ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞིའི་ཐོག་ཉིན་གཉིས་ཀྱི་ཟབ་ཁྲིད་གནང་འདུག དེ་ཡང་། སྐབས་དེའི་ཚོགས་ཆེན་གྱི་སྐབས་སུ། ཨུ་རུ་སུའི་ཚན་རིག་བརྟག་དཔྱད་ཁང་གི་གཙོ་འཛིན། འབུམ་རམས་པ་ལྕམ་Margarita N Kozhevnikova་ལགས་ཀྱིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག Emory གཙུག་ལག་སློབ་ཁང་གིས་གཏན་འབེས་གནང་བའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞིའི་རྩ་འཛིན་གྱི་ཐད་ནས་ཟབ་ཁྲིད་གནང་ཡོད་པ་རེད་འདུག ལྕམ་སྐུ་ཁོང་ནི་འདི་ལོར། བཞུགས་སྒར་དུ་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱི་ཐོག་ནས་སྟོང་ལོ་གསར་བའི་ནང་གི་ཤེས་ཡོན་ཞེས་པའི་ཚོགས་ཆེན་བསྡུ་སྐོང་བྱེད་མཁན་གྱི་ཚོགས་ཆུང་གི་ཚོགས་མི་ཞིག་ཡིན་པ་རེད། ཨུ་རུ་སུའི་སྐུ་ཚབ་དོན་གཅོད། ཏེ་ལོ་རིན་པོ་ཆེ་མཆོག་གིས་ཁུལ་དེའི་མཁས་དབང་བསམ་བློ་བ། དེ་བཞིན་དགེ་རྒན་དང་སློབ་མ་རྣམས་ཀྱིས་དུས་རྒྱུན་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དེར་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་ལུགས་འགྲེལ་བརྗོད་ཀྱིས། ད་ཆ་གདོང་ལེན་བྱེད་དགོས་ས་ཆེ་ཤོས་དེ་ནི་གཞོན་སྐྱེས་རྣམས་ཀྱི་དེང་རབས་ཀྱི་འཚོ་བའི་ནང་གི་དཀའ་ངལ་རྣམས་ལ་གདོང་ལེན་བྱེད་ཕྱོགས་ཀྱི་བསླབ་གཞི་དེ་སློབ་ཚན་དངོས་གཞིའི་གཏན་འབེབས་ཀྱི་ཁོངས་སུ་བཞག་ནས་ ༸གོང་ས་མཆོག་གི་ཐུགས་དགོངས་ལྟར་ཆད་ལྷག་མེད་པར་ལག་བསྟར་གནང་ཕྱོགས་ཀྱི་སྐོར་ཡིན་པར་གསུངས་འདུག ཨེ་མོ་རིའི་གཙུལག་ལག་སློབ་ཁང་གི་ཟུང་འབྲེལ་གྱི་འགན་འཛིན། སྐུ་ཞབས་Brendan Ozawa-de Silva ལགས་ཀྱིས། ཐེངས་འདིའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཟབ་ཁྲིད་དེ་ནི་རྒྱལ་ཁ་ཆེན་པོ་ཞིག་དང་།  ས་ཕྱོགས་མང་པོའི་ནང་དུ་བྱིས་པ་མང་པོས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་འདིར་སྦྱོང་བརྩོན་ལག་བསྟར་བྱེད་བཞིན་པ་མཐོང་མ་ཐག་རང་ཉིད་སེམས་འགུལ་ཐེབས་སོང་ཞེས་བརྗོད་དེ། ཁུལ་དེའི་ཤེས་ཡོན་པ་དང་། ཆེད་མཁས་པ། དེ་བཞིན་ཨ་རི་དང་སོག་པོ། གཞན་ཡང་འཇར་མན་དང་ཉི་ཧོང་སོགས་རྒྱལ་ཁབ་འདྲ་མིན་གྱིས་ཐེངས་འདིའི་ཚོགས་འདུའི་ཁྲོད་འཛུལ་ཞུགས་བྱས་ཡོད་པར་བརྟེན། ཨུ་རུ་སུ་ཡིས་བསླབ་གཞི་འདི་མུ་མཐུད་བེད་སྤྱོད་ཆེན་པོ་བྱེད་རྒྱུར་ཡིད་ཆེས་རྙེད་སོང་ཞེས་ངོ་སྤྲོད་གནང་འདུག