Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

ས་སྤྲེལ་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི།

དེ་རིང་ཟླ་ ༡༠ ཚེས་ ༢༦ ཉིན་རྒྱབ་ཚོུད་ ༢  ཐོག་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་འགུ་ལོག་དམ་ཆོས་དཔལ་བཟང་ལགས་དང་རྨེའུ་རུ་མའི་རྭ་བདེ་ལགས་རྣམ་གཉིས་ཀྱིས་གོ་སྒྲིག་འོག་ ༡༩༦༨ ལོར་ས་སྤྲེལ་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་ངོ་ ༥༠ འཁོར་བ་དང་བསྟུན། ཞི་རྒོལ་ཆེན་མོ་དེའི་སྐོར་རྒྱ་ཆེ་མང་ཚོགས་ནས་མཁྱེན་རྟོགས་ཡོང་ཆེད་དང་ལོ་རྒྱུས་ཉམས་ཞིབ་པ་རྣམས་ལ་ཕན་ཐོགས་ཡོང་བར་ཆེད་དམིགས་ཀྱིས་ས་སྤྲེལ་ཞི་རྒོལ་ཆེན་མའི་སྐོར་ལ་རྒྱུས་མངའ་ཡོད་པའི་མི་སྣ་ཁག་ཅིག་གདན་ཞུ་ཐོག་གོ་རྟོགས་སྤེལ་སོང་། རྩ་བའི་ས་སྤྲེལ་ཞི་རྒོལ་ཆེན་མོ་ནི་རིག་གནས་གསར་བརྗེའི་སྐབས་ཀྱི་ཚོགས་པའི་མིང་ཞིག་ཡིན་པ་དང་རིམ་བཞིན་རྒྱ་ནག་དམར་པའི་མནར་གཅོད་གདུག་རྩུབ་འོག་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་མེད་པའི་རྐྱེན་གྱིས་ཚོགས་པའི་ངོ་བོ་བསྒྱུར་ནས་དགུང་ཁྲན་ཏང་ལ་ངོ་རྒོལ་གནང་མཁན་ཞིག་ཆགས་ཡོད་པ་རེད།སྐབས་དེར་གཏམ་བཤད་གནང་མཁན་གྱི་གྲས་སུ་འགུལ་ལོག་དམ་ཆོས་དཔལ་བཟང་ལགས་དང་། རྨེའུ་རུ་མའི་རྭ་བདེ་ལེགས་ལགས། སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས། ས་རཱ་མཐོ་སློབ་ཀྱི་དགེ་རྒན་གཙང་ཕྲུག་སྟོབས་ལགས་བཅས་གདན་ཞུ་གནང་ཡོད་པ་དང་། ཁོང་རྣམས་ནས་ཞིང་ཆེན་གསུམ་དང་ཁུལ་བཞིའི་རྫོང་ཁག་ ༡༤ ནས་མི་མང་གིས་རྒྱ་གཞུང་ལ་ཞི་རྒོལ། ཞི་རྒོལ་ནང་དངོས་སུ་ཞུགས་པའི་བརྒྱུད་རིམ་དང་མཐོང་ཐོས་ཇི་བྱུང་རྣམས་གསལ་བཤད། སྐབས་དེར་བོད་མི་དམར་གསོད་དང་རྐྱེན་ལམ་དུ་བཏང་བའི་མཚན་གཞུང་ཡོངས་ཁྱབ་གནང་བ་དང་། ཕྱི་ལོ་ ༡༩༦༩ ལོར་སྙེ་མོའི་ཞི་རྒོལ་གྱི་གནས་སྟངས་སོགས་་བརྗོད་གཞི་ཁག་མི་འདྲ་བ་བཞིའི་ཐོག་གཏམ་བཤད་གནང་ཡོད་པ་རེད།སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱིས་ཧོང་ཁྲན་གྱི་ལོ་རྒྱུས་དེ་བོད་གངས་ཅན་གྱི་ལོ་རྒྱུས་སུ་གལ་ཆེན་ཞིག་ཡིན་སྐོར་གསུངས་པ་དང་འབྲེལ། ལོ་རྒྱུས་དེ་ཤེས་མཁན་གྱི་མི་སྣ་ཧ་ཅང་ཉུང་ཉུང་ཡིན་སྟབས་རྒན་པ་རྣམས་ཡོད་ཐོག་ལ་ཡིག་འཇོག་གནང་ཐུབ་ཚེ་ལོ་རྒྱུས་ཀྱི་ཉམས་ཞིབ་པར་ཕན་ཐོགས་ཆེན་པོ་ཞིག་ཡོང་ངེས་ཡིན་པར་གསུངས་ཡོད།

