Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

  ཕུན་ཚོགས་ཁང་གསར་གྱི་ལས་གཞིའི་རྨང་རྡོ་བཙུགས་པ།

དེ་རིང་སྔ་དྲོ་ཚོུད་ ༡༠ སྟེང་བཞུགས་སྒར་དྷརྨ་ས་ལའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་ཆེད་གཏོང་གིས་ཕུན་ཚོགས་ཁང་གསར་ཞེས་པའི་ཚོགས་ཁང་གསར་རྒྱག་གི་རྨང་རྡོ་འཛུགས་པའི་མཛད་སྒོ་ཚོགས་སོང་།འགྲོ་གྲོན་བྱི་བ་གཉིས་དང་འབུམ་བརྒྱད་ཅུ་ལྷག་གི་ལས་གཞིའི་རྨང་རྡོ་འཛུགས་པའི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་པའི་ནང་སྲིད་བཀའ་བློན་མཆོག་དང་ནང་སྲིད་དྲུང་ཆེ་མཆོག དེ་བཞིན་གནས་ཆུང་ཆོས་རྒྱལ་ཆེན་པོའི་༸སྐུ་རྟེན་ཐུབ་བསྟན་དངོས་གྲུབ་མཆོག་གིས་གཙོས་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་སོགས་ལྷན་འཛོམས་ཐོག་ཚོགས་ཁང་གསར་རྒྱག་གི་རྨང་རྡོ་བཏིང་སྟེ་གནས་ཆུང་༸སྐུ་རྟེན་མཆོག་གིས་རབ་གནས་མཛད་སོང་།སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཚོགས་ཁང་གསར་རྒྱག་དང་འབྲེལ་བའི་བཀའ་སློབ་གནང་བར་ སྔོན་ཆད་གངས་ཅན་སྐྱིད་གཤོངས་སུ་ཨར་ལས་རྒྱག་དུས་ལྷན་པ་རྒྱག་པའི་གོམས་གཤིས་ཤིག་ཡོད་པར་ལུང་འདྲེན་གྱིས་ད་ལྟའི་བཀའ་ཤག་གི་ལས་ཡུན་རིང་ལ་གངས་སྐྱིད་ཀྱི་ཨར་ལས་འཛུགས་སྐྲུན་གྱི་ལས་གཞི་རྒྱ་བསྐྱེད་ཀྱིས་གངས་སྐྱིད་ཁྱོན་ཡོངས་བྱུས་འགོད་བོད་བཟོའི་ངོ་བོར་བསྒྱུར་ཡོད་པ་ལྟར་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་དེ་ཡང་ཕྱི་མི་མང་པོ་ཕེབས་སའི་ས་ཚིགས་ཤིག་ཆགས་ཡོད་སྟབས་འགྲོ་གྲོན་ལ་མ་ལྟོས་པར་ཚོགས་མི་བརྒྱ་དང་ལྔ་བཅུ་ཙམ་ཤོང་སའི་བོད་བཟོའི་བྱུས་འགོད་ལྡན་པའི་ཚོགས་ཁང་ཞིིག་གསར་རྒྱག་གནང་གཏན་འཁེལ་ཡོད་པར་འགྲེལ་བརྗོད་གནང་སོང་།མཛད་སྒོ་གྲོལ་མཚམས་སུ་གསར་འགོད་པས་དྷ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་སུ་ཨར་ལས་ཀྱི་འཛུགས་སྐྲུན་གྱི་ལས་གཞིའི་མ་དངུལ་མཁོ་འདོན་དང་ལས་གཞི་ཡོངས་རྫོགས་ལེགས་གྲུབ་ནམ་ཟིན་ནམ་ཞེས་བཀའ་འདྲི་ཞུས་པར་ཁོང་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཨར་ལས་འཛུགས་སྐྲུན་གྱི་མ་དངུལ་བྱེ་བ་གཉིས་དང་འབུམ་བརྒྱད་བཅུ་ལྷག་གི་བརྒྱ་ཆ་གྱ་ལྔ་ཙམ་མཁོ་འདོན་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད་པ་དང་མ་དངུལ་བརྒྱ་ཆ་བཅོ་ལྔ་ཙམ་ས་གནས་རང་ཁོངས་ནས་མཁོ་འདོན་ཞུ་དགོས་སྐོར་ངོ་སྤྲོད་གནང་བ་དང་འབྲེལ། ཟླ་བ་དགུའི་ནང་ཚུད་དུ་ཚོགས་ཁང་གསར་རྒྱག་གི་ལས་གཞི་ཡོངས་སུ་ལེགས་གྲུབ་ཐུབ་རྒྱུར་ཤུགས་སྣོན་རྒྱག་གི་ཡོད་པ་གསུངས་སོང་།དེ་བཞིན་ཁོང་གིས་ད་བར་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཚོགས་ཁང་གསར་རྒྱག་གནང་མ་ཐུབ་པའི་རྒྱུ་རྐྱེན་གང་གསལ་པོ་བརྗོད་ཐབས་མེད་པར་གསུངས་པ་དང་སྦྲགས། གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་ཐོག་ནས་ལས་གཞི་ཡོད་ཚད་ལེགས་བཅོས་གནང་བཞིན་ཡོད་སྐོར་གསུངས་ཡོད།  པར་ཁག་གི་བདག་དབང་བོད་མིའི་སྒྲིག་འཛུགས།

