Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

ཀརྨ་དགྲ་འདུལ་ལགས་ཀྱིས་ཁྲིམས་ཞིབ་པའི་དམ་འབུལ་གནང་བ།

ཉེ་ཆར་སྐབས་ ༡༦ པའི་བོད་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་འོས་འདེམས་གནང་བ་ལྟར་ཆོས་རིག་དྲུང་འཕར་ཀརྨ་དགྲ་འདུལ་ལགས་ཀྱིས་ལས་འཁུར་དམ་འབུལ་གནང་སོང་།   དེ་རིང་ཟླ་ ༡༠ ཚེས་ ༡ ཉིན་སྔ་དྲོ་ཚོུད་ ༩ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཁང་བརྩེགས་གསར་པའི་ཚོགས་ཁང་ཆེན་མོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེན་མཆོག་གིས་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་པའི་བཀའ་བློན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་བཅས་ལྷན་འཛོམས་ཐོག་ཀརྨ་དགྲ་འདུལ་ལགས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་དྲུང་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་ལས་འཁུར་དམ་འབུལ་ཞུས་སོང་།རྩ་བའི་ཀརྨ་དགྲ་འདུལ་ལགས་ཉེ་ཆར་མཇུག་སྒྲིལ་ཟིན་པའི་སྐབས་བཅུ་དྲུག་པའི་བོད་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་གཉིས་པའི་ཐོག་ངོ་ཡོད་སྤྱི་འཐུས་ ༢༡ གི་རྒྱབ་བསྐྱར་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་ཏུ་འོས་འདེམས་གནང་ཡོད་པ་དང་། ཁོང་གིས་འདས་པའི་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་མཉམ་འབྲེལ་ནང་ཚོང་ལས་འགན་འཛིན་དང་དྲུང་ཆེ། ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ལས་ཁང་གི་ལས་དྲུང་། དེ་བཞིན་སྦེལ་ཀོབ་བདེ་སྐྱིད་སླར་གསོ་དང་། མན་སྤར་ཕན་བདེ་གླིང་གཞིས་ཆགས། འབྲས་ལྗོངས་སྒང་ཏོག་ས་གནས་བཅས་ཀྱི་གཞིས་འགོ་དང་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་ལྷོ་སྤྱི་བཅས་གནང་མྱོང་ཡོད་པ་མ་ཟད་ཕྱི་ལོ་ ༢༠༡༧ ལོ་མཇུག་ནས་ཆོས་རིག་ལས་ཁུངས་སུ་དྲུང་འཕར་ལས་འགན་ཐོག་དཔལ་༸རྒྱལ་བ་ཀརྨ་པ་རིན་པོ་ཆེའི་སྣེ་ཤན་ཞབས་ཞུ་གནང་ཡོད་པ་རེད།

བོད་ཀྱི་གཙང་ཆུ་ནི་ཨེ་ཤ་ཡའི་ཚེ་སྲོག་ཡིན་པའི་འབོད་སྒྲ་དང་སྦྲགས་འཛམ་གླིང་རྒྱུག་ཆུའི་ཉིན་མོ་སྲུང་བརྩི།

