Tibetan Royal Year of 2151 | Year of the Wood Dragon

བོད།

བོད་མདོ་སྨད་རྔ་པའི་དགེ་འདུན་པ་གཉིས་ལ་ཁྲིམས་ཐག་བཅད་འདུག

བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་དགེ་འདུན་ཕུན་ཚོགས་ལགས་དང་བློ་བཟང་སྐལ་བཟང་ལགས་རྣམ་གཉིས་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ཁྲིམས་ཐག་བཅད་པའི་གནས་ཚུལ་ཤེས་རྟོགས་ཐུབ་པ་བྱུང་འདུག དེ་ཡང་འདི་ལོའི་ཕྱི་ཟླ་ ༡༠ མཇུག་ཙམ་ལ་རྔ་པ་ཀིརྟི་དགོན་པའི་གྲྭ་རང་ལོ་ ༡༨ སོན་པ་དགེ་འདུན་ཕུན་ཚོགས་ལགས་དང་རང་ལོ་ ༡༩ སོན་པའི་གྲྭ་བློ་བཟང་སྐལ་བཟང་ལགས་རྣམ་པ་གཉིས་རྒྱ་གཞུང་གིས་འཛིན་བཟུང་བྱས་རྗེས་རྔ་པ་ཁུལ་ཁོངས་ཀྱི་ལས་རྫོང་ནས་མི་འགྱང་བར་མེན་ཡང་བཙོན་ཁང་དུ་བཙོན་བཅུག་བྱས་པ་ལས། དེ་མིན་ཁྲིམས་ཐག་ཇི་ལྟར་བཅད་ཡོད་མེད་སོགས་ཀྱི་ཞིབ་ཁྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད། རྩ་བའི་གྲྭ་དགེ་འདུན་ཕུན་ལགས་ནི་འདི་ལོའི་ཟླ་ ༣ ཚེས་ ༨ ཉིན་༸གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་ལ་མཇལ་དར་སེར་པོ་ཞིག་སྒྲོན་ཏེ་མགོ་ཐོག་ཏུ་འཕྱར་ནས་’’རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་བཅུག་དགོས། བོད་ལ་རང་དབང་དང་འདྲ་མཉམ་དགོས།“ཞེས་ཞི་འབོད་གནང་བཞིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་སྟེང་གོམ་བགྲོད་གནང་སྐབས་རྒྱ་གཞུང་དྲག་ཆས་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་པ་དང་། ཉེ་ཆར་ཤེས་རྟོགས་བྱུང་བར་གཞིགས་ན། ཁོང་ལ་རྒྱ་གཞུང་གིས་ལོ་ ༤ རིང་བཙོན་བཅུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་རེད་འདུག དེ་བཞིན་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་ལགས་ནི་འདི་ལོའི་ཟླ་ ༣ ཚེས་ ༡༧ ཉིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་སྟེང་དུ་ཕྱག་གཡོན་པས་༸གོང་ས་མཆོག་གི་༸སྐུ་པར་ཞིག་མཐོན་པོར་བཏེགས་ཤིང་། ཕྱག་གཡས་པས་རླུང་རྟ་གཏོར་བཞིན་”བོད་ལ་རང་དབང་དགོས།”ཞེས་རྔ་པ་རྫོང་མཁར་གྱི་གཞུང་ལམ་ཐོག་ཏུ་ཞི་བའི་སྐད་འབོད་གནང་སྐབས་རྒྱ་གཞུང་དྲག་ཆས་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་པ་དང་། ཉེ་བའི་ཆ་ལ་ཤེས་རྟོགས་བྱུང་བར་གཞིགས་ན། ཁོང་ལ་རྒྱ་གཞུང་གིས་ལོ་ ༣ དང་ཟླ་ཕྱེད་རིང་བཙོན་བཅུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་འདུག གཞི་རྩའི་དགེ་འདུན་ཕུན་ཚོགས་ལགས་ནི་རྔ་བ་རྫོང་གཅའ་ཡུལ་ཚོའི་ཕྱུགས་ལས་འགབ་མའི་ཕ་བཀྲ་རྒྱ་དང་། མ་རིག་གོ་གཉིས་ཀྱི་བུ་ཡིན་པ་དང་། ཆུང་བྱིས་དུས་ནས་རྔ་བ་ཀིརྟི་དགོན་པར་ཆོས་ཞུགས་གནང་སྟེ། ལོ་སྔོན་མའི་ནང་སྔོན་འགྲོའི་འཛིན་གྲྭ་ཁག་མཐར་ཕྱིན་པ་བྱུང་འདུག གཞན་ཡང་གྲྭ་བློ་བཟང་སྐལ་བཟང་ལགས་ནི་ཕ་ཡུལ་གཅའ་རུ་བ་ཡུལ་ཚོའི་ཕྱུགས་ལས་འགབ་མའི་ཕ་ཚེ་རིང་དང་། མ་བདེ་ཆེན་གཉིས་ལ་བུ་དང་བུ་མོ་གསུམ་ཡོད་པ་ལས་ཁོང་གཉིས་པ་དེ་ཡིན་འདུག་ལ། ཁོང་དང་དགེ་འདུན་ཕུན་ཚོགས་ལགས་རྣམ་གཉིས་ཕ་མ་མིང་སྲིང་གི་སྤུན་ཡིན་པ་དང་། ཆུང་དུས་སྐབས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་ཞུགས་གནང་སྟེ་དེང་སྐབས་འཛིན་གྲྭ་ཁ་མདོག་གོང་མ་ནང་སླཔབ་ཞུགས་གནང་མུས་ཡིན་པ་རེད་འདུག ཡང་དེའི་བར་ན་ས་གནས་སུ་ཁ་སང་ཀིརྟི་དགོན་གྱི་གྲྭ་འབྲུག་སྒྲ་དང་བློ་བཟང་དགེ་འཕེལ་ལགས་རྣམ་གཉིས་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་པའི་གནས་ཚུལ་ཐད་ཤེས་རྟོགས་བྱུང་བར་གཞིགས་ན། ཁོང་དང་ལྷན་དུ་བོད་མི་སྐྱ་བོ་གཞན་ཁག་ཅིག་ཀྱང་འཛིན་བཟུང་བྱས་ཡོད་པའི་ཚོད་དཔག་གནང་བཞིན་འདུག འོན་ཀྱང་ད་ལྟའི་ཆར་ས་གནས་ལ་དམ་དྲག་ཆེ་སྟབས། ཁོང་རྣམ་པའི་མཚན་དང་སྡེ་པ་བཅས་གང་ཡིན་བཅས་ཞིབ་ཁྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད་འདུག ས་གནས་སུ་འདི་ལོ་ཟླ་ ༩ ནས་བཟུང་བོད་མི་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གྱི་ལས་འགུལ་སྣ་མང་ཞིག་སྤེལ་བར་བརྟེན་དམ་དྲག་དང་ཉེན་རྟོག་མི་སྣའི་གྲངས་འབོར་མང་དུ་བཏང་པ་དང་ལྟ་སྲུང་ནན་པོ་བྱས་དང་བྱེད་མུས་ཡིན་པ་རེད།