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོར་བཅར་འདྲི།

ཁ་སང་ཕྱི་ཟླ་ ༢ ཚེས་ ༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ལས་ཁུངས་གསར་པ་དབུ་འབྱེད་གནང་བ་དང་སྦྲགས། ད་ཆ་ཚོགས་པ་དེ་དངོས་སུ་གཞུང་འབྲེལ་ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཚན་པའི་ངོ་བོའི་ཐོག་ནས་ཕྱག་ལས་གནང་རྒྱུ་དབུ་འཛུགས་གནང་འདུགརྩ་བའི་ཕྱི་ལོ་ ༡༩༩༠ ལོར་ཆེད་འཛུགས་གནང་བའི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ནི་ཕྱི་ལོ་ ༢༠༡༩ ལོར་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཆགས་འདུག་པ་དང་དེ་སྔ་དྷ་སྟེང་དུ་ཡོད་པའི་རྩེད་རིགས་ཚོགས་པའི་ལས་ཁུངས་དེ་ད་ཆ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སུ་གནས་སྤོས་ཡོད་པ་རེད།  ཚོགས་པ་དེ་ ༡༩༩༠ ལོའི་ནང་ཐོག་མར་ཆེད་འཛུགས་ཀྱིས་ཕྱི་ལོ་ ༢༠༠༢ ཟླ་ ༥ ནང་དངོས་སུ་དེབ་སྐྱེལ་གནང་བ’འི་ཚོགས་པ་ཞིག་ཆགས་ཀྱི་ཡོད་པ་རེད།  ད་བར་ཚོགས་པ་དེའི་གོ་སྒྲིག་འོག་༸རྒྱལ་ཡུམ་ཆེན་མོ་གསེར་གྱི་རྟགས་མའི་རྩེད་འགྲན་ཐེངས་ ༢༥ ཚོགས་ཐུབ་པ་བྱུང་བར་མ་ཟད་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཐེངས་བཞི་འཛུལ་ཞུགས་གནང་ཡོད་པ་རེད། རྩེད་རིགས་ཚོགས་པའི་འགན་འཛིན་བསྟན་འཛིན་རིན་ཆེན་ལགས་སུ་རྩེད་རིགས་ཚོགས་པ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་འཛུལ་ཞུགས་གནང་དོན་གང་ཡིན་དང་། དེ་བཞིན་མ་འོངས་པའི་ལས་འཆར་གང་དང་གང་སྤེལ་འཆར་ཡོད་མེད་སོགས་ཀྱི་སྐོར་ལ་དམིགས་བསལ་བཅར་འདྲི་ཁག་ཅིག་ཞུས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་རྩེད་རིགས་ཚོགས་པའི་ལས་ཁུངས་དབུ་འབྱེད་གནང་སྐབས་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་བདག་གཅེས་གནང་དགོས་གལ་དང་། རྩེད་རིགས་ཁྲོད་བོད་མི་གཞོན་སྐྱེས་ཚོའི་ནུས་པ་སྐྱེད་སྲིང་བྱ་རྒྱུའི་གལ་གནད་སོགས་གཙོས་ད་བར་སྒྲིག་འཛུགས་ཀྱི་ངོས་ནས་རྩེད་རིགས་ཚོགས་པར་མཐུན་འགྱུར་གནང་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་བ་དང་སྦྲགས། རྩེད་རིགས་ཚོགས་པ་དང་བོད་མིའི་སྒྲིག་འཛུགས་གཉིས་མཉམ་འབྲེལ་གནང་དགོས་དོན་གཙོ་བོ་ནི་ཕུགས་རྒྱང་རིང་པོར་སྨན་པའི་བོད་མིའི་འཕྲོད་བསྟེན་ཡར་རྒྱས་དང་ལྷག་པར་དུ་རྩེད་མོའི་གོ་སྐབས་འདྲ་མིན་བརྒྱུད་ནས་གཞོན་སྐྱེས་རྣམས་ངན་པར་ལང་ཤོར་གྱི་ཕྱོགས་སུ་མི་འགྲོ་བར་ཕན་ཐོགས་ཡོད་སྐོར་གསུངས་འདུག

བྱམས་པ་གླིང་རྒས་གསོ་ཁང་གི་རྒས་འཁོགས་གཉིས་མ་གཏོགས་གཞན་རྣམས་བདེ་ཐང་།

བཞུགས་སྒར་ལྷ་རྒྱལ་རིའི་ཉེ་འདབས་སུ་ཆགས་པའི་བྱམས་པ་གླིང་རྒས་གསོ་ཁང་དུ་རྒན་འཁོགས་ ༡༤ དང་ལས་བྱེད་གཅིག་བཅས་ཁྱོན་མི་ ༡༥ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་ཀྱང་ད་ལྟའི་ཆར་རྒས་འཁོགས་གཉིས་མ་གཏོགས་དེ་མིན་གཞན་རྣམས་ཀྱི་གནས་སྟངས་ཛ་དྲག་གང་ཡང་མེད་པར་བདེ་ཐང་ཡིན་པར་གསུངས་སོང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་རྒན་གསོ་ཁང་ལ་སྔ་རྗེས་སུ་བཀོད་ཁྱབ་རིམ་པ་གནང་དོན་ལྟར་དྷ་སའི་བྱམས་པ་གླིང་རྒས་གསོ་ཁང་འདི་འདས་པའི་ཟླ་བ་བཅུ་གཅིག་ནས་ཕྱི་ལ་སྒོ་མོ་བརྒྱབ་ཡོད་ཀྱང་། ཉེ་ལམ་རྒས་གསོ་ཁང་གི་རྒས་འཁོགས་ཁག་ཅིག་ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་གནས་ཚུལ་ཐོན་ཡོད་སྟབས། ད་ཆ་རྒས་གསོ་ཁང་གི་ཉེ་འཁོར་གཡས་གཡོན་རྣམས་  Containment Zone འམ་བཀག་སྐྱིལ་གྱི་ས་ཚིགས་སུ་ངོས་འཛིན་གྱིས་དམ་གནང་བར་བརྟེན་བོད་མི་རྣམས་རྒན་གསོ་ཁང་གི་ཉེ་འཁོར་དུ་འཁེལ་བའི་གླིང་སྐོར་ལ་ཕེབས་རྒྱུ་སོགས་ཀྱི་གནང་སྒོ་ཁག་ཡོང་རྫོགས་བཀག་སྡོམ་གནང་བཞིན་འདུག རླུང་འཕྲིན་ཁང་གིས་རྒས་འཁོགས་རྣམས་ཀྱི་ད་ལྟའི་གནས་སྟངས་ཇི་ཆགས་སྐོར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་བཀྲ་ཤིས་བདེ་སྐྱིད་ལགས་སུ་བཅར་འདྲི་ཞུས་སྐབས་ཁོང་གིས་ཉེ་ལམ་རྒས་འཁོགས་ཁག་ཅིག་ལ་ཆམ་རིམས་ཕོག་པར་བརྟེན་ཏོག་དབྱིབས་གཉན་རིམས་ཕོག་ཡོད་མེད་བརྟག་དཔྱད་གནང་སྐབས་དེའི་ཁྲོད་རྒས་འཁོགས་ ༡༡ དང་ནད་གཡོགས་ ༡ ལ་གཉན་རིམས་ཕོག་པའི་བརྟག་འབྲས་ཐོན་ཡོད་པ་དང་། དེ་བཞིན་རྒས་འཁོགས་གཅིག་ཆབ་གཅིན་གཏང་བར་ངལ་བ་འཕྲད་རྐྱེན་རྒྱ་གར་སྒེར་གྱི་སྨན་ཁང་ Fortis  ལ་སྨན་བཅོས་སླད་བཏང་ཡོད་ཀྱང་ཁོང་ལ་བརྟག་འབྲས་སུ་གཉན་རིམས་ཕོག་པ་ཤེས་རྟོགས་བྱུང་བ་དང་སྦྲགས། ཁོང་དང་རྒས་འཁོགས་གཞན་གཅིག་བཅས་གཉིས་རྒྱ་གར་གཞུང་གི་སྨན་ཁང་ Tanda དུ་བཏང་ཡོད་པ་གསུངས་སོང་། དེ་རྗེས་དེ་སྔོན་བརྟག་དཔྱད་མ་གནང་བ་ཚོ་དང་ལས་བྱེད་ཀྱི་ནང་མི་བཅས་ལ་བརྟག་དཔྱད་གནང་འབྲས་སུ་རྒས་འཁོགས་གཉིས་ལ་གཉན་རིམས་ཕོག་པའི་བརྟག་འབྲས་ཐོན་སྟབས་ད་ཆར་ཁྱོན་རྒས་འཁོགས་བཅུ་བཞི་དང་ལས་བྱེད་གཅིག་བཅས་མི་བཅོ་ལྔར་གཉན་རིམས་ཕོག་ཡོད་སྐོར་གསུངས་ཡོད། ཁོང་གིས་ད་དུང་སྤྱིར་ཉེ་ལམ་རྒས་གསོ་ཁང་ནང་རྒས་འཁོགས་ཁག་གཅིག་སྐུ་ཚེ་མ་ཟིན་པའི་གནས་སྟངས་གྱུར་ཡོད་ཀྱང་དེ་དག་ཏོག་དབྱིབས་ནད་ཡམས་ཕོག་པའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་བ་མ་རེད་ཅེས་གསལ་བཤད་གནང་སོང་།   བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་གི་གྲངས་ཐོར་གཞིགས་ན་ད་བར་རྒྱ་བལ་གཉིས་ཀྱི་ནང་མི་གྲངས་ ༡༥༠༨ ལ་གཉན་རིམས་ཕོག་པ་དང་དེའི་ཁྲོད་ད་ཆར་ནད་ཀྱིས་མནར་བཞིན་པ་ ༣༠ དང་འདས་གྲོངས་སུ་གྱུར་བ་ ༣༨ ཆགས་ཀྱི་ཡོད་པ་དེ་ལྟར་ཡང་དྲག་སྐྱེད་སོང་བའི་གྲངས་ཐོ་དེ་ ༡༤༤༠ ཡིན་པ་རེད་འདུག