གཞི་རྩའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དེ་ཨུ་རུ་སུའི་ཁུལ་དུ་གནས་ཚུལ་གསར་པ་ཞིག་ཆགས་ཡོད་པ་དང་། ཐེངས་འདིའི་ཟབ་སྦྱོང་ཁྲོད་ཨུ་རུ་སུའི་དགེ་རྒན་རྣམས་ཀྱིས་ཐེངས་དང་པོ་བསླབ་གཞི་འདིའི་སྐོར་ལ་བགྲོ་གླེང་ལྷུག་པོ་གནང་སྟེ། ཨུ་རུ་སུའི་ཤེས་ཡོན་ལམ་ལུགས་ཀྱི་ཁྲོད་དུ་བསླབ་གཞི་དེ་འབྲེལ་བ་ཇི་ལྟར་ཆགས་ཀྱི་ཡོད་མེད་དང་། དེ་བཞིན་བསླབ་གཞི་དེའི་ཀུན་སྤྱོད་དང་འབྲེལ་བའི་ཆ་རྣམས་ཇི་ལྟར་ཕན་ཐོགས་འབྱུང་གི་ཡོད་མེད་སོགས་ཀྱི་སྐོར་ནས་གླེང་སློང་ཡག་པོ་བྱུང་ཡོད་པ་མ་ཟད། ཨུ་རུ་སུའི་མཁས་དབང་དང་ཕྱི་གླིང་གི་འཛུལ་ཞུགས་པ་རྣམས་ཀྱིས་ཁུལ་དེའི་དགེ་རྒན་རྣམས་ཀྱིས་བསླབ་གཞི་དེ་ཨུ་རུ་སུའི་ཤེས་ཡོན་གྱི་ལམ་ལུགས་ཁྲོད་འཇུག་ཐབས་དང་སློབ་ཁྲིད་ཀྱི་ལག་ལེན་ལ་འཇུག་ཕྱོགས་ཀྱི་ཐད་ནས་བསམ་ཚུལ་མང་པོ་བྱུང་ཡོད་པར་འཁོད་འདུག

༸གོང་ས་མཆོག་ནས་དགེ་བཤེས་དྲུག་ཅུ་ལྷག་ལ་དམིགས་བསལ་མཇལ་ཁ་བསྩལ་འདུག

དེ་རིང་སྔ་ཐོག་ཚོུད་ ༩ ཡོལ་ཙམ་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་སེ་ར་དང་དགའ་ལྡན། འབྲས་སྤུངས། རྭ་སྟོད། བཀྲ་ཤིས་ལྷུན་པོ་བཅས་གདན་ས་ཆེ་ཁག་གི་དགེ་བཤེས་ལྷ་རམས་པ་དང་ཚོགས་རམས་པ། དེ་བཞིན་གླིང་བསྲེ་དགེ་བཤེས་སོགས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཆོས་ཐོག་འགྲིམ་པར་ཕེབས་པའི་དགེ་བཤེས་དྲུག་ཅུ་ལྷག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་མཇལ་ཁ་བསྩལ་འདུག དགེ་བཤེས་རྣམ་པས་བོད་བརྒྱུད་ནང་བསྟན་མདོ་སྔགས་གཉིས་ལས་གསང་སྔགས་ཀྱི་རིག་པའི་གཞུང་ལུགས་ཐོག་ལ་ལོ་གཅིག་གི་རིང་ལ་བསླབ་པ་སློབ་གཉེར་གནང་སྟེ་སློབ་དུས་རྫོགས་ལ་ཉེ་བ་དང་འབྲེལ། ༸གོང་ས་མཆོག་གི་ལམ་སྟོན་ཞུ་སླད་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བཅར་འདུག་པ་དང་།  སྐབས་དེར་༸གོང་ས་མཆོག་གིས་དགེ་བཤེས་རྣམས་ནས་གྲྭ་སར་འགྲིམས་ནས་མདོ་སྔགས་ཟུང་འབྲེལ་གཞུང་ཆ་ཚང་ལ་བསླབ་པ་སློབ་གཉེར་གནང་ཡོད་སྟབས་ད་ཆ་སོ་སོ་ནས་ག་ཚོད་ཤེས་པ་རྣམས་ལག་ལེན་དུ་འཁེལ་རྒྱུ་གལ་ཆེན་པོ་ཡིན་པ་དང་སྒོས་ཤེས་པ་རྣམས་མྱོང་བར་སྦྱར་ནས་གཞན་ལ་འཆད་ཁྲིད་གནང་ཚེ་ཕན་ཐོགས་ཆེན་པོ་ཡོད་སྐོར་བཀའ་བསྩལ་འདུག