Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

བཞུགས་སྒར་དུ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་པར་རིས་འགྲེམས་སྟོན་གནང་སོང།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་པར་རིས་འགྲེམས་སྟོན་གནང་ཡོད་པ་རེད། དེ་རིང་ཟླ་ ༡༠ ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འདབས་སུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་པར་རིས་འགྲེམས་སྟོན་གྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློ་བདེ་སྐྱིད་ཆོས་དབྲངས་མཆོག་གིས་དབུས་པའི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང། དྲིལ་བསྒྲགས་དྲུང་ཆེ་བཀྲིས་ཕུན་ཚོགས་ལགས་བཅས་ཆེད་ཕེབས་ཀྱིས་དབུ་འབྱེད་གནང་ཡོད་པ་རེད། སྐབས་དེར་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ ༡༩༩༨ ལོར་བཞུགས་སྒར་དུ་བོད་ཀྱི་འགྲེམས་སྟོན་ཁང་ཆེད་བཙུགས་གནང་པའི་དགོས་དམིགས་དང། འདས་པའི་མི་ལོ་ཧྲིལ་པོ་ ༡༦ རིང་གི་འགྲེམས་སྟོན་ཚན་པའི་ལས་འཆར་དང་འཕེལ་རིམ། དེ་བཞིན་འདི་ལོའི་བོད་ཀྱི་འགྲེམས་ཁང་ཀྱི་བཀོད་པ་གསར་སྒྲིག་གནང་རྗེས་ད་ཆ་ཆེད་ལས་ཀྱི་ཚད་གཞི་དང་མཐུན་པའི་འགྲེམས་སྟོན་ཁང་གི་ངོ་བོར་འགྱུར་ཡོད་པ་མ་ཟད། ལྷག་དོན་འགྲེམས་སྟོན་ཁང་དེ་ཡང་མི་རབས་ནས་མི་རབས་བར་ཕྱག་རྗེས་དང་ཉམས་མྱོང་རྒྱུན་སྐྱོང་གནང་ཆེད་ཀྱི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་པ་སོགས་གསུངས་སོང། ད་ལན་གྱི་ཕྱི་དྲིལ་འགྲེམས་སྟོན་ཁང་གིས་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ཆེན་མོའི་ལས་རིམ་དང་བསྟུན། མང་ཚོགས་ཚོར་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གོ་རྟོགས་སྤེལ་སླད་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག  འགྲེམས་སྟོན་ཁང་གི་པར་རིགས་གཙོ་ཁག་རྣམས་ནི། ཕྱི་ལོའི་ ༡༩༦༣ ལོར་བཙན་བྱོལ་བོད་མིའི་རྩ་ཁྲིམས་གཏན་འབེབས་གནང་པ་ནས། ༡༩༩༡ ལོར་བཅའ་ཁྲིམས་གཏན་འབེབས་གནང་པའི་བར་དང། ཕྱི་ལོ་ ༢༠༠༡ ལོར་ཐོག་མར་མང་ཚོགས་ཀྱི་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་དང། དེ་རྗེས་ ༢༠༡༡ ལོར་༸གོང་ས་མཆོག་ནས་མང་ཚོགས་ཀྱི་འོས་འདེབས་བྱས་པའི་སྲིད་སྐྱོང་ལ་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་གསོལ་བསྩལ་གནང་པ་བཅས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་ཁ་ཕྱོགས་བཞིའི་ཐོག་པར་རིས་ཕྱོགས་སྒྲིག་ཞུས་པ་འགྲེམས་སྟོན་གནང་འདུག དེ་བཞིན་འདི་ལོའི་བོད་ཀྱི་འགྲེམས་ཁང་ཀྱི་བཀོད་པ་གསར་སྒྲིག་འོག་འགྲེམས་སྟོན་ཁང་ཐོག་རྩེགས་གོང་འོག་གཉིས་ཅན་ལས་འོག་མར་བོད་དོན་དང་འབྲེལ་བའི་བརྟན་བཅག་འགྲེམས་སྟོན་གནང་ཡུལ་དང་། གོང་མར་ཟླ་བ་གསུམ་རེ་མཚམས་སུ་བརྗོད་གཞི་འདྲ་མིན་ཐོག་འགྲེམས་སྟོན་གནང་ཡུལ་དུ་བཀོད་སྒྲིག་གནང་དོན་བཞིན་སླད་མར་གཞུང་འབྲེལ་མིན་པའི་ཚོགས་སྡེས་དེ་འབྲེལ་སྒྱུ་རྩལ་རིགས་འགྲེམས་སྟོན་གནང་རྒྱུའི་མཐུན་གྱུར་བསྐྲུན་ཡོད་པ་རེད།