བློ་གསལ་མགུལ་རྒྱན་ཞེས་པའི་སློབ་དེབ་དབུ་འབྱེད།

དེ་རིང་ཕྱི་ཟླ་ ༡ ཚེས་ ༢༩ རེས་གཟའ་པ་སངས་ཉིན་གྱི་ཕྱི་དྲོ་ཚོུད་ ༣ ཐོག་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ལྗགས་རྩོམ་གནང་བའི་བློ་གསལ་མགུལ་རྒྱན་ཞེས་པའི་སློབ་དེབ་དབུ་འབྱེད་གནང་སོང་། གཞི་རྩའི་སློབ་དེབ་བློ་གསལ་མགུལ་རྒྱན་ནི་དེ་སྔ་ཕྱི་ལོ་ ༢༠༡༩ ལོར་འཕགས་ཡུལ་ཀིརྟི་བྱེས་པ་གྲྭ་ཚང་ཆེད་འཛུགས་གནང་སྟེ་མི་ལོ་ ༢༥ འཁོར་བའི་དུས་སྟོན་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔར་བསྐྲུན་ཐེངས་དང་པོ་དེ་ཞལ་འབྱེད་མཛད་ཡོད་པ་རེད། ད་ལན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་ ༢༠༢༠ ལོ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་གཞལ་བར་དཀའ་བའི་བཀའ་དྲིན་ལ་རྗེས་དྲན་ཞུ་ཕྱིར་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་པ་ལྟར་ཆོས་རིགས་ལས་ཁུངས་ཀྱི་ལས་རིམ་ཁོངས་སུ་སློབ་དེབ་དེ་དཔར་བསྐྲུན་གནང་བ་ཞིག་ཆགས་ཀྱི་འདུག དེ་རིང་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བཀའ་ཤག་ལྷན་རྒྱས་དང་།ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་དང་དྲུང་འཕར་། ཀིརྟིའི་བྱེས་པ་གྲྭ་ཚང་གི་རིག་གནས་སློབ་དཔོན་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་གསུང་རྩོམ་ཕྱོགས་སྒྲིག་པ་རེ་མདོ་སེང་གེ་ལགས། ཀིརྟིའི་དགེ་རྩ་ཚོགས་པའི་རྒྱུན་ལས་ཚོགས་མི། དེ་བཞིན་གསར་འགོད་པ་བཅས་ཚང་འཛོམས་ཐོག་སློབ་དེབ་དབུ་འབྱེད་གནང་ཡོད་པ་རེད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་འདི་ལོ་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་དང་འབྲེལ་བའི་ལས་གཞིའི་ཁྲོད་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་དགོན་པའི་གྲྭ་བཙུན་ལོ་ཆུང་རྣམས་ཀྱི་ཆེད་རྩོམ་སྒྲིག་གནང་བའི་སློབ་དེབ་བློ་གསལ་མགུལ་རྒྱན་གྱི་དཔར་སྐྲུན་ཐེངས་གཉིས་པའི་འགྲོ་གྲོན་ཆ་ཚང་བོད་མིའི་སྒྲིག་འཛུགས་ཚོས་རིག་ལས་ཁུངས་ཀྱིས་བཏང་ཡོད་སྐོར་སོགས་ངོ་སྤྲོད་གནང་བ་དང་། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་བོད་ནང་ལ་ཕེབས་སྐབས་བོད་ནང་གི་རིག་གནས་ཀྱི་གནས་བབ་ཆེས་ཞན་པ་བཅས་ལ་གཟིགས་ནས་བསླབ་གཞིའི་རྩ་འཛིན་གྱི་སློབ་དེབ་ལྗགས་རྩོམ་གནང་བ་དང་། དེའང་རིན་པོ་ཆེ་མཆོག་གིས་དེ་སྔ་༸གོང་ས་མཆོག་ལ་ལྷ་སྙན་སྒྲོན་སྐབས་མགོན་པོ་༸གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོས་ཆོས་རིག་ལས་ཁུངས་དང་ཤེས་རིག་ལས་ཁུངས་གཉིས་ཀྱིས་དཔར་བསྐྲུན་གནང་དགོས་པའི་ལམ་སྟོན་ཕེབས་ཡོད་པ་ལྟར་ད་ལན་ཆོས་རིག་ལས་ཁུངས་ཀྱིས་ཁྱོབ་ཁོངས་དགོན་སྡེ་ཁག་དང་ཤེས་རིག་ཁྱབ་ཁོངས་སློབ་གྲྭ་ཁག་ལ་རིན་མེད་ཐོག་འགྲེམས་སྤེལ་གནང་རྒྱུ་ཡིན་པར་གསུངས་སོང་། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེང་སྐབས་བོད་པའི་སློབ་གྲྭ་རེ་ཟུར་ནང་དུ་སློབ་ཕྲུག་གི་རང་སྲོག་བཅད་པའི་གནས་ཚུལ་བྱུང་གི་ཡོད་སྟབས། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་བོད་ཀྱི་ཐུན་མིན་སྲོལ་རྒྱུན་གྱི་བཟང་སྤྱོད་དང་རིག་གནས་བཅས་ཀྱི་ཁྱད་ཆོས་ལྡན་པའི་སློབ་དེབ་ལྗགས་རྩོམ་དང་༸གོང་ས་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་གནས་སྟངས་ལ་ཐུགས་འགན་ཆེ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ཏེ་སློབ་དེབ་རྩོམ་པ་པོ་དང་ཕྱོགས་སྒྲིག་གནང་མཁན་གཙོས་པའི་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་ཕྱག་རོགས་གནང་མཁན་ཀུན་ལ་བསྔགས་བརྗོད་གནང་སོང་། སྐབས་དེར་ཀིརྟི་བྱེས་པ་གྲྭ་ཚང་གི་རིག་ནས་སློབ་དཔོན་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་གསུང་རྩོམ་ཕྱོགས་སྒྲིག་པ་རེ་མདོ་སེང་གེ་ལགས་ཀྱིས་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནི་སྔར་ནས་ད་བར་བོད་ཀྱི་གཞོན་སྐྱེས་ཚོའི་ཤེས་ཡོན་ཐོག་དགོངས་པ་རྒྱ་ཆེར་བཞེས་མཁན་ཞིག་དང་། ལྷག་དོན་༸གོང་ས་མཆོག་གི་རླབས་ཆེན་དགོངས་གཞི་དང་མཐུན་པར་བོད་ཀྱི་ཡ་རབས་བཟང་སྤྱོད་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་ཤིག་ཡོང་བར་ཐུགས་དགོངས་གཙོ་བཞེས་གནང་མཁན་ཞིག་ཡིན་སྐོར་སོགས་གསུངས་ཡོད།  