ཁ་སང་ཟླ་ ༩ ཚེས ༣༠ ཉིན་འཛམ་གླིང་གི་རྒྱུག་ཆུའི་ཉིན་མོ་དང་བསྟུན་བོད་མི་མང་སྤྱི་འཐུས་ཁག་ཅིག་གིས་རྒྱ་གར་གྱི་གྲོང་ཁྱེར་མོམ་བྷེ་ནང་རྒྱ་ནག་གིས་བོད་ཀྱི་རྒྱུག་ཆུ་ཁག་ཁ་བསྒྱུར་དང་ཚུ་མཛོད་མང་དག་རྒྱག་བཞིན་པའི་གོ་རྟོགས་སྤེལ་བ་མ་ཟད། བོད་རང་བཙན་སློབ་ཕྲུག་ཚོགས་པས་ཀྱང་བོད་ཀྱི་གཙང་ཆུ་ནི་ཨེ་ཤ་ཡའི་ཚེ་སྲོག་ཡིན་པའི་བརྡ་ལན་གྱི་ཁྲོད་འཛམ་གླིང་གི་ Paragliding འམ་གདུགས་སྐོར་ལྡིང་རྩེད་ཀྱི་ས་གནས་ཡག་ཤོས་གྲས་སུ་ཡིན་པའི་ Billing ཁུལ་དུ་བོད་ནང་གི་རྒྱུག་ཆུའི་ཐད་ཀྱི་ལས་འགུལ་སྤེལ་འདུག བོད་མི་མང་སྤྱི་འཐུས་ཁག་ཅིག་བོད་དོན་ཞུ་གཏུགས་ཀྱི་ལས་འཆར་འོག་ཉེ་ལམ་རྒྱ་གར་ལྷོ་ཕྱོགས་ Mumbai གཙོས་པའི་གྲོང་ཁྱེར་ཆེ་གྲས་ཁག་ཅིག་ནང་ཆེད་ཕེབས་ཀྱིས་གནད་ཡོད་དཔོན་རིགས་རྣམས་ལ་བོད་ཀྱི་གནད་དོན་ཐོག་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བཞིན་པ་ལྟར། ཁ་སང་མོམ་བྷེ་ནང་སྤེལ་བའི་གཏམ་བཤད་ཀྱི་ལས་རིམ་ཞིག་གི་སྐབས་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་རྒྱ་ནག་གིས་བོད་ནང་གཙང་ཆུ་ཁ་བསྒྱུར་དང་གཏེར་ཁ་སྔོག་འདོན་སོགས་ཀྱི་ལས་གཞི་རབས་དང་རིམ་པ་སྤེལ་བཞིན་པར་བརྟེན་བོད་ནང་གི་སྐྱེ་ཁམས་ཁོར་ཡུག་གི་གནས་བབ་དེ་ཛ་དྲག་རང་བཞིན་གྱི་ངོ་བོར་གནས་ཡོད་པ་དང་། དེ་ལྟ་བུའི་ཁོར་ཡུག་ཉམས་ཉེས་ཀྱི་ཤུགས་རྐྱེན་དེ་ནི་བོད་དང་རྒྱ་གར་ཙམ་མ་ཡིན་པར་འཛམ་གླིང་གང་སར་གནོད་གཞི་ཅན་དུ་འགྱུར་བཞིན་ཡོད་སྐོར་གསུངས་འདུག ཁོང་གིས་རྒྱ་གར་གྱི་ NDTV གསར་ལམ་གྱི་བཅར་འདྲི་ཁག་ཅིག་ལ་ལན་འདེབས་གནང་སྐབས་རྒྱ་ནག་གཞུང་གིས་བོད་ནང་རང་བྱུང་ཁོར་ཡུག་གཏོར་བཅོམ་བྱས་རྐྱེན་ཡུལ་དངོས་ཀྱི་གནས་ཚུལ་ཕྱི་ལ་མི་གྱར་བའི་ཕྱིར་ས་གནས་མི་མང་ལ་དམ་དྲག་དང་བཀག་སྡོམ་བྱེད་བཞིན་ཡོད་པ་དང་། བོད་ནང་གི་དཀའ་ངལ་དེ་ནི་རྒྱུག་ཆུ་ཙམ་མ་ཡིན་པར་བོད་ཀྱི་རིག་གཞུང་བརྗེ་བསྒྱུར་དང་གཞིས་ཀ་བརྗེ་སྤོར་སོགས་ཕྱོགས་ཡོངས་ནས་བོད་མི་དག་རྒྱ་མིར་བསྒྱུར་རྒྱུའི་སྲིད་བྱུས་དང་འབྲེལ་ཡོད་པ་ཞིག་རེད་ཅེས་གསུངས་འདུག ཡང་དེའི་བར་ན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ཀྱང་། རྡ་སའི་ཉེ་འཁྲིས་སྦིར་ས་གནས་བྷེ་ལན་དུ་འཕྲེད་དར་གྱི་ཐོག་ཡི་གེ་བྲིས་ནས་བོད་ཀྱི་གཙང་ཆུ་ནི་ཨེ་ཤ་ཡིའི་ཚེ་སྲོག་ཡིན་པ་དང་། བོད་ཀྱི་གཙང་ཆུ་སྐམ་ཚེ་ཨེ་ཤ་ཡ་འཆི་ཉེན་ཡོད་པའི་བརྡ་ལན་གྱི་ཁྲོད་ paragliding འམ་གདུགས་སྐོར་ལྡིང་རྩེད་བརྒྱུད་འཛམ་གླིང་གི་རྒྱུག་ཆུའི་ཉིན་མོ་སྲུང་བརྩི་ཞུས་པ་དང་འབྲེལ། ཨེ་ཤ་ཡིའི་མི་འབོར་ཐེར་འབུམ་གཉིས་ཀྱི་འཚོ་རྟེན་དུ་གྱུར་བའི་བོད་ཀྱི་གཙང་ཆུ་ཁག་ད་ཆ་རྒྱ་ནག་གི་བཙན་དབང་འོག་འབག་བཙོག་ཅན་དུ་ཆགས་ངེས་ཡིན་པ་མ་ཟད་དེ་དག་གི་ཐོག་ཆུ་མཛོད་མང་དག་རྒྱག་བཞིན་པར་བརྟེན། རྒྱུག་ཆུ་དེ་དག་གི་ཡན་ལག་ལ་བརྟེན་པའི་མི་འབོར་ས་ཡ་མང་པོར་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་པར་འགྲེལ་བརྗོད་བྱས་འདུག གཞི་རྩའི་རྒྱ་གར་གཞུང་ནས་རྒྱ་ནག་གིས་བོད་ནང་གི་གཙང་ཆུ་ཁག་དང་སྒོས་ཡར་ཀློང་གཙང་པོའི་ཐོག་ཆུ་མཛོད་ཀྱི་ལས་གཞི་མང་དག་ཞིག་སྤེལ་བཞིན་པའི་གནད་དོན་ཐོག་སེམས་འཚབ་ཧ་ཅང་ཆེན་པོ་དང་འབྲེལ། རྒྱ་ནག་གི་འགོ་ཁྲིད་རྣམས་ལ་ཞུ་སྐུལ་རིམ་པ་བྱས་ཡོད་ཀྱང་རྒྱ་ནག་གིས་ད་དུང་མུ་མཐུད་དེ་ལྟ་བུའི་ཆུ་མཛོད་མང་དུ་རྒྱག་རྒྱུའི་འཆར་གཞི་སྒྲིག་བཞིན་ཡོད་པ་རེད།

དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ལ་འཚམས་འདྲི།

དེ་རིང་བོད་མིའི་སྒྲིག་འཛུགས་ནས་བཞུགས་སྒར་དུ་ཕེབས་པའི་དབྱིན་ཡུལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་རྣམས་ལ་ཕེབས་བསུ་འཚམས་འདྲི་དང་སྦྲགས།   བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁོང་རྣམས་ཀྱིས་བོད་དོན་ཐད་རྒྱབ་སྐྱོར་གཡོ་བ་མེད་པ་གནང་བ་དེས་བོད་ནང་དུ་ཡོད་པའི་བོད་མི་རྣམས་ལ་སེམས་ཤུགས་འཕར་མ་ཞིག་སྟེར་བའི་བརྡ་ལན་སྤྲོད་ཀྱི་ཡོད་པ་གསུངས་སོང་། དེ་ཡང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་ཁང་གསར་པའི་ནང་དུ་སྲིད་སྐྱོང་མཆོག་དབུས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུ་བ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་བྱེད་ཚང་འཛོམས་ཐོག་དབྱིན་ཡུལ་རྙིང་ཞེན་ཚོགས་པའི་སྐུ་ཚབ་སྐུ་ཞབས་Tim Loughton མཆོག་དང་། Scotland རྒྱལ་ཡོངས་ཚོགས་པའི་སྐུ་ཚབ་སྐུ་ཞབས་ Chris law མཆོག་ནས་གསུངས་བཤད་གནང་སོང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ད་རེས་ཁོང་རྣམ་པ་ཆེད་དུ་མངགས་ནས་བཞུགས་སྒར་དུ་ཕེབས་པའི་ཐོག་བོད་དོན་དང་བོད་མི་ལ་གདུང་སེམས་མཉམ་སྐྱེད་གནང་བ་དེར་བོད་མི་ཡོངས་ཀྱི་སྐུ་ཚབ་གནང་སྟེ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ད་ཆ་གཉན་ཕྲང་ཅན་གྱི་དུས་ཚོད་དེར་བོད་དོན་གྱི་འཐབ་རྩོད་སླད་རྒྱལ་ཁབ་གཞན་གྱི་གཞུང་མང་གཉིས་ནས་རྒྱབ་སྐྱོར་དགོས་པ་ཧ་ཅང་གལ་ཆེན་ཞིག་ཡིན་པ་གསུངས་སོང་། རྩ་བའི་གྲོས་ཚོགས་འཐུས་མི་རྣམས་ནས་དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་དང་། ༸མགོན་པོ་མཆོག་ནས་སྐབས་དེར་ཁོང་རྣམས་ལ་བོད་དོན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་རྣམས་དངོས་སུ་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པའི་བཀའ་སློབ་གནང་ཡོད་པ་བཞིན། ཁོ་ཚོའི་ངོས་ནས་གོ་སྐབས་ནམ་བྱུང་ལ་རྒྱལ་སྤྱིའི་སྡིངས་ཆའི་ཁྲོད་བོད་ཀྱི་གནད་དོན་གླེང་རྒྱུ་དང་།  བོད་དོན་ཐབ་རྩོད་ཐད་མུ་མཐུད་ནས་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་མ་ཟད། དབྱིན་ཡུལ་དུ་ལོག་རྗེས་གྲོས་ཚོགས་སུ་ Reciprocal Access to Tibet འམ་བོད་ནང་དུ་འདྲ་མཉམ་འགྲུལ་བསྐྱོད་ཆོག་པའི་གནད་དོན་སྐོར་གླེང་རྒྱུ་ཡིན་པ་གསུངས་སོང་།