བྱེས་ཀྱི་གདན་ས་དགའ་ལྡན་དགོན་པར་མཁས་པའི་བགྲོ་གླེང་ཚོགས་བཞིན་པ།

རྒྱ་གར་ལྷོ་ཕྱོགས་སུ་རི་བོ་དགེ་ལྡན་པ་ཡོངས་ཀྱི་༸རྒྱལ་བའི་བཀྲིན་རྗེས་དྲན་དང་འབྲེལ་བའི་དབུ་ཚད་སེངྒེ་འཇིང་སྣོལ་གྱི་རིས་མེད་མཁས་པའི་བགྲོ་གླེང་ཞེས་པའི་བརྗོད་གཞིའི་ཐོག་དབུ་མ་དང་ཚད་མའི་སྐོར་ལ་རིས་མེད་མཁས་པའི་བགྲོ་གླེང་ཞིག་ཚོགས་འདུག  དེ་རིང་ཟླ་ ༡༠ ཕྱི ཚེས་ ༡༣ ཉིན་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་དགའ་ལྡན་དགོན་པར་རི་བོ་དགེ་ལྡན་པ་ཡོངས་ཀྱི་༸རྒྱལ་བའི་བཀྲིན་རྗེས་དྲན་གྱི་མཛད་འཆར་དང་བསྟུན། རི་བོ་དགེ་ལྡན་པ་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀྲིན་རྗེས་དྲན་ཚོགས་ཆུང་གི་གི་སྒྲིག་འོག བགྲོ་གླེང་གི་དབུ་འབྱེད་མགྲོན་གཙོ་ཞྭ་སེར་བསྟན་པའི་གསལ་བྱེད་བྱང་རྩེ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དབུ་བཞུགས་ཐོག་ཤར་བྱང་གི་མཁན་རིན་པོ་ཆེ་དང་འབྲས་སྤུངས་བློ་གསལ་གླིང་གི་མཁན་རིན་པོ་ཆེ། ས་སྐྱའི་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་བཅས་གཙོས། ནང་པའི་ཆོས་བརྒྱུད་ཆེན་པོ་བཞི་རྙིང་མ་དང། དཀའ་བརྒྱུད། ས་སྐྱ། དགེ་ལུགས་གཙོས་པའི་གཡུང་དྲུང་བོན་བཅས་པའི་རིས་མེད་ཆོས་བརྒྱུད་ཁག་གི་མཁས་པ་ལྔ་བཅུ་ལྷག་དང། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ས་གནས་གཞིས་འགོ་དང་ས་གནས་གྲོས་ཚོགས་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འཐུས་མི་བཅས་མཉམ་ཞུགས་གནང་ཡོད་པ་རེད།  ད་ལན་གྱི་དབུ་ཚད་སེངྒེ་འཇིང་སྣོལ་གྱི་རིས་མེད་མཁས་པའི་བགྲོ་གླེང་དེ་བཞིན་དེ་རིང་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༢༢ བར་ཉིན་གྲངས་བཅུ་རིང་ཚོགས་གནང་གི་ཡོད་འདུག  ཆེས་ཐོག་མར་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ལགས་ནས་བགྲོ་གླེང་དེའི་འབྱུང་རིམ་གྱི་གྱི་རྒྱབ་ལྗོངས་ངོ་སྤྲོད་གཏམབཤད་གནང་དོན་ལ་དུས་ནས་དུས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་དོན་བཞིན་ང་ཚོར་རྒྱལ་བའི་བཀའ་བསྟན་ཚད་ལྡན་ཡོད་པ་དེ་དག་གི་ཐོག་ལ་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གནང་ཕྱོགས་སྔར་ནས་ཡོད་པ་དེ་དེང་དུས་དང་མཐུན་པར་ཚད་ལྡན་ཡོང་ཕྱིར་གོ་སྒྲིག་ཞུས་ཀྱི་ཡོད་པ་གསུངས་འདུག   སྐུ་མགྲོན་གཙོ་བོ་བྱང་རྩེ་ཆོས་རྗེ་མཆོག་ནས་ད་ལན་གྱི་བགྲོ་གླེང་དེ་ལྷུག་པོ་ཞིག་ཡོད་ཐབས་གནང་དགོས་གལ་ཆེ་བ་མ་ཟད། སླད་མར་ཆོས་བརྒྱུད་ཁག་གི་དབུ་འཛིན་བླ་ཆེན་རྣམ་པ་ཚོས་དགོངས་པ་ཆེ་བཞེས་ཀྱིས་འདི་ལྟ་བུའི་བགྲོ་གླེང་གནང་ཐུབ་པར་ཐུགས་སྣང་གནང་དགོས་པའི་གཞེན་སྐུ་གཙོས་བླང་དོར་གྱི་བཀའ་སློབ་བསྩལ་འདུག

པོར་ཊ་ལན་ཌི་དུ་བོད་ཀྱི་གསོ་རིག་དང་ཕྱི་ལུགས་སྨན་པའི་བགྲོ་གླེང་ཐེངས་གཉིས་པ་ཚོགས་འདུག