ལྕམ་སྐུ་ Sakurai Yoshiko མཆོག་ལ་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་སྐོར་སྙན་སེང་།

དེ་ཡང་ཁ་སང་ཟླ་ ༡ ཚེས་ ༢༧ ཉིན་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ Japan Institute of National Fundamental ཞེས་པའི་ཉི་ཧོང་གི་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་བསམ་བློ་བ་ལྕམ་སྐུ་ Sakurai Yoshiko མཆོག་དང་ལྷན་མཇལ་མོལ་གནང་སྟེ་ཉེ་ཆར་ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་བཀོད་པ་དང་འབྲེལ། ཁྲིམས་སུ་བཅས་པའི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ༸འི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་འགན་དབང་དང་ཨ་རི་གཞུང་གིས་བོད་མིའི་སྒྲིག་འཛུགས་ནི་ཁྲིམས་མཐུན་གྱི་སྒྲིག་འཛུགས་ཤིག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་སྲིད་སྐྱོང་མཆོག་ཡིན་པ་ངོས་འཛིན་གནང་གནང་དགོས་པ་སོགས་ཀྱི་སྐོར་དོན་ཚན་དྲུག་གི་ཐོག་སྙན་སེང་ཞུས་ཡོད་པ་རེད། དེ་བཞིན་ཁོང་གིས་དེ་སྔ་ཕྱི་ལོ་༢༠༡༩ལོར་བཞུགས་སྒར་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་ཕྱག་བསྟར་གྱི་གྲོས་ཆོད་ཇི་འཇོག་སོགས་ཀྱི་སྐོར་སྙན་སེང་ཞིབ་རྒྱས་ཞུས་ཡོད་པ་རེད་འདུག སྐབས་དེར་ལྕམ་སྐུ་ Sakurai Yoshiko མཆོག་གིས་ཁོང་ཉིད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་དང་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞི་པོར་ཡི་རངས་བསྔགས་བརྗོད་ཞུ་ཡི་ཡོད་པ་མ་ཟད་མགོན་པོ་༸གང་ཉིད་མཆོག་ཉི་ཧོང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུར་ངང་སྒུག་གནང་བཞིན་ཡོད་སྐོར་གསུངས་པ་དང་ཆབས་ཅིག ལྷག་དོན་ཁོང་གིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་བློ་འཚབ་གནང་བ་དང་འབྲེལ། བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་གནང་བ་དེ་ནི་འཛམ་གླིང་སྤྱིའི་རང་དབང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་པ་སྲུང་སྐྱོབ་ཀྱི་གནད་དོན་ཞིག་ཆགས་ཀྱི་ཡོད་པར་གསུངས་འདུག   གཞི་རྩའི་ལྕམ་སྐུ་ Sakurai མཆོག་དེ་སྔ་ཁོང་ཕྱི་ལོ་ ༢༠༡༡ ལོར་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་ལྷན་དུ་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་ཁོང་སུ་ཡོད་པ་དང་། སྐབས་དེར་ཁོང་ལ་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམས་དང་ལྷན་དུ་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བྱུང་བ་དེ་ནས་ཁོང་བོད་དོན་ཐོག་འབྲེལ་ལམ་ཐོག་མ་དེ་བྱུང་འདུག དེ་རྗེས་སུ་ཁོང་གིས་ Fight For Tibet’s Freedom : Dialogue with the 14th Dalai Lama དང་ Sikyong Dr. Lobsang Sangay ཞེས་བོད་དོན་དང་འབྲེལ་བའི་ཕྱག་དེབ་ཡང་བརྩམས་ཡོད་པ་རེད། ཉེ་ཆར་ཚེས་ ༢༢ ཉིན་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉི་ཧོང་གྲོས་ཚོགས་ཁང་དུ་ All Party Japanese Parliamentary Group for Tibet ཞེས་ཉི་ཧོང་གྲོས་ཚོགས་འོག་མའི་འཐུས་མི་དང་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སྐུ་ཞབས་NagaoTakashi ལགས་དང་ལྷན་མཇལ་འཕྲད་ཀྱིས་ཕྱི་ལོ་༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་སྐོར་སྙན་སེང་ཞུས་ཡོད་པ་རེད།