དེ་བཞིན་༸མགོན་པོ་༸གང་ཉིད་མཆོག་གིས་སངས་རྒྱས་པའི་ཆོས་ནི་རིག་པ་དང་ལྡན་པ་ཞིག་ཡིན་པས་ཚན་རིག་དང་ཟུང་འབྲེལ་འགྲོ་ཐུབ་པའི་ཆོས་ལུགས་གཅིག་པོ་དེ་ཡིན་སྐོར་དང་། བཀའ་འགྱུར་བསྟན་འགྱུར་གྱི་བརྗོད་བྱ་ཁྲོད་ཆོས་ཕྱོགས་དང་འབྲེལ་ཡོད་རིགས་གཅིག་དང་ནང་པའི་གཞུང་གང་ཞིག་བརྗོད་བྱ་དེ་ཤེས་ཡོན་སྡེ་ཚན་ནང་འཇོག་ནས་སློབ་ཁྲིད་གནང་ཚེ་དེས་ཆོས་དད་མེད་མཁན་ཚོར་ཕན་རླབས་ཡོང་རྒྱུ་ཡིན་པ་སོགས་ལམ་སྟོན་མཛད་འདུག དེ་རིང་གི་མཇལ་བཅར་ཁོངས་སུ་ཡོད་པ་དགའ་ལྡན་ཤར་རྩེའི་དགེ་བཤེས་ཚེ་རིང་ཟླ་བ་ལགས་ཀྱིས་༸གོང་ས་མཆོག་གིས་ཆོས་ཉམས་ལེན་གནང་དགོས་སྐོར་དང་གཞན་ལ་ཕན་པ་བསྒྲུབ་རྒྱུའི་བཀའ་བསྩལ་བ་ལྟར།  རང་ཉིད་ནས་༸གོང་ས་མཆོག་གི་འཛམ་བུ་གླིང་སྤྱི་ཡོངས་ལ་སྨན་པའི་བླ་ན་མེད་པའི་མཛད་རྗེས་དྲན་གསོ་ཞུས་པ་དང་འབྲེལ་ཏེ་༸རྒྱལ་བའི་བཀའ་དགོངས་བསྒྲུབ་རྒྱུ་དང་སྤྱི་ཚོགས་ལ་དོན་དམ་པའི་ཕན་པ་བསྒྲུབ་རྒྱུ་སེམས་འགུལ་ཐེབས་སོང་ཞེས་གསུངས་སོང་། དགེ་བཤེས་ལྷ་རམས་པ་བྱང་རྩེ་སྤྲུལ་སྐུ་འཇམ་དབྱངས་ཡོན་ཏན་ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་གི་མཇལ་ཁ་ཡང་ཡང་ཐོབ་རྒྱུའི་གོ་སྐབས་བྱུང་བ་དེ་ལྟར་ཡང་། ད་རེས་དགེ་བཤེས་ཀྱི་ངོ་བོ་ཐོག་ནས་མཇལ་ཁ་ཐོབ་ཡོད་སྟབས་དམིགས་བསལ་གྱི་ཚོར་བ་ཞིག་བྱུང་སྐོར་གསུངས་པ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གིས་བདེན་བཞི་དང་སྐྱབས་གསུམ་གྱི་རྣམ་གཞག་ཐོག་ནས་ནང་ཆོས་ངོ་སྤྲོད་མཛད་པ་དེ་གནད་འགག་ཞིག་ཏུ་གཟིགས་སྐོར་གསུངས་ཡོད། ཐེངས་འདིའི་མཇལ་ཁའི་ཁྲོད་དུ་ཝེ་ཏི་ནམ་དང་རྒྱ་གར་བ་སོགས་ཡང་ཕེབས་ཡོད་པ་དང་། ཝེ་ཏི་ནམ་ ༦༥ ཙམ་གྱི་རུ་ཁག་སྣེ་ཁྲིད་གནང་མཁན་བཙུན་མ་ Hang lien ལགས་ཀྱིས་༸མགོན་པོ་༸གང་ཉིད་མཆོག་སྐུ་ཁམས་གསལ་ཐང་ངང་མཇལ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་བ་དང་། མགོན་པོ་མཆོག་གིས་ཐོས་བསམ་སྒོམ་གསུམ་གནང་དགོས་གནད་དང་། དེ་བཞིན་སངས་རྒྱས་པའི་ཆོས་ལ་དད་པ་ཁོ་ནའི་སྒོ་ནས་མ་འཇུག་པར་རིག་པས་དཔྱད་དེ་འཇུག་དགོས་སྐོར་ལམ་སྟོན་བསྩལ་སོང་ཞེས་གསུངས་སོང་།