༸སྐུའི་གཅུང་མོ་བཀའ་ཟུར་༸རྗེ་བཙུན་པདྨ་མཆོག་ལ་ངག་གི་བདག་པོའི་མཚན་གནས་ཕུལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གཅུང་མོ་བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་མཆོག་གིས་བཙན་བྱོལ་དུ་ཤེས་ཡོན་དང་རིག་གཞུང་། སྤྱི་ཚོགས། འགྲོ་བ་མིའི་རིན་ཐང་བཅས་ཀྱི་ཐོག་མཛད་རྗེས་རླབས་ཆེན་འཇོག་གནང་བར་ཆེ་བསྟོད་ཀྱི་ངག་གི་བདག་པོ་ཞེས་པའི་མཚན་གནས་དང་ཕྱག་འཁྱེར་ཕུལ་འདུགདེའང་ཁ་སང་ཟླ་ ༡༠ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཚོུད་ ༡༠༌༣༠ སྟེང་ཝཱ་རཱ་ཎ་སཱིའི་སཱརནཱཐ་ཁུལ་དུ་རྟེན་གཞི་བྱས་པའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཨ་ཏཱིཤ་ཚོགས་ཁང་ཆེན་མོར་སྐུ་མགྲོན་དུ་ཝེ་ཏི་ནམ་གྱི་ནང་པའི་སློབ་དཔོན་ Thich Nhat Hanh མཆོག་གི་སྐུ་ཚབ་དང་རྒྱ་གར་དབུས་གཞུང་གི་རིག་གཞུང་བློན་ཆེན་སྐུ་ཞབས་ Dr. Mahesh Sharma མཆོག སྐུ་ཞབས་དཔལ་ལྡན་བརྒྱ་དང་བརྒྱད་ Vidyashreesha Teertha Swamiji མཆོག ༸སྐུའི་གཅུང་མོ་བཀའ་ཟུར་༸རྗེ་བཙུན་པདྨ་མཆོག དེ་བཞིན་གཙུག་ལག་སློབ་གཉེར་ཁང་དེའི་སློབ་ཟུར་དང་དགེ་ལས་སློབ་གཉེར་བ་བཅས་ལྷན་འཛོམས་ཐོག་བསླབ་པ་མཐར་སོན་པའི་དགའ་སྟོན་ཐེངས་ ༡༥ པའི་མཛད་སྒོ་གཟབ་རྒྱས་ཚོགས་ཡོད་པ་རེད། མཛད་སྒོའི་ཆེས་ཐོག་མར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་པདྨ་ཤྲི་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་འདིའི་རིགས་བདག་གི་དབང་ཚད་ཐོག་ནས་ཐེངས་འདིའི་བསླབ་པ་མཐར་སོན་པའི་དགའ་སྟོན་ ༡༥ པ་བསྐོང་ཚོགས་དང་མཛད་སྒོའི་སྐུ་མགྲོན་རྣམས་ལ་ཤེས་ཡོན་དང་རིག་གཞུང་། སྤྱི་ཚོགས། འགྲོ་བ་མིའི་རིན་ཐང་བཅས་ཀྱི་ཐོག་མཛད་རྗེས་རླབས་ཆེན་འཇོག་གནང་བར་ཆེ་བསྟོད་ཀྱི་ངག་གི་བདག་པོ་ཞེས་པའི་མཚན་གནས་དང་ཕྱག་འཁྱེར་ཕུལ་སྐོར་ངོ་སྤྲོད་གནང་ཡོད།མཛད་སྒོའི་ཐོག་༸སྐུའི་གཅུང་མོ་བཀའ་ཟུར་གངས་ཅན་བོད་ཀྱི་ཨ་མ་༸རྗེ་བཙུན་པདྨ་མཆོག་གིས་ཐོག་མར་མཛད་སྒོའི་སྐུ་མགྲོན་རྣམ་པས་གཙོས་པའི་དགེ་ལས་སློབ་གཉེར་བ་ཡོངས་ལ་འཚམས་འདྲི་དང་འབྲེལ། བོད་ཕྲུག་ཚོའི་ཆེད་དུ་ང་ཚོས་ཕྱག་ལས་གནང་བར་ངོས་འཛིན་གྱིས་ད་རེས་ཆེ་བསྟོད་ཀྱི་ཕྱག་འཁྱེར་གནང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་དུ་ཞབས་སོར་འཁོད་མ་ཐག་མགོན་པོ་༸གང་ཉིད་མཆོག་གི་དགོངས་པར་བོད་ཕྲུག་ཚོར་ཤེས་ཡོན་ལེགས་པོ་ཞིག་སྤྲོད་དགོས་གནད་ཡིན་པར་གཟིགས་ཡོད་པ་དང་། བོད་ཕྲུག་དེ་དག་ནི་མ་འོངས་བོད་ཀྱི་སོན་རྩར་དགོངས་བཞེས་ཀྱིས་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ཐོག་ཐུགས་བརྩོན་གནང་ཡོད་པ་ལྟར། བོད་ཕྲུག་ཁྱིམ་སྡེ་ནས་ཀྱང་ཤེས་ཡོན་གྱི་ཐོག་ཕྱག་ལས་གནང་ནས་ད་ཆ་མི་ལོ་ཧྲིལ་པོ་ ༥༨ འཁོར་གྱི་ཡོད་སྐོར་ངོ་སྤྲོད་གནང་འདུགདེ་བཞིན་བཀའ་ཟུར་མཆོག་གིས་ལོ་དེ་དག་ནང་བོད་ཕྲུག་ཁྱིམ་སྡེ་ནས་བོད་ཕྲུག་སློབ་མ་ ༥༢༠༠༠ ལྷག་སློབ་མཐར་སོན་ཡོད་པ་དེ་དག་རྒྱ་གར་དབུས་གཞུང་དང་དང་བླངས་བ། ཚོགས་སྒེར་སོགས་ཕྱག་རོགས་གནང་མཁན་ཀུན་གྱི་བཀྲིན་ཉག་གཅིག་ཡིན་སྐོར་གསུངས་ཡོད་པ་དང་ཆབས་ཅིག ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་ཁང་འདི་ནས་བོད་པའི་གཞོན་སྐྱེས་ཀྱི་མདུན་ལམ་དང་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐད་ལ་ཕྱག་ལས་གང་ཐུབ་ཞུ་ཡོད་པ་དང་།ལྷག་དོན་རིག་གཞུང་དེ་དག་ནི་༸གོང་ས་མཆོག་ནས་བཀའ་སློབ་ཕེབས་པ་བཞིན་སློབ་གཉེར་གནང་ཚེ་འཛམ་གླིང་མི་མང་ཡོངས་ཀྱི་ནང་སེམས་ཀྱི་བདེ་སྐྱིད་དང་གོ་ལའི་ཐོག་ཞི་བདེ་ཁྱབ་སྤེལ་གནང་རྒྱུར་དགེ་མཚན་ལྡན་ཡོད་པ་སོགས་ལམ་སྟོན་བསྩལ་འདུག གཞི་རྩའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་འདིའི་རིགས་བདག་གི་དབང་ཚད་ཐོག་ནས་རིགས་པའི་ཆུ་གཏེར་དང་ཁྱད་འཕགས་སློབ་དཔོན། གསོ་བ་རིག་པའི་སྨན་རམས་པའི་སློབ་དཔོན། བོད་ཀྱི་ནང་པའི་ལྟ་གྲུབ་སློབ་དཔོན། གསོ་བ་རིག་པ་དང་བོད་ཀྱི་རྩིས་རིག་པའི་སློབ་དཔོན། བོད་དང་ནང་པའི་གནའ་དེང་སྒྱུ་རྩལ་རིག་པའི་སློབ་དཔོན། བསྟན་བཅོས་དང་ཨཱཙཱརྱ། དེ་བཞིན་དགེ་འོས་དང་ཚན་རིག་དགེ་འོས་ཀྱི་སློབ་ཐོན་པ་བཅས་ཁྱོན་ ༢༠༠ ལྷག་ལ་ཕྱག་འཁྱེར་གསོལ་བསྩལ་གནང་ཡོད་པ་རེད།

བཀའ་སྤྱི་གཉིས་དབུ་བཞུགས་ཐོག་ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱི་ཞེ་དགུའི་མཆོད་འབུལ་ཚོགས་པ།

དེ་རིང་སྔ་དྲོ་ཚོུད་  ༩ སྟེང་མདོ་སྨད་དབུས་ས་གནས་གཉིས་ཀྱི་རྒྱུན་ལས་ཀྱིས་གོ་སྒྲིག་གནང་བའི་ཐོག་བོད་དོན་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཨ་མ་ལྡོན་པོ་སྐྱིད་འདས་གྲོངས་སུ་ཕྱིན་ནས་ཉིན་ཞག་ཞེ་དགུ་འཁོར་བའི་འདས་མཆོད་མཆོད་འབུལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚོགས་སོང་། སྨོན་ལམ་མཆོད་འབུལ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག། ༸སྐྱབས་རྗེ་བྲག་རི་རིན་པོ་ཆེ་མཆོག་  ཀིརྟི་བྱེས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག སྤྱི་འཐུས་རྒྱུན་ལས་རྣམ་པ། གཞན་ཡང་དྷ་སའི་ཉེ་འཁོར་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་བཅས་ནས་མཉམ་ཞུགས་གནང་ཡོད།མཆོད་འབུལ་སྨོན་ལམ་གྲོལ་མཚམས་སུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་མ་སྡོམ་པ་སྐྱིད་ལགས་ཀྱི་ནང་མི་ཡོངས་ལ་ཐུགས་གསོའི་འཚམས་འདྲི་དང་འབྲེལ།  ཨ་མ་ལྡོན་པོ་སྐྱིད་ལགས་དང་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས། བུ་མོ་ལྷ་མོ་སྐྱིད་སོགས་ནང་མི་ཡོངས་ནས་བོད་ཀྱི་རྩ་དོན་སླད་དུ་ཞི་བའི་གོམ་བགྲོད་གནང་མྱོང་མཁན་ཞིག་ཡིན་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཤུལ་ལུས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་སྐུ་ཟླ་དང་ཕྲུ་གུ་གཉིས་བཅས་ལ་སྔར་ནས་མཐུན་འགྱུར་སྦྱར་བཞིན་ཡོད་པ་ལྟར་མ་འོངས་པར་ཡང་དེ་བཞིན་གནང་ངེས་ཡིན་སྐོར་གསུངས་ཡོད།མདོ་སྨད་དབུས་རྒྱུན་གྱི་ཚོགས་གཙོ་རྔ་བ་གངས་རི་ལགས་སུ་སྨོན་ལམ་མཆོད་འབུལ་དང་འབྲེལ་བའི་ཐོག་བཀའ་འདྲི་ཞུས་པར་བོད་དོན་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་མ་ཡུམ་ཡིན་པ་དང་། སྒོས་སུ་ཨ་མ་སྡོམ་པོ་སྐྱིད་ལགས་བོད་དོན་ཐོག་ལྷག་བསམ་རྣམ་དག་གིས་ལས་འགུལ་རབས་དང་རིམ་པ་སྤེལ་མཁན་ཞིག་ཡིན་སྟབས་དེ་རིང་བོད་ཆོལ་ཁ་གསུམ་གྱི་མི་མང་ལྷན་འཛོམས་ཀྱིས་སྨོན་ལམ་གསུང་གནང་ཡོད་པར་འགྲེལ་བརྗོད་གནང་སོང་།རྩ་བའི་ཕྱི་ལོ་ ༢༠༡༢ ལོའི་གསུམ་བཅུའི་དུས་དྲན་ཉིན་མོ་དང་བསྟུན་ཨ་མ་ལྡོམ་པོ་སྐྱིད་ལགས་མ་སྨད་གསུམ་གྱིས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་ ༥ བཏོན་ཏེ་བཞུགས་སྒར་དྷ་རམ་ས་ལ་ནས་དབུ་འཛུགས་ཀྱིས་བོད་ནང་ཞི་བའི་གོམ་བགྲོད་གནང་ཡོད་པ་དང་། ས་མཚམས་ནས་བལ་དམག་གིས་ལམ་ཁ་བཀག་ཏེ་འགྲོ་མ་བཅུག་པར་བརྟེན་ཨ་མ་ལགས་དང་བུ་མོ་གཉིས་ཕྱིར་ལོག་ཡོད་ནའང་། བོད་དོན་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་སྔར་བཞིན་ཞི་བའི་གོམ་བགྲོལ་གནང་པས་ཀ་སྦུག་ནས་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༥ ཕྱིན་ཡོད་པ་རེད། སྐབས་དེར་ཁོང་མ་སྨད་གསུམ་གྱིས་རྒྱ་གཞུང་ལ་བཏོན་པའི་དགོས་འདུན་དོན་ཚན་ལྔ་ནི།  ཆ་རྐྱེན་གང་ཡང་མེད་པར་༸གོང་ས་མཆོག་ཕྱིར་བོད་དུ་ཕེབས་བཅུག་དགོས། ཆ་རྐྱེན་གང་ཡང་མེད་པར་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེས་གཙོས་བོད་ཀྱི་ཆབ་སྲིད་བཙོན་མ་རྣམས་གློད་བཀྲོལ་དགོས། བོད་མིར་རང་གི་སྐད་དང་ཡི་གེ་སྦྱོང་རྒྱུར་རང་དབང་སྤྲོད་དགོས། བོད་མིར་རང་ཡུལ་གྱི་ཆོས་གོས་དང་གོམས་གཤིས་སོགས་རང་དབང་ཆ་ཚང་སྤྲོད་དགོས། ད་ལྟ་བོད་ནང་སྡུག་སྦྱོང་དང་མནར་གཅོད་གཏོང་མཁན་རྒྱ་ནག་གི་དམག་མི་ཡོངས་རྫོགས་བོད་ནས་ཕྱིར་འཐེན་བྱེད་དགོས་པ་བཅས་ཡིན་པ་རེད། དུས་དེ་ནས་བཟུང་ཨ་མ་སྡོམ་པོ་སྐྱིད་ལགས་ཀྱིས་རང་ཉིད་ཀྱི་འཇོན་ཚད་ཀྱིས་བོད་དོན་ལས་འགུལ་སྤེལ་ནས་དྷ་སར་གནས་བཞུགས་གནང་གི་ཡོད་པ་རེད། འོན་ཏང་ཟླ་སྔོན་མའི་ཚེས་ ༦ གྱི་ཐོ་རེངས་སུ་རང་ཤག་ནས་གློ་བུར་དུ་འདས་སུ་ཕྱིན་ཡོད་པ་རེད།