སྔོན་ཁབ་ཐོན་ཡོད་བསམ་ནས་ལྷོད་ཡང་མ་བཞུགས་པར་སྔོན་འགོག་གི་ལམ་སྟོན་ཁག་མུ་མཐུད་གནང་དགོས།

དེ་རིང་ཕྱི་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༤༤ སྤེལ་བ་དང་སྦྲགས། རྒྱ་གར་ནང་ཟླ་བ་འདིའི་ཚེས་ ༡༦ ནས་ཏོག་དབྱིབས་སྔོན་ཁབ་བརྒྱབ་རྒྱུ་དབུ་འཛུགས་གནང་ཡོད་སྟབས། ད་ཆ་མང་ཚོགས་ཁྲོད་ཏོག་དབྱིབས་སྔོན་ཁབ་ཐོན་ཡོད་བསམ་ནས་ལྷོད་ཡང་མ་བཞུགས་པར་སྔོན་འགོག་གི་ལམ་སྟོན་ཁག་མུ་མཐུད་གནང་དགོས་པའི་གཞེན་སྐུལ་གནང་སོང་། གསར་འགོད་ལྷན་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་ཚེ་རིང་ལགས་ཀྱིས་རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་སྔོན་ཁབ་བརྒྱབ་རྒྱུ་དབུ་འཛུགས་གནང་བ་དང་སྦྲགས། དེའི་ཁྲོད་ད་ཆ་བོད་རིགས་མདུན་ཐོན་ཞབས་ཞུ་བ་ ༡༥༢ ལ་སྔོན་ཁབ་བརྒྱབས་ཡོད་སྐོར་ངོ་སྤྲོད་གནང་སྟེ།ད་ཆ་བོད་ཀྱི་ལོ་གསར་སླེབས་ཉེ་དང་བསྟུན་བོད་མི་ཚོས་མཚན་ཚོགས་དང་གཞས་སྣ་འཁྲབ་སྟོན་སོགས་འདུ་འཛོམས་གནང་རྒྱུའི་ལས་རིགས་གང་ཉུང་གཉེར་རྒྱུ་དང་ལྷག་པར་དུ་ཏོག་དབྱིབས་སྔོན་ཁབ་ཐོན་ཡོད་བསམ་ནས་ལྷོད་ཡང་མ་བཞུགས་པར་སྔོན་འགོག་གི་ལམ་སྟོན་ཁག་མུ་མཐུད་གནང་དགོས་པའི་གཞེན་སྐུལ་གནང་སོང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གཟའ་འཁོར་འདིའི་ནང་བོད་མི་ལྔ་ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་དེའི་ཁྲོད་ལོ་ན་མཐོ་ཤོས་དེ་ ༤༣ དང་ཆུང་ཤོས་དེ་ ༢༥ ཆགས་ཀྱི་ཡོད་པ་དང་དེའི་ཁོངས་ནད་རྟགས་ཡོད་པ་གཉིས་དང་ དམིགས་བསལ་ནད་རྟགས་མེད་པ་གསུམ་ཆགས་ཀྱི་ཡོད་པ་དེ་ལྟར་ཡང་། སྤོན་ཌོ་གཞིས་ཆགས་ནས་ཡིན་པ་བུད་མེད་ལོ་ན་ ༦༩ སོན་པ་ཁྲག་ཤེད་ཀྱི་ནད་གཞི་ཡོད་པ་ཞིག་གཉན་རིམས་དེའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་ཡོད་སྐོར་གསུངས་སོང་། རྒྱ་གར་ནང་ད་ཆ་སྔོན་ཁབ་བརྒྱབས་ཟིན་པ་དེ་མི་གྲངས་འབུམ་ཉེར་གསུམ་ལྷག་ཆགས་ཀྱི་ཡོད་པ་དང་དེའི་ཁྲོད་གཟུགས་པོར་འཕྲོད་མིན་རྐྱེན་གྱིས་མི་གྲངས་ ༡༦ ཙམ་ཞིག་སྨན་ཁང་དུ་བཞུགས་དགོས་བྱུང་ཡོད་སྐོར་གསུངས་པ་དང་ཆབས་ཅིག  སྔོན་ཁབ་བརྒྱབ་སྐབས་ཐུགས་སྣང་གནང་དགོས་པའི་གནད་དོན་ཁག་ཅིག་དྲན་སྐུལ་ཚུལ་དུ་གསུངས་ཡོད། བདེ་ལེགས་སྨན་ཁང་གི་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས་སྔོན་ཁབ་དང་འབྲེལ་ནས་གསུངས་པར་སྔོན་ཁབ་དེ་རིམ་པ་གཉིས་བརྒྱབ་ཚར་བའི་རྗེས་སུ་ཁབ་དེའི་ནུས་པ་ཐོན་གྱི་ཡོད་པ་དང་ད་ཆ་རྒྱ་གར་གྱི་སྔོན་ཁབ་དེའི་གཉན་རིམས་སྔོན་འགོག་གི་ནུས་པ་དེ་བརྒྱ་ཆ་ ༦༠ ནས་ ༧༠ བར་ཡིན་པར་བརྟེན་སོ་སོའི་ངོས་ནས་སྔོན་འགོག་གི་ཐབས་ལམ་ཁག་མུ་མཐུད་ནས་གནང་དགོས་པ་སོགས་གཞེན་སྐུལ་གནང་སོང་། གཞི་རྩའི་ད་བར་རྒྱ་བལ་གཉིས་ཀྱི་ནང་ནད་གཞི་ཕོག་པའི་གྲངས་འབོར་དེ་ ༡༤༩༥ དང་དེའི་ཁྲོད་བོད་མི་ ༣༨ འདས་གྲོངས་སུ་ཕྱིན་པ་དེ་ལྟར་ཡང་ནད་གཞི་དེ་ལས་དྲག་སྐྱེད་སོང་བའི་གྲངས་ཐོ་དེ་ ༡༤༤༠ ཡིན་པ་དང་ད་ཆ་ནད་ཀྱིས་མནར་བཞིན་པ་དེ་ ༡༧ ཆགས་ཀྱི་ཡོད་པ་རེད།