ཕྱི་ལོ་ ༢༠༢༠ ལོར་༸གོང་ས་མཆོག་ལ་དྭགས་སུ་ཆིབས་བསྒྱུར་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་འདུག

ལ་དྭགས་ཀྱི་འཐུས་མི་ཁག་གཅིག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༢༠ ལོའི་དབྱར་དུས་སུ་ལ་དྭགས་ལ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་འདུག དེ་ཡང་ཁ་སང་ཟླ་ ༡༢ ཚེས་ ༢ ཉིན་ལ་དྭགས་ནང་པ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པི་ཊི་ཀུན་བཟང་ལགས་དང་དྲུང་ཆེ་བསོད་ནམས་ཟླ་བ་ལགས། དྲུང་གཞོན་ཚེ་རིང་དབང་ཕྱུག་ལགས། དེ་བཞིན་ལ་དྭགས་དགོན་པ་ཚོགས་པའི་ཚོགས་གཙོ་དགེ་བཤེས་གྲུབ་བྱམས་པ་ལགས་དང་དངུལ་གཉེར་རིག་འཛིན་རྡོ་རྗེ་ལགས་བཅས་བཞུགས་སྒར་དུ་ཆེད་བཅར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཞུས་ཏེ་མགོན་པོ་༸གང་ཉིད་མཆོག་ལོ་རྗེས་མའི་དབྱར་དུས་སུ་ལ་དྭགས་ལ་ཆིབས་བསྒྱུར་བཀྲིན་བསྐྱངས་ནས་ཐུགས་ལྷོད་ལྷོད་ངང་༸སྐུ་ངལ་གསོ་བཞུགས་མཛད་རྒྱུའི་གསོལ་འདེབས་ཞུས་འདུག་པ་དང་། སྐབས་དེར་༸གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་གསོལ་འདེབས་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་བ་དང་སྦྲགས། ལོ་རྗེས་མར་ལ་དྭགས་སུ་ཆིབས་བསྒྱུར་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་བསྩལ་མཛད་འདུག ལ་དྭགས་དགོན་པ་ཚོགས་པའི་ཚོགས་གཙོ་དགེ་བཤེས་གྲུབ་བྱམས་པ་ལགས་ཀྱིས་རླུང་འཕྲིན་ཁང་ལ་ཐེངས་འདིའི་གསོལ་འདེབས་འདི་ནི་གཙོ་བོ་དབྱར་དུས་སུ་བཞུགས་སྒར་ལ་ཆར་ཤུགས་ཆེ་བ་དང་ལ་དྭགས་ལ་གནམ་གཤིས་ཡག་པོ་ཡོད་སྟབས་མགོན་པོ་༸གང་ཉིད་མཆོག་ཐུགས་ལྷོད་ལྷོད་ངང་༸སྐུ་ངལ་གསོ་བཞུགས་མཛད་རྒྱུ་ཁོ་ནར་ཆེད་དམིགས་ཞུས་པ་ཞིག་ཡིན་པ་ལས་དེ་མིན་མཛད་འཆར་གང་ཡང་བང་སྒྲིག་མེད་སྐོར་སོགས་གསུངས་སོང་། གཞི་རྩའི་ལ་དྭགས་ཀྱི་འཐུས་མི་ཁག་ནས་ད་རེས་ཙམ་མ་ཟད་འདི་ལོ་ ༢༠༡༩ ལོའི་དབྱར་དུས་སུ་མགོན་པོ་༸གང་ཉིད་མཆོག་ཁུལ་དེར་ཆིབས་བསྒྱུར་བཀའ་དྲིན་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་ཡོད་ཀྱང་། མགོན་པོ་༸གང་ཉིད་མཆོག་གི་དགུང་ནའི་བབས་དང་༸སྐུའི་འཕྲོད་བཞེས་རྐྱེན་པས་ཁུལ་དེར་ཆིབས་བསྒྱུར་མཛད་ཐུབ་མེད་པ་རེད།

Latest news