རྒྱ་མི་རིགས་ལ་སྐད་ཆ་མ་བཤད་གོང་དུ་རང་མི་རིགས་ཀྱི་རྒྱབ་ལྗོངས་དང་ཁྱད་ཆོས་ཤེས་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་ལམ་སྟོན་འོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱ་གཉིས་དབར་གྱི་རྩོད་རྙོག་སེལ་ཐབས་གནང་བཞིན་པའི་ཁྲོད། རྒྱ་མི་རིགས་དང་འབྲེལ་བ་བྱས་ནས་ཁོ་ཚོར་བོད་མིའི་བདེན་དོན་ཐོག་གོ་རྟོགས་སྤེལ་རྒྱུ་ནི་གལ་ཆེ་ནང་གི་དོན་ཆེན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་རེད།བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱ་ཡིག་ཚན་པས་དེ་འབྲེལ་བཞུགས་སྒར་དྷ་སར་ཁ་ཉིན་ཚེས་ ༢༢ ནས་བཟུང་རྒྱ་བོད་འབྲེལ་མཐུད་ཀྱི་ཚོགས་འདུ་དང་ཟབ་སྦྱོང་གི་ལས་རིམ་ཞིག་དབུ་འཛུགས་གནང་ཡོད་པ་དང་བསྟུན། འདི་ག་རླུང་འཕྲིན་ཁང་ནས་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཕེབས་པའི་ཚོགས་བཅར་བ་ཁག་ཅིག་དང་དེ་བཞིན་བཀའ་ཤག་གི་རྒྱ་རིགས་འབྲེལ་མཐུད་པའི་དྲུང་ཆེ་བཅས་ལ་དངོས་སུ་སྤྱི་ཚོགས་ནང་ཕེབས་ནས་རྒྱ་རིགས་དང་ལྷན་དུ་བོད་དོན་དྲིལ་བསྒྲགས་གནང་སྐབས་ཀྱི་དཀའ་ངལ་ཆེ་ཤོས་དེ་གང་ཡིན་སྐོར་ལ་བཀའ་འདྲི་ཞུས་པ་ཡིན།ཚོགས་བཅར་བ་ཁག་ཅིག་ནས་སྐབས་དེར་བོད་མིའི་སྒྲིག་འཛུགས་ནས་ཕྱི་རྒྱལ་དུ་གནས་བཞུགས་བོད་མི་གཞོན་སྐྱེས་ཚོར་ད་རེས་བཞུགས་སྒར་དུ་ཚོགས་པ་ལྟ་བུའི་ཟབ་སྦྱོང་རིགས་ཚོགས་དགོས་པ་དང། ཐེ་ཝན་ནང་རྒྱ་ཡིག་སྦྱོང་བརྡར་ཆེད་སློབ་ཡོན་སྤྲོད་དགོས་པ། དེ་བཞིན་བོད་དོན་དང་འབྲེལ་བའི་རྒྱ་ཡིག་གི་དཔེ་དེབ་མང་ཙམ་པར་སྐྲུན་གནང་དགོས་པ་སོགས་ཀྱི་དགོངས་ཚུལ་གནང་མཁན་བྱུང་སོང་བ་མ་ཟད། སྤྱིར་རྒྱ་རིགས་ལ་འབྲེལ་བ་དམ་ཟབ་ཡོང་ཐབས་གནང་རྒྱུ་དེ་ཧ་ཅང་གནད་ཆེ་ཡིན་པ་དེ་ལྟར་ཡང། རྒྱ་མི་རིགས་ལ་སྐད་ཆ་མ་བཤད་གོང་དུ་རང་མི་རིགས་ཀྱི་རྒྱབ་ལྗོངས་དང་ཁྱད་ཆོས་ཆ་ཚང་བ་ཞིག་ཤེས་དགོས་གལ་ཡིན་པ་གསུངས་ཡོད།