བོད་མི་རྣམས་ཀྱིས་མང་གཙོའི་སྲོལ་བཟང་རིང་ལུགས་དོན་དང་ལྡན་པའི་ངང་ལག་བསྟར་གནང་དགོས།

དེ་རིང་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༢ འཁོར་བའི་དུས་དྲན་སྲུང་བརྩིའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་གིས་བཙན་བྱོལ་བོད་མི་རྣམས་ནས་རང་ཉིད་ལ་ཡོད་བཞིན་པའི་རྩ་ཆེན་གྱི་མང་གཙོའི་སྲོལ་བཟང་རིང་ལུགས་འདི་དོན་དང་ལྡན་པའི་ངང་ལག་བསྟར་གནང་དགོས་གལ་ཡིན་པ་དང་ལྷག་དོན་བོད་ནང་ཡང་དག་པའི་མང་གཙོའི་ལམ་སྲོལ་ཞིག་ཡོང་བར་སྨོན་འདུན་དང་འབད་བརྩོན་ཞུ་མུས་ཡིན་པ་གསུངས་སོང་། དེ་རིང་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་མདུན་ཐང་དུ་བཀའ་བློན་རྣམ་པ་གཙོས་པའི་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམས་ལྷན་འཛོམས་ཀྱིས་རྒྱ་གར་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་ཀྱིས་རྒྱ་གར་རྒྱལ་གྱི་གླུ་བླངས་ཏེ་ཉིན་མོ་དེ་སྲུང་བརྩི་ཞུས་པ་དང་སྦྲགས། སྐབས་དེར་སྲིད་ཚབ་མཆོག་གིས་དེ་རིང་གི་ཉིན་མོ་དང་བསྟུན་བོད་མིའི་སྒྲིག་འཛུགས་དང་བོད་མི་སྤྱི་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་མང་གཉིས་ལ་དགའ་བསུའི་འཚམས་འདྲི་ཞུས་པར་མ་ཟད། ད་བར་བོད་མི་རྣམས་ལ་བསམ་བརྗོད་ལས་འདས་པའི་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་རྒྱ་གར་རྒྱལ་ཁབ་འདི་ད་ཆ་མང་གཙོའི་རིང་ལུགས་ཐོག་ཕྱོགས་ཡོངས་ནས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་སྟབས་མ་འོངས་པར་འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་མིག་དཔེ་འོས་པ་ཞིག་ཏུ་འགྱུར་རྒྱུའི་ཡིད་ཆེས་ཡོད་སྐོར་གསུངས་ཡོད། བཀའ་བློན་མཆོག་གིས་བོད་མིར་མཚོན་ན་བཙན་བྱོལ་ནང་རང་ཉིད་ཀྱི་རྩ་དོན་མི་ཉམས་རྒྱུན་འཛིན་གནང་ཐུབ་པ་དེ་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ཡིན་པས་དེར་བཀའ་དྲིན་སྙིང་བཅངས་ཞུ་བཞིན་ཡོད་པ་དང་བཙན་བྱོལ་བོད་མིའི་མི་འབོར་ལ་གཞིགས་ཚེ་མི་འབོར་ཉུང་ངུ་ལས་མེད་པ་དང་དེའི་ནང་ནས་ད་ཆ་ཛ་དྲག་གི་གནས་སྟངས་འོག་བཞུགས་ཡོད་སྟབས། བོད་མི་རྣམས་ལ་ཡོད་བཞིན་པའི་རྩ་ཆེན་གྱི་མང་གཙོའི་ལམ་སྲོལ་འདིའི་རིན་ཐང་མཁྱེན་པའི་ཐོག་ལག་ལེན་མ་འཕྱུག་པ་གནང་དགོས་གལ་ཡིན་པ་དང་། དེ་དོན་དང་ལྡན་ཞིང་དང་མཚན་ཉིད་ཚང་བ་ཞིག་ཡོང་བར་ཚང་མས་འབད་བརྩོན་གནང་དགོས་ཞེས་གསུངས་སོང་། ལྷག་པར་དུ་བོད་ནང་རིམ་བཞིན་མང་གཙོའི་ལམ་སྲོལ་དེ་ཡར་རྒྱས་ཕྱིན་ནས་འཛམ་གླིང་རྒྱལ་ཁབ་གཞན་ལྟར་ཡང་དག་པའི་མང་གཙོའི་རིང་ལུགས་གཅིག་མཚུངས་ཡོང་རྒྱུར་སྨོན་འདུན་དང་དེ་ལྟར་ཡོང་བར་བཙན་བྱོལ་བོད་མི་རྣམས་ནས་མུ་མཐུད་འབད་བརྩོན་ས་མུས་བཞིན་གཞོན་རབས་ཚོས་ཀྱང་དེ་ལྟར་ཡོང་བར་སྔར་ལྷག་གནང་བར་ཡིད་ཆེས་ཡོད་སྐོར་ནན་སྐུལ་གནང་ཡོད།