བོད་ནང་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་འགྲོ་བཞིན་པའི་འགྲིམ་འགྲུལ་འགྲེམས་སྟོན་དབུ་འབྱེད་གནང་སོང་།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ནས་དེ་རིང་ཚོགས་པ་དེ་དབུ་བརྙེས་པའི་དུས་ཚིགས་དང་། ལྷག་པར་དུ་ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ལོར་བོད་ནང་གཞོན་སྐྱེས་མང་དག་ཞིག་གིས་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེན་པོ་གནང་བའི་ཉིན་མོ་དང་བསྟུན།  བོད་དོན་འཐབ་རྩོད་ཀྱི་ལོ་རྒྱུས་དྲན་གསོ་དང་རྒྱལ་སྤྱིའི་ཁྲོད་བོད་དོན་གྱི་གནད་དོན་གོ་རྟོགས་སླད།   བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་འགྲོ་བཞིན་པའི་འགྲིམ་འགྲུལ་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སོང་། དེ་རིང་ཉིན་རྒྱབ་མེག་གྷན་ Club House གྱི་གསོལ་མགྲོན་ཁང་དུ་ཚོགས་པའི་འགྲེམས་སྟོན་དབུ་འབྱེད་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གཙོས།   གསར་འགོད་པ།   བོད་མི་དོན་གཉེར་བ་ཁག་ཅིག་ནས་མཉམ་ཞུགས་གནང་ཡོད་པ་དང་།  འགྲིམ་འགྲུལ་གྱི་འགྲེམས་སྟོན་དེའི་ཐོག་ ༥༩ འི་སྔོན་གྱི་བོད་རང་དབང་ཅན་གྱི་རྒྱལ་ཁབ་ཡིན་པའི་པར་རིས་ཚན་པ་དང་།  རྒྱ་ནག་དམར་པོའི་བཙན་འཛུལ་བྱེད་སྐབས་བོད་ནང་གི་གནས་སྟངས་དང་།  དེ་བཞིན་འདས་པའི་ལོ་དྲུག་བཅུའི་ནང་བོད་ནང་ཞི་རྒོལ་རབས་དང་རིམ་པ་བྱུང་བའི་ཚན་པ་བཅས་འགྲེམས་སྟོན་གནང་འདུག སྐབས་དེར་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་ད་རེས་ཀྱི་འགྲིམ་འགྲུལ་འགྲེམས་སྟོན་ལས་གཞི་དེ་ལོ་གཅིག་ནང་ཚན་དུ་རྒྱ་གར་དུ་ཡོད་པའི་བོད་མིའི་གཞིས་ཆགས་དང་རྒྱ་གར་གྱི་ས་གནས་ཁག  དེ་བཞིན་རྒྱ་གར་དང་བོད་པའི་སློབ་གྲྭ་མ་ཟད།  ཕྱི་རྒྱལ་ནང་དུ་ཡང་འགྲེམས་སྟོན་གནང་རྒྱུ་ཡིན་པ་དང་།   ཁོང་གིས་འགྲེམས་སྟོན་འདི་བརྒྱུད་རྒྱ་གར་དང་ཕྱི་མིའི་མང་ཚོགས་རྣམས་ལ་བོད་ནང་གི་གནས་སྟངས་དང་།   བོད་དེ་ལོ་རྒྱུས་སྒོ་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པ་སོགས་ཁྱབ་བསྒྲགས་གནང་རྒྱུ་ཡིན་པ་གསུངས་སོང་། དེ་བཞིན་སྐུ་མགྲོན་གཙོ་བོ་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ནས་སྐབས་དེར།   ད་ལྟའི་མི་ཐོག་ཁག་ཅིག་གིས་བོད་ཀྱི་གནད་དོན་གོ་བ་དང་།  པར་རིས་བརྒྱུད་ནས་མཐོང་བ།   དེ་བཞིན་ཡིག་རིགས་བརྒྱུད་ནས་མཁྱེན་པ་མ་ཟད།  ཁག་ཅིག་གིས་བརྒྱད་ཅུ་གྱ་གྲངས་ནས་བོད་ནང་གི་གནས་སྟངས་དངོས་སུ་མྱོང་སྟབས། གནས་སྟངས་དེ་དག་ལ་གཞི་བཞག་པའི་ཐོག་བོད་རིགས་ནང་ཁུལ་ལ་བོད་དོན་འཐབ་རྩོད་ཐད་གོ་བརྡ་འཕྲོད་རྒྱུ།  ངེས་པ་རྙེད་ཐུབ་རྒྱུ།  དེ་བཞིན་སེམས་ཁུར་གནང་བར་འབད་དགོས་པ་གསུངས་པ་དང་།    ད་རེས་ཀྱི་འགྲེམས་སྟོན་བཞིན་བོད་པའི་ལོ་རྒྱུས་མིག་མཐོང་ལག་སོན་དུ་མཐོང་རྒྱུ་ཡོད་པའི་ཐོག་ཕྱི་མི་ཞིག་ལ་བོད་དོན་འཐབ་རྩོད་སྐོར་འགྲེལ་བརྗོད་བྱས་པ་ཡིན་ན་ཡང་དེར་རྒྱབ་སྐྱོར་ཚད་ལྡན་ཞིག་དང་།  ནུས་པ་ཆེ་བ་ཐོན་གྱི་ཡོད་སྐོར་གསུངས་པ་དང་།   འགྲེམས་སྟོན་འདི་ལྟ་བུའི་བོད་དོན་གྱི་འཐབ་རྩོད་ལ་སྨིན་རྒྱུ་ཡིན་པ་གསུངས་སོང་།     མ་ཟད།  ཚོགས་གཞོན་མཆོག་གིས་དེ་རིང་གི་ཉིན་མོ་དེ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་ཡིན་སྟབས།  བོད་ཀྱི་རྩ་དོན་གྱི་ཆེད་འདས་གྲོངས་སུ་ཕྱིན་པ་རྣམས་དྲན་གསོ་ཞུ་རྒྱུ་དང་།  ང་ཚོ་ངོས་ནས་བོད་དོན་གྱི་འཐབ་རྩོད་དོན་དུ་རྒྱུན་དུ་ནས་རིག་པ་བསྒྲིམ་དགོས་པ་གསུངས་སོང་། གཞི་རྩའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དེེ་བོད་མིའི་ཆབ་སྲིད་བཙོན་ཟུར་གཙོ་བོར་གྱུར་བའི་མི་སྣ་ལས་གྲུབ་པའི་ཚོགས་པ་ཞིག་ཡིན་པ་དང་།  ཆབ་སྲིད་ཉེན་གཡོལ་ལ་ཕེབས་པའི་རྒྱལ་གཅེས་པ་དག་གིས་ཆབ་སྲིད་ཀྱི་ལྟ་བ་དང་། དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་དེ་ཉིད་མངོན་འགྱུར་ཡོང་ཆེད་ཕྱི་ལོ་ ༡༩༩༡ ཟླ་ ༩ ཚེས་ ༢༧ ཉིན་བཞུགས་སྒར་རྡ་རམ་ས་ལར་དངོས་སུ་དབུ་བརྙེས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་ཞིང་། ད་ལྟའི་ཆར་ཚོགས་པ་འདིར་གནས་ཡུལ་རྒྱ་གར་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་ཁྱོན་ཚོགས་མི་ ༦༢༠ ལྷག་ཡོད་པ་རེད།  

དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་ནང་ལོ་དྲུག་བསྟུད་མར་ཨང་རིམ་དང་པོ་བླངས་མཁན་སེར་བྱེས་ཐབས་མཁས་བློ་གྲོས་ལགས་སུ་བཅར་འདྲི།

དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་ནང་ལོ་དྲུག་བསྟུད་མར་ཨང་རིམ་དང་པོ་བླངས་མཁན་སེར་བྱེས་ཐབས་མཁས་བློ་གྲོས་ལགས་སུ་འདི་ག་རླུང་འཕྲིན་ཁང་གི་རྒྱ་གར་ལྷོ་ཕྱོགས་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཅར་འདྲི་ཞུས་པ།  

བོད་མི་མང་སྤྱི་འཐུས་རྣམས་ནས་འོས་བསྡུ་ཐེངས་གཅིག་གམ་གཉིས་དགོས་མིན་ཐོག་བགྲོ་གླེང་གནང་འགོ་བཙུགས་སོང་།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་བའི་ལས་ཉིན་བཞི་པའི་ཐོག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་འཆར་ཟིན་ཚོགས་ཚུང་གི་སྙན་ཐོར་བཀའ་ཤག་ངོས་ནས་གཞུང་འབྲེལ་བསྐྱར་བཅོས་ཁྲིམས་འཆར་ཕེབས་ཡོད་པ་རེད། རྩ་བའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་གྲོས་ཆོད་གཏན་འབེབ་གནང་བ་གཞིར་བཟུང། ཚོགས་དུས་གསུམ་པའི་སྐབས་སུ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་འཛིན་ཚོགས་ཆུང་གི་སྙན་ཐོ་འགོད་འབུལ་ཞུས་ཡོད་པ་དང་། སྐབས་དེར་སྙན་ཐོའི་ནང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་སྔོན་འགྲོ་དང་དངོས་གཞི་བཅས་ཐེངས་གཉིས་དགོས་མིན་ཐད་དགོངས་ཚུལ་མ་མཐུན་པ་བྱུང་སྟེ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བཀའ་བློན་རྣམ་པས་སྙན་ཐོ་དེར་ངོ་རྒོལ་མཚོན་ཆེད་གྲོས་ཚོགས་ནས་ཕྱིར་ཐོན་གནང་བ་སོགས་བྱུང་ཡོད་སྟབས། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བཀའ་ཤག་ནས་གྲོས་ཚོགས་ཚོགས་དུས་རྗེས་མའི་སྟེང་ཁྲིམས་འཆར་དེའི་བཟོ་བཅོས་ཁྲིམས་འཆར་བསྣམ་ཕེབས་དགོས་པའི་ཐག་གཅོད་གནང་ཡོད་པ་རེད། ཚོགས་གཙོའི་ལམ་སྟོན་ལྟར་དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་བཞི་པའི་ཚོགས་ཐུན་བཞི་པའི་ཐོག་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་བཟོ་བཅོས་ཁྲིམས་འཆར་གྲོས་ཚོགས་སུ་འགོད་འབུལ་ཞུས་སོང་། བཀའ་ཤག་གི་བཟོ་བཅོས་ཁྲིམས་འཆར་དེའི་ནང་གཙོ་བོ། བཙན་བྱོལ་བོད་མིའི་འོས་བསྡུ་ཐེངས་གཅིག་དགོས་པའི་མངོན་འདོད་ལྟར་དེ་འབྲེལ་གྱི་བཟོ་བཅོས་ཁག་གཅིག་བསྣམས་ཕེབས་ཡོད་པ་ལྟར། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་སྐྱར་བཅོས་འཆར་ཟིན་ཚོགས་ཆུང་ཁོངས་སུ་ཡོད་པའི་སྤྱི་འཐུས་རྒྱ་རིགས་མཐར་ལགས་ཀྱིས་བཀའ་ཤག་གི་བསྐྱར་བཅོས་ཁྲིམས་འཆར་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་བ་ཞིག་དང་། མུན་ནག་ནང་འགེངས་ཤོག་སླངས་བ་ལྟ་བུ་ཞིག་ལ་འགྲེལ་བརྗོད་དང་འབྲེལ། ཁྲིམས་འཆར་དེར་དགག་པ་སྐྱོན་གནང་སོང་། འོང་ཀྱང་སྐབས་དེར་འོས་གྲངས་ ༡༧ དང་༡༨ བྱས་ནས་ངོ་ཡོད་སྤྱི་འཐུས་ཀྱི་མང་མོས་རྒྱབ་སྐྱོར་ཐོག་ཁྲིམས་འཆར་དེ་ཚུད་པའི་ཐོག གྲོས་ཚོགས་འཐུས་མི་རྣམས་ནས་བསྐྱར་བཅོས་ཁྲིམས་འཆར་དེ་དང་དེའི་ནང་གསལ་བཙན་བྱོལ་བོད་མིའི་འོས་བསྡུའི་བརྒྱུད་རིམ་ཁྲོད་སྔོན་འགྲོ་དང་དངོས་གཞི་ཞེས་འོས་བསྡུ་ཐེངས་གཅིག་དང་གཉིས་དགོས་མིན་ཐོག་བགྲོ་གླེང་གནང་འགོ་བཙུགས་སོང་། བགྲོ་གླེང་འགོ་འཛུགས་ཀྱི་མཚམས་སུ་ལས་ཉིན་བཞི་པའི་ཚོགས་དུས་ཟིན་སྟབས་ལས་ཉིན་རྗེས་མའི་ཐོག་མུ་མཐུད་བགྲོ་གླེང་གནང་གི་ཡོད་པ་རེད། གཞི་རྩའི་ད་རེས་འཛིན་སྐྱོང་བཀའ་ཤག་ནས་བསྣམས་པའི་བཟོ་བཅོས་ཁྲིམས་འཆར་དེའི་ནང་ལ་སྲིད་སྐྱོང་དང་། སྤྱི་འཐུས་གཉིས་ཀྱི་འོས་བསྡུ་དེ་བཞིན་སྔོན་འགྲོ་དང་དངོས་གཞི་ཞེས་འོས་བསྡུ་རིམ་པ་གཉིས་མི་དགོས་པར་འོས་བསྡུ་རིམ་པ་གཅིག་གི་འཐུས་པ་བཟོས་འདུག་པ་དང་། དེ་ཡང་དབུས་འོས་བསྡུ་ལས་ཁང་ནས་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཁྱབ་བསྒྲགས་བྱས་རྗེས། རང་འགུལ་དྭང་བླངས་དང་དམིགས་འཛུགས་བྱས་པའི་འོས་མི་དང་རྒྱབ་སྐྱོར་བྱེད་པོ་བཅས་ནས་ས་གནས་འོས་བསྡུ་ལས་ཁང་ལ་དེབ་སྐྱེལ་བྱེད་དགོས་པ་དང་། འོས་མིར་དེབ་སྐྱེལ་བྱས་རིགས་ལ་ས་གནས་འོས་བསྡུ་ལས་ཁང་ནས་རྟོག་ཞིབ་རྩད་གཅོད་དང་ཐག་གཅོད་བྱ་རྒྱུའི་དུས་ཡུན་ཉིན་གྲངས་ ༣༠ དེའི་རྗེས་འོས་བསྡུ་ལས་ཁང་ནས་ཐག་གཅོད་བྱུང་ཚེ་འོས་མི་དང་རྒྱབ་སྐྱོར་བ་རྣམས་ནས་ཉིན་གྲངས་ ༤༥ རིང་དྲིལ་བསྒྲགས་བྱེད་པ་ལས། དེབ་སྐྱེལ་མ་བྱས་པར་དྲིལ་བསྒྲགས་རིགས་བྱས་པ་ར་འཕྲོད་བྱུང་ཚེ་འོས་གྲངས་ཇི་ཐོབ་ཚང་མ་རྩིས་མེད་གཏོང་རྒྱུ་སོགས་གསར་འཇུག་གནང་འདུག

གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་སྔོན་རྩིས་གོང་དུ་འགོ་འཛུགས་གནང་རྒྱུའི་རེ་བ་དང་ཡིད་ཆེས་ཡོད་གསུངས་སོང་།

དེ་རིང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་ཐོག་གྲོས་ཚོགས་ནང་སྤྱི་ཡོངས་བགྲོ་གླེང་གནང་སྐབས། སྤྱི་འཐུས་རྣམ་པས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་གཞི་དང་བོད་མིའི་དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་དཀའ་ངལ་བཅས་གླེང་གཞི་གཙོ་བོ་གཉིས་ཀྱི་ཐོག་ལ་བགྲོ་གླེང་ལྷུག་པོ་གནང་སོང་། དེའང་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བཞི་པའི་ཐོག་སྤྱི་འཐུས་རྣམས་ནས་མུ་མཐུད་དཔལ་འབྱོར་ལས་ཁུངས་ཀྱི་ལས་བསྡོམས་སྐོར་བགྲོ་གླེང་གནང་སྐབས་སྤྱི་འཐུས་འགའ་ཞིག་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ངོ་བོ་དང་དེའི་ལས་དོན་གནང་ཕྱོགས་སྐོར་བཀའ་འདྲི་ཞུས་གནང་སོང་། སྐབས་དེར་བཀའ་བློན་མཆོག་གིས་ད་ཆ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་རྒྱ་གར་གཞུང་གི་ཁྲིམས་སྒྲིག་ལྟར་ཁེ་ཡོད་ཚོང་འབྲེལ་སྡེ་ཚན་ཁོངས་སུ་དེབ་སྐྱེལ་ལེགས་གྲུབ་བྱུང་ནའང་ལས་གཞི་དངོས་སུ་འགོ་འཛུགས་གནང་བར་རྒྱ་གར་གཞུང་གི་དངུལ་ཁང་ཆེན་མོ་ནས་བཀའ་འཁྲོལ་ཞིག་ཐོབ་དགོས་ཀྱི་ཡོད་པས། དེའི་ཆེད་ད་ལྟ་ལས་དོན་ཁག་ཅིག་གཉེར་མུས་ཡིན་པ་དང་སྔོན་རྩིས་གོང་དུ་ལས་གཞི་དེ་འགོ་འཛུགས་གནང་ཐུབ་པའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད་པ་གསུངས་སོང་བ་དེ་ལྟར་ཡང་། ཁེ་ཡོད་ཞབས་ཞུ་ཁང་འདི་རང་སྐྱོང་གི་གནས་བབ་ཏུ་འཇོག་དགོས་མིན་ཐད་བཀའ་བསྡུར་འགྲོ་མུས་ཡིན་པའི་གསལ་བཤད་གནང་སོང་། ཡང་སྔ་དྲོའི་ཚོགས་ཐུན་དེའི་སྐབས་སྤྱི་འཐུས་གཅིག་གིས་རྒྱ་གར་ཇཱ་མུ་ཀཤྨིར་མངའ་སྡེ་ནང་གཏན་སྡོད་གནང་བཞིན་པའི་ཁ་ཆེ་བོད་རིགས་ཚོའི་གནས་སྟངས་སྐོར་དང་འབྲེལ། བོད་རིགས་དེ་དག་གི་དྭང་བླང་དཔྱ་དངུལ་དང་འབྲེལ་བའི་གནད་དོན་སྐོར་བཀའ་འདྲི་ཞུས་སོང་བར་བཀའ་བློན་མཆོག་གིས་ཡུལ་དེར་གནས་བཞིན་པའི་ལྷ་ས་ཁ་ཆེ་བ་ཚོར་ཡུལ་ཁྲིམས་ཀྱི་གནས་སྟངས་རྐྱེན་པས་ཁོང་རྣམ་པར་དྭང་བླངས་དཔྱ་དངུལ་ལག་དེབ་འབུལ་མ་ཐུབ་པ་མ་གཏོགས་དེར་ཆོས་ལུགས་དབྱེ་འབྱེད་བྱེད་པ་ཞིག་གཏན་ནས་མིན་སྐོར་ནན་བརྗོད་གནང་སོང་། རྩ་བའི་འདི་ལོ་དཔལ་འབྱོར་ལས་ཁུངས་ཀྱི་ལོ་གཅིག་གི་ལས་བསྡོམས་སྙིང་བསྡུས་འགོད་འབུལ་ཞུས་པའི་ནང་གསལ་ལྟར་ན། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༣༡ བར་གྱི་རྩིས་ལོའི་ནང་ཁྱོན་བསྡོམས་པའི་དྭང་བླངས་དཔྱ་དངུལ་ལག་དེབ་བཟོ་འགྲེམས་ཟིན་པ་དེ་འབུམ་གཅིག་དང་སྟོང་ཕྲག་ ༥༣ དང་ ༥༠༨ ཡིན་པ་དང་ནོར་བཅོས་ཀྱིས་བསྐྱར་བཟོ་ཟིན་པ་ ༡༢༢༤ དང་བོར་བརླགས་བསྐྱར་བཟོ་ཟིན་པ་གྲངས་ ༢༣༥ བཅས་ཡིན་པ་རེད། དེ་རིང་གི་གྲོས་ཚོགས་ལས་རིམ་དེའི་ཐོག་སྤྱི་འཐུས་ཤིག་གིས་བོད་མིའི་དྭང་བླངས་དཔྱ་དངུལ་བསྡུ་འབུལ་གྱི་ལས་རིམ་དེ་བཞིན་དྲ་ཐོག་བརྒྱུད་གནང་རྒྱུ་ཡོད་པ་བཟོས་ན་དགེ་མཚན་ཆེ་བར་གཟིགས་ཀྱི་ཡོད་པ་དང་། གཞན་ཡང་བེུད་ནུས་སྟོབས་གོང་སྤེལ་དང་འབྲེལ། ཚན་པ་དེར་ཁ་ཡོད་ལག་ཡོད་ཀྱི་འགན་དབང་ག་ཚོད་ཡོད་མེད་དང་རབ་ཏུ་བྱུང་ན་སྡེ་ཚན་འདི་རང་དབང་ཅན་གྱི་སྡེ་ཚན་ཞིག་ཏུ་བཟོ་རྒྱུའི་ཐད་དགོངས་བཞེས་གནང་དགོས་པའི་རེ་སྐུལ་སོགས་ཞུ་མཁན་བྱུང་སོང་།