ཨ་རིའི་གྲོང་ཁྱེར་པོར་ཊ་ལན་ཌི་ (Portland) དུ་བོད་ཀྱི་གསོ་རིག་དང་ཕྱི་ལུགས་སྨན་གཞུང་གཉིས་ལས་ནད་རིགས་འདྲ་མིན་བཅོས་ཐབས་དང་སྔོན་འགོག་གནང་ཕྱོགས་སྐོར་བགྲོ་གླེང་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་འདུག   ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོ་ཨ་རིའི་ནུབ་བྱང་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ཁུལ་དེའི་གྲོང་ཁྱེར་པོར་ཊ་ལན་ཌི་དུ་རྟེན་གཞི་བྱས་པའི་ཨ་རིའི་ནུབ་བྱང་བོད་རིགས་ཚོགས་པའི་ཚོགས་ཁང་དུ་དམིགས་བསལ་གདན་ཞུ་མགྲོན་གཙོ་བོད་ཀྱི་གསོ་རིག་སྨན་པ་བསྟན་འཛིན་རྣམ་སྒྲོལ་ལགས་དང། སྐལ་བཟང་ཆོས་ལྡན་ལགས། ཕྱི་ལུགས་སྨན་པའི་ཁོངས་སུ་སྨན་པ་བསོད་ནམས་ལགས། Lou fuerstman ལགས། དེ་བཞིན་སྨན་པ་ཐུབ་བསྟན་རྒྱལ་མཚན་ལགས་དང་སྨན་པ་དཀོན་མཆོག་རྡོར་རྗེ་ལགས་བཅས་གདན་ཞུས་ཀྱིས་བོད་ཀྱི་གསོ་རིག་དང་ཕྱི་ལུགས་སྨན་གཞུང་གཉིས་ལས་ནད་རིགས་ཁག་ཇི་ལྟར་བཅོས་ཐབས་དང་དེ་དག་སྔོན་འགོག་གནང་ཕྱོགས་ཐོག་བགྲོ་གླེང་ཚོགས་ཡོད་པ་རེད།   ད་ལན་གྱི་བགྲོ་གླེང་འདི་བཞིན་བསྐོང་ཚོགས་གནང་པའི་དགོས་དམིགས་གཙོ་བོ་ནི། ས་གནས་བོད་མི་ཚོའི་ཉིན་རེའི་འཚོ་བའི་ནང་ཤར་ནུབ་གཉིས་ཀྱི་སྨན་གཞུང་ལས་བདེ་ཐང་གི་སྤྱི་ཚོགས་ཤིག་སྐྲུན་རྒྱུ་དང། ལྷག་དོན་ཁུལ་དེར་བཅའ་བཞུགས་བོད་རིགས་ན་གཞོན་ཚོར་བོད་ཀྱི་གསོ་རིག་གཞུང་ལུགས་གོ་རྟོགས་དང་དོ་དབྱིངས་སྐྲུན་ཆེད་དང། དེ་བཞིན་མང་ཚོགས་ཁྲོད་ལ་བོད་ཀྱི་གསོ་རིག་གཞུང་ལུགས་ལས་ནད་རིགས་འདྲ་མིན་བཅོས་ཐབས་དང་སྔོན་འགོག་གནང་ཕྱོགས། དེ་མཚུངས་དེའི་ཕན་རླབས་ཇི་ཡོད་སོགས་ངོ་སྤྲོད་ཡོང་སླད་དུ་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག   རྩ་བའི་ཨ་རིའི་ནུབ་བྱང་བོད་རིགས་ཚོགས་པ་དེ་ཕྱི་ལོ་ ༡༩༩༣ ལོར་གསར་བཙུགས་གནང་པ་ཞིག་དང། དེའི་ཁྱབ་ཁོངས་སུ་བོད་མི་ ༥༠༠ ལྷག་ཡོད་པ་རེད་འདུག ཚོགས་པ་དེའི་གོ་སྒྲིག་འོག་བོད་ཀྱི་གོས་རིག་དང་ཕྱི་ལུགས་སྨན་དཔྱད་ལག་ལེན་བརྒྱུད་བདེ་ཐང་གི་སྤྱི་ཚོགས་ཤིག་སྐྲུན་རྒྱུ་གཙོས་བོད་རིགས་ན་གཞོན་ཚོར་གོ་རྟོགས་སྤེལ་ཕྱིར་ད་བར་བགྲོ་གླེང་ཐེངས་གཉིས་གོ་སྒྲིག་ཞུས་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་མཇུག་སྒྲིལ་གནང་འདུག