གདུང་སེམས་མཉམ་བསྐྱེད་ཀྱི་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

དེ་རིང་ཟླ་ ༡ ཚེས་ ༡༩ ཉིན་རྒྱབ་ཚོུད་ ༤ ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་པ་ཁག་གཅིག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་གཙོས་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། སྲི་ཞུ་བ་ཟུང་དྲུང་ཡན་ལྷན་འཛོམས་ཀྱིས་བསྔོ་སྨོན་གསུང་འདོན་གནང་བར་མ་ཟད། དྲུང་གཞོན་མན་ནས་ལས་ཁུངས་སོ་སོའི་ནང་སྨོན་ལམ་གསུང་འདོན་གནང་སྟེ་བོད་མི་ཤུར་མོ་ལགས་ཀྱིས་གཙོས་པའི་བོད་དོན་ཆེད་དུ་རང་ལུས་མེར་བསྲེགས་གནང་མཁན་རྣམས་ལ་མྱ་ངན་གུས་བཏུད་དང་གདུང་སེམས་མཉམ་བསྐྱེད་ཀྱི་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་སོང་།སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དེ་སྔ་ཕྱི་ལོ་ ༢༠༡༥ ལོར་བོད་མི་ཤུར་མོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་སྟེ་རང་ལུས་མེར་བསྲེགས་གནང་བར་བརྟེན་ནས་འདས་གྲོངས་སུ་གྱུར་ཡོད་སྟབས། དམ་པ་དེ་ཉིད་ཀྱི་ཤུལ་ལུས་སྐུ་འཁོར་ནང་མི་ཉེ་འབྲེལ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐུགས་གསོ་གནང་སོང་།སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་གིས་ལྷག་དོན་ད་བར་བོད་དོན་ཆེད་བོད་ནང་བོད་མི་ ༡༥༥ ཙམ་གྱིས་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་བློས་བཏང་གི་མཛད་རྗེས་ལ་རྗེས་དྲན་ཞུས་པ་དང་འབྲེལ། བོད་མི་རྒྱལ་གཅེས་པ་དེ་དག་གིས་མངོན་འདོད་དང་དགོས་འདུན་སྙིང་པོ་དེ་བོད་ཀྱི་རྩ་དོན་བསྒྲུབ་རྒྱུ་དེ་ཡིན་སྟབས། ད་བར་བཙན་བྱོལ་ནང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་ལམ་སྟོན་ཉག་གཅིག་ལ་བརྟེན་ནས་བོད་བསྟན་སྲིད་ཀྱི་རྩ་དོན་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་ཐུབ་པར་མ་ཟད། རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་ལ་ཚད་མཐོའི་རྒྱབ་སྐྱོར་རག་བཞིན་པ་ལྟར། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་སྤྱི་བའི་བསོད་ནམས་རྒྱ་གང་ཆེ་གསོག་དགོས་པ་དང་༸གོང་ས་མཆོག་གིས་དུས་རྟག་ཏུ་བཀའ་སློབ་ཕེབས་དོན་བཞིན་མི་བཟང་པོ་ཞིག་དང་ལྷག་དོན་བོད་མི་བཟང་པོ་ཞིག་གནང་དགོས་གལ་ཡིན་སྐོར་གསུངས་ཡོད།ད་དུང་ཁོང་གིས་སྔར་ནས་ད་བར་གྱི་བོད་དོན་ལས་འགུལ་ཁག་ལ་ཕྱིར་གཟིགས་གནང་ཚེ་གྲུབ་འབྲས་གང་ལ་གང་འཚམ་སོན་ཡོད་པ་མཇལ་རྒྱུ་ཡོད་པ་དེ་དག་ལ་དགའ་སྒོམ་ཆོག་ཤེས་དང་། བོད་དོན་ཀྱི་འཐབ་རྩོད་དེ་ལེགས་གྲུབ་ཡོང་བར་གཙོ་བོ་ལྷ་བླའི་བཀའ་ལུང་ཕེབས་དོན་ལྟར་བོད་མི་ནང་ཁུལ་ཆིག་སྒྲིལ་གནང་གནད་ཆགས་ཡོད་པར་ཐུགས་ཚོར་ཆེན་པོས་གཞེན་སྐུལ་གནང་སོང་།བོད་མི་ཤུར་མོ་ལགས་ནི་ད་ལྟ་རང་ལོ་ ༢༦ ཙམ་ཡིན་པ་དང་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༧ ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡ ཙམ་ལ་ནག་ཆུ་རྫོང་ཤག་ཆུ་ཁ་ཟེར་བའི་གྲོང་རྡལ་དུ་སྤྱི་འཁོར་འབབ་ཚུགས་ཤིག་ཡོད་པ་དེའི་ཉེ་འཁྲིས་སུ་བོད་མི་ཤུར་མོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་པ་རེད། དེ་རྗེས་རྒྱ་གཞུང་ཉེན་རྟོག་པས་ཁོང་གི་གནད་དོན་དང་འབྲེལ་ནས་ཁོང་གི་སྤུན་མཆེད་གསུམ་འཛིན་བཟུང་བྱས་ཡོད་པ་དང་བོད་མི་གསུམ་པོ་དེ་དག་ད་བར་བཙོན་ཁང་གང་གི་ནང་དུ་ཡོད་མེད་དང་འདས་གསོན་གང་ཡིན་གྱི་གནས་སྟངས་ཇི་ཡིན་ཤེས་རྟོགས་མེད་པར་གྱུར་ཡོད།

ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གསར་པ་བརྒྱུད་ནས་རྒྱ་གར་གཞུང་གིས་སློབ་གསོ་ལེན་དགོས།