རྔ་པ་ཀིརྟི་དགོན་པའི་ཆབ་སྲིད་བཙོན་ཟུར་དགེ་འདུན་པ་གཉིས་རྒྱ་གཞུང་གིས་སླར་ཡང་འཛིན་བཟུང་བྱས་འདུག

བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་དགེ་འཕེལ་ལགས་དང་འབྲུག་སྒྲ་ལགས་རྣམ་གཉིས་རྒྱ་གཞུང་གིས་སླུར་ཡང་འཛིན་བཟུང་བཙན་ཁྲིད་བྱས་རྗེས་གནས་སྟངས་ཇི་ཆགས་སྐོར་ཤེས་རྟོགས་མེད་པ་འགྱུར་འདུག དེ་ཡང་ཟླ་བ་སྔོན་མའི་ཚེས་  ༣༠ ཡས་མས་ཀྱི་མཚན་མོ་ཞིག་ལ་རྒྱ་གཞུང་གིས་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་ཆབ་སྲིད་བཙོན་ཟུར་དགེ་འདུན་པ་རང་ལོ་ ར༨ སོན་པ་བློ་བཟང་དགེ་འཕེལ་ལགས་དང་རང་ལོ་ ༤༩ སོན་པ་འབྲུག་སྒྲ་ལགས་རྣམ་གཉིས་རྒྱ་གཞུང་སྤྱི་བདེ་ཉེན་རྟོག་པས་ཆབ་སྲིད་དོགས་གཞིའི་འོག་འཛིན་བཟུང་བཙན་ཁྲིད་བྱས་སྟབས། རྒྱ་གཞུང་གིས་ཁོང་རྣམ་གཉིས་འཛིནབཟུང་བྱེད་དགོས་དོན་གང་ཡིན་དང་། ད་ལྟའི་ཆར་ཁོང་གཉིས་པོ་རྔ་པ་རྫོང་གི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་ཚུལ་ཙམ་ལས་དེ་མིན་གྱི་ཞིབ་ཁྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད། གཞི་རྩའི་དགེ་འདུན་པ་དགེ་འཕེལ་ལགས་ནི་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཕ་ཨུ་རྒྱན་ཚེ་རིང་དང་མ་ལྷ་མོ་སྐྱིད་གཉིས་ཀྱི་བུ་ཡིན་ཞིང་། ཁོང་ལ་སྤུན་མཆེད་དགུ་ཡོད་པ་ལས་ཁོང་ནི་ཆེ་ཤོས་ཡིན་འདུག་ལ། ཆུང་དུས་སྐབས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་ཞུགས་གནང་སྟེ་དེང་སྐབས་སྨན་པ་གྲྭ་ཚང་གི་གཉེར་པའི་ཕྱག་ལས་གནང་མུས་ཡིན་པ་མ་ཟད། རྣམ་ཀུན་དགོན་པའི་ནང་སྤྱི་ཚོགས་ཞབས་ཞུ་གནང་མཁན་ཞིག་ཀྱང་ཡིན་འདུག དེ་བཞིན་རྔ་པ་ཀིརྟི་དགོན་པའི་གྲྭ་འབྲུག་སྒྲ་ལགས་ནི་རྔ་པ་སོ་རུ་མ་ནས་ཡིན་ཞིང་། ཀིརྟི་དགོན་པའི་ནང་གི་གྲྭ་པ་རྒན་གྲས་ཤིག་ཡིན་པ་དང་དགོན་པའི་ནང་གི་སློབ་གཉེར་རྣམས་གང་ཙམ་ཐོན་ཟིན་ཡོད་པ་མ་ཟད། དུས་རྒྱུན་དུ་ཡ་རབས་ཚུལ་ལྡན་དང་དགོན་པའི་ནང་དང་བླངས་ཐོག་སྤྱི་ཚོགས་ཞབས་ཞུ་གནང་མཁན་ཞིག་ཀྱང་ཡིན་པ་རེད་འདུག རྩ་བའི་གྲྭ་བློ་བཟང་དགེ་འཕེལ་ལགས་ནི་དེ་སྔོན་ཕྱི་ལོ་ ༢༠༡༡ ཟླ་ ༥ ནང་རང་བསྲེགས་གནང་མཁན་རྒྱལ་གཅེས་པ་གྲྭ་བློ་བཟང་ཕུན་ཚོགས་ལགས་དམ་པ་དེ་ཉིད་དང་འབྲེལ་ཡོད་ཚུལ་བསྙད་ནས་འཛིན་བཟུང་གིས་ཡུན་རིང་བཀག་ཉར་བྱས་པ་དང། མཐར་ལོ་གསུམ་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཏེ་ ༢༠༡༣ ལོའི་ལོ་མཇུག་ཏུ་ཟླ་ཤས་སྔ་སྣུར་གྱིས་བཙོན་གྲོལ་བྱས་པའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་པ་རེད། དེ་མཚུངས་གྲྭ་འབྲུག་སྒྲ་ལགས་ཀྱང་དེ་སྔོན་ས་བྱི་ཞི་རྒོལ་ཆེན་མོ་ ༢༠༠༨ ལོར་འཛིན་བཟུང་གིས་ལོ་གཅིག་དང་ཟླ་བ་བཞིའི་རིང་ཁྲིམས་ཐག་བཅད་པའི་ཆབ་སྲིད་བཙོན་ཟུར་ཞིག་ཀྱང་ཡིན་པ་རེད།