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་གསུམ་ནས་ཟླ་ ༩ ཕྱི་ཚེས་ ༡༠ ནས་དམིགས་ཡུལ་གསུམ་དང་དགོས་འདུན་དོན་ཚན་ལྔའི་ཐོག་བོད་དོན་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་སྤེལ་ནས་ཁ་སང་ཉིན་གྲངས་ ༣༢ སོང་མཚམས་དེར་ལས་འགུལ་མཇུག་སྒྲིལ་གནང་འདུག ཁ་སང་ཟླ་ ༡༠ ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོ་ས་གནས་སུ་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་སྐུ་ཞབས་ Yuri Afanasiev མཆོག་ཕྱག་སྦྲེལ་དང་བཅས་ཆེད་ཕེབས་ཀྱིས་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་དང་དཔལ་འབྱོར་འགན་འཛིན་བསྟན་འཛིན་དབང་ཕྱུག་ལགས། ཕྱི་དྲིལ་འགན་འཛིན་ཚེ་དབང་སྒྲོལ་མ་ལགས་བཅས་རྣམ་པ་གསུམ་དང་མཇལ་འཕྲད་གནང་པ་དང།  སྐབས་དེར་ Yuri Afanasiev  མཆོག་གིས་ཁོང་རྣམ་པས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ཆོད་སེམས་ལ་བསྔགས་བརྗོད་དང་སྦྲགས། གཟུགས་པོའི་གནས་སྟངས་ཐོག་ལ་བློ་འཚབ་ཆེན་པོ་ཡོད་ལུགས་གསུངས་པ་མ་ཟད། ད་དུང་ཁོང་གིས་ཁོང་རྣམ་པའི་ལས་འགུལ་སྤེལ་བའི་དམིགས་ཡུལ་དང་མངོན་འདོད་ཇི་ལྟར་བཅངས་ཡོད་རུང་གཙོ་བོ་གཟུགས་པོའི་གནས་སྟངས་དེ་ཤིན་ཏུ་གལ་འགངས་ཆེ་བ་ཡིན་པ་གསུངས་འདུག ཁོང་གིས་ལས་འགུལ་བ་གསུམ་པོར་ཤིང་འབྲས་ཀྱི་ཉིང་ཁུ་གནང་ནས་ཟས་བཅད་ཀྱི་ལས་འགུལ་མཚམས་འཇོག་གནང་ཡོད་པ་རེད། དེའི་མཚམས་སུ་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་ཀྱིས་བོད་ཀུན་གྱི་ཚབ་ཞུས་ཏེ་བོད་ནང་གི་ཛ་དྲག་གི་གནད་དོན་དེ་འགྲོ་བ་མིའི་གནད་དོན་ཞིག་ཏུ་ངོས་འཛིན་གནང་ནས་ཐུགས་འཁུར་བཞེས་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད། དེ་བཞིན་གཞོན་ལྷན་གྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ཀྱིས་གསུངས་དོན་ལ། དེ་རིང་ང་ཚོའོ་ལས་འགུལ་དེ་མཚམས་འཇོག་ཞུ་དོན་གཙོ་བོ་ནི་ང་ཚོའི་དམིགས་ཡུལ་གསུམ་དང་དགོས་འདུན་དོན་ཚན་ལྔའི་ཐོག་རྒྱལ་ཚོགས་ལ་ཞུ་སྙན་ཕུལ་དོན་ལྟར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་མཆོག་གི་མཚན་ཐོག་ནས་གོང་དོན་ཞུ་འབོད་ཁག་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་མཚོན་ཕྱིར་སྐུ་ཚབ་ Yuri Afanasiev  མཆོག་དང་ཁོང་གི་ཕྱག་སྦྲེལ་བཅས་ཆེད་གཏོང་གིས་ཕྱག་བྲིས་གནང་སོན་བྱུང་སོང།  དེས་ན་ང་ཚོས་འཚེ་མེད་ཞི་བའི་ལམ་ནས་ལས་འགུལ་སྤེལ་བར་གྲུབ་འབྲས་སོན་པ་དེ་བོད་མི་རིགས་ཀྱི་རྒྱལ་ཁ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་མ་ཟད། རྒྱལ་ཁའི་ལས་འགུལ་དེ་གཞོན་ལྷན་གྱི་གོ་སྒྲིག་དང་འདི་བཞིན་བོད་མི་རྣམས་ནས་ཀྱང་མཉམ་ཞུགས་ཀྱིས་རྒྱབ་སྐྱོར་མཐུན་འགྱུར་དང། ལྷག་དོན་གཞིས་ལུས་བོད་མི་ཚོས་གདུང་སེམས་མཉམ་སྐྱེད་ཀྱི་རྒྱབ་སྐྱོར་གནང་པ། ས་གནས་ཁག་གི་གཞོན་ལྷན་ཡན་ལག་ཚོས་ལས་འགུལ་སྤེལ་བ་བཅས་གཅིག་སྒྲིག་གྱི་རྒྱལ་ཁ་ཞིག་ལ་ངོས་འཛིན་ཞུས་ཀྱི་ཡོད་པ་གསུངས་སོང།  གཞི་རྩའི་ཟླ་ ༩ ཕྱི་ཚེས་ ༡༠ ནས་འགོ་བཙུགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱུན་ལས་གསུམ་ནས་བོད་ཀྱི་མིག་སྔའི་ཛ་དྲག་གནས་སྟངས་དྲིལ་བསྒྲཊ་དང། རང་ལུས་མེར་སྲེག་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་ལ་རྒྱབ་སྐྱོར། གཞིས་ལུས་བོད་མིར་གདུས་སེམས་མཉམ་སྐྱེལ་བཅས་ཀྱི་སླད་དམིགས་ཡུལ་གསུམ་དང་དགོས་འདུན་དོན་ཚན་ལྔ་བཅས་རྒྱལ་ཚོགས་ལ་ཞུ་སྐུལ་ཆེད་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་པའི་ཁྲོད་ལས་འགུལ་བ་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་དང་དཔལ་འབྱོར་འགན་འཛིན་བསྟན་འཛིན་དབང་ཕྱུག་ལགས་རྣམ་གཉིས་ཉིན་གྲངས་ ༣༢ ཆ་ཚང་དངོས་སུ་ལས་འགུལ་ཐོག་བཞུགས་ཐུབ་པ་བྱུང་ཡོད་ཀྱང། ཉིན་གྲངས་ ༢༢ སོང་མཚམས་སུ་ཕྱི་དྲིལ་འགན་འཛིན་ཚེ་དབང་སྒྲོལ་མ་ལགས་གྲོད་པ་བདེ་མིན་རྐྱེན་པས་ལུས་པོའི་གནས་སྟངས་ཞན་སྟབས། རྒྱ་གར་སྐོར་སྲུང་པས་སེམས་ཚོར་ཆེན་པོས་ཁོང་སྨན་བཅོས་སླད་ལྡི་ལི་ Ram Manohar Lohia (RML) སྨན་ཁང་དུ་བསྐྱལ་ཡོད་པ་རེད། ཁ་སང་ཉིན་གྲངས་ ༣༢ སོང་མཚམས་དེར་རྒྱལ་ཚོགས་ནས་ཞུ་འབོད་ཁག་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་མཚོན་ཕྱིར་སྐུ་ཚབ་ཆེད་གཏོང་གིས་ཕྱག་བྲིས་གནང་བས་གཞོན་ནུའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མཇུག་སྒྲིལ་གནང་འདུག