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་བཟང་དུ་གཏང་རྒྱུའི་ཐབས་ལམ་ཐོག་གོ་བསྡུར་གནང་བ།

རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་དུས་ ༣༩ ཟུར་ཚོགས་ཐོག་རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་བསྐྱར་དུ་ཐེར་འདོན་གནང་འདུག ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་རྒྱལ་ཁབ་གཞན་གྱི་དབང་སྒྱུར་འོག་ལྷུང་བའི་གྲངས་ཉུང་མི་རིགས་དག་གི་སྲུང་སྐྱོབ་སླད་རྒྱལ་སྤྱིའི་ཚོགས་པ་  Society for Threatened people ཞེས་པའི་རྒྱལ་ཚོགས་སུ་བོད་རང་སྐྱོང་ལྗོངས་དང་དེའི་ཕྱི་ཕྱོགས་སུ་བོད་རིགས་གནས་སྡོད་ས་ཁུལ་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་དུ་གཏང་རྒྱུའི་ཐབས་ལམ་ཞེས་པའི་བརྗོད་གཞི་ཐོག་ཟུར་ཚོགས་ཀྱི་ཚོགས་འདུ་ཞིག་གོ་སྒྲིག་ཞུས་པ་ལྟར།  ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་དང་རྒྱལ་སྤྱིའི་མི་རིགས་དབྱེ་འབྱེད་འགོག་ཐབས་ཀྱི་ཚོགས་པའི་སྐུ་ཚབ་ Taisuke Komatsu ལགས་རྣམ་གཉིས་ནས་གསུང་བཤད་གནང་ཡོད་པ་རེད། སྐབས་དེར་སུད་སི་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་དང་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་དང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་འདྲ་མིན་གྱི་སྐུ་ཚབ་བཅས་ནས་མཉམ་ཞུགས་གནང་འདུག འདི་ག་རླུང་འཕྲིན་ཁང་ནས་སུད་སི་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་སུ་ཟུར་ཚོགས་ཀྱི་ཚོགས་འདུ་སྐབས་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་ཟླ་སྒྲོན་ལགས་ནས་གསུང་བཤད་གཙོ་བོ་གང་གནང་སྐོར་དང་དེ་འབྲེལ་བཅར་འདྲི་ཁག་ཅིག་ཞུས་པར་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐེངས་ ༣ མགོ་འཛུགས་རན་པ་དང་བསྟུན།  འདས་ལོའི་ནང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཞན་པོ་ཆགས་ཡོད་སྟབས།  གནད་དོན་དེ་དག་ཐོག་ཞིབ་འཇུག་གནང་བའི་སྒོ་ནས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་སྐུ་ཚབ་ནས་མཉམ་ཞུགས་གནང་དགོས་པའི་རེ་སྐུལ་ཞུས་ཡོད་སྐོར་གསུངས་སོང་། སྐུ་ཞབས་ཏ་ཡེ་སུ་ཀི་ཀོ་མཏ་སུ་ལགས་ནས་དེ་སྔ་རྒྱ་གཞུང་གིས་རྒྱལ་ཚོགས་སུ་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་གི་ལས་དོན་ལ་འགོག་རྐྱེན་བཟོས་པའི་གནད་དོན་ལུང་འདྲེན་དང་འབྲེལ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་གནང་འདུག ལྷག་དོན་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐོག་ཏུའང་རྒྱ་གཞུང་ནས་དེ་སྔ་བཞིན་དངོས་ཡོད་གནས་ཚུལ་ལ་ངོས་ལེན་མེད་པར་ཚོགས་ཆུང་གི་འདྲི་རྩད་ལ་སྣང་མེད་བཏང་སྲིད་པའི་ཉེན་བརྡ་བཏང་བ་མ་ཟད་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་ཐབས་ཀྱི་ཚོགས་ཆུང་ནས་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཐོག་དབྱེ་འབྱེད་བྱས་པའི་གནད་དོན་ཁག་ཅིག་འགྲེལ་བརྗོད་གནང་འདུག