ཁ་ཉིན་རེ་གཟའ་སྤེན་པའི་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་བཞུགས་དུ་རྟེན་གཞི་བྱས་པའི་དྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པས་བོད་ཀྱི་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་ཉེ་འཆར་ཕྱི་ལོ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ Tibetan Policy and Support Act of 2020 ཞེས་ཨ་རིའི་གྲོས་ཚོགས་གོང་འོག་ནང་ཚད་མཐོའི་རྒྱབ་སྐྱོར་ཐོག་གཏན་འབེབས་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལྜ་ཊམ་མཆོག་གིས་མཚན་རྟགས་བཀོད་དེ་ཁྲིམས་སུ་བཅས་གནང་བར་དགའ་བསུའི་མཛད་སྒོ་ཞིག་ཚོགས་ཡོད།མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ཆེ་བསྟོད་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག གཞན་སྐུ་མགྲོན་དུ་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག བཀའ་བློན་རྣམ་པ། དྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ajit Nehria ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ Ajay Singh Mankotia ལགས། རྡ་ས་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ Onkar Nehria ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་ Ram Swaroop ལགས། སློབ་སྟོན་པ་སྐུ་ཞབས་ Subhash Nehria ལགས་རྣམ་པ་བཅས་ཀྱིས་གཙོས་པའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་མི་མང་བཅས་ཁྱོན་མི་གྲངས་ ༢༥༠ ཙམ་འདུ་འཛོམས་གནང་ཡོད་པ་རེད།སྐབས་དེར་ཧིན་བོད་མཛའ་འབྲེལ་ཚོགས་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ཁག་ལ་ཆེ་བསྟོད་དང་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་ཡུན་དུ་བརྟན་ཕྱིར་སྲིད་སྐྱོང་མཆོག་གི་བརྒྱུད་ནས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་མའི་སྐུ་ཞིག་འབུལ་ལམ་ཞུས་པ་དང་སྦྲགས། དྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ajit Nehria ལགས་ཀྱིས་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་གཏན་འབེབས་ཐུབ་དེ་ནི་ལོ་རྒྱུས་ཀྱི་རང་བཞིན་བྱས་རྗེས་ཤིག་ཡིན་པ་དང་། ལྷག་པར་དུ་དེ་སྔ་རྒྱ་ནག་གཞུང་གིས་༸པཎ་ཆེན་རིན་པོ་ཆེའི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་ཀྱིས་༸ཀུན་གཟིགས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་འཛིན་བཟུང་བཙན་ཁྲིད་བྱས་པའི་གནས་སྟངས་འགྲེལ་བརྗོད་གནང་བ་དང་སྦྲགས། ཐེངས་འདིའི་སྲིད་བྱུས་བརྒྱུད་རྒྱ་ནག་གཞུང་ནས་མ་འོངས་པར་༸གོང་ས་མཆོག་གིས་དབུས་པའི་བོད་མིའི་བླ་སྤྲུལ་ངོས་འཛིན་གྱི་གནད་དོན་ཐོག་ཐེ་བྱུས་བྱེད་རྒྱུའི་ཐོབ་ཐང་རྩ་བ་ནས་མེད་པ་བཟོས་ཡོད་པ་རེད་ཅེས་གསུངས་ཡོད།ཁོང་གས་ད་རེས་ཨ་རི་གཞུང་གིས་གཏན་འབེབས་གནང་བའི་སྲིད་བྱུས་འདི་ནས་རྒྱ་གར་གཞུང་གིས་སློབ་གསོ་ལེན་དགོས་པ་དང་། མ་འོངས་པར་བོད་ཀྱི་དཀའ་རྙོག་སེལ་ཐུབ་ཚེ་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་དབར་རྩོད་རྙོག་རིམ་ཁག་འབྱུང་བཞིན་པ་དེ་དག་ཀྱང་ཞི་ངེས་རེད་གསུངས་ཡོད།ལྷག་པར་དུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་ Subhash Nehria ལགས་ཀྱིས་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་འདིས་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཆེ་རུ་བཏང་བར་མ་ཟད་ད་ལྟའི་ཆར་ཞི་ཅིན་ཕིང་གིས་ཨ་རིའི་ཚོང་པ་ཁག་ཅིག་སྤྱོད་དེ་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བ་བསྐྱར་གསོ་བྱེད་བཞིན་པ་ལྟར་ནམ་ཞིག་བོད་ཀྱི་གནད་དོན་དང་འབྲེལ་ཞི་ཅིན་ཕིང་གི་ངོས་ནས་༸གོང་ས་མཆོག་ལ་འབྲེལ་བ་མ་ཞུ་ཐབས་མེད་ཀྱི་གནས་སྟངས་ཤིག་ཡོང་གི་རེད་ཅེས་བསྐྱར་ནན་གསུངས་ཡོད།  དེ་བཞིན་ཁོང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཁོར་ཡུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ཁག་ཅིག་བཅས་ལུང་འདྲེན་གནང་སྟེ་རྒྱ་གར་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེ་བསྟོད་གཟེངས་རྟགས་ Bharat Ratna འབུལ་ལམ་ཞུ་དགོས་པ་དང་། དེ་ལྟར་གནང་ཚེ་རྒྱལ་སྤྱིའི་མཚན་མཐོང་དང་ཆབ་སྲིད་ཀྱི་གནས་བབ་བཅས་ཕྱོགས་གང་ཅིའི་ཐད་ནས་ནས་རྒྱ་གར་ལ་ཁེ་ཕན་ཆེན་པོ་ཡོད་སྐོར་གསུངས་སོང་།   མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ ༢༠༢༠ ཞེས་པ་དེ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་ཆེད་འདོན་གཏན་འབེབས་གནང་ལུགས་དང་། རིམ་པས་ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་བཀོད་ནས་ཁྲིམས་སུ་བཅས་གནང་བ་སོགས་ཀྱི་རྒྱབ་ལྗོངས་ཁག་ངོ་སྤྲོད་གནང་སོང་བ་དང་ཆབས་ཅིག སྲིད་བྱུས་འདི་བརྒྱུད་རྒྱལ་སྤྱིའི་ཁྱོན་ཡོངས་ནས་བོད་དོན་ཐོག་སྔ་ལྷག་དོ་སྣང་དང་ལྷག་དོན་མ་འོངས་པར་རྒྱ་གར་གྱི་ངོས་ནས་བོད་དོན་ཐོག་སྲིད་བྱུས་འདི་ལྟ་བུ་ཞིག་གཏན་འབེབས་གནང་ཐུབ་པའི་རེ་བ་ཡོད་ཅེས་གསུངས་ཡོད།  མཛད་སྒོའི་ཐོག་ཧིན་བོད་མཛའ་འབྲེལ་ཚོགས་པས་སྐབས་དེར་ལྷན་ཞུགས་གནང་བའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པར་ཆེ་བསྟོད་ཀྱི་ཚེ་ལྷ་རྣམ་གསུམ་གྱི་ཞལ་ཐང་དང་རྒྱ་གར་གྱི་ཡུལ་སྲོལ་ལྟར་ཧི་མ་ཅཱལ་སྲོལ་རྒྱུན་ཞྭ་མོ། གོས་གཟན་སོགས་ཕྱག་རྟགས་ཕུལ་ཡོད་པ་དང་། ས་གནས་ཧི་མཱ་ཅལ་མངའ་སྡེའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་འབྲེལ་བའི་རྐང་བྲོ་གླུ་གར་སོགས་འཁྲབ་སྟོན་གནང་ཡོད། པར་ཁག Tibet.Net

Latest news