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་ཟས་བཅད་ ལས་འགུལ་བར་མཇལ་འཕྲད་གནང་འདུག

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་གསུམ་ནས་ཟླ་ ༩ ཕྱི་ཚེས་ ༡༠ ནས་དམིགས་ཡུལ་གསུམ་དང་དགོས་འདུན་དོན་ཚན་ལྔའི་ཐོག་བོད་དོན་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་སྤེལ་ནས་ཁ་སང་ཉིན་གྲངས་ ༢༩ སོང་མཚམས་དེར་ས་གནས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་རྣམ་པ་གཉིས་ཆེད་ཕེབས་ཀྱིས་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་དང་དཔལ་འབྱོར་འགན་འཛིན་བསྟན་འཛིན་དབང་ཕྱུག་ལགས་རྣམ་པ་གཉིས་དང་མཇལ་འཕྲད་གནང་འདུག སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐུ་ཉིད་བོད་མི་ཞིག་དང་གཞོན་ལྷན་དབུས་ས་གཉིས་ཀྱི་རྒྱུན་ལས་ཟུར་པ་གཅིག་ཙམ་མ་ཟད། ད་ལྟ་སྲིད་སྐྱོང་ལས་ཐོག་ཡིན་པའི་ཆ་ནས་ཁོང་རྣམ་པར་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ནི་ང་ཚོའི་ལས་འགན་ཡིན་པར་གསུངས་འདུག ད་དུང་སྲིད་སྐྱོང་མཆོག་གིས་ལས་འགུལ་བ་ཚོར་བསྔགས་བརྗོད་དང་འབྲེལ་ཁོང་རྣམ་པའི་ལས་འགུལ་འདི་ནི་བོད་སྤྱིའི་རྩ་དོན་དང་འབྲེལ་ཡོད་སྟབས། ལས་འགུལ་འདི་བརྒྱུད་གཞིས་བྱེས་མང་ཚོགས་ལ་སེམས་འགུལ་ཐེབས་གཞི་དང་། རྒྱ་ནག་གཞུང་ལ་བརྡ་ལན་ཞིག་འགྲོ་རྒྱུ་མ་ཟད རྒྱལ་སྤྱིའི་ཐོག་ལའང་བརྡ་ལན་ཞིག་འགྲོ་ངེས་ཡིན་པར་གསུངས་སོང།   དེ་རིང་ཉིན་གྲངས་ ༣༠ སྔ་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཏུ་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་སྤྱི་འཐུས་རྒྱུན་ལས་དགེ་བཤེས་སྨོན་ལམ་མཐར་ཕྱིར་ལགས་ཆེད་ཕེབས་གནང་འདུག  

སྲིད་སྐྱོང་མཆོག་ཨ་རིར་ཕེབས་ཐོན་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དེ་རིང་ནས་ཉིན་གྲངས་བརྒྱད་རིང་ལ་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་གནང་འདུག   མཛད་རིམ་ལྟར་ན།  གནངས་ཕྱི་ཚེས་ ༡༠ ཉིན་གྱི་དགོང་མོ་སྲིང་སྐྱོང་མཆོག་གིས་ New York དང་ New jersey ས་གནས་བོད་རིགས་ཚོགས་པའི་གོ་སྒྲིག་འོག་མང་ཚོགས་ལ་གསུང་བཤད་གནང་རྒྱུ་ཡིན་པ་དང། ཕྱི་ཚེས་ ༡༡ ཉིན་སྲིད་སྐྱོང་མཆོག་ཨ་རིའི་ནུབ་ཕྱོགས་ཡུ་ཌ་མངའ་སྡེའི་གྲོང་ཁྱེར་ Salt Lake City ས་གནས་སུ་བོད་མིའི་སྤྱི་ཁང་གསར་པ་དབུ་འབྱེད་གནང་རྒྱུ་དང།  དེ་རྗེས་ཚེས་ ༡༢ དང་ ༡༣ བཅས་སུ་རྒྱལ་ས་ཝ་ཤིང་ཊོན་ནང་ཕེབས་ཀྱི་ཡོད་འདུག  ལྷག་པར་དུ་ཕྱི་ཚེས་ ༡༣ ཉིན་ Maryland མངའ་སྡེའི་ནང་ཡོད་པའི་ Salisbury གཙུག་ལག་སློབ་གཉེར་ཁང་ནས་སྲིད་སྐྱོང་མཆོག་ལ་ Presidential Medal ཞེས་པའི་ཆེས་མཐོའི་གཟེངས་རྟགས་ཤིག་འབུལ་ལམ་ཞུ་རྒྱུ་དང་། སྲིད་སྐྱོང་མཆོག་ནས་མང་གཙོའི་སྐོར་ལ་གསུང་བཤད་གནང་རྒྱུ་ཡིན་འདུག  གཞི་རྩའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་རི་ནང་ཉིན་བརྒྱད་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ་རྗེས་ཕྱི་ཚེས་ ༡༦ ཉིན་དྷ་རམ་ས་ལར་ཚུར་ཕེབས་ཀྱི་འདུག  