ཇི་ནི་ཝའི་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་ནང་གི་ཛ་དྲག་གནས་སྟངས་ཐད་ཞུ་གཏུག་དང་རྒྱ་ གཞུང་ལ་ངོ་རྒོལ་ལས་འགུལ།

རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༩ པ་སུད་སི་ཇི་ནི་ཝའི་ནང་འཚོགས་བཞིན་ཡོད་པ་དང་། རིང་མིན་ཕྱི་ཟླ་ ༡༡ ནང་རྒྱལ་ཚོགས་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་ཐེངས་ ༣ པ་འཚོགས་རྒྱུ་ཡིན་པ་དང་བསྟུན། ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ས་གནས་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་ཞུ་གཏུག་དང་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་འདུག ཁ་སང་ཟླ་ ༩ ཚེས་ ༡༤ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་རྟེན་གཞི་བྱས་པའི་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་ཚོགས་པ་བཅས་ཀྱིས་གོ་སྒྲིག་འོག་ས་གནས་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་སྐོར་ལྷག་འདུ་འཛོམས་ཀྱིས་ཕྱག་ལ་བོད་ཀྱི་རྒྱལ་དར་དང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པ། བོད་དེ་བོད་མིའི་ཡིན་པ་དང་བོད་ནང་མི་རིགས་རྩ་གཏོར་གཏང་རྒྱུ་མཚམས་འཇོག་དགོས་པ། བོད་མི་འབྲོག་པ་རྣམས་བཙན་འོག་ཏུ་གཞིས་སྤོ་བྱ་རྒྱུ་མཚམས་འཇོག་དགོས་པ་སོགས་ཀྱི་གནད་དོན་འཁོད་པའི་ཕྲད་དར་དང་སྐད་འབོད་གནང་བཞིན་རྒྱལ་ཚོགས་ལ་དོན་ཚན་ལྔ་ཅན་གྱི་ཞུ་ཡིག་ཞིག་ཕུལ་འདུགདོན་ཚན་ལྔ་ཅན་གྱི་ཞུ་ཡིག་དེའི་ནང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་བཀྲོལ་དགོས་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་མི་རིགས་དབྱེ་འབྱེད་མཚམས་འཇོག་དང་རང་ལུས་མེར་བསྲེགས་གནང་མཁན་གྱི་ཕ་མ་སྤུན་མཆེད་རྣམས་ལ་ཉེས་ཆད་གཏང་རྒྱུ་མཚམས་འཇོག་དགོས་པ། ༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་སླར་གསོ་དགོས་པ། རྒྱལ་ཚོགས་ཀྱི་ཆེས་མཐོའི་མི་སྣ་རྣམས་བོད་རང་སྐྱོང་ལྗོངས་ནང་དངོས་ཡོད་གནས་སྟངས་རྟོག་ཞིབ་སླད་དུ་ཆེད་བསྐྱོད་བྱ་བཅུག་དགོས་པ། རྒྱལ་སྤྱིའི་གསར་འགོད་པ་རྣམས་རང་དབང་ལྡན་པའི་ཐོག་ནས་བོད་ནང་འགྲུལ་བསྐྱོད་ཆོག་པ་བཅས་ཞུ་སྐུལ་གནང་འདུག རྩ་བའི་ཕྱི་ཟླ་ ༡༡ ནང་རྒྱལ་ཚོགས་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་ཐེངས་ ༣ པ་འཚོགས་རྒྱུ་ཡིན་སྟབས། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་གཙོ་གྱུར་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་རྒྱ་གཞུང་གིས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པ་དང་། བོད་མིའི་ཆོས་དང་རིག་གཞུང་རྩ་མེད་བཟོ་ཐབས་བཅས་ཀྱི་སྐོར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་རྒྱ་གཞུང་ལ་དྲི་ཞིབ་ནན་པོ་གནང་རྒྱུའི་དགོས་འདུན་རབས་དང་རིམ་པ་ཆེད་བཏོན་གནང་ཡོད་པ་རེད།

Latest news