སྟོད་དིང་རི་ནང་རྒྱ་ནག་གི་རྒྱལ་དར་བསྒྲེང་འཛུགས་བྱེད་ཀྱི་མེད་པ།

  བོད་ཀྱི་སྟོད་ཕྱོགས་དིང་རི་ནང་བོད་མི་ཚོས་རང་ཁྱིམ་ཡང་སྟེང་དུ་རྒྱ་གཞུང་གི་སྐར་ལྔ་ཅན་གྱི་དར་དམར་བསྒྲེང་འཛུགས་བྱེད་ཀྱི་མེད་པ་རེད་འདུག  དེ་ཡང་བོད་ཀྱི་སྟོད་ཕྱོགས་དིང་རི་ནས་ཡིན་ཞིང་ད་ཆ་བཙན་བྱོལ་དུ་ཕེབས་པའི་བོད་མི་ཞིག་ནས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་སྟོད་ཕྱོགས་དིང་རི་ནང་གི་གནས་སྟངས་ཇི་ཡོད་ཐད་ངོ་སྤྲོད་ཀྱི་ལམ་ནས་འགྲེལ་བརྗོད་གནང་ཡོད་པ་རེད།  ཁོང་གི་གསུངས་དོན་ལ། བོད་ཀྱི་སྟོད་ཕྱོགས་དིང་རིའི་ནང་བོད་མི་ཚོས་དང་བླངས་ཀྱིས་རྒྱ་ནག་གི་སྐར་ལྔའི་དར་དམར་བསྒྲེང་འཛུགས་བྱེད་ཀྱི་མེད་པ་དང་།   ཅི་སྟེ་རྒྱ་གཞུང་གིས་བཙན་བཀའ་ཕབས་ཏེ་བསྒྲེང་འཛུགས་བྱ་དགོས་པ་བཤད་ཚེ་ཉིན་གཅིག་ཙམ་རིང་སྒྲེངས་འཛུགས་གནང་པ་ལས།  ཕྱི་ཉིན་མར་ཕབ་ཀྱི་ཡོད་པ་རེད་འདུག ལྷག་དོན་ཁུལ་དེའི་བོད་མི་ཚོས་རྒྱུན་དུ་ཕན་ཚུལ་བཀའ་མོལ་གནང་སྐབས་བོད་སྐད་ཁོ་ན་སྤྱོད་པ་ལས་དེ་མིན་རྒྱ་སྐད་སྤྱོད་ཀྱི་མེད་སྐོར་གསུངས་ཀྱི་འདུག ཁོང་གིས་མུ་མཐུད་གསུངས་པར་རྒྱ་ནག་གཞུང་གིས་བོད་ནང་སྔར་ལྷག་འཛུགས་སྐྲུན་ཡར་རྒྱས་ཤུགས་ཆེ་བཏང་ཡོད་སྐོར་རྒྱུན་དུ་བརྗོད་བཞིན་ཡོད་ཀྱང་།  གཙོ་བོ་ཕྱི་ལ་མཐོང་རྒྱུ་ཡོད་པའི་གཞུང་ལམ་ཁག་འཛུགས་སྐྲུན་བྱས་པ་ཙམ་ལས་དོན་དངོས་ཐོག་གྲོང་ཚོའི་ནང་ལ་ཡར་རྒྱས་གང་ཡང་གཏང་མེད་པ་མ་ཟད། རྒྱ་གཞུང་གིས་སྟོད་ཕྱོགས་སུ་མ་དངུལ་བཏང་བ་ཚང་མ་རྒྱ་མི་རིགས་ཁོ་ནའི་ཁེ་ཕན་སླད་ཡིན་པ་མ་གཏོགས་ས་གནས་བོད་མི་ཚོའི་དགོས་མཁོ་ལ་དམིགས་པ་དང་དགེ་མཚན་གང་ཡང་མེད་པར་འགྲེལ་བརྗོད་གནང་གི་འདུག དེ་དང་ཕྱོགས་མཚུངས་ས་གནས་བོད་རིགས་ཚོས་བོད་ནང་སྐུ་ལུས་མེར་སྲེག་གནང་པའི་དོན་གནད་ཐོག་གླེང་སློང་གནང་པ་ཙམ་མིན་པར་དེ་དག་གི་རྒྱབ་ལྗོངས་སོགས་ཀྱི་ཐད་གོ་རྟོགས་ཡོད་པ། དེ་བཞིན་ཞུགས་འབུལ་གནང་རྒྱུའི་ཐབས་ལམ་དེ་ནི་འཚེ་བ་མེད་པའི་ཐབས་ལམ་ཞིག་ཡིན་པ་མ་ཟད། ཐབས་ལམ་དེ་བརྒྱུད་ནས་བོད་ཀྱི་རང་དབང་རྩོད་ལེན་གནང་གི་ཡོད་སྐོར་གོ་རྟོགས་ཡོད་པ་བཅས་གསུངས་འདུག