བོད་ཀྱི་གཞིན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༤༦ བའི་དུས་དྲན་སྲུང་བརྩི་ཞུས་སོང་།

དེ་རིང་ཕྱི་ཟླ་ ༡༠ ཕྱི་ཚེས་ ༧ ཉིན་མོ་སྟེ། བཙན་བྱོལ་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ ༤༦འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ་དང་འབྲེལ་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས་ཀྱིས་བོད་རིགས་ན་གཞོན་ཡོངས་ནས་ད་ལྟ་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་འགྲོ་བཞིན་པའི་གཞོན་ནུའི་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་སོང།  དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བཞུགས་སྒར་གངས་ཅན་སྐྱིད་ཤོང་དུ་རྟེན་གཞི་བྱས་པའི་སིལ་སྤོལ་རྩེད་ཐང་དུ་དེ་རིང་གི་ཉིན་མོ་དེ་བཞིན་སྲུང་བརྩི་ཞུས་ཡོད་པ་དང་། མཛད་སྒོའི་སྐུ་འགྲོན་གཙོ་བོར་གཞོན་ནུའི་དབུས་རྒྱུན་ཟུར་པ་སྤྱི་འཐུས་ཀརྨ་ཡི་ཤེས་ལགས་གདན་ཞུས་པ་ལྟར། ཁོང་གིས་སྐབས་དེར་འདས་པའི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་པ་འདི་ནི་བོད་ཀྱི་ཆབ་སྲིད་ལས་དོན་ཙམ་མ་ཡིན་པར་བོད་མི་རིགས་ཀྱི་ན་གཞོན་རྣམས་ལ་ལས་སྣེ་དང་སྤྱི་ཚོགས་ཀྱི་ཉམས་མྱོང་བསྐྲུན་མཁན་གྱི་ཚོགས་པ་གལ་ཆེ་ཞིག་ཡིན་སྐོར་སོགས་གསུངས་པ་མ་ཟད། ཚོགས་པ་དེ་བཞིན་རྒྱུན་གནས་ཡོང་ཐབས་སུ་གཞོན་ནུའི་ལས་བྱེད་རྣམས་ནས་ཚོགས་པའི་ལྟ་བ་དང་ལངས་ཕྱོགས་གཙོ་བོར་འཛིན་པའི་ཐོག་ནས་ཕྱག་ལས་གནང་དགོས་པའི་ལམ་སྟོན་ཡང་གནང་སོང།   དེ་རིང་རྒྱ་གར་གཙོས་པའི་འཛམ་གླིང་ཡུལ་གྲུ་ཁག་གི་ནང་རྟེན་གཞི་བྱས་པའི་ས་གནས་གཞོན་ནུ་ཚོས་རྣམ་པ་འདྲ་མིན་གྱི་ཐོག་ནས་གཞོན་ནུའི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བཞུགས་སྒར་དུ་རྟེན་གཞི་བྱས་པའི་ས་གནས་གཞོན་ནུ་ནས་ཀྱང་དེ་མཚུངས་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ་བོད་ཀྱི་དཔའ་བོ་དཔའ་མོའི་རྗེས་དྲན་སིལ་སྤོལ་འགྲན་བསྡུར་མཐའ་དེ་གནང་པའི་ཁྲོད།  བུ་མོའི་རུ་ཁག་ནང་ས་རཱ་དང་སྨན་རྩིས་ཁང་མཐོ་སློབ་གཉིས་ཀྱི་དབར་ལ་གནང་ཡོད་པ་དང་། བུའི་རུ་ཁག་ནང་དྷ་ས་རུ་ཁག་དང་འབྲོག་པ་རུ་ཁག་གཉིེས་འགྲན་བསྡུར་གནང་ཡོད་པ་རེད།  གཞི་རྩའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་བཞིན་ཕྱི་ལོ་ ༡༩༧༠ ལོའི་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་གསར་བཙུགས་གནང་པ་ཞིག་ཡིན་འདུག ད་ལྟའི་ཆར་རྒྱ་གར་དབུས་པའི་འཛམ་གླིང་ས་ཕྱོགས་གང་སར་ཚོགས་མི་ཁྱོན་བསྡོམས་སྟོང་ཕྲག་སུམ་ཅུ་སོ་ལྔ་ལྷག་ཡོད་པས་བཙན་བྱོལ་ནང་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཤོས་ཤིག་ཆགས་འདུག      