གཞོན་ནུའི་ལས་འགུལ་བ་ ༣༥ ལྷག་འཛིན་བཟུང་བྱས་འདུག

དེ་རིང་ཟླ་ ༡༠ ཚེས་ ༢༣ ཉིན་རྒྱབ་རྒྱ་ནག་གཞུང་གི་སྤྱི་བདེ་ལས་ཁུངས་ཀྱི་བློན་ཆེན་ Zhao Kezhi གིས་སྣེ་ཁྲིད་འོག་རྒྱ་ནག་གི་ཆེས་མཐོའི་སྐུ་ཚབ་ཚོགས་ཁག་ཞིག་རྒྱ་གར་དུ་འབྱོར་ཡོད་པ་དང་བསྟུན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་གཞོན་ནུའི་ལས་འགུལ་བ་རྣམས་ནས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་བོད་ཀྱི་རྒྱལ་དར་འཕྱར་ནས་རྒྱ་མི་བོད་ནས་ཕྱིར་ལོག་དགོས་པ་དང་། ང་ཚོར་རང་དབང་དགོས། ང་ཚོར་ཞི་བདེ་དགོས་པ་སོགས་ཀྱི་ཞུ་སྐུལ་གནང་སྟེ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྟབས། གཞོན་ནུའི་ལས་འགུལ་བ་ ༣༥ ལྷག་ཙམ་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་ནས་འཛིན་བཟུང་བྱས་འདུག གཞི་རྩའི་རྒྱ་ནག་སྤྱི་བདེ་ལས་ཁུངས་ཀྱི་བློན་ཆེན་ Zhao Kezhi ནས་ད་རེས་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཁྱོན་ ༣༠ ལྷག་ཙམ་དང་མཉམ་དུ་ཚེས་ ༢༡ ནས་ ༢༥ བར་རྒྱ་གར་ལ་གཞུང་འབྲེལ་ཕྱོགས་བསྐྱོད་བྱེད་བཞིན་ཡོད་པ་དང། ཁ་སང་རྒྱ་ནག་གི་སྐུ་ཚབ་ཚོགས་ཁག་དེ་དག་གིས་རྒྱ་གར་གྱི་ནང་སྲིད་བློན་ཆེན་ Rajnath Singh མཆོག་དང་ལྷན་འཇིགས་སྐུལ་རིང་ལུགས་ལ་གདོང་ལེན་དང། མྱོས་རྫས་ངན་གོམས་བཏང་འཛིན། ཕན་ཚུན་གནས་ཚུལ་སྤེལ་རེས་སོགས་ཕྱོགས་གཉིས་དབར་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཡོད་པ་རེད།བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་དེ་རིང་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ་རྒྱ་ནག་གི་སྐུ་ཚབ་ཚོགས་ཁག་དེ་དག་གི་ཕྱོགས་སྐྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་དང། སྲིད་བློན་མོ་དི་མཆོག་གིས་དབུས་པའི་རྒྱ་གར་གྱི་དཔོན་རིགས་རྣམས་ནས་ད་རེས་རྒྱ་ནག་གི་སྐུ་ཚབ་ཚོགས་ཁག་དང་ལྷན་དུ་བོད་ཀྱི་གནད་དོན་གླེང་དགོས་པ་མ་ཟད། ཕྱི་འབྲེལ་གྱི་ཐབས་བྱུས་སྒོ་ནས་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་ཁྲོད་ཚོང་འབྲེལ་དང་དཔལ་འབྱོར་གྱི་གནད་དོན་དེ་ཇི་ཙམ་གནད་ཆེ་ཡིན་པ་དེ་ལྟར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེའང་གལ་ཆེར་འཛིན་བཞིན་པ་དེ་གསལ་པོ་བཟོ་དགོས་ཞེས་གསུངས་འདུགརྩ་བའི་རྒྱ་གར་སྐོར་སྲུང་བས་དེ་རིང་འཛིན་བཟུང་བྱས་པའི་གཞོན་ནུའི་ལས་འགུལ་བ་རྣམས་ལྡི་ལི་རོ་ཧི་ནི་བོད་ཁྱིམ་གྱི་མཐོ་རིམ་སློབ་མ་ཤ་སྟགས་ཡིན་པ་དང། ཁོང་རྣམ་པ་ད་ཆ་ལྡི་ལི་ Chanakya སྐོར་སྲུང་ལས་ཁང་དུ་དོ་དམ་བྱེད་མུས་རེད་འདུག

རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ་དང་འབྲེལ་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༥༨ འཁོར་བའི་དུས་དྲན་སྲུང་བརྩི།