བོད་དཀར་མཛེས་རྫོང་ཐོག་ཏུ་བོད་མི་ཞི་རྒོལ་བ་ཞིག་འཛིན་བཟུང་བྱས་འདུག

བོད་མི་ཞིག་གིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་’’༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས་”ཞེས་མཁའ་དབྱིངས་སུ་རླུང་རྟ་གཏོར་བཞིན་རྒྱ་གཞུང་ལ་ཞི་རྒོལ་གྱི་སྐད་འབོད་ཤུགས་ཆེ་བྱས་སྟབས། རྒྱ་གཞུང་ཉེན་རྟོག་མི་སྣས་ཁོང་འཛིན་བཟུང་བྱས་འདུག  ཁ་ཉིན་ཕྱི་ཚེས་ ༢༨ ཉིན་བོད་ཁམས་ཏྲེ་ཧོར་དཀར་མཛེས་རྫོང་ཛ་ཁོག་ར་མདའ་ནས་ཡིན་པ་བོད་མི་བྱམས་པ་སངས་རྒྱས་ལགས་ཀྱིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་’’༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས་”ཞེས་མཁའ་དབྱིངས་སུ་རླུང་རྟ་གཏོར་བཞིན་རྒྱ་གཞུང་ལ་ཞི་རྒོལ་གྱི་སྐད་འབོད་ཤུགས་ཆེ་བྱས་ཡོད་པ་རེད།  ས་གནས་རྒྱ་གཞུང་དྲག་ཆས་ཉེན་རྟོག་མི་སྣས་ཁོང་གིས་ཞི་འབོད་གནང་མ་ཐག་འཛིན་བཟུང་གིས་བཙན་ཁྲིད་འོག་བཀག་ཉར་བྱས་འདུག་པ་དང།  ད་ལྟའི་ཆར་ནང་མི་གཙོས་པའི་གཉེན་ཉེ་ཚོས་ཁོང་བཙོན་ཁང་གང་དུ་བཙོན་འཇུག་བྱས་ཡོད་མེད་དང་།  དེ་བཞིན་གནས་སྟངས་ཇི་ཆགས་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད།  བརྒྱུད་ལམ་ཁག་ལས་ཁོང་དང་འབྲེལ་བའི་གནས་ཚུལ་ཐོན་པར་གཞིགས་ན། ཁོང་ནི་ཁམས་དཀར་མཛེས་ད་རྡོ་ས་ཁུལ་རབ་དཀར་སྡེ་པའི་ཕ་བློ་དགའ་དང་། མ་པོ་ཆག་གཉིས་ཀྱི་བུ་ཡིན་ཚུལ་སྤེལ་བཞིན་ཡོད་ཀྱང་། ས་གནས་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་འགྲེལ་བརྗོད་གནང་པར་གཞིགས་ན། བྱམས་པ་སངས་རྒྱས་ལགས་ཀྱི་ཕ་ཡུལ་ངོ་མ་ནི་དཀར་མཛེས་ཛ་ཁོག་ར་མདའ་ཞེས་པ་ནས་ཡིན་ཞིང་། ཁོང་ད་རྡོ་རབ་དཀར་སྡེ་བར་མག་པར་ཡོང་བ་ཞིག་ཡིན་པ་དང།  ཁོང་གི་ཁྱིམ་དུ་བཟའ་ཟླ་དང།  བཟའ་ཟླའི་ཨ་མ། དེ་བཞིན་དང་ཕྲུ་གུ་ཆུང་ཆུང་གཅིག་བཅས་ཁྱོན་ནང་མི་གསུམ་ཡོད་སྐོར་འགྲེལ་བརྗོད་གནང་སོང། རྩ་བའི་ཕྱི་ཚེས་ ༢༨ ཉིན་དཀར་མཛེས་རྫོང་ཐོག་ཏུ་རྒྱ་གཞུང་ལ་ཞི་རྒོལ་གྱི་སྐད་འབོད་གནང་པའི་གནས་ཚུལ་ཐོན་རྗེས་ས་གནས་སུ་རྒྱ་གཞུང་དྲག་ཆས་ཉེན་རྟོག་པ་སྔར་ཡོད་ཐོག་འཕར་སྣོན་བྱས་ཏེ་ས་གནས་བོད་མི་ཚོའི་འགྲོ་སྡོད་སྤྱོད་གསུམ་ལ་དམ་དྲག་སྔར་ལྷག་བྱས་དང་བྱེད་མུས་ཡིན་པ་རེད་འདུག

བོད་ཁམས་ནང་ཆེན་ཁུལ་གྱི་དགོན་སྡེ་ཁག་གི་ནང་དུ་རྒྱ་གཞུང་གིས་ཁ་བྲལ་ལ་གདོང་ལེན་གྱི་ཆབ་སྲིད་སློབ་གསོའི་ལས་འགུལ་སྤེལ་བཞིན་འདུག