བར་སྣང་འཕྲུལ་ལས་རིག་པའི་སློབ་མ་ཞིག་ལ་ཧིན་སྒོར་འབུམ་གཅིག་གི་ཆེད་ལས་པའི་བྱ་དགའ་གནང་སོང།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བར་སྣང་གི་འཕྲུལ་ལས་རིག་པ་ (B.Tech Aerospace Engineering ) ཐོག་ལ་སློབ་གཉེར་གནང་བཞིན་པའི་བོད་ཕྲུག་འཇིགས་མེད་ཚེ་རིང་ལགས་སུ་ཆེས་ཐོག་མའི་ཆེད་ལས་སློབ་ཡོན་ཧིན་སྒོར་འབུམ་གཅིག་གསོལ་སྩལ་གནང་སོང། འཇིགས་མེད་ཚེ་རིང་ལགས་ནི་རྒྱ་གར་ལྷོ་ཕྱོགས་ Chennai གྲོང་གྱི་ Hindustan གཙུག་ལག་སློབ་གཉེར་ཁང་དུ་བར་སྣང་གི་འཕྲུལ་ལས་རིག་པའི་ཐོག་ལོ་རིམ་གཉིས་པའི་ནང་སློབ་ཞུགས་གནང་བཞིན་ཡོད་པ་དང། ཁོང་གིས་ལོ་རིམ་དང་པོའི་ཡིག་རྒྱུགས་སྐབས་སུ་བརྒྱ་ཆ་ ༩༧།༩ གསོན་པ་མ་ཟད། ད་ལྟ་ཁོང་གཙུག་ལག་སློབ་ཁང་དེའི་ནང་ Drone ཞེས་པའི་མཁའ་དབྱིངས་སུ་འཕུར་རྒྱུའི་འཕྲུལ་ཆས་ཀྱི་ལས་འཆར་ཞིག་གནང་མུས་ཡིན་པ་རེད་འདུག དེ་རིང་སྔ་དྲོ་ཚོུད་ ༡༡།༠༠ སྟེང་ཤེས་རིག་ལས་ཁུངས་ནས་བཀའ་ཤག་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཇིགས་མེད་ལགས་སུ་འཚམས་འདྲི་དང་སྦྲགས་ཏེ་ལེགས་གསོའི་བྱ་དགའ་འབུམ་གཅིག་གནང་སོང་པ་མ་ཟད། སྲིད་སྐྱོང་མཆོག་ནས་སྐབས་དེར་ཁོང་ནི་བོད་པའི་སློབ་ཕྲུག་གཞན་ཚོར་མིག་དཔེ་འོས་པ་ཞིག་ཡིན་པའི་འགྲེལ་བརྗོད་གནང་སོང།  འཇིགས་མེད་ཚེ་རིང་ལགས་ནས་ཀྱང་སྐབས་དེར་ཁོང་རང་ཉིད་ཀྱི་མི་ཚེའི་ནང་སློབ་སྦྱོང་དེ་འདྲ་ཞིག་གནང་ཐུབ་པ་དེ་ནི་གཙོ་བོ་རང་ཉིད་ཀྱི་དབྱིངས་དང་རྒྱུན་དུ་འཕྲུལ་ཆས་རིགས་ལ་དགའ་པོ་ཡོད་པའི་དབང་གིས་ཡིན་སྐོར་གསུངས་པ་མ་ཟད། བོད་པའི་སློབ་ཕྲུག་རྣམས་ནས་རྒྱུན་དུ་རང་ཉིད་ཀྱི་འདོད་མོས་བཞིན་སློབ་སྦྱོང་གནང་རྒྱུ་གལ་གནད་ཆེ་ཞུལ་གྱི་ལམ་སྟོན་སོགས་གནང་སོང་། རྩ་བའི་འཇིགས་མེད་ཚེ་རིང་ལགས་ནི་རྒྱ་གར་བྱང་ཤར་ Darjelling དུ་ཕ་ཚེ་རིང་རྡོ་རྗེ་ལགས་དང་མ་ཟླ་བ་སྒྲོལ་མ་ལགས་རྣམ་གཉིས་ཀྱི་བུ་རུ་སྐྱེས་ཤིང་། ཆུང་དུས་ Darjeling གཏན་སློབ་དང་མ་སུ་རི་གཏན་སློབ་ནས་སློབ་མཐར་སོན་རྗེས ། ད་ལྟའི་ཆར་ཁོང་ Hindustan གཙུག་ལག་སློབ་གཉེར་ཁང་དུ་བར་སྣང་གི་འཕྲུལ་ལས་རིག་པའི་ལོ་རིམ་གཉིས་པའི་ནང་སློབ་གཉེར་གནང་བཞིན་པ་རེད་འདུག      