དེ་རིང་ཟླ་ ༡༠ ཚེས་ ༢༣ ཉིན་མོ་འདི་ནི་ཕྱི་ལོ་ ༡༩༦༠ ཐམ་པའི་ལོར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་ལྟེ་གནས་ཆེ་གྲས་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༥༨ འཁོར་བའི་དུས་དྲན་གྱི་ཉིན་མོ་ཆགས་ཀྱི་ཡོད་དང་། དེ་རིང་སྔ་ཐོག་ཚོུད་ ༩ སྟེང་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་སྐུ་མགྲོན་གཙོ་བོ་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་དབུ་བཞུགས་གཙོས་པའི་དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དགེ་ལས་སློབ་ཕྲུག་མང་ཚོགས་བཅས་ཁྱོན་མི་གྲངས་སྟོང་ཚོགས་བརྒལ་བ་ལྷན་འཛོམས་ཐོག་དུས་དྲན་སྲུང་བརྩི་ཞུས་གནང་སོང་།དུས་དྲན་ཐོག་དྷ་སྟེང་བོད་ཁྱོམ་སློབ་གྲྭའི་མཉའ་ཁྲི་དང་སྲོང་བཙན། ཁྲི་སྲོང་དང་ཁྲི་རལ་བཅས་ཁང་ཚན་བཞིའི་སློབ་མ་རྣམས་ནས་རྔ་རོལ་དང་བཅས་རུ་སྒྲིག་བཏང་ཟིན་མ་ཐག་ཏུ་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་གཙོ་འཛིན་ཐུབ་བསྟན་རྡོ་རྗེ་ལགས་ནས་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཡོངས་ཀྱི་ནང་ལ་བོད་ཀྱི་སྐད་ཡིག་གཙོ་བོར་འཛིན་པའི་ཐོག་རིགས་རམ་སློབ་ཁྲིད་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་དམིགས་བསལ་སློབ་ཁྲིད་གནང་བཞིན་ཡོད་པ། དེ་བཞིན་ལོ་ལྟར་ལས་འཆར་ཁྲོད་དུ་བོད་ལྗོངས་ང་ཚོའི་ཕ་ཡུལ་གྱི་ཉིན་མོ་སྲུང་བརྩི་དང་། ཨ་རིས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་པའི་བོད་ཕྲུག་ཚོར་དམིགས་ཏེ་དབྱར་ཁའི་སློབ་དུས་སོགས་གོ་སྒྲིག་ཞུ་བཞིན་པའི་གནས་སྟངས་སྤྱི་དང་སྒོས་སྔ་ལོའི་བོད་ཁྱིམ་སྤྱི་ཡོངས་ཀྱི་ཡིག་རྒྱུགས་གྲུབ་འབྲས་དང་འཕྲོད་བསྟེན་གྱི་ལས་གཞི་ཇི་སྤེལ་སོགས་ཞིབ་ཕྲ་ངོ་སྤྲོད་བརྒྱུད་བོད་ཕྲུག་ཁྱིམ་སྡེའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས་ཡོད།ཐེངས་འདིའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་ནས་མང་ཚོགས་ལ་འཚམས་འདྲི་དང་འབྲེལ། བོད་ཀྱི་སྐད་དང་ཡི་གེ་འདི་འཛམ་བུ་གླིང་ལ་ཕན་ཐོགས་ཡོད་པའི་སྐད་ཡིག་ཞིག་ཡིན་སྟབས། ང་རང་ཚོ་བོད་པ་ཡིན་པའི་ཆ་ནས་བོད་ཀྱི་སྐད་ཡིག་ཤེས་དགོས་གལ་ཡིན་པར་བཀའ་ནན་བསྩལ་ཡོད།བོད་པ་རྣམས་འཛམ་གླིང་འདིའི་ཐོག་ཡོད་པའི་སྐྱབས་བཅོལ་བ་གཞན་དང་མི་འདྲ་བར་འབུར་དུ་ཐོན་རྒྱུ་ཡོད་པ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ཡིན་སྟབས། དུས་དང་རྣམ་པ་ཀུན་མགོན་པོ་༸གང་ཉིད་མཆོག་གི་བཀའ་དྲིན་རྗེས་སུ་དྲན་དགོས་པ་དང་། ད་ལྟ་འཚར་ལོངས་འབྱུང་བཞིན་པའི་སློབ་མ་རྣམས་ནས་ཕུགས་ལ་ཕན་ཐོགས་ཡོད་པའི་དམིགས་ཡུལ་ངེས་ཅན་ཞིག་བཟུང་ནས་སློབ་གཉེར་ལེགས་པོ་གནང་དགོས་པར་ལམ་སྟོན་སོགས་ཀྱང་གནང་ཡོད།གཞི་རྩའི་འདི་ལོ་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༥༨ འཁོར་བའི་དུས་དྲན་སྲུང་བརྩིའི་བརྗོད་གཞི་གཙོ་བོ་རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞེས་པ་དེ་ཆགས་ཀྱི་ཡོད་པ་དང་འབྲེལ། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་བར་བོད་མི་རྣམས་ལ་རྒྱ་གར་ལས་ལྷག་པའི་བཀའ་དྲིན་ཆེ་བ་རྒྱལ་ཁབ་གཞན་མེད་སྟབས། བོད་མིའི་ངོས་ནས་རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ནི་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཡིན་པ་དང་། འདས་པའི་ཐུགས་རྗེ་ཆེ་ཞུའི་ལས་རིམ་དེ་དག་གིས་བོད་དོན་གོ་རྟོགས་དང་རྒྱབ་སྐྱོར་ཐོབ་རྒྱུ་སོགས་ལ་དགེ་མཚན་ཆེན་པོ་བྱུང་ཡོད་པ་གསུངས་ཡོད།འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཤེས་ཡོན་འདི་གནད་ཆེར་ངོ་འཛིན་ཞུ་བཞིན་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། བོད་ཕྲུག་སློབ་མ་རྣམས་ནས་ད་ཡོད་ཤེས་ཡོན་གྱི་གོ་སྐབས་དམ་འཛིན་ཐོག་མ་འོངས་པར་རྒྱལ་སྤྱིའི་ཐོག་གཟེངས་སུ་ཐོན་པའི་ཕྱག་ལས་གནང་སྟེ་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་ཐུབ་པ་ཞིག་གནང་དགོས་གལ་ཡིན་པའི་ལམ་སྟོན་གནང་ཡོད་པ་རེད། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེན་མཆོག་གིས་ བོད་ཕྲུག་ཁྱིམ་སྡེ་ཐོག་མར་གསར་འཛུགས་གནང་མཁན་༸སྐུའི་གཅེན་མོ་དམ་པ་ཚེ་རིང་སྒྲོལ་མ་མཆོག་དང་། རིམ་པས་རྒྱུན་འཛིན་གནང་མཁན་བཀའ་ཟུར་༸རྗེ་བཙུན་པདྨ་མཆོག དེ་བཞིན་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་རིམ་བྱོན་གྱིས་གཙོས་པའི་དགེ་ལས་ཡོངས་ལ་བཀའ་དྲིན་ཆེ་ཞུས་པ་དང་འབྲེལ། བོད་ཕྲུག་རྣམས་ནས་ད་ཡོད་མཐུན་རྐྱེན་དེ་དག་བེད་སྤྱོ་ལེགས་པོ་གནང་དགོས་གནད་ཡིན་པ་གསུངས་ཡོད། ལོ་ཤས་ནས་བོད་པའི་སློབ་གྲྭ་ཁག་ཏུ་བོད་རིགས་སློ་མའི་གྲངས་འབོར་ཉུང་དུ་འགྲོ་བཞིན་པ་གསལ་པོ་མཐོང་རྒྱུ་ཡོད་སྟབས། བོད་ཁྱིམ་དང་ཤེས་རིག་ལས་ཁུངས་དབར་ལ་གོ་བསྡུར་གནང་སྟེ་ཤེས་ཡོན་གྱི་སྡེ་ཚན་དེ་དག་འཐུས་ཤོར་མི་ཡོང་བ་དང་། དགེ་ལས་རྣམས་ལ་མཐུན་རྐྱེན་གང་ལེགས་སྦྱོར་སྟངས་སོགས་ཀྱི་ཐད་དགོངས་བཞེས་གནང་གལ་ཡིན་པ་སོགས་གསུངས་ཡོད། གཞི་རྩའི་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་ཐོག་མར་ཕྱི་ལོ་ ༡༩༦༠ ལོར་གསར་འཛུགས་གནང་བ་ནས་བཟུང་རིམ་པས་དུས་ཀྱི་དགོས་མཁོ་ལ་གཞིགས་པའི་འཛུགས་སྐྲུན་རྒྱ་སྐྱེད་གནང་སྟེ་ད་ལྟའི་ཆར་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་སུ་སློབ་གྲྭ་དང་བཟོ་གྲྭ། མཐོ་སློབ་བཅས་ཡན་ལག་ཆེ་ཆུང་གྲངས་ ༢༩ ཡོད་པ་དང་། ད་བར་དེ་དག་ནང་བོད་པའི་སློབ་མ་ཁྲི་ལྔ་ལྷག་ནས་སློབ་ཞུགས་གནང་ཡོད་པ་མ་ཟད། ད་ལྟའི་ཆར་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་གཙོ་གྱུར་ཁྱབ་ཁོངས་བོད་ཁྱིམ་དང་མཐོ་སློབ་བཅས་ཀྱི་ནང་ཁྱོན་སློབ་མ་ ༡༠༩༤༤  དང་དགེ་ལས་ ༡༢༩༨ ཡོད་པ་རེད།རྩ་བའི་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༥༨ འཁོར་བའི་དུས་དྲན་སྲུང་བརྩི་སྐབས་སུ་དྷ་སྟེན་བོད་ཁྱིམ་གྱི་སློབ་ཟུར་ཁག་ཅིག་མཉམ་འཛོམས་གནང་སྲོལ་ཡོད་པ་ལྟར། འདི་ལོ་ཕྱི་ལོ་ ༡༩༩༣ ལོའི་འཛིན་རིམ་བཅུ་དང་། ༡༩༩༥ ལོའི་འཛིན་རིམ་བཅུ་གཉིས་གཉིས་ཀྱི་སློབ་ཟུར་ ༢༥ ལྷག་ལྷན་འཛོམས་གནང་འདུག་པ་མ་ཟད། ཁོང་རྣམས་ནས་བཀའ་དྲིན་བསམ་ཤེས་དང་སྦྲགས་སློབ་གྲྭའི་ལས་དོན་སླད་སྒོར་འབུམ་བཅུ་ལྷག་ཞལ་འདེབས་ཕུལ་འདུགམཛད་སྒོའི་ཐོག་བོད་ཕྲུག་ཁྱིམ་སྡེའི་ནང་ཞབས་ཕྱི་ཞུས་ཏེ་ཞབས་ལོ་ཧྲིལ་པོ་ ༢༠ འཁོར་བའི་ལས་བྱེད་ ༣༦ ལ་གཟེངས་བསྟོད་ཕྱག་འཁྱེར་དང་། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་བུམ་སྐྱོན་གསུམ་དང་བྲལ་བའི་བུ་དང་བུ་མོའི་སློབ་མ་རྩེ་ཕུད་གཉིས། དེ་བཞིན་ཕྱི་ལོ་ ༢༠༡༨ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཁྲོད་གཟེངས་སུ་ཐོན་པའི་སློབ་མ་ཁག་ཅིག་བཅས་ལ་དམིགས་བསལ་གཟེངས་རྟགས་གནང་ཡོད་པ་མ་ཟད། དེ་རིང་ཉིན་རྒྱབ་ཏུ་མུ་མཐུད་ཉེ་འཁོར་བོད་ཁྱིམ་སློབ་གྲྭ་ཁག་ནས་མང་ཚོགས་རྣམས་ལ་གཞས་སྣ་གཟིགས་འབུལ་གནང་ཐོག་དུས་དྲན་སྲུང་བརྩི་ཞུ་རྒྱུ་རེད་འདུག སང་ཉིན་དྷ་སྟེང་བོད་ཁྱམ་སློབ་གྲྭའི་ཁང་ཚན་བཞིའི་དབར་རྒྱུག་མཆོང་འཕེན་གསུམ་གྱི་རྩེད་འགྲན་གནང་གི་ཡོད་པ་རེད།

རྒྱ་ནག་གིས་འཁྱོགས་བཤད་སྤེལ་བའི་ཁྲོད་རྒྱ་རིགས་ནང་བོད་དོན་གོ་རྟོགས་སྤེལ་རྒྱུ་ཁག་པོ་ཆགས་བཞིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་རྒྱ་རིགས་དང་འབྲེལ་བའི་ལས་དོན་ཚོགས་འདུ་ཐེངས་དྲུག་པའི་ཐོག་ཆེད་ཕེབས་དང་འབྲེལ། དེང་སྐབས་རྒྱ་ནག་གཞུང་གིས་འཁྱོགས་བཤད་སྤེལ་བའི་ཁྲོད་རྒྱ་ནག་མི་མང་སྤྱི་དང་ལྷག་པར་དུ་རྒྱ་རིགས་གཞོན་སྐྱེས་ནང་བོད་དོན་གོ་རྟོགས་སྤེལ་རྒྱུ་ཁག་པོ་ཆགས་བཞིན་ཡོད་སྟབས། རྒྱ་སྐད་མཁྱེན་མཁན་ཚོར་དམིགས་བསལ་གྱི་འོས་འགན་ཡོད་པར་འགྲེལ་བརྗོད་གནང་སོང་།དེ་རིང་ཟླ་ ༡༠ ཚེས་ ༢༢ ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱ་ཡིག་སྡེ་ཚན་གྱིས་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་དང་འབྲེལ་བའི་ལས་དོན་ཚོགས་འདུ་ཐེངས་དྲུག་པ་དེ་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་དབུ་འཛུགས་གནང་ཡོད་པ་དང ། ཐེངས་འདིའི་ཚོགས་འདུའི་ཁྲོད་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་རྣམ་པས་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་མི་འདྲ་བ་ ༡༢ ནས་ཚོགས་ཞུགས་མི་སྣ་ ༤༨ འཛུལ་ཞུགས་གནང་སྟེ་ཚོགས་འདུ་ཉིན་གཉིས་དང་ཟབ་སྦྱོང་ཉིན་གཉིས་ཀྱི་ལས་རིམ་གོ་སྒྲིག་གནང་ཡོད་པ་རེད།སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་རིགས་འབྲེལ་མཐུད་ཀྱི་ཕྱག་ལས་དང་དེ་འབྲེལ་ཟབ་སྦྱོང་དང་ཚོགས་འདུ་དེ་དག་ཧ་ཅང་གལ་ཆེན་པོར་ངོས་འཛིན་གནང་གི་ཡོད་ནའང་། ཚོགས་འདུའི་ཐོག་རྒྱ་སྐད་ཤེས་མཁན་བོད་མི་ཉུང་ཤས་མ་གཏོགས་ཕེབས་ཐུབ་ཀྱི་མེད་པའི་གནད་དོན་ལ་ཐུགས་ཕམ་གྱི་རྣམ་འགྱུར་དང་འབྲེལ། དེང་སྐབས་རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་དབུ་ཁྲིད་ཡན་ཆད་རྒྱ་ནག་གི་འཁྱོགས་བཤད་འོག་ཚུད་པའི་དུས་སྐབས་འདིར་བཙན་བྱོལ་དུ་ཡོད་པའི་བོད་མི་བརྒྱ་ཆ་ཉུང་ཤས་ཤིག་གིས་རྒྱ་རིགས་ས་ཡ་མང་པོར་བོད་དོན་གོ་རྟོགས་སྤེལ་རྒྱུ་ཁག་པོ་ཆགས་བཞིན་པ་དེ་གསལ་པོ་ཡིན་པར་འགྲེལ་བརྗོད་གནང་ཡོད།སྲིད་སྐྱོང་མཆོག་གིས་གནས་སྟངས་དེ་འདྲའི་ཁྲོད་བོད་མི་སྤྱི་དང་ཡང་སྒོས་རྒྱ་སྐད་ཤེས་མཁན་ཚོས་བརྒྱུད་ལམ་ཁག་ཏུ་དུས་ཐོག་ཐུགས་སྣང་གནང་སྟེ་བོད་མིའི་སྒྲིག་འཛུགས་ལ་རམ་འདེགས་ཞུ་གལ་ཡིན་པའི་ལམ་སྟོན་གནང་སོང་།རྩ་བའི་དེ་རིང་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་རྒྱ་རིགས་ཀྱི་ལོ་རྒྱུས་ཆེད་མཁས་པ་སྐུ་ཞབས་ Ding Yifu ལགས་ཀྱིས་རྒྱ་ནག་གི་དངོས་ཡོད་གནས་སྟངས་དང་བོད་ཀྱི་མདུན་དུ་འཕྲད་པའི་འགྲན་སློང་དང་གོ་སྐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།བོད་དོན་ནི་བོད་ཁོ་ནའི་གནད་དོན་ཞིག་མིན་པར་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཆགས་ཡོད་པ་དང་། བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་ནི་རྒྱལ་སྤྱིའི་འགྱུར་འགྲོས་དང་བསྡུར་ནས་བལྟ་ཚེ་ཧ་ཅང་གནད་འགག་རང་བཞིན་གྱི་སྲིད་བྱུས་ཤིག་དང་། རྒྱལ་སྤྱིའི་ངོས་ནས་རྒྱབ་སྐྱོར་གནང་འོས་པའི་དོན་སྙིང་ལྡན་པའི་སྲིད་བྱུས་ཤིག་ཆགས་ཡོད་སྟབས། བོད་མི་ཚོས་མུ་མཐུད་ནས་དབུ་མའི་ལམ་གྱི་ཐོག་ནས་འཐབ་རྩོད་གནང་རྒྱུ་དེ་གལ་ཆེན་ཡིན་པ་དང་།  རྒྱ་ནག་ལ་ཆ་མཚོན་ནའང་ཕྱི་ལོག་ནས་བལྟ་ཚེ་སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ནའང་དོན་དུ་སྤྱི་ཚོགས་ཁྱོན་ཡོངས་ལ་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་པ་ནི་སྤྱི་ཚོགས་ཀྱི་དབུལ་ཕྱུག་ཆ་མི་སྙམ་པ། འཛུགས་སྐྲུན་ཐོན་སྐྱེལ་གྱི་ཐོན་ཁུངས་མེད་པ། ཁོར་ཡུག་ཉམས་ཉེས་འགྲོ་བ། དེ་བཞིན་སྤྱི་ཚོགས་ཀྱི་བཟང་སྤྱོད་ཚད་མདའ་པོར་སླེབས་པ་སོགས་ཀྱི་ནང་ཁུལ་གྱི་གནོད་ཤུགས་མང་པོ་ཞིག་ཡོད་པས་སྔ་རྗེས་ཙམ་མ་གཏོགས་རྒྱ་ནག་ནང་འགྱུར་བ་ཆེན་པོ་ཞིག་འགྲོ་ངེས་ཡིན་པར་བརྟེན་བོད་པ་ཚོའི་ངོས་ནས་དུས་འགྱུར་དང་བསྟུན་ནས་གོམ་པ་རྒྱག་ཐུབ་པའི་གྲ་སྒྲིག་དགོས་རྒྱུ་དེ་གལ་ཆེན་པོ་རེད་ཅེས་གསུང་བཤད་གནང་སོང་། གཞི་རྩའི་བོད་མིའི་སྒྲིག་འཛུགས་ནས་རྒྱ་རིགས་དང་འབྲེལ་བའི་ཟབ་སྦྱོང་དེ་ཐོག་མར་ཕྱི་ལོ་ ༢༠༡༥ ལོ་ནས་དབུ་འཛུགས་གནང་བ་དང་། ཐེངས་འདིའི་ཟབ་སྦྱོང་ཐོག་རྒྱ་བོད་གཉིས་ཀྱི་ལོ་རྒྱུས་དང་མི་རིགས་ས་ཁོངས་རང་སྐྱོང་། གཞན་ཡང་དབུ་མའི་ལམ་གྱི་སྲིད་བྱུས། ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ། དེ་བཞིན་བོད་ཀྱི་ཁོར་ཡུག་སོགས་ཀྱི་ཐོག་ཟབ་སྦྱོང་སྤྲོད་བཞིན་ཡོད་པ་རེད།

རང་བཙན་དང་དབུ་མའི་ལམ་གང་ཡིན་ཀྱང་རྒྱ་ནག་ལ་ལྟོས་དགོས་པ་གསལ་པོ་རེད།   

ཁ་སང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་རྒྱ་གར་གྱི་ས་གནས་འདྲ་མིན་ནང་གི་མཐོ་སློབ་ཁག་ཏུ་སྐྱོད་བཞིན་པའི་བོད་རིགས་གཞོན་སྐྱེས་ལྔ་བཅུ་ཙམ་འདུ་འཛོགས་ཀྱིས་དབུ་མའི་ལམ་ཐོག་བོད་རིགས་གཞོན་སྐྱེས་བསམ་བློ་བ་ཞེས་པའི་ཚོགས་འདུ་ཐེངས་དང་པོ་ཚོགས་ཡོད་པ་དང་། ཚོགས་འདུ་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་གོ་ལ་གཅིག་གྱུར་གྱི་དུས་སྐབས་འདིར་རང་བཙན་དང་དབུ་མའི་ལམ་གང་ཡིན་ཀྱང་རྒྱ་ནག་ལ་ལྟོས་དགོས་པ་གསལ་པོ་རེད་ཅེས་གསུངས་སོང་།ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་ཚོགས་པའི་དབུ་མའི་ལམ་ཐོག་བོད་རིགས་གཞོན་སྐྱེས་བསམ་བློ་བ་ཞེས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་རྒྱ་གར་གྱི་ས་གནས་མི་འདྲ་བ་ཁག་དགུའི་ནང་མཐོ་སློབ་འགྲིམ་བཞིན་པའི་བོད་རིགས་གཞོན་སྐྱེས་ ༤༨ ནས་མཉམ་ཞུགས་གནང་འདུག་པ་དང་། དབུ་མའི་ལམ་གྱི་རྒྱབ་ལྗོངས་དང་གལ་གནད། རྒྱ་ནག་གི་ཤེས་ཡོན་མི་སྣས་དབུ་མའི་ལམ་ལ་ལྟ་སྟངས། དེ་བཞིན་བོད་ཀྱི་འཐབ་རྩོད་རྒྱུན་གནས་ཆེད་བོད་རིགས་གཞོན་སྐྱེས་ཚོའི་འགན་འཁྲི། དབུ་མའི་ལམ་དང་སྤྱི་ཚོགས་དྲྭ་རྒྱ་སོགས་བརྗོད་གཞི་ཁག་ཅིག་གི་ཐོག་མཁས་ལས་མི་སྣའི་གསུང་བཤད་དང་གྲོས་བསྡུར་སྦྱང་བཤད་སོགས་གནང་ཡོད་པར་མ་ཟད། ཚོགས་བཅར་བ་རྣམས་སྡེ་ཚན་འཆར་འགོད་ཐོག་བོད་ནང་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་ཐབས་དང་། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས་འབྱུང་འགྱུར་སྤེལ་དགོས་པའི་ལས་འགུལ། དེ་བཞིན་བོད་རིགས་མཐོ་རིམ་སློབ་མའི་ཁྲོད་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་ཐབས་བཅས་བརྗོད་གཞི་གསུམ་ཐོག་བགྲོ་གླེང་གནང་ཡོད་པ་རེད།   ཚོགས་གཙོ་མཆོག་ནས་ཐེངས་འདིའི་ཚོགས་འདུའི་ཐོག་བཅར་བའི་བོད་ཕྲུག་གཞོན་སྐྱེས་རྣམས་ལ་ད་ལྟའི་དབུ་མའི་ལམ་གྱི་སྲིད་བྱུས་འདི་གཙོ་བོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཡིན་པ་དང་། རིམ་པས་དུས་ནས་དུས་སུ་སྐབས་སོ་སོའི་བོད་མིའི་སྒྲིག་འཛུགས་ཀྱི་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་སུ་གྲོས་བསྡུར་སྦྱང་བཤད་དང་། ལྷག་པར་དུ་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་རྣམས་ཀྱི་བསམ་ཚུལ་དང་མཐུན་པའི་ཐོག་མང་གཙོའི་ལམ་ནས་གཏན་འབེབས་གནང་བའི་ཆབ་སྲིད་ཀྱི་ལྟ་གྲུབ་དེ་ཡང་དག་པ་དང་ལྡན་པའི་སྲིད་བྱུས་ཤིག་ཡིན་པ་སོགས་དབུ་མའི་ལམ་གྱི་བྱུང་རིམ་ངོ་སྤྲོད་གནང་ཡོད།གཞོན་སྐྱེས་རྣམས་ནས་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་༸གོང་ས་མཆོག་གི་དགོངས་གཞི་དང་། སྲིད་བྱུས་འདི་ད་ལྟའི་བོད་ཀྱི་གནས་སྟངས་ཐོག་འཛིན་དགོས་པའི་རྒྱུ་མཚན་གང་ཡིན་སོགས་ཀྱི་ཐད་སློབ་སྦྱོང་དང་དཔྱད་པ་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་པ་དང་ཆབས་ཅིག དེང་སྐབས་གོ་ལ་གཅིག་གྱུར་དུས་སྐབས་འདིར་ཆབ་སྲིད་དང་ཚོང་སོགས་གནད་དོན་གང་གི་ཆ་ནས་ཀྱང་རྒྱལ་ཁབ་ཕན་ཚུན་དབར་གཅིག་ལ་གཅིག་བརྟེན་གྱི་འདུ་ཤེས་དེ་མང་དུ་འགྲོ་བཞིན་ཡོད་སྟབས། རང་བཙན་དང་དབུ་མའི་ལམ་གང་ཡིན་ཀྱང་རྒྱ་ནག་ལ་ལྟོས་དགོས་པ་གསལ་པོ་རེད་ཅེས་གསུངས་སོང་། དེ་བཞིན་ཚོགས་གཙོ་མཆོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་འདི་རྒྱ་ནག་གི་གནས་བབ་དང་ད་ལྟའི་བོད་ནང་གི་ཛད་དྲག་གནས་སྟངས་ཐོག་ནས་ཁ་ཚ་དགོས་གཏུགས་ཀྱི་ཁེ་ཕན་ལྡན་པའི་སྲིད་བྱུས་ཤིག་ཡིན་པ་མ་ཟད། སྲིད་བྱུས་འདིར་ཨ་རིས་གཙོས་པའི་རྒྱལ་སྤྱིའི་གཞུང་དང་། ལྷག་པར་དུ་རྒྱ་ནག་ནང་གི་ཤེས་ལྡན་མི་སྣ་མང་པོས་དཔྱད་རྩོམ་རིགས་སྤེལ་ཏེ་རྒྱབ་སྐྱོར་ཤུག་ཆེ་གནང་བཞིན་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། སྲིད་བྱུས་འདི་ལམ་ལྷོངས་ཡོང་དང་མི་ཡོང་ཟེར་བ་དེ་ད་ལྟའི་ཆར་རྒྱ་གཞུང་གི་ལག་པ་ལ་ཡོད་པ་སོགས་ཀྱང་གསུངས་ཡོད།

༸གོང་ས་མཆོག་ནས་ Scottish རིག་གཞུང་གི་སྐུ་ཚབ་རུ་ཁག་དང་མཇལ་མོལ་མཛད་པ།

ཉེ་ཆར་ཚེས་ ༡༦ ཉིན་ཨིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་བརྒྱུད་བཞུགས་སྒར་དུ་ Scottish Cultural Delegation འམ་ Scottish རིག་གཞུང་གི་སྐུ་ཚབ་རུ་ཁག་ཞིག་དྷ་སར་ཉིན་ལྔའི་རིང་བོད་ཀྱི་གནད་དོན་དང་། རིག་གཞུང་རྒྱུས་མངའ་ཡོང་ཐབས་སུ་ཕེབས་ཡོད་པ་དང་བསྟུན། དེ་རིང་ཟླ་ ༡༠ ཚེས་ ༡༩ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཞུས་འདུག མཇལ་མོལ་གྲུབ་མཚམས་སུ་གསར་འགོད་པར་རུ་ཁག་གི་སྣེ་ཁྲིད་པ་ལྕམ་ Hilary ལགས་ཀྱིས་ང་ཚོ་ Scotland ནས་ཡོང་བ་ཡིན། Scotland ནི་དེ་སྔ་བོད་ལྟ་བུ་ཁྱིམ་མཚེས་རྒྱལ་ཁབ་ཆེ་བས་བཙན་འཛུལ་བྱས་པའི་འོག་རང་གི་སྐད་ཡིག་དང་རིག་གཞུང། རྒྱལ་ཁབ་ཀྱི་ཆས་གོས་སོགས་སྤྱོད་རྒྱུའི་ཐོབ་ཐང་འཕྲོག་མྱོང་ཡོད་པ་དང་། མི་མང་ཆེ་བ་བཙན་དབང་འོག་ནས་ས་གནས་གཞན་དུ་གནས་སྤོ་བྱེད་དགོས་བྱུང་ཡོད་སྐོར་ངོ་སྤྲོད་གནང་སོང་།ད་ལྟའི་ཆར་ Scotland འདི་ཕྱེད་རང་སྐྱོང་གི་གནས་བབ་ཐོག་ཡོད་པ་རེད། ད་ལྟ་༸གོང་ས་༸སྐྱབས་ཆེན་པོ་མཆོག་གི་ལྷན་དུ་མཇལ་མོལ་ཞུས་སྐབས་༸གོང་ས་མཆོག་གིས་བོད་ཀྱི་ཆེད་དུ་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད་པར་བཀའ་བསྩལ་སོང་། ང་ཚོའི་ངོས་ནས་བོད་དོན་དང་༸གོང་ས་མཆོག་གི་དྲུང་ནས་ཚུར་བསླབ་བྱ་བླངས་རྒྱུ་མང་པོ་འདུག་པ་དང་ཕར་གནད་དོན་མང་དག་ཞིག་གི་སྐོར་ཞུ་རྒྱུ་ཡོད་པའི་མྱོང་ཚོར་བྱུང་། ལྷག་དོན་ང་ཚོས་འཛམ་གླིང་འདིའི་ཐོག་སྒྱུ་རྩལ་འདྲ་མིན་བརྒྱུད་འཇམ་པོའི་སྟོབས་ཤུགས་ཀྱི་ཐོག་ནས་མིའི་སེམས་ཁམས་བསྒྱུར་བཅོས་གཏང་རྒྱུའི་ཤེས་བྱ་བརྗེ་ལེན་ཞུ་རྒྱུ་འདུག་ཅེས་སོགས་གསུངས་ཡོད། ༸གོང་ས་མཆོག་གིས་བོད་ཀྱི་གནད་དོན་དང་འབྲེལ་བོད་དང་ནང་ཆོས་ཐད་འཁྲུག་རྩོད་ཀྱི་ལམ་ནས་མ་ཡིན་པར་མིའི་བསམ་བློ་འགྱུར་བ་གཏང་ཐབས་ཀྱི་ཐོག་ནས་གནང་གི་ཡོད་སྐོར་བཀའ་བསྩལ་བ་དེ་ Scotland ནང་དེ་སྔ་བྱུང་བ་དང་གཅིག་མཚུངས་ཡིན་པ་དང། ང་ཚོའི་ངོས་ནས་ཀྱང་བོད་ཀྱི་ཆེད་དུ་དེ་ལྟར་ཡོང་ཐུབ་པའི་རེ་བ་ཞུ་བཞིན་ཡོད། ༸གོང་ས་མཆོག་གིས་རྒྱ་ནག་གི་འོག་ལ་བསྡད་ནས་བོད་ལ་རང་སྐྱོང་གི་གནས་བབ་རྩོད་ཀྱི་ཡོད་པ་དེ་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་སོང་། དེས་ན་ང་ཚོའི་ངོས་ནས་བོད་མིར་རོགས་རམ་གང་ཐུབ་ཞུ་རྒྱུའི་ཐབས་ཤེས་ཞུ་ངེས་ཡིན་སོགས་གསུངས་སོང་།དེ་བཞིན་ང་ཚོའི་ Scotland ནང་རོལ་དབྱངས་སོགས་སྒྱུ་རྩལ་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་ལྟར་མ་འོངས་པར་དེང་དུས་ཀྱི་ཤུགས་རྐྱེན་འོག་བོད་པའི་རིག་གཞུང་ལ་འགྱུར་བ་ཇི་ཐེབས་ཐད་ལ་ཤེས་འདོད་ཆེན་པོ་བྱུང་ཞེས་གསུངས་ཡོད། ཕྱི་ལུགས་སྨན་གྱི་ཐོག་གཙུག་ལག་སློབ་དཔོན་སྐུ་ཞབས་ Michael Lean ལགས་ཀྱིས་ང་ཕྱི་ལུགས་སྨན་གྱི་སློབ་དཔོན་ཞིག  Scotland ནང་དུའང་འཕྲོད་བསྟེན་དང་ལྷག་པར་དུ་རང་གི་ནུས་སྟོབས་ལ་གདེང་ཚོད་མེད་པ་དང་། རང་ཉིད་ཀྱི་ངོ་བོ་རྙེད་མ་ཐུབ་པ། རང་གི་མི་ཚེའི་བདག་དབང་རྙེད་མ་ཐུབ་མཁན་རྣམས་ཀྱི་འཕྲོད་བསྟེན་གནས་སྟངས་ཐོག་ལ་སེམས་འཚབ་ཆེན་པོ་ཡོད། བཙན་འབྱོལ་བོད་མི་རྣམས་ནས་ཕྱིའི་ལུང་པའི་ནང་དུ་རང་ཡུལ་གྱི་རིག་གཞུང་དག་གལ་ཆེར་ངོས་འཛིན་གནང་བ་ལྟར་ང་ཚོས་ཀྱང་དེ་ལྟར་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་སོང་།ཨིན་ཡུལ་གྱི་ Edinbrugh གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་སྐུ་ཞབས་ David ལགས་ཀྱིས་ང་ Scotland ཡི་རྒྱལ་ས་ Edinburgh བཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་ཡིན། ང་ཚོའི་སློབ་གཉེར་ཁང་དུ་ལྟ་གྲུབ་དང་རྩོམ་རིག་སོགས་སློབ་ཁྲིད་བྱེད་ཀྱི་ཡོད་རེད། ད་རེས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང། ང་ཚོའི་ངོས་ནས་མགོན་པོ་མཆོག་ལ་འཇམ་པོའི་སྟོབས་ཤུགས་སྤྱོད་ཕྱོགས་སྐོར་ལ་སྙན་གསེང་ཞུས་པ་ཡིན། བོད་ལྟ་བུ་ Scotland ལ་ཡང་ཨིན་ལནཌི་ལྟ་བུའི་མི་འབོར་ལྡབས་ ༡༠ ཡི་མང་བ་དང་སྟོབས་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་ཞིག་ཡོད་པ་རེད།འོན་ཀྱང་ང་ཚོས་རྩོམ་རིག་དང་ལྟ་གྲུབ་སོགས་འཇམ་པོའི་སྟོབས་ཤུགས་སྤྱོད་ནས་དེར་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་ཡོད་པ་ལྟར་དེ་རིང་༸གོང་ས་མཆོག་གིས་འཇམ་པོའི་སྟོབས་ཤུགས་དེ་བོད་མིའི་སྲིད་བྱུས་ཤིག་ཡིན་སྐོར་བཀའ་ཕེབས་སྟབས་རང་ཉིད་ཀྱི་བློ་ལ་འཇུག་པོ་བྱུང།སྔ་དྲོ་མཇལ་མོལ་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གིས་སྐུ་ཚབ་ཚོགས་ཆུང་ནས་ཆེད་མངགས་བོད་མིར་གདུང་སེམས་མཉམ་བསྐྱེད་གནང་བར་ཕེབས་པ་ལ་ཐུགས་རྗེ་ཆེ་ཞེས་བཀའ་གནང་བ་དང་། ཁོང་རྣམས་ལ་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་སྐུལ་མ་མཛད་འདུག མཇལ་མོལ་སྐབས་ Scottish རུ་ཁག་གི་ཁོངས་ནས་སྒྱུ་རྩལ་བ་སྐུ་ཞབས་ Lachlan ལགས་ཀྱིས་༸གོང་ས་མཆོག་ལ་རང་གི་རི་མོའི་སྒྱུ་རྩལ་སྤྱན་འབུལ་ཞུས་འདུག་པ་དང་།སྐུ་ཞབས་ Lachlan ལགས་ཀྱིས་ད་རེས་༸གོང་ས་མཆོག་གི་༸སྐུ་བརྙན་བྲིས་རྒྱུའི་གོ་སྐབས་བྱུང་བར་སྐལ་པ་བཟང་པོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་དང། ༸སྐུ་བརྙན་དེ་ཕྱིར་རང་ཡུལ་དུ་བསྣམས་ནས་དྲན་རྟེན་དུ་ཉར་རྒྱུ་ཡིན་ཞེས་གསུངས་ཡོད།ད་རེས་ Scotland སྐུ་ཚབ་ཚོགས་ཆུང་དེ་བཞུགས་སྒར་དུ་ཕེབས་དོན་གཙོ་བོ་ནི་བོད་མི་དང་ལྷན་དུ་རིག་གཞུང་བརྗེ་ལེན་གནང་རྒྱུར་དམིགས་པ་ཞིག་ཡིན་པ་དང་། ཁོང་རྣམས་ཚེས་ ༡༦ ཉིན་བཞུགས་སྒར་དུ་འབྱོར་རྗེས་ཚེས་ ༡༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་གནང་བ་དང་འབྲེལ། སྤྱི་འཐུས་ཚོགས་གཞོན་ཨཱ་ཙཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང། ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ལྷན་མཇལ་འཕྲད་གནང་ཡོད་པ་རེད། དྷ་ས་བོད་ཀྱི་དཔེ་མཛོད་ཁང་དང་དེ་བཞིན་དེ་རིང་དང་སང་ཉིན་བཅས་ལ་དྷ་སྟེང་བོད་ཁྱིམ་དང་སྨན་རྩིས་ཁང་། ནོར་བུ་གླིང་ཁ་བཅས་སུ་གཟིགས་སྐོར་ལ་ཕེབས་ཀྱི་འདུག

Latest news