བོད་ཁམས་ནང་ཆེན་ཁུལ་གྱི་དགོན་སྡེ་ཁག་གི་ནང་དུ་རྒྱ་ནག་གཞུང་གིས་བཅའ་སྡོད་རུ་ཁག་ཆེད་གཏོང་གིས་ཁ་བྲལ་ལ་གདོང་ལེན་བྱ་ཐབས་ཀྱི་ཆབ་སྲིད་སློབ་གསོའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་རེད་འདུག   དེ་ཡང་དེ་རིང་ Global Times ཞེས་པའི་རྒྱ་ནག་གི་བརྒྱུད་ལམ་ཐོག་ཏུ་སྤེལ་བའི་གནས་ཚུལ་ལ་གཞིགས་ན།  རྒྱ་ནག་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་བོད་ཁམས་ནང་ཆེན་རྫོང་ནང་དུ་གཞུང་གིས་མི་སྣ་ཆེད་གཏོང་གིས་ཕྱི་ཕྱོགས་ནས་བརྒྱུད་སྐུལ་ཤུགས་ཆེ་ཡོད་པའི་ཁ་བྲལ་གྱི་བྱ་སྤྱོད་ལ་གདོང་ལེན་བྱ་ཐབས་ཀྱི་སློབ་གསོའི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པ་དང། དེའི་ཆེད་དུ་རྫོང་སྲིད་གཞུང་ནས་དགོན་སྡེ་ཁག་གི་ནང་དུ་བཞག་རྒྱུའི་བཅའ་སྡོད་ལས་བྱེད་བསྡུ་རུབ་བྱེད་ཡོད་པ་འཁོད་ཡོད་པ་རེད།  རྩ་བའི་ནང་ཆེན་རྫོང་ནང་བཅའ་སྡོད་མི་འབོར་བརྒྱ་ཆ་ ༩༧ བོད་རིགས་ཡིན་པ་དང་ཁུལ་དེར་དགོན་སྡེ་ཁག་ཆེ་ཆུང་མི་འདྲ་བ་ ༡༠༣ ཡོད་པ་བཅས་འཁོད་འདུག རྒྱ་གཞུང་གིས་སྤེལ་བའི་གནས་ཚུལ་དེའི་བརྒྱུད་ནང་ཆེན་རྫོང་གི་ས་གནས་དམར་ཤོག་ཚོགས་པའི་ཐབས་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་ངེས་སྟོན་པ་གཞོན་པ་ Jiang Shuwei ཟེར་བ་དེས། ད་ལན་ནང་ཆེན་རྫོང་སྲིད་གཞུང་ནས་ས་གནས་སྲིད་གཞུང་དང་གཞན་ཚོགས་པ་ཁག་ནས་བོད་སྐད་ཤེས་མཁན་ལས་བྱེད་པ་ ༡༣ བསྡུ་རུབ་བྱེད་རྒྱུ་ཡིན་པ་དང། དེའང་དགོན་སྡེ་ཁག་གི་རང་དབང་ཅན་གྱི་འཛིན་སྐྱོང་ལས་དོན་ལེགས་གྲུབ་ཆེད་ཕྱི་ལོ་ ༢༠༡༣ ལོ་ནས་མགོ་བཙུགས་བྱས་པ་ཞིག་དང། འདི་ལོ་ཡང་ལས་བྱེད་ ༧༨ གསར་དུ་བསྐོ་བཞག་བྱ་རྒྱུའི་ཁོངས་ནས་ལས་དོན་ཡག་པོ་བསྒྲུབ་མ་ཐུབ་མཁན་དང་རྒས་ཡོལ་ཕྱིན་པའི་ལས་བྱེད་༡༣ དེ་དག་གི་ས་མིག་ཁ་སྐོང་བྱེད་རྒྱུའི་ཆེད་དུ་ཡིན་སྐོར་དང། དགོན་པའི་གྲྭ་བཙུན་རྣམས་རྒྱ་སྐད་མི་ཤེས་པའི་རྐྱེན་གྱི་ས་གནས་སྲིད་གཞུང་གི་ལས་ཁུངས་བར་རྒྱང་ཐག་རིང་པོ་བསྐྱོད་དགོས་པའི་ངལ་བ་ཡོད་པ་མ་ཟད། གྲྭ་བཙུན་རྣམས་ཀྱི་དགོས་མཁོ་སྟབས་བདེ་ཐོག་བསྒྲུབ་ཐུབ་པའི་དགེ་མཚན་ཡོད་སྐོར་བརྗོད་འདུག  དེ་བཞིན་ནང་ཆེན་རྫོང་གི་དྲིལ་བསྒྲགས་སྡེ་ཚན་གྱི་ངེས་སྟོན་པ་རྡོ་རྗེ་ཟེར་བས་སློབ་གསོའི་ལས་འགུལ་དེའི་བརྒྱུད་དགེ་འདུན་པ་རྣམས་ལ་ལྟ་བ་དང་བཟང་སྤྱོད།  དེ་བཞིན་ཁྲིམས་ཀྱི་གོ་རྟོགས་སྤེལ་རྒྱུ་ཡིན་པ་མ་ཟད། དགེ་འདུན་པ་རྣམས་ནས་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་ནང་མཉམ་ཞུགས་མི་གནང་བའི་ཕན་ཐོགས་ཡོང་ཐབས་ཡིནཔ་བཤད་འདུག དེ་བས་ཀྱང་ནང་ཆེན་དགོན་སྡེ་ཁག་ཏུ་གཏང་རྒྱུའི་གཞུང་གི་བཅའ་སྡོད་ལས་བྱེད་དེ་དག་གིས་དགོན་པའི་ནང་ཆུ་དང་གློག འཕྲོད་བསྟེན་ལ་སོགས་པའི་མཐུན་རྐྱེན་སྦྱོར་སྤྱོད་ཀྱི་ཞབས་ཞུ་བསྒྲུབ་རྒྱུ་མ་ཟད།  དགེ་འདུན་པ་ཚོར་རྒྱ་གཞུང་གི་སྲིད་བྱུས་གསར་པ་ཁག་ངོ་སྤྲོད་དང།  ཐ་ན་དགོན་པ་སྤྱིའི་འཛིན་སྐྱོང་ལས་དོན་ལའང་ཞབས་ཞུ་བསྒྲུབ་རྒྱུ་ཡིན་སྐོར་བརྗོད་འདུག འདི་ག་རླུང་འཕྲིན་ཁང་གིས་གནད་དོན་དེ་འབྲེལ་སྐོར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངེས་སྟོན་པ་ཚེ་རིང་མཚོ་མོ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ད་ལན་རྒྱ་གཞུང་གིས་སྤེལ་བའི་གནས་ཚུལ་དེས་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཙམ་མ་ཟད་བོད་ཀྱི་ས་ཁུལ་གཞན་ཁག་གི་ནང་དུའང་ཆོས་ཕྱོགས་ཀྱི་བྱེད་སྒོ་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པའི་རྣམ་པ་མངོན་གསལ་བྱུང་ཡོད་པ་གསུངས་སོང་།  ་དུང་ཁོང་གིས་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བའི་རྗེས་ནས་བཟུང་རྒྱ་ནག་གཞུང་ནས་བོད་མི་ཐོག་འགྲོ་བ་མིའི་ཐོབ་ཐང་དང་།  ལྷག་པར་དུ་ཆོས་དད་རང་དབང་ལ་དམ་དྲག་བྱས་པ་གཙོས་སྲིད་བྱུས་གསར་པ་མང་དག་ཞིག་ལག་བསྟར་བྱེད་པའི་ཁྲོད། ཁམས་ནང་ཆེན་ནང་རྟེན་གཞི་བྱས་པའི་ཉ་མཚོ་ཟིལ་དཀར་དགོན་པའི་ཤེས་ཡོན་ཅན་གྱི་དགེ་འདུན་པ་མང་དག་ཞིག་འཛིན་བཟུང་གིས་ལོ་མང་བཙོན་འཇུག་གི་ཁྲིམས་ཐག་མྱོང་བཞིན་ཡོད་པ་དང། རྒྱ་གཞུང་གིས་ངེས་པར་དུ་དགོས་པ་དགུ་ལ་སོགས་པའི་སྲིད་བྱུས་ལག་བསྟར་བརྒྱུད། བོད་མིའི་ཆོས་དད་རང་དབང་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་སྐོར་གསུངས་ཀྱི་འདུག

རྒྱ་གཞུང་གི་བོད་ཀྱི་ས་མཚམས་ཁག་ཏུ་འཕྲུལ་ཆས་གསར་སྤྱོད་ཀྱིས་དྲག་གནོན་ཤུགས་ཆེ་རུ་བཏང་ཡོད་པ་རེད་འདུག

དེ་ཡང་ཟླ་བ་འདིའི་ཚེས་ ༦ ཉིན་ChinaDaily རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གི་བོད་དང་ཤིན་ཅང་། ཡུ་ནན་བཅས་ས་མཚམས་ས་ཁུལ་དུ་ UnmannedAircraft འམ་ Drone ཞེས་མི་མི་དགོས་པའི་གནམ་གྲུ་སོགས་ཚད་མཐོའི་འཕྲུལ་ཆས་གསར་པ་མང་དག་ཞིག་སྤྱོད་མགོ་བཙུགས་ཡོད་པ་རེད་འདུག འཕྲུལ་ཆས་དེ་དག་རྒྱ་ནག་དམར་ཤོག་ཚོགས་པའི་དམག་གི་གོ་མཚོན་བཟོ་གྲྭའི་ཡན་ལག་སྡེ་ཚན། རྒྱ་ནག་ལྷོ་ནུབ་འཕྲུལ་རིག་དང་དངོས་ཁམས་རིག་པའི་བསྟི་གནས་ཁང་ནས་བཟོ་བཞིན་ཡོད་པ་ལྟར། བསྟི་གནས་ཁང་དེའི་མགྲིན་ཚབ་པ་ Mao Weichen ཟེར་བ་དེའི་རྒྱ་ནག་བརྒྱུད་ལམ་ནང་འགྲེལ་བརྗོད་གནང་དོན་ལ། འཕྲུལ་ཆས་དེ་དག་གིས་མི་མི་དགོས་པར་ཉིན་མཚན་དང་གནམ་གཤིས་ལྟོས་མེད་དུས་རྟག་ཏུ་ལྟ་སྲུང་བྱེད་ཐུབ་ཀྱི་ཡོད་པ་མ་ཟད། དེའི་ནང་སྒྲ་དཔྱད་རིག་པའི་གོ་མཚོན་ཡོད་པ་དང། དེས་སྒྲའི་ཐོག་ནས་མི་ལ་ན་ཟུག་དང་ཀླད་པར་གནོད་སྐྱོན་བཟོ་ཐུབ་པ། ཐ་ན་མི་བསད་ཐུབ་པའི་ནུས་པ་ཡོད་སྐོར་བརྗོད་འདུག ཁ་ཉིན་ཕྱི་ཚེས་ ༡༠ ཉིན་ Epoch Times ཞེས་པའི་བརྒྱུད་ལམ་ཐོག་དེའི་སྐོར་གནས་ཚུལ་ཞིག་སྤེལ་བའི་ནང་འཁོད་དོན་ལ། ད་ལྟའི་ཆར་རྒྱལ་ཁབ་མང་ཆེ་བའི་ནང་དུ་ཕྱི་མི་ནང་དུ་བསྐྱོད་པར་བཀག་སྡོམ་བྱེད་ཐབས་སུ་སྤྱོད་བཞིན་པའི་ཡོད་པ་དང་། རྒྱ་ནག་གཞུང་གིས་སོ་སོའི་མི་ཕྱི་ལ་མི་བཏང་བའི་ཐབས་ཤེས་སུ་སྤྱོད་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་ཀྱང་གནང་འདུག རྒྱ་གཞུང་གིས་ཐབས་བྱུས་དེ་ས་མཚམས་ཁག་ཏུ་ཉེས་ཐག་ཚོང་འགྲེམ་དང་ཁྲིམས་འགལ་ཐོག་ས་མཚམས་བརྒལ་མཁན་འཇུ་བཟུང་བྱེད་རྒྱུའི་ཆེད་དུ་ཡིན་ཟེར་ཞིང་ཡོད་ཀྱང་། དེ་དག་བོད་དང་ཤིན་ཅང་ལྟ་བུའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ནང་དུ་མི་སྣ་འཇུ་བཟུང་དང་ལྟ་སྲུང་བྱ་རྒྱུ་སོགས་མཚོན་མང་ཚོགས་ཐོག་དམ་དྲག་ཤུགས་ཆེ་རུ་བཏང་བར་སྤྱོད་ཀྱི་ཡོད་པར་འགྲེལ་བརྗོད་གནང་འདུག དབྱིན་ཡུལ་ནང་དུ་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གསར་འགོད་འབྲེལ་མཐུད་པ་སྐུ་ཞབས་ Alister Currie ལགས་ཀྱིས་ཀྱང་བོད་ནང་རྒྱ་གཞུང་གིས་སྡུག་རྩུབ་འོག་ནས་མཐར་འདོད་ཡོད་པའི་བོད་མི་རྣམས་ལ་སྔོན་མ་ན་ཁག་པོ་ཡོད་བཞིན་པའི་ཐོག་ལ་ད་ཆ་ཚད་མཐོའི་འཕྲུལ་ཆས་གསར་པ་མང་དག་ཞིག་སྤྱོད་མགོ་བཙུགས་པ་དེ་བས་ཀྱང་བྲོས་བྱོལ་དུ་ཡོང་དཀའ་བའི་གནས་སྟངས་ཤིག་ཆགས་ཡོད་པ་གསུངས་འདུག དེ་སྔོན་ཡིན་ན་བོད་མི་སྟོང་ཕྲག་བརྒལ་བ་བྲོས་བྱོལ་དུ་ཡོང་ཐུབ་ཀྱི་པ་དང་དེང་ཆར་བོད་ནས་བྲོས་བྱོལ་དུ་ཡོང་མཁན་སྔར་ལྷག་ཉུང་དུ་འགྲོ་བཞིན་པ་མ་ཟད། ལྷག་དོན་འཕྲུལ་རིགས་དེས་བོད་མི་ཚོར་དམ་གནོན་བྱ་ཐབས་བདེ་རུ་ཕྱིན་པ་དང་རྒྱ་གཞུང་ནས་དེ་བས་ཀྱང་དྲག་གནོན་བྱ་ཐབས་མཁས་རུ་ཕྱི་ཡོད་སྐོར་སོགས་གསུངས་འདུག  

རྒྱ་གཞུང་གིས་བྱ་མདའ་དགེ་ལྡན་མཁའ་སྤྱོད་གླིང་གི་བཙུན་མ་ ༡༠༦ ཕྱིར་ཕུད་བཏང་པ།

རྒྱ་གཞུང་གིས་བྱ་མདའ་དགེ་ལྡན་མཁའ་སྤྱོད་གླིང་གི་བཙུན་མ་ ༡༠༦ དགོན་པ་ནས་ཕྱིར་ཕུད་བཏང་པ་མ་ཟད་བཙུན་མ་ཚོའི་ཤག་མང་དག་ཞིག་གཏོར་བཤིག་བཏང་སྟབས། ད་ཆ་བཙུན་པ་ཚོ་བཞུགས་གནས་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད་འདུག  དེ་ཡང་རྒྱ་གཞུང་གིས་བོད་ནག་ཆུ་ས་ཁུལ་འབྲི་རུ་རྫོང་གི་འགོ་ཁྲིད་བྲེང་འགང་ཧྲུའུ་ཅི་འམ་སངས་རྒྱས་བཀྲ་ཤིས་ཕ་ཡུལ་ཆབ་མདོ་བྲག་གཡབ་ཡིན་ཞིང་ཆོས་ལུགས་དོལ་རྒྱལ་གྱི་རྗེས་འབྲངས་པ་དེས་ཆབ་སྲིད་ཁ་གཡར་ནས་འབྲི་རུ་རྫོང་གི་མངའ་འོག་ཏུ་དཔོན་ངན་མ་རྩ་རིང་ལུགས་ཀྱི་ཆབ་སྲིད་གསར་བཟོ་བྱས་ནས་ཡུལ་དེའི་ས་ཁུག་དང་ལུང་ཁུག་ཁག་ལ་ཁྲིམས་ངན་གསར་བཟོ་བྱེད་ནས་བཀས་བཀོད་བརྒྱུད་འཛིན་ཞིང་བྲན་གི་ལམ་ལུགས་མངོན་སུམ་ལག་བསྟར་བྱས་ནས། འདི་ལོ་ ༢༠༡༥ ལོའི་བོད་ཟླ་ ༨ པའི་ཚེས་ ༡༤ དང་ ༡༥ དང་ ༡༧ བཅས་སུ་འབྲི་རུ་རྫོང་ཁོངས་སུ་གཏོགས་པའི་བྱ་མདའ་དགེ་ལྡན་མཁའ་སྤྱོད་གླིང་གི་བཙུན་མ་ ༡༠༦ གནས་དབུངས་བཏང་པ་དང་ཆབས་ཅིག  སྤེན་པ་རྫོང་དང་སོག་རྫོང་། འབྲི་རུ་རྫོང་བཅས་སུ་ཡོད་པའི་གྲོང་ཚོ་ཁག་གི་འགོ་ཁྲིད་བརྒྱུད་རང་ཁྱིམ་དུ་རྩིས་སྤྲོད་བྱས་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་རོགས་རམ་འོག་བཙུན་ཤག་གསར་རྒྱག་བྱ་རྒྱུ་ཡིན་སྐོར་བསྙད་དེ།  དགོན་པའི་སྒྲིག་ཁོངས་སུ་ཡོད་པའི་བཙུན་མ་རྣམས་ཀྱི་བཙུན་རྣམས་ཀྱི་བཙུན་ཤག་མང་དག་ཞིག་གཏོར་བཤིག་བཏང་པ་མ་ཟད། ད་ཆ་བཙུན་པ་ཚོ་བཞུགས་གནས་མེད་པར་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་པས་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག  ད་དུང་རྒྱ་གཞུང་གིས་བཙུན་མ་ ༡༠༦ དེ་དག་ལས་ལྷག་མ་བཙུན་མ་ ༦༥ དགོན་པའི་སྒྲིག་ཁོངས་སུ་ཡོད་པ་ལས་ཁ་ཤས་བཟོད་པར་དཀའ་བའི་ངལ་བར་བརྟེན་ནས་སེམས་སྡུག་གིས་སྙིང་ནད་ཕོག་སྟེ་འདས་གྲོངས་སུ་གྱུར་པ། ལ་ལ་སྐྱ་སར་བབས་པའི་གནས་ཚུལ་ཡང་བྱུང་བ་དང། དེ་བཞིན་ལོ་ན་ལྔ་བཅུ་ཡན་རྒས་པ་རྣམས་ལ་རྒན་གསོ་ཁང་བཅུག་དགོས་ཟེར་ནས་ཁང་པ་གསར་བརྒྱག་བྱེད་རྒྱུ་ཡིན་པ། དེ་མིན་སྒྲིག་ཁོངས་ན་མེད་པའི་བཙུན་མ་ཚོར་སློབ་གྲྭ་འཛུགས་རྒྱུ་ཡིན་ལུགས་སོགས་བསྙད་ནས་གཡོ་ཐབས་བྱས་པ་སོགས་ཀྱི་གནས་སྟངས་ཆགས་ཡོད་འདུག   གཞན་ཡང་དགོན་པའི་དཔལ་འབྱོར་བདག་པོ་བརྒྱག་མཁན་ཡིན་ཟེར་ནས་བཙུན་མ་ ༢༥  དགོན་གཡོག་ཚུལ་དུ་བཞག་འདུག   དེ་ནས་ཚེས་ ༡༨ ནས་ ༢༠ བཅས་སུ་དགོན་པའི་ལྷ་སྐུ་གསུང་རབ་རྣམས་དང་དཔལ་འབྱོར། དངོས་པོ། དེ་བཞིན་བཙུན་ཤག་གཏོང་བའི་ཤིང་སྣ་རིགས་དགོན་པ་དང་ས་གནས་བོད་རིགས་ཚོར་མ་སྤྲད་པར་རྒྱ་གཞུང་རང་གི་ལས་ཁུངས་ཁག་ལ་བགོད་འགྲེམས་ཀྱིས་གསོ་འཇོག་བྱེད་མུས་ཡིན་པས་བཙུན་དགོན་ལ་དཀའ་སྡུག་མི་སྤྱོད་ལས་འདས་པ་མྱོང་བཞིན་ཡོད་པའི་གནས་སྟངས་ཤིག་འོག་གནས་ཡོད་པ་རེད་འདུགརྩ་བའི་དེ་སྔོན་བཙུན་དགོན་དེའི་ནང་ཁྱོན་བཙུན་མ་ ༢༠༠ ལྷག་སློབ་གཉེར་གནང་གི་ཡོད་པ་དང། རྗེས་སུ་རྒྱ་གཞུང་གིས་དགོན་པར་བཙུན་མ་མང་དྲག་པར་བསྙད་ནས་བཙུན་མ་ཁྲོད་རང་ལོ་ ༤༠ ནས་ ༥༠ སོན་པའི་བཙུན་མ་རྣམས་ལ་རྒན་གསོ་ཁང་དུ་འགྲོ་དགོས་པར་བརྗོད་ནས་བཙུན་མ་ ༤༠ ཙམ་དགོན་པར་བཞག་མེད་སྟབས། བཙུན་མ་གཞན་ཚོས་དགོན་པར་བཙུན་མ་ཉུང་དྲག་པའི་རེ་སྐུལ་ཞུས་པ་བཞིན་བཙུན་མ་ ༢༥ མང་དུ་བཏང་སྟེ། ད་ཆ་བཙུན་དགོན་དུ་བཙུན་མ་ ༦༥ ཙམ་ལྷག་ཡོད་པ་རེད་འདུག།

ཕྲུ་གུ་བཞི་ཅན་གྱི་ཕ་ཞིག་འཛིན་བཟུང།

ཕྲུ་གུ་བཞི་ཅན་གྱི་ཕ་རང་ལོ་༣༡ཡིན་པ་བཀྲི་ཤིས་ལགས་ནས་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་ཞི་བའི་སྐད་འབོད་གནང་རྗེས་རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱས་འདུག   བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ནས་གནས་ཚུལ་མཁོ་སྤྲོད་གནང་བར། བཀྲི་ཤིས་ལགས་ཀྱིས་ཟླ་འདིའི་ཚེས་༢༦ ཉིན་མདོ་སྨད་རྔ་པ་རྫོང་མཁར་གྱི་གཞུང་ལམ་༸གོང་ས་མཆོག་གི་༸སྐུ་པར་ཞིག་བསྣམས་ནས་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་”ཞེས་སྐད་འབོད་གནང་བཞིན་ཞི་བའི་གོམ་བགྲོད་གནང་ཡོད་པ་རེད་འདུག ས་གནས་ཉེན་རྟོག་མི་སྣས་བཀྲ་ཤིས་ལགས་ཀྱི་སྐད་འབོད་གནང་མ་ཐག་འཛིན་བཟུང་བཙན་ཁྲིད་ཀྱིས་ད་ལྟ་རྔ་པ་རྫོང་དུ་བཀག་ཉར་བྱས་ཡོད་གསུངས་ཡོད།   རྩ་བའི་ཞི་བའི་གོམ་བགྲོད་གནང་མཁན་བཀྲ་ཤིས་ལགས་ནི་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་ལྔ་པའི་ཐག་བཀྲ་ཚང་གི་མག་པ་རེད་འདུག བཀྲི་ཤིས་ལགས་ཀྱི་བཟའ་ཟླ་སྐལ་པེ་དང་ཁོང་གཉིས་ལ་བུ་གཉིས་དང་བུ་མོ་གཉིས་བཅས་ཕྲུ་གུ་བཞི་འདུག

མཛོདགེ་ཐང་སྐོར་གྱི་རྩྭ་སའི་གནད་དོན་ཞུ་གཏུགས་བྱེད་མཁན་བོད་མི་མ་རྒྱུག་ལགས་བཙོན་གྲོལ་ཐོབ་འདུག

མདོ་སྨད་མཛོད་དགེ་རྫོང་གི་ཐང་སྐོར་ཀ་བར་མ་སྡེ་བའི་བོད་མི་ཚོས་རྒྱ་གཞུང་གིས་རྩ་ས་བཙན་འཕྲོག་བྱས་པར་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༢ ཉིན་ཞུ་གཏུགས་གནང་མཁན་བོད་མི་ཚོར་དམག་མིས་དྲག་གནོན་དང་མི་གྲངས་ ༡༠ ཙམ་འཛིན་བཟུང་བྱས་འདུག  དེ་ཡང་རྒྱ་གཞུང་གིས་གྲོང་ཁྱེར་སྔོ་ལྗང་ཅན་དུ་བསྒྱུར་རྒྱུའི་ལས་གཞིར་ཁ་གཡར་ནས་བོད་མདོ་སྨད་རྔ་པའི་ཁོངས་གཏོགས་མཛོད་དགེ་ཐང་སྐོར་ཡུལ་ཚོ་སྡེ་པའི་འདུ་ཁྱིམ་ ༢༠ ལྷག་གི་ཁང་པ་བཙན་དབང་གིས་གཏོར་བཤིག་དང་དེ་བཞིན་རྩ་ས་འཕྲོག་པར་བརྟེན་ས་གནས་བོད་མི་ཚོས་གོང་རིམ་ལ་དེ་དོན་ཐད་ཞུ་གཏུགས་མང་དག་ཞིག་བྱས་ཡོད་ཀྱང་ད་བར་ཕན་འབྲས་གང་ཡང་སོན་མེད་པ་རེད།  ས་གནས་བོད་མི་ཚོས་རང་གི་ཁེ་དབང་ཁྲིམས་མཐུན་ཐོག་སྲུང་སྐྱོབ་གནང་སྐབས་རྔ་པ་ས་གནས་དམིགས་བསལ་ཉེན་རྟོག་པ་ཞེས་མིང་བྲིས་པའི་དྲག་ཆས་དམག་མི་རླངས་འཁོར་ལྔ་དྲུག་ཙམ་བཏང་ནས་བོད་མིར་དྲག་གནོན་སྔར་ལྷག་བྱས་པ་མ་ཟད། དེ་བས་ཀྱང་རྒྱ་གཞུང་གི་ཉེན་རྟོག་པས་བོད་མི་རྒས་གཞོན་ཁྱད་མེད་ལ་མི་སྤྱོད་ལས་འདས་པའི་དྲག་གནོན་ཤུགས་ཆེ་བྱས་ཡོད་སྐོར་གསུངས་འདུག བོད་མི་དེ་དག་གིས་ང་ཚོས་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས་པ་ཙམ་ལས་ཁྲིམས་འགལ་གང་ཡང་བྱས་མེད། ཅི་ཕྱིར་ང་ཚོར་བཙན་འཕྲོག་བྱ་དགོས་སམ། ཁྲིམས་མཐུན་རྒྱལ་སྐྱོང་གི་དུས་རབས་འདིར་སུ་ཞིག་གིས་ང་ཚོར་དབུ་ཁྲིད་བྱ་ཐུབ་བམ།   སུ་ཞིག་གིས་དོན་དངོས་ཐོག་ཁྲིམས་མཐུན་རྒྱལ་སྐྱོང་ལག་བསྟར་བྱ་ཐུབ་བམ། ཞེས་དྲི་བ་དང་རེ་འདུན་ཞུས་འདུག     ས་གནས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་རྗེས་ཟླ་བ་འདིའི་ཚེས་ ༢༦ ཉིན་རང་ལོ་ ༥༦ སོན་པའི་མ་རྒྱུག་ལགས་བཙོན་གྲོལ་བཏང་ནས་རང་ཁྱིམ་དུ་འབྱོར་ཡོད་ཀྱང་། རང་ལོ་ ༦༣ སོན་པའི་རིན་ཆེན་རྡོ་རྗེ་མུ་མཐུད་དུ་བཙོན་བཅུག་འོག་བཀག་ཉར་བྱས་ཡོད་པ་རེེད་འདུག ཁོང་ལ་རྒྱུན་དུ་ཕོ་བའི་ནད་གཞི་ལྕི་མོ་ཞིག་ན་གྱི་ཡོད་པས་ནང་མི་ཉེ་འབྲེལ་ཚོས་ཐེངས་ཁ་ཤས