སྤྱི་ཁྱབ་འོས་བསྡུའི་འགན་འཛིན་ནས་ཡོ་རོབ་རྒྱལ་ཁབ་བཞི་ནང་ཕྱོགས་བསྐྱོད་གནང་བཞིན་འདུག

བོད་མིའི་སྒྲིག་འཛུགས་སྤྱི་ཁྱབ་དབུས་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ནས་༢༠༡༥་་༡༦ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་ཐོག་ནས་ཡོ་རོབ་རྒྱལ་ཁབ་ Swiss དང་ Spain Belgium དང་ France བཅས་བཞིའི་ནང་དུ་ཕྱོགས་བསྐྱོད་གནང་བཞིན་འདུག   ་བའི་དེ་སྔའི་འོས་བསྡུའི་ལས་རིམ་སྐབས་ཕྱི་རྒྱལ་ཁག་ཏུ་འོས་བསྡུའི་ཁྲིམས་སྒྲིག་གཞི་ཁག་ངོ་སྤྲོད་གནང་པའི་ལས་རིམ་འདི་ལྟར་མེད་ནའང་། འདི་ལོ་ལས་རིམ་དེ་དམིགས་བསལ་གསར་བཟོ་གནང་འདུག   སྤྱི་ཁྱབ་དབུས་འོས་བསྡུའི་འགན་འཛིན་བསོད་ནམས་ཆོས་འཕེལ་ལགས་ནས་ཐེངས་འདིའི་ཡོ་རོབ་རྒྱལ་ཁབ་བཞིའི་ནང་གི་ཕྱོགས་ཕེབས་ཐོག་མ་དེ་ཚེས་༣ཉིན། Swiss ཁུལ་དུ་གནས་སྡོད་བོད་རིགས་ཚོར་འོས་བསྡུའི་སྐབས་མང་ཚོགས་ཀྱི་ལས་འགན་དང་། སྤྱི་འཐུས་དང་སྲིད་སྐྱོང་གི་འོས་ཆོས་སོགས་ཁྲིམས་སྒྲིག་གཞི་ཁག་ཅིག་སྐོར་ལ་གསུངས་བཤད་གནང་འདུག་པ་དང། མང་ཚོགས་ནས་ཀྱང་འོས་བསྡུའི་སྒྲིག་གཞི་དང་འོས་ཤོག་གི་ཐོབ་ཐང་བཅས་ཀྱི་ཐོག་དྲི་བ་ཞུས་འདུག དེ་འབྲེལ་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་ནས་གསུངས་དོན་ལ། Swiss ནང་རྟེན་གཞི་བྱས་པའི་བོད་མི་ཚོས་འོས་བསྡུའི་ལས་ཁུངས་ནས་གཏན་འབེབས་གནང་པའི་སྒྲིག་གཞི་ཁག་ལམ་སྟོན་གནང་སྐབས་ཐུགས་སྣང་ཆེན་པོས་གསན་གནང་གི་ཡོད་པ་གསུངས་སོང་། དེ་བཞིན་ཁོང་གིས་མུ་མཐུད་གསུངས་པར་བོད་མི་དེ་དག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་གཉིས་འོས་གཞིའི་གཏན་འབེབས་གནང་ཕྱོགས་དང་མགྲོ་འགྲོན་སོགས། ལྷག་དོན་སྐྱ་སེར་དབང་གྱི་འོས་གྲངས་ལ་ཁྱད་ཡོད་དོན་ཅི་ཡིན་དང་འབྲེལ་བའི་དྲི་བ་མང་དག་ཞིག་ཡོང་གི་པ་གསུངས་སོང་། གཞན་ཡང་འོས་བསྡུ་དང་ཐད་ཀར་འབྲེལ་ཡོད་བེད་སྐྱེལ་མི་འབོར་གཞིགས་པའི་ཡག་པོ་གནང་ཡོད་སྐོར་སོགས་གསུངས་སོང་།  Swiss ནང་ཕྱོགས་བསྐྱོད་གྲུབ་རྗེས་ཕྱི་ཚེས་ ༤ ཉིན་ Spain བོད་ཁང་དུ་ས་གནས་ཀྱི་བོད་རིགས་ཚོར་གསུངས་བཤད་གནང་པ་དེས་འོས་བསྡུ་དང་འབྲེལ་བའི་མང་ཚོགས་ཀྱི་དྲི་བ་ཁག་ཅིག་ལ་ལན་འདེབས་གསལ་པོ་བྱུང་ཡོད་པ་རེད་འདུག སྤྱི་ཁྱབ་འོས་བསྡུའི་འགན་འཛིན་བསོད་ནམས་ཆོས་འཕེལ་ལགས་ནས་རིམ་པས་ཚེས་ཉིན་ ༡༠ Belgium དང་དེ་ནས་ཚེས་ ༡༡ ཉིན་ France ཁུལ་དུ་གནས་སྡོད་བོད་རིགས་ཚོར་འོས་བསྡུའི་ཁྲིམས་སྒྲིག་སྐོར་གོ་རྟོགས་དང་མང་ཚོགས་ཀྱི་དོགས་འདྲིར་ལན་འདེབས་གསལ་བཤད་བཅས་གནང་གི་འདུག  

Latest news