Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

བོད་རིགས་ཁ་ཆེའི་སློབ་མའི་རུ་ཁག་གཅིག་གིས་བཞུགས་སྒར་དུ་ཤེས་ཡོན་ལྟ་སྐོར་གནང་བ།

ཟླ་ ༡༢ ཚེས་ ༡༧ ནས་ ༢༤ བར་རྒྱ་གར་བྱང་ཕྱོགས་ཤི་རི་ནཱ་གཱར་ནང་གནས་སྡོད་བོད་རིགས་ཁ་ཆེའི་དགེ་སློབ་བཅས་ཡོད་པའི་རུ་ཁག་གཅིག་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་དང་བོད་སློབ་ཁག གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ལ་ཆེད་བསྐྱོད་ཀྱིས་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་སོགས་རྒྱུས་ལོན་གྱི་ཤེས་ཡོན་ལྟ་སྐོར་གནང་བཞིན་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་མཐུན་འགྱུར་དང་དེ་སྔ་བོད་རིགས་ཁ་ཆེ་བའི་དངོས་བྱུང་གློག་བརྙན་བཟོ་སྐྲུན་པ་སྐལ་བཟང་འཛིགས་མེད་ལགས་ཀྱིས་རྐང་འགན་བཞེས་ཐོག་ཤི་རི་ནཱ་གཱར་ནང་རྟེན་གཞི་བྱས་པའི་ Tibetan public school ནས་ཡིན་པའི་བོད་རིགས་ཁ་ཆེའི་སློབ་མ་ ༡༥ དང་བོད་རིགས་ཁ་ཆེའི་དགེ་རྒན་ ༣ དེ་བཞིན་ཕ་མའི་སྐུ་ཚབ་གཉིས་བཅས་ཕེབས་ཡོད་པ་དང་བསྟུན།  དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་། སྤྱི་འཐུས་ལྷན་ཚོགས། བོད་ཀྱི་དཔེ་མཛོད་ཁང་། དབུས་སྨན་རྩིས་ཁང་བཅས་ལ་འཚམས་གཟིགས་གནང་ཡོད་པ་རེད།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གྲོས་ཚོགས་ཀྱི་བྱུང་རབས་དང་འཕེལ་རིམ་སོགས་ངོ་སྤྲོད་གནང་བ་དང་འབྲེལ། ང་ཚོའི་ཕ་ཡུལ་དེ་བོད་ལ་ཡོད་པ་དང་ད་ཆ་ང་ཚོ་མིའི་ལུང་པར་གྱར་ནས་གནས་ཡོད་ནའང་བོད་ཀྱི་རང་དབང་སླར་གསོའི་ཆེད་དུ་མང་གཙོའི་ལམ་ལུགས་དང་མཐུན་པའི་སྒྲིག་འཛུགས་ཤིག་ཡོད་པ་མ་ཟད། སྒྲིག་འཛུགས་དེའང་སྲིད་དོན་ཚོགས་པ་མེད་པའི་སྒྲིག་འཛུགས་དམིགས་བསལ་བ་ཞིག་ཡིན་སྐོར་གསུངས་ཡོད་པ་རེད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས་ཀྱིས་ཤེས་རིག་ལས་ཁུངས་ཀྱི་གནང་སྒོ་ཁག་ངོ་སྤྲོད་གནང་བ་དང་། ལོ་ལྟར་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་སློབ་གྲྭའི་རྒན་བདག་དང་། སློབ་མ། དགེ་རྒན་བཅས་ལ་ཟབ་སྦྱོང་འདྲ་མིན་གོ་སྒྲིག་གནང་མུས་ཡིན་སྐོར་དང་། དེར་མཉམ་ཞུགས་གནང་བློ་ཡོད་ཚེ་དེ་ལྟར་གོ་སྒྲིག་ཞུ་ངེས་ཡིན་ཞེས་གསུངས་ཡོད། ཐེངས་འདིའི་ཤེས་ཡོན་ལྟ་སྐོར་དུ་ཆེད་བཅར་ཞུས་པའི་བོད་རིགས་ཁ་ཆེ་བའི་སློབ་མ་ཁག་གཅིག་དང་དགེ་རྒན་བཅས་ལ་ཤེས་ཡོན་ལྟ་སྐོར་དང་འབྲེལ་བའི་བཅར་འདྲི་ཁག་གཅིག་ཞུས་ཡོད། གཞི་རྩའི་རྒྱ་ནག་གིས་བོད་ལ་དབང་སྒྱུར་བྱས་རྗེས་གཞིས་ཀ་རྩེ་དང་ལྷ་སར་གནས་སྡོད་བོད་པ་ཁ་ཆེའི་ཁྱིམ་ཚང་བརྒྱ་སྐོར་ཞིག་རང་གི་ཕ་མེས་ནས་ཡོད་པའི་ཆོས་ལུགས་རྒྱུན་འཛིན་ཐུབ་རྒྱུ་གཙོ་བོར་དམིགས་ཏེ་རྒྱ་གར་ལ་ཕྱིར་ལོག་གིས་ཡུལ་འདིའི་མི་སེར་བཞེས་ཡོད་པ་དང་། ད་ལྟའི་ཆར་བོད་རིགས་ཁ་ཆེ་ཁ་ཤས་ཀྱི་ཁྱིམ་ཚང་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པ་དང་། ལ་ལ་ནི་རྒྱ་གར་གྱི་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་གྲོང་སྡེ་ཁག་ཏུ་གནས་སྡོད་བྱེད་བཞིན་ཡོད་ཀྱང་། བཙན་བྱོལ་བའི་བོད་རིགས་ཁ་ཆེ་བ་མང་ཆེ་ཤོས་ནི་ཀཱཤམིར་ནང་འཚོ་སྡོད་གནང་གི་ཡོད་པ་རེད། དེ་སྔ་བོད་ནང་རྒྱལ་མཆོག་ལྔ་པ་ཆེན་པོའི་༸སྐུ་དུས་སུ་བོད་པའི་ཁ་ཆེ་བ་ཚོར་གཟིགས་པ་ཆེན་པོ་ཡོད་པའི་ལོ་རྒྱུས་ལྡན་པ་ལྟར། ༸གོང་ས་མཆོག་ནས་ཀྱང་སྔ་རྗེས་སུ་རྒྱ་གར་བྱང་ཕྱོགས་ Srinagar ནང་གི་བོད་རིགས་ཁ་ཆེ་བ་ཚོས་བོད་སྐད་ཧ་ཅང་ཡག་པོ་བསྐྱོན་པར་བསྔགས་བརྗོད་མཛད་ཡོད་པ་མ་ཟད། སྒོས་སུ་བོད་རིགས་གཅིག་མཚུངས་ཤིག་ཡིན་སྟབས་བོད་མིའི་རང་དབང་གི་འགན་ཡང་གཅིག་མཚུངས་ཡོད་པ་བཀའ་བསྩལ་ཡོད་པ་རེད།

སི་པཱེན་ནང་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་དུས་སྟོན་སྲུང་བརྩི་ཞུས་པ།

སི་པཱེན་གྱི་གྲོང་ཁྱེར་བྷར་སེ་ལོ་ན་ནང་ Tibet Festival and Human Rights cycle འམ་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་དུས་སྟོན་ཐེངས་ ༡༠ ཚོགས་གནང་འདུག ཟླ་ ༡༢ ཚེས་ ༡༠ ཉིན་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་ཉིན་མོ་དང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་བཅས་དུས་ཁྱད་གཉིས་ཁེལ་ཡོད་པ་དང་བསྟུན།  བྷར་སེ་ལོ་ན་ནང་རྟེན་གཞི་བྱས་པའི་བོད་ཀྱི་ཁང་པས་གོ་སྒྲིག་འོག་གཟའ་འཁོར་གཅིག་གི་རིང་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་དུས་སྟོན་ཐེངས་ ༡༠ གཉིས་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད།དུས་སྟོན་དེའི་ཐོག་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གློག་བརྙན་ཁག་གཅིག་གཟིགས་འབུལ་ཞུས་པའི་བརྒྱུད་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་ཡོད་པ་དང་། ༸གོང་ས་མཆོག་ལ་ཤིན་ཏུ་ནས་དད་གུས་ཆེ་བའི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Richard moore ལགས་དང་སྐུ་ཞབས་ Martin Bursik ལགས་རྣམ་གཉིས་གདན་ཞུ་ཐོག་བོད་དོན་དང་འབྲེལ་བའི་གསུང་བཤད་ལམ་རིམ་ཞིག་གོ་སྒྲིག་གནང་འདུགདུས་སྟོན་དེའི་སླད་དུ་རྒྱ་གར་ནས་སེར་བྱེས་མངའ་རི་ཁང་ཚན་ནས་དགེ་འདུན་པ་ཁག་གཅིག་གདན་ཞུས་ཀྱིས་ཆོས་ཕྱོགས་ཀྱི་གནང་སྒོ་སྤེལ་བ་དང་། རྒྱ་གར་དྷ་རྨ་ས་ལ་དང་ཀོ་ལི་གྷལ་གཞིས་ཆགས་བཅས་ནས་བོད་ཀྱི་གནའ་རབས་གླུ་གཞས་དང་རོལ་ཆ་ལ་དོ་དབྱིངས་ཆེན་པོ་གནང་མཁན་ཁག་གཅིག་བཅས་ཆེད་འབོད་ཐོག་བོད་ཀྱི་གནའ་རབས་གླུ་གཞས་གཟིགས་འབུལ་ཞུས་ཡོད་པ་རེད། རྩ་བའི་དུས་སྟོན་གྱི་དམིགས་ཡུལ་གཙོ་བོ་ནི་ས་གནས་མང་ཚོགས་ལ་བོད་ཀྱི་ཆོས་དང་རིག་གཞུང་། བོད་ཀྱི་ཆབ་སྲིད་གནས་སྟངས་སོགས་གོ་རྟོགས་སྤེལ་ཆེད་ཡིན་པ་རེད།

བོད་ཀྱི་སྐད་ཡིག་ངོ་སྤྲོད་ཀྱི་དྲྭ་ཐོག་སློབ་དེབ་དཔར་སྐྲུན་གནང་བ།

ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་  Australian National University  ནས་བོད་ཀྱི་སྐད་ཡིག་སློབ་སྦྱོང་ཆེད་དུམ་བུར་གསུམ་དུ་བགོས་ནས་དྲྭ་ཐོག་སློབ་དེབ་ཅིག་དཔར་སྐྲུན་གནང་འདུག ཕྱི་ལོ་ ༢༠༡༢ ལོ་ནས་གཙུག་ལག་སློབ་གྲྭ་ཆེན་མོར་བོད་ཡིག་སློབ་ཁྲིད་གནང་རྒྱུ་དབུ་འཛུགས་གནང་བ་དང་། ཕྱི་ལོ་ ༢༠༡༥ ནས་དྲྭ་ལམ་གྱི་ཐོག་ནས་བོད་ཡིག་འཛིན་གྲྭ་ཞིག་དབུ་འཛུགས་གནང་བ་དང་འབྲེལ་ཕྱོགས་བསྡུས་གནང་བའི་སློབ་ཚན་གྱི་རྒྱུ་ཆ་དེ་དག་གཞིར་བཞག་ནས་སློབ་དེབ་དེ་དཔར་སྐྲུན་གནང་འདུག སློབ་དེབ་དེ་བོད་ཡིག་འབྲི་ཀློག་ངོ་སྤྲོད་དང། ཁ་སྐད་བཤད་སྟངས། དེ་བཞིན་ཡིག་སྐད་བཅས་གཙོ་བོ་དུམ་བུར་གསུམ་དུ་བགོས་ཡོད་པ་དང། དྲྭ་ཐོག་སློབ་དེབ་ཡིན་པའི་ཆ་ནས་ཨོ་སི་ཊོ་ལི་ཡ་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་གཙོ་གྱུར་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་སློབ་ཕྲུག་ཀུན་ནས་དྲྭ་ཐོག་ནས་རིན་མེད་ཕབ་ལེན་གནང་རྒྱུ་འདུག སློབ་དེབ་དེ་ཨོ་སི་ཊོ་ལི་ཡ་གཙུག་ལག་སློབ་གཉེར་ཁང་ནང་བོད་ཡིག་སློབ་ཁྲིད་གནང་མཁན་འབུམ་རམས་པ་བསྟན་འཛིན་ཆོས་འཕགས་ལགས་ཀྱིས་གཙོ་འགན་བཞེས་ཐོག་སློབ་གཉེར་ཁང་གི་སྐད་བརྡ་རིག་པའི་མཁས་དབང་ Ruth Gamble ལགས། རྩོམ་པ་པོ་དང་ལོ་ཙཱ་བ་ཆུང་ཚེ་རིང་ལགས། དེ་བཞིན་གློག་འཕྲུལ་ཁྱད་ལས་པ་ Grazia Scotellaro ལགས་བཅས་ནས་ཟུང་འབྲེལ་གྱིས་རྩོམ་སྒྲིག་གནང་ཞིག་ཡིན་པ་རེད། སློབ་དེབ་དེ་དྲྭ་ཐོག་བརྒྱུད་ནས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་དང་གློག་ཀླད་ནང་རིན་མེད་ཕབ་ལེན་གནང་རྒྱུ་ཡོད་པ་དང་། སྐར་ཁུང་རྟགས་ཅན་གྱི་གློག་ཀླད་དང་ཁ་པར་ཁག་ཏུའང་དེ་བཞིན་གནང་རྒྱུ་ཡོད་པ་རེད།

བཞུགས་སྒར་དྷ་ས་རྒྱལ་སྤྱིའི་ས་བཀྲ་ཐོག་འབུར་དུ་ཐོན་ཐུབ་པ་ནི་༸གོང་ས་མཆོག་གི་བཀའ་དྲིན་རེད།

ཟླ་བ་འདིའི་ཕྱི་ཚེས་ ༡༠ ཉིན་ནས་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཚོགས་ཁང་དུ་ཧི་མཱ་ཅལ་མངའ་སྡེའི་དགུན་དུས་ཀྱི་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན། ཁ་སང་དགོང་དྲོ་ཚོུད་ ༥༌༠༠ མ་ཟིན་ཙམ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མངའ་སྡེའི་གྲོས་ཚོགས་སུ་ཆེད་བཅར་གྱིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་གྲོས་ཀྱི་ཚོགས་གཙོ་མཆོག་རྣམ་གཉིས་ཀྱིས་དབུས་པའི་གྲོས་ཚོགས་འཐུས་མི་རྣམས་ལ་མཛའ་བརྩེའི་འཚམས་འདྲི་མཚོན་ཆེད་གསོལ་ཇ་ཞལ་ཏོག་འདེགས་འབུལ་ཞུས་སོང་། མཛའ་བརྩེའི་གསོལ་ཇ་ཞལ་ཏོག་འདེགས་འབུལ་གྱི་ལྷན་འཛོམས་དེའི་ཐོག་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་དང་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Rajeev Bindal མཆོག མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Virbhadra Singh མཆོག་བཅས་ཀྱིས་གཙོས་པའི་མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམ་པ། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་ཚོགས་གཞོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དབུས་པའི་སྤྱི་འཐུས་རྒྱུན་ལས་བཅས་ཕེབས་འདུགསྐབས་དེར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་ཀུན་ནས་ཧི་མཱ་ཅལ་མངའ་སྡེ་འདི་ནི་༸གང་ཉིད་མཆོག་གི་ནང་ལྟ་བུར་ངོས་བཞེས་མཛད་ཀྱི་ཡོད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་ནས་ཁྱེད་ནི་དུས་རྟག་ཏུ་ངོས་ཀྱི་སྤྱི་ཁྱབ་བློན་ཆེན་རེད་ཅེས་ཐུགས་དགའ་ཚོར་ཆེན་པོ་གནང་གི་ཡོད་པ་དང་། ༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བཞུགས་སྒར་དྷ་རྨ་ས་ལ་འདི་རྒྱལ་སྤྱིའི་ས་བཀྲའི་སྟེང་འབུར་དུ་ཐོན་ཐུབ་ཡོད་པ་རེད།ད་ལྟའི་ཆར་ཕྱི་ནང་གི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་གི་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། ཧི་མཱ་ཅལ་གྱི་མི་མང་དང་བོད་མི་དབར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ལྟར་ང་ཚོས་འབྱུང་འགྱུར་ཡང་སྐྱིད་སྡུག་མཉམ་མྱོང་དང་། མཉམ་རུབ་ཀྱི་ཐོག་ནས་རྒྱུན་འཛིན་གནང་དགོས་གལ་ཡིན་པ་རེད་ཅེས་གསུངས་ཡོད།དེ་བཞིན་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Virbhadra Singh མཆོག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བར། ཁོང་ད་རེས་ལྷན་འཛོམས་ཐོག་བཅར་དོན་གཙོ་བོ་ནི་བོད་པ་དང་ས་གནས་ཡུལ་མིའི་དབར་གྱི་འབྲེལ་བ་བཟང་པོ་ཡོད་པ་དེ་གོང་འཕེལ་གནང་རྒྱུ་དང་། ལྷག་པར་དུ་༸གོང་ས་མཆོག་ལ་གུས་བརྩི་དང་བོད་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་པ་མཚོན་ཕྱིར་ཆེད་ཕེབས་གནང་བ་ཡིན་ཞེས་གསུངས་ཡོད།   གཞི་རྩའི་ལྷན་འཛོམས་དེའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་དབུས་པའི་སྤྱི་འཐུས་རྒྱུན་ལས་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམ་པའི་དབར་ཕན་ཚུན་ངོ་སྤྲོད་དང་། ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་དྲིལ་བསྒྲགས་ཡིག་ཆ་ཁག་གཅིག་ཕུལ་ནས་བོད་ཀྱི་གནད་དོན་གསལ་བཤད་སོགས་གནང་ཡོད་པ་རེད།སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་ཚོགས་གཙོ་རྣམ་གཉིས་མཆོག་གིས་དབུས་པའི་གྲོས་ཚོགས་འཐུས་མི་རྣམས་ལ་འཚམས་འདྲི་དང་འབྲེལ། བོད་མི་རྣམས་བཙན་བྱོལ་ལ་འབྱོར་ནས་ལོ་ངོ་ ༦༠ འཁོར་ལ་ཉེ་ཡང་རྒྱ་གར་གྱི་མངའ་སྡེའི་ཁག་ཏུ་ད་ལྟའང་མངའ་སྡེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཐུབ་མེད་སྐོར་འགྲེལ་བརྗོད་དང་ཆབས་ཅིག འབྱུང་འགྱུར་གྱི་དུས་ཚོད་དེའི་ནང་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་དང་ཚོགས་གཙོ་མཆོག་རྣམ་གཉིས་ཀྱིས་རྒྱབ་སྐྱོར་གནང་ཐོག་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཡོང་བའི་རེ་སྐུལ་ཞུས་ཡོད་པ་རེད།གཞི་རྩའི་ཧི་མཱ་ཅལ་མངའ་སྡེའི་དབྱར་ཁའི་གྲོས་ཚོགས་དེ་གྲོང་ཁྱེར་ Shimla དང་དགུན་ཁའི་ཚོགས་འདི་བཞུགས་སྒར་དུ་ཚོགས་གནང་གི་ཡོད་པ་དང་། ཐེངས་འདིའི་དགུན་དུས་ཀྱི་གྲོགས་ཚོགས་འདི་ཟླ་ ༡༢ ཚེས་ ༡༠ ཉིན་དབུ་འཛུགས་ཀྱིས་གནངས་ཚེས་ ༡༥ བར་ཚོགས་ཀྱི་ཡོད་པ་དང་། ཧི་མཱ་མངའ་སྡེའི་གྲོས་ཚོགས་འདི་ནི་རྒྱ་གར་གྱི་ eVidhan ཞེས་ཤོག་བུ་མེད་པའི་གྲོས་ཚོགས་ཆེས་ཐོག་མ་དེ་ཡིན་པ་རེད།

བོད་ནང་འདྲ་མཉམ་ཐོག་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་སྤྱི་མོས་ཀྱིས་གཏན་འབེབས།

ཁ་སང་ཟླ་ ༡༢ ཚེས་ ༡༡ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་སྤྱི་མོས་ཐོག་ནས་བོད་དུ་རང་དབང་ཐོག་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་ Reciprocal Access to Tibet Act ཞེས་པ་གཏན་འབེབས་གནང་འདུག་པ་དང་། ད་ལྟའི་ཆར་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་མཆོག་གིས་ཁྲིམས་འཆར་དེར་མཚན་རྟགས་འགོད་རྒྱུ་ལས་ལྷག་མེད་པ་རེད། ད་རེས་གཏན་འབེབས་གནང་བའི་ Reciprocal access to Tibet act ཞེས་བོད་ནང་འདྲ་མཉམ་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་དེ་ཐོག་མར་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་དང་ Randy Hultgren ལགས་རྣམ་གཉིས་ནས་ཡུལ་དེའི་གྲོས་ཚོགས་འོག་མ་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ Marco Rubio ལགས་དང་ Tammy Baldwin ལགས་རྣམ་གཉིས་ནས་གྲོས་ཚོགས་གོང་མ་བཅས་སུ་འགོད་འབུལ་ཞུས་ཡོད་པ་དང་། ཁྲིམས་འཆར་དེ་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀ་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་ ༥༡ ལྷག་ནས་རྒྱབ་སྐྱོར་གནང་བ་ཞིག་ཡིན་པ་མ་ཟད། ཁྲིམས་འཆར་དེ་ཉེ་དུས་ཕྱི་ཟླ་ ༩ པའི་ནང་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་དུའང་མང་མོས་ཀྱིས་གཏན་འབེབས་གནང་རྗེས། ད་རེས་གྲོས་ཚོགས་གོང་མའི་ནང་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་རེད། ཁྲིམས་འཆར་དེ་གཏན་འབེབས་བྱུང་མཚམས་སུ་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་མཁན་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Robert Menendez ལགས་ནས་བོད་ནང་འདྲ་མཉམ་ཐོག་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་གཏན་འབེབས་བྱུང་བ་ནི་ཨ་རིའི་དྲང་བདེན་གྱི་རིན་ཐང་མཚོན་པ་ཙམ་མ་ཟད། དེ་སྔ་རྒྱ་ནག་གི་མི་སེར་རྣམས་རང་དབང་ཐོག་ནས་ཨ་རིར་འགྲོ་འོང་བྱེད་བཞིན་ཡོད་ཀྱང་། ཨ་རིའི་མི་སེར་རྣམས་རྒྱ་ནག་སྤྱི་དང་བོད་ཀྱི་ས་ཁུལ་ཁག་ཏུ་རང་དབང་ཐོག་འགྲོ་འོང་གནང་རྒྱུའི་ཐོབ་ཐང་སྤྲད་ཀྱི་མེད་སྟབས། ཁྲིམས་འཆར་དེས་ཨ་མི་རི་ཀའི་མི་སེར་རྣམས་རྒྱ་ནག་དང་བོད་དུ་རང་དབང་འདྲ་མཉམ་ཐོག་ནས་འགྲོ་འོང་གནང་ཐུབ་ཀྱི་རེད་ཅེས་གསུངས་འདུག དེ་བཞིན་ཁྲིམས་འཆར་འདི་གྲོས་ཚོགས་གོང་མའི་ནང་འགོད་འབུལ་ཞུ་མཁན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་ཀྱིས་རྒྱ་ནག་གཞུང་ནས་བོད་ནང་གི་བོད་མི་ཚོར་དམ་དྲག་དང་དྲག་གནོན་རིགས་བྱས་པ་ཙམ་མ་ཟད། དྲག་གནོན་དང་དམ་དྲག་འོག་ཡོད་པའི་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་ཕྱག་ལས་གནང་མཁན་ཚོ་ལའང་དམ་དྲག་བྱས་ཏེ་ཡུལ་དེའི་ནང་འགྲོ་བསྐྱོད་གནང་རྒྱུའི་ཐོབ་ཐང་སྤྲད་ཀྱི་མེད་པ་སོགས་འགྲེལ་བརྗོད་དང་སྦྲགས། ང་ཚོས་རྒྱ་ནག་གིས་ད་བར་ཨ་རིའི་གསར་འགོད་པ་དང་གཞུང་འབྲེལ་མི་སྣ། དེ་བཞིན་ཨ་རིའི་མི་སེར་ཡིན་པའི་བོད་པ་རྣམས་བོད་ནང་འགྲོ་བསྐྱོད་གནང་རྒྱུར་བཀག་སྡོམ་བྱེད་བཞིན་པའི་བྱ་སྤྱོད་དེ་དག་ངོས་ལེན་གནང་ཐབས་མེད་པ་དང་། ད་རེས་གཏན་འབེབས་ཟིན་པའི་བོད་ནང་འདྲ་མཉམ་ཐོག་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་དེར་ཨ་རིའི་སྲིད་འཛིན་མཆོག་ནས་གང་མགྱོགས་མཚན་རྟགས་བསྐྱོན་རྗེས་ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་བ་རྣམས་ཀྱང་འདྲ་མཉམ་ལྡན་པ་ཞིག་ཡོང་ངེས་ཡིན་པར་གསུངས་འདུག གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་བོད་དུ་རང་དབང་ཐོག་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་དེར་རྒྱབ་སྐྱོར་གྱིས་གཏན་འབེབས་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་ཆབ་ས་ཅིག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Richard Gere ལགས་དང་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Mecacci ལགས་རྣམ་གཉིས་ཀྱིས་ལམ་སྟོན་འོག་ཞུ་གཏུག་གི་ལས་འགུལ་སྤེལ་བའི་གྲུབ་འབྲས་སུ་ད་རེས་ཁྲིམས་འཆར་དེ་གཏན་འབེབས་བྱུང་བར་འགོ་ལས་ཀུན་ལའང་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞེས་གསུངས་འདུག གཞི་རྩའི་བོད་ནང་འདྲ་མཉམ་ཐོག་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་དེ་ཐོག་མར་ཨ་རིའི་གྲོས་ཚོགས་ནང་འགོད་འབུལ་ཟིན་པ་ནས་བཟུང་རྒྱལ་སྤྱིའི་བོད་དོན་ལས་འགུལ་གིས་རྐང་འགན་བཞེས་ཐོག་ཁྲིམས་འཆར་དེར་གྲོས་ཚོགས་འཐུས་མི་རྣམ་པའི་རྒྱབ་སྐྱོར་ཐོབ་ཐབས་སུ་ཞུ་གཏུག་གི་ལས་འགུལ་དང་། ལྷག་པར་དུ་ས་གནས་བོད་མིའི་ཁྲོད་ལ་ཁྲིམས་འཆར་དེའི་གལ་གནད་སོགས་དང་འབྲེལ་བའི་གོ་རྟོགས་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པ་རེད།

ཚེ་རིང་ཆོས་སྐྱིད་ལགས་ལ་རྒྱལ་སྤྱིའི་ན་གཞོན་འཁྲབ་སྟོན་པའི་གཟེངས་རྟགས་ཐོབ་པ།

བཙན་བྱོལ་དུ་འཚར་ལོངས་བྱུང་བའི་བུ་མོ་ཚེ་རིང་ཆོས་སྐྱིད་ལགས་སུ་ཕྱི་ལོ་ ༢༠༡༨ ལོའི་ Olympia རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་ན་གཞོན་འཁྲབ་སྟོན་པ་ཡག་ཤོས་ཀྱི་གཟེངས་རྟགས་ཐོབ་འདུག Olympia International Film Festival ཞེས་པ་ནི་ཡུ་རོབ་གླིང་ཕྲན་གྱི་རྒྱལ་ཁབ་ Greece ནང་ལ་ལོ་ལྟར་ཚོགས་པའི་ན་གཞོན་གྱི་གློག་བརྙན་དུས་སྟོན་ཞིག་ཡིན་པ་དང། ཟླ་བ་འདིའི་ཚེས་ ༡ ནས་ ༨ བར་ཚོགས་པའི་གློག་བརྙན་དུས་སྟོན་ཐོག་རི་བོའི་ཕར་རྒྱབ་ཀྱི་ནས་ཞིང་ཟེར་བའི་གློག་བརྙན་འཁྲབ་སྟོན་པ་ཚེ་རིང་ཆོས་སྐྱིད་ལགས་སུ་ Best Young Actress in a Feature Film ཞེས་པའི་ན་གཞོན་འཁྲབ་སྟོན་པ་ཡག་ཤོས་ཀྱི་གཟེངས་རྟོགས་ཐོབ་འདུག ཚེ་རིང་ཆོས་སྐྱིད་ལགས་ནས་ Barley Field on the other side of the mountain འམ་རི་བོའི་ཕར་རྒྱབ་ཀྱི་ནས་ཞིང་ཟེར་བའི་གློག་བརྙན་ནང་གི་འཁྲབ་སྟོན་པ་གཙོ་བོའི་འགན་ཁུར་ཏེ་བྲོས་བྱོལ་གྱི་མི་ཚེ་ཞིག་གི་གཏམ་རྒྱུད་དེ་ཕྱིར་མངོན་ཐབས་གནང་ཡོད་པ་དང་། གློག་བརྙན་དེའི་འཁྲབ་གཞུང་གི་ནང་དོན་གཙོ་བོ་ནི་ཕལ་པའི་ཁྱིམ་ཚང་ཞིག་གིས་རང་དབང་འཚོལ་བསྙེག་གི་དགོས་འདུན་གཙོ་བོ་དེ་ཡིན་ཞིང་། ཁྱིམ་ཚང་དེའི་པཱ་ལགས་ཀྱིས་བོད་ནང་དུ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་ཞིག་ལ་འཛུལ་ཞུགས་གནང་རྗེས། རྒྱ་གཞུང་གིས་ཁོང་བཙན་ཁྲིད་བྱས་ཟིན་སྟབས་བུ་མོ་ཚེ་རིང་ཆོས་སྐྱིད་ལགས་ནས་སེམས་ཐག་གཙང་བཅད་ཀྱིས་ཉིན་མཚན་ལྟོས་མེད་དུ་རི་བོ་ཧི་མཱ་ལ་ཡ་བརྒལ་ནས་རྒྱ་གར་དུ་བྲོས་བྱོལ་ལ་ཡོང་བའི་གཏམ་རྒྱུད་དེ་བརྗོད་སྙིང་གཙོ་བོར་བཟུང་ཡོད་པ་རེད།ཁོ་མོར་འདི་ལོའི་ན་གཞོན་འཁྲབ་སྟོན་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་པའི་གཏམ་བཟང་དེ་ཐོས་དུས་ཚོར་བ་ཇི་བྱུང་ཐོག་བཅར་འདྲི་ཞུས་སྐབས་ང་རང་ལ་གཟེངས་རྟགས་འདི་ཐོབ་པས་ཧ་ཅང་དགའ་སྤྲོ་སྐྱེས་སོང་། གོ་སྐབས་འདིའི་བརྒྱུད་ནས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ལྷན་ཚོགས་དང་རི་བོའི་ཕར་རྒྱབ་ཀྱི་ནས་ཞིང་འཁྲབ་ཁྲིད་པ། ཁོ་མོའི་ལས་རོགས་དང་ནང་མི། གྲོགས་ཕོ་མོ་ཚོར་ཐུགས་རྗེ་ཆེ་ཞུས་ཏེ། ཁོ་མོས་རང་གི་གློག་བརྙན་འཁྲབ་སྟོན་གྱི་བརྒྱུད་རིམ་ལ་བསམ་གཞིགས་ཞུ་ཚེ། ལྟད་མོ་བ་དག་གིས་ངའི་འཁྲབ་སྟོན་དེར་བརྡ་ལན་ཇི་ལྟར་གནང་བ་སོགས་ཀྱི་ཐད་ནས་སེམས་ལ་དངངས་སྐྲག་སྐྱེས་ཏེ།  གློག་བརྙན་དེའི་བརྒྱུད་ནས་བརྗོད་བྱ་གཙོ་བོ་དེ་མི་མང་ལ་ར་སྤྲོད་བྱེད་ཐུབ་མིན་སོགས་ཀྱི་ཐད་ནས་དོགས་པ་མང་པོ་ཞིག་ཡོད་ནའང་། དེ་རིང་དངངས་སྐྲག་དང་དོགས་པ་དེ་དག་རླབས་ཆེན་གྱི་ལེགས་གྲུབ་ཅིག་དང་ཡིད་སེམས་མགུ་བའི་བྱ་གཞག་ཅིག་ཏུ་གྱུར་སོང་བ་མ་ཟད།  གློག་བརྙན་དེ་༸གོང་ལ་མཆོག་ལ་གཟིགས་འབུལ་ཞུ་བའི་གོ་སྐབས་བཟང་པོ་ཞིག་ཐོབ་པ་དེ་ནི་ཁོ་མོའི་བསོད་ནམས་ཡིན་ཞེས་ངོ་སྤྲོད་གནང་ཡོད། གཞི་རྩའི་ཐེངས་འདིའི་གློག་བརྙན་འགྲན་བསྡུར་གྱི་ནང་རྒྱལ་ཁབ་འདྲ་མིན་གྱི་གློག་བརྙན་མི་འདྲ་བ་ ༡༦༩ ལྷག་གཟིགས་འབུལ་གནང་ཡོད་པ་དང་། ཏིན་ཚེ་རིང་གིས་འཁྲབ་ཁྲིད་བྱས་པའི་རི་བོའི་ཕར་རྒྱབ་ཀྱི་ནས་ཞིང་ངམ་ Barley field on the other side of the mountian ཞེས་པའི་གློག་བརྙན་འདི་ཡང་ཐེངས་འདིར་འཛུལ་ཞུགས་གནང་བའི་བརྒྱུད་ནས་བོུ་མི་ཚེ་རིང་ཆོས་སྐྱིད་ལགས་སུ་ན་གཞོན་འཁྲབ་སྟོན་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་ཡོད་པ་རེད།

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ཏེ་ལོ་ངོ་ ༢༩ འཁོར་བའི་དུས་དྲན་སྲུང་བརྩི།

དེ་རིང་བཞུགས་སྒར་དྷ་རྨ་ས་ལར་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Shri Pradeep Tamta མཆོག་དང། དམིགས་བསལ་སྐུ་མགྲོན་ Sassoufit འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེའི་ཚོགས་གཙོ་སྐུ་ཞབས་ Andrea Papus Ngombet Malewa མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དེ་བཞིན་དྷ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་སོགས་ལྷན་འཛོམས་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞེ་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༢༩ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་།སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ད་བར་མགོན་པོ་༸གང་ཉིད་མཆོག་གིས་བོད་འབངས་སྤྱི་དང་ཡང་སྒོས་མཐའ་ཡས་པའི་སྐྱེ་འགྲོའི་ཕན་བདེའི་སླད་དུ་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པར་བཀྲིན་རྗེས་དྲན་ཞུས་པ་དང་ཆབས་ཅིག ང་ཚོ་བོད་མི་ཚོའི་ངོས་ནས་༸མགོན་པོ་གང་ཉིད་མཆོག་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་གྲུབ་ཕྱིར་འཚེ་བ་མེད་པ་དང་། ཡ་རབས་བཟང་སྤྱོད། དེ་བཞིན་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས། སེམས་ཀྱི་འཕྲོད་བསྟེན་སྤྱོད་རྒྱུ་སོགས་ཀྱི་ཐོག་བཀའ་སློབ་བསྩལ་བ་རྣམས་ཉམས་ལེན་གནང་རྒྱུ་ཤིན་ཏུ་ནས་གལ་འགངས་ཆེ་བས་ཚང་མས་དེ་མཚུངས་ལག་བསྟར་གནང་རོགས་ཞེས་འབོད་སྐུལ་གནང་སོང་།འདི་ལོའི་ཕྱི་ཟླ་ ༡༠ དང་ ༡༡ ནང་བོད་ནང་གི་ཡར་ཀླུང་གཙང་པོ་དང་འབྲི་ཆུ་འགག་ནས་རི་ཉིལ་རྐྱེན་ཆུ་འགག་པས་མཚོ་གླིང་གསར་ཆགས་བྱུང་ནས་ཉེ་འདབས་སུ་ཆགས་པའི་དུད་ཚང་རྣམས་ཡུལ་གཞན་དུ་གནས་སྤོས་བྱས་དགོས་པ་དང་། དེ་བཞིན་ལོ་རྒྱུས་ལྡན་པའི་དགོན་པ་དང། སློབ་གྲྭ་སོགས་ཆུས་བསྣུབས་ནས་དཀའ་ངལ་དུ་མ་འཕྲད་པ་རྣམས། རྒྱ་གཞུང་གིས་བོད་ནང་རང་བྱུང་གཏེར་ཁ་སྔོག་འདོན་དང་། ཆུ་རགས་གསར་རྒྱག་སོགས་ཀྱི་ལས་གཞི་ལ་བརྟེན་ནས་ཡིན་སྟབས། རྒྱ་གཞུང་ནས་དཀའ་ངལ་དེ་དག་གཙང་སེལ་སླད་འགན་ཁུར་སྒོ་ནས་གླེང་སློང་ཐོག་འཕྲལ་མར་དཀའ་ངལ་སེལ་དགོས་པར་སྐུལ་མ་གནང་སོང་བ་དང་། སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། དེ་བཞིན་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དོར་ཏེ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་དགོས་པར་བསྐྱར་ནན་གནང་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་ད་ཆ་དགུང་ལོ་མཐོ་པོར་ཕེབས་པས་བོད་མི་རྣམས་ནས་༸གང་ཉིད་མཆོག་༸སྐུ་ཚེ་རིང་དུ་བཞུགས་ཕྱིར་སྒྲིག་འཛུགས་དང་ཚོགས་སྒེར་ཁག་ནས་མཇལ་ཞུ་སོགས་ཉུང་འཕྲི་ཡོང་ཐབས་ཀྱི་དགོངས་བཞེས་གནང་གནད་ཡིན་པར་འབོད་སྐུལ་གནང་ཡོད།བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་གི་ཉིན་མོ་འདི་དང་སྟབས་བསྟུན་མགོན་པོ་༸གང་ཉིད་མཆོག་ལ་གུས་ཕྱག་དང་བཅས་བཀའ་དྲིན་རྗེས་དྲན་ཞུས་པ་དང་། མཛད་སྒོའི་སྐུ་མགྲོན་རྣམ་པ་དང་། བོད་མིར་གདུང་སེམས་མཉམ་བསྐྱེད་གནང་མཁན་གྱི་སྲིད་གཞུང་དང་གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་ཁག་སོགས་ལ་དགའ་བསུའི་འཚམས་འདྲི་ཞུས་པ་དང་ཆབས་ཅིག ༸གོང་ས་མཆོག་གི་མཛད་འཕྲིན་འཛམ་བུ་གླིང་ནང་ཁྱབ་སྤེལ་ཆེན་པོ་བྱུང་ཡོད་སྐོར་དང་སྦྲགས། ༸མགོན་པོ་མཆོག་དང་མཇལ་འཕྲད་གནང་མྱོང་མཁན་གྱི་དབུ་ཁྲིད་དང་གནད་ཡོད་མི་སྣ་སོགས་ནས་༸གང་ཉིད་མཆོག་གི་ཕྱག་དེབ་བཀླགས་ནས་རང་ཉིད་ཀྱི་མི་ཚེ་དང་། ནང་མི། དེ་བཞིན་མང་ཚོགས་ལ་སེམས་འགུལ་དང་འགྱུར་ལྡོག་ཕྱིན་སྐོར་གསུངས་ཁག་ལུང་འདྲེན་དང་འབྲེལ། བོད་མི་ཚོའི་ངོས་ནས་༸གོང་ས་མཆོག་གི་བཀའ་དྲིན་ནམ་ཡང་བརྗེད་རྒྱུ་མེད་ཅེས་ནན་པོ་གསུངས་སོང་།དེ་རིང་གི་ཉིན་མོ་འདི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་ངོ་ ༧༠ འཁོར་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སྲུང་བརྩི་ཞུ་བ་དང་སྦྲགས། རྒྱ་གཞུང་ནས་བོད་མིའི་ཐོག་དྲག་གནོན་ཤུགས་ཆེ་གཏང་ཕྱིར་འདི་ལོའི་ལོ་མགོར་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཟེར་བས་ནག་གཤེད་ཕྱོགས་གཏོགས་ཀྱི་ཁྲིམས་འགལ་ཉེས་གསོག་ཐེར་འདོན་བྱ་རྒྱུའི་བརྡ་ཁྱབ་ཟེར་བ་དོན་ཚན་ཉེར་གཉིས་ཅན་ཞིག་སྤེལ་བ་དང། དེའི་ནང་ཕ་སྐད་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པ། དབུ་མའི་ལམ་སྐོར་དྲིལ་བསྒྲགས་གནང་ཚེ་ལོག་སྤྱོད་དང་བསམ་བློ་གུ་དོག་དྲིལ་བསྒྲགས་བྱེད་མཁན་གྱི་ཁ་བྲལ་བ་ཡིན་པའི་ཉེས་འཛུགས་བྱས་ཏེ་རྡུང་རྡེག་གཏང་དགོས་སྐོར་འཁོད་ཡོད་པ་དང་འབྲེལ། རྒྱ་གཞུང་གི་ཕྱོགས་གཅིག་ནས་༸གོང་ས་མཆོག་དང་འབྲེལ་མོལ་གྱི་སྒོ་མོ་ཕྱེ་ཡོད་པ་བརྗོད་ཀྱང་དབུ་མའི་ལམ་དྲིལ་བསྒྲགས་གནང་ཚེ་ནག་གཤེད་ཁོངས་སུ་རྩིས་པ་དེ་ཁ་ཞེ་མི་མཚུངས་པ་ཡིན་པར་གསུངས་ཡོད།ཨ་རིའི་མི་སེར་བོད་ནང་འདྲ་མཉམ་ཐོག་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་དེ་ཨ་རི་གྲོས་ཚོགས་འོག་མའི་ནང་སྤྱི་མོས་གཏན་འབེབས་གནང་ཡོད་པ་བཞིན། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཀྱང་ཁྲིམས་འཆར་དེར་སྤྱི་མོས་རྒྱབ་སྐྱོར་གནང་ཡོད་པ་དང། ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ནང་གཏན་འབེབས་གནང་རྒྱུ་དང་དེ་འབྲེལ་ཁྲིམས་སུ་གྱུར་པར་རེ་བ་ཞུ་བཞིན་ཡོད་པ་གསུངས་སོང་།བོད་མི་རྣམས་གཞན་ཡུལ་དུ་གྱར་ནས་མི་ལོ་ ༦༠ འཁོར་ཟིན་པ་དང་སྦྲགས། བོད་མི་ཚོས་༸གོང་ས་མཆོག་གི་དགུང་ནའི་བབས་དང་བོད་ནང་གི་ཛ་དྲག་ཆེ་བའི་གནས་སྟངས་ཐོག་དགོངས་པ་ཆེ་བཞེས་ཀྱིས་རང་ལ་འཁྲི་བའི་ལས་འགན་རྣམས་ལྷག་བསམ་རྣམ་དག་ཐོག་ཞུ་རྒྱུ་དང་ཕྱར་བ་གྲུ་འདེགས་ཞུ་དགོས་པའི་ཐོག་བོད་སྤྱི་མཐུན་གྱི་བསོད་ནམས་རྒྱ་ཆེར་གསོག་དགོས་གལ་ཡིན་པར་འབོད་སྐུལ་གནང་ཡོད་པ་རེད།མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་གོང་མའི་སྐུ་ཞབས་ Shri Pradeep Tamta མཆོག་གིས་དེ་རིང་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོར་ཁོང་དང་ཁོང་གི་སྐུ་ཟླ་གཉིས་མཛད་སྒོར་མཉམ་ཞུགས་གནང་རྒྱུའི་གོ་སྐབས་གནང་བར་གོ་སྒྲིག་གནང་མཁན་ཀུན་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཁོང་རང་ཉིད་ནས་༸མགོན་པོ་མཆོག་དང་དངོས་སུ་མཇལ་མྱོང་མེད་ཀྱང་། ད་ཆ་རྩོད་རྙོག་དང་དྲག་པོའི་དུས་རབས་འདིའི་ནང་འགྲོ་བ་མི་རྣམས་ཕན་ཚུན་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་དེ་དག་སེལ་རྒྱུར་འབད་རྩོན་བྱེད་པའི་ཐོག་སྙིགས་མའི་དུས་རབས་འདིའི་ནང་ང་ཚོའི་ཁྲོད་༸གོང་ས་མཆོག་ལྟ་བུ་སྐྱེས་བུ་ཆེན་པོ་ཞིག་ཡོད་པ་ནི་བསོད་ནམས་ཅན་ཞིག་ཡིན་པ་དང། ༸མགོན་པོ་མཆོག་༸སྐུ་ཚེ་ཡུན་རིང་བརྟན་པར་སྨོན་འདུན་གནང་སོང་།ནང་པའི་སྐྱབས་སྟོན་པ་པོ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ནི་འཛམ་བུ་གླིང་ཀུན་གྱི་སྡུག་བསྔལ་སེལ་ཐབས་སླད་སེམས་ཅན་གྱི་ལས་དོན་ལ་ཞུགས་སྟབས་དེང་གི་འཛམ་གླིང་ནང་སྟོན་པ་མིའི་གཟུགས་སུ་འབྱོན་པ་ནི་༸མགོན་པོ་མཆོག་ཡིན་པ་སོགས་གསུངས་ཡོད།དེ་རིང་གི་མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་གཙོས་པའི་ཉེ་འཁོར་གྱི་སློབ་གྲྭ་ཁག་གི་དགེ་ལས་སློབ་ཕྲུག་ནས་རིག་གཞུང་འཁྲབ་སྟོན་དང། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ཁྲོད་འཕྲོད་བསྟེན་དང་འབྲེལ་བའི་སྲི་ཞུ་གནང་མཁན་ལས་བྱེད་བརྒྱད་ལ་ཞབས་ལོ་ ༢༥ འཁོར་བའི་གཟེངས་བསྟོད་ལེགས་སྐྱེས་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་སྲིད་ཞུ་བ་བགྲེས་ཡོལ་ཕེབས་མཁན་ལ་ལེགས་གསོའི་ཕྱག་འཁྱེར་གནང་སོང་། གཞི་རྩའི་དེ་རིང་གི་ཉིན་མོ་དང་བསྟུན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་འོག་དེ་རིང་དང་སང་ཉིན་བཅས་ཉིན་གཉིས་རིང་ཧི་མཱ་ལ་ཡའི་དུས་སྟོན་ཐེངས་ ༢༣ པ་སྲུང་བརྩི་ཞུ་གནང་གི་ཡོད་པ་རེད། བོད་མིའི་གཞིས་སྒར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ཏེ་ལོ་ངོ་ ༢༩ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པའི་གསར་འགྱུར།

དགོས་འདུན་དོན་ཚན་གསུམ་གྱི་ཐོག་ནས་རྒྱ་གར་རྒྱལ་ཡོངས་ལ་སྐོར་བསྐྱོད་གནང་རྒྱུ།

བཞུགས་སྒར་ངྷ་སར་རྟེན་གཞི་བྱས་པའི་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་ནས་དེ་རིང་ཚེས་ ༡༠ ཉིན་དབུ་འཛུགས་ཀྱིས་དགོས་འདུན་དོན་ཚན་གསུམ་གྱི་ཐོག་ནས་རྒྱ་གར་རྒྱལ་ཡོངས་ལ་བོད་དོན་ཞུ་གཏུག་སྐོར་བསྐྱོད་གནང་གི་འདུགབོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་དབུ་འཛུགས་གནང་བའི་ཐེངས་འདིའི་སྐོར་བསྐྱོད་བརྒྱུད་ནས་རྒྱ་གར་དབུས་གཞུང་གི་བློན་ཆེན་ཁག་དང་། མངའ་སྡེ་དབུ་ཁྲིད། བོད་དོན་རྒྱབ་སྐྱོར་ཚོགས་པའི་མི་སྣའི་དྲུང་དུ་ཆེད་བཅར་གྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལ་ཐུགས་སྣང་དང་མུ་མཐུད་ནས་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་པ་གསུངས་སོང་། རྩ་བའི་དེ་རིང་ཉིན་མོ་འདི་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ཀྱང་གོ་སྐབས་འདིའི་བརྒྱུད་ནས་བོད་དོན་ཞུ་གཏུག་གིརྒྱལ་ཡོངས་སྐོར་བསྐྱོད་ལས་འགུལ་དབུ་འཛུགས་གནང་བ་ཞིག་ཡིན་པ་དང།  ལས་འགུལ་དེའི་ཁོངས་སུ་དགོས་འདུན་གསུམ་ཡོད་པ་བཞིན། རྒྱ་གར་གྱི་དཔོན་རིགས་ཁག་ལ་བོད་དོན་རྒྱབ་སྐྱོར་ཀྱི་རེ་འབོད་ཞུ་རྒྱུ་དང་། རྒྱ་གར་གྱི་མི་མང་དཀྱུས་མ་ཚོར་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད་འདུག

ལུམས་བཅོས་དེ་དངོས་མིན་རིག་གནས་ཤུལ་བཞག་ཁོངས་སུ་ཚུད་པ་དེས་རྒྱ་གཞུང་ནས་རྒྱལ་ཚོགས་ལ་རོགས་རམ་གནང་སྐོར་བཤད་པར་སྐྱོན་བརྗོད།  

བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་སྨན་རྩིས་ཁང་ནས་དེ་རིང་ཟླ་ ༡༢ ཚེས་ ༧ ཉིན་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་གནང་བ་དང་སྦྲགས། རྒྱ་གཞུང་གིས་ལུམས་བཅོས་དེ་དངོས་མིན་རིག་གནས་ཤུལ་བཞག་ཁོངས་སུ་ཚུད་ཐབས་སླད་རྒྱལ་ཚོགས་ལ་རོགས་རམ་གནང་གི་ཡོད་སྐོར་བཤད་པར་སྐྱོན་བརྗོད་གནང་སོང། གསར་འགོད་ལྷན་ཚོགས་ཐོག་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་རྒྱ་གཞུང་ནས་ལུམས་བཅོས་དེ་དངོས་མིན་རིག་གནས་ཤུལ་བཞག་ཁོངས་སུ་དེབ་སྐྱེལ་བྱས་པའི་བརྒྱུད་རིམ་ངོ་སྤྲོད་དང་། བཙོ་ཐལ་དང་རྒྱུད་བཞི་བདག་དབང་སྐོར། དེ་བཞིན་སྨན་རྩིས་ཁང་གི་ཐ་སྙད་དེབ་སྐྱེལ་སྐོར་བཅས་བརྗོད་གཞི་ཁག་བཞིའི་ཐོག་གསར་འགོད་ལྷན་ཚོགས་གནང་ཡོད་པ་རེད།བཀྲ་ཤིས་ཚེ་རིང་ལགས་ཀྱིས་རྒྱལ་ཚོགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་ཞེས་མིང་ཆེན་པོ་ཞིག་འཁྱེར་བ་མ་གཏོགས་དེར་རྒྱ་གཞུང་ནས་དུས་ནས་དུས་སུ་རོགས་རམ་གནང་ནས་རྒྱ་གཞུང་གི་བཀོད་ཁྱབ་འོག་འགྲོ་ཡི་ཡོད་པ་མ་ཟད། དངོས་མིན་རིག་གནས་ཤུལ་བཞག་གི་ཐ་སྙད་དེའི་ངེས་ཚིག་དེ་འགྲིག་གི་མེད་པ་དང། རྒྱ་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་ལྕགས་པོ་རི་གཏོར་བཤིགས་བཏང་བ་དང་སྨན་རྩིས་ཁང་སྒོ་བརྒྱབ་པ། དེ་བཞིན་༸སྐུའི་བླ་སྨན་པས་གཙོས་པའི་སྨན་པ་རྣམས་བཙོན་འཇུག་བྱས་པའི་དངོས་མིན་རིག་གནས་ཤུལ་བཞག་ཆེད་མངགས་བཟོས་པ་ཞིག་ཡིན་སྟབས། ལུམས་བཅོས་གཙོ་གྱུར་བོད་ཀྱི་གསོ་བ་རིག་པ་རྣམས་དངོས་མིན་རིག་གནས་ཤུལ་བཞག་ཁོངས་སུ་དེབ་སྐྱེལ་བྱེད་པའི་བདག་དབང་དེ་རྒྱ་ནག་ལ་མེད་པ་གསུངས་སོང་། དེ་བཞིན་བོད་ཀྱི་གསོ་བ་རིག་པའི་བདག་དབང་ཐད་རྒྱ་དཀར་ནག་གཉིས་བར་རྩོད་རྙོག་བྱུང་བས་དེའི་སྐབས་རྒྱ་གར་གཞུང་གི་རིག་གཞུང་ལྷན་ཁང་གི་ཟུང་འབྲེལ་དྲུང་ཆེ་ ML Shrivastav ལགས་ནས་སྨན་རྩིས་ཁང་ལ་དེར་དགག་པ་མ་གནང་རོགས་ཞེས་རེ་སྐུལ་གནང་བ་དང་སྦྲགས། རྒྱ་གར་གྱིས་དེབ་སྐྱེལ་གནང་བའི་བོད་ཀྱི་གསོ་བ་རིག་པ་དེ་རིང་མིན་དངོས་མིན་རིག་གནས་ཤུལ་བཞག་ཁོངས་སུ་ཐོན་སྲིད་ཀྱང་། གལ་ཏེ་དེ་མ་ཐོན་ཚེ་རྒྱ་གཞུང་ནས་རྒྱལ་ཚོགས་སུ་དེ་འབྲེལ་ཤུགས་རྐྱེན་སྤྲད་རྒྱུ་ཡིན་པར་ངོས་འཛིན་གནང་གི་ཡོད་པ་གསུངས་ཡོད།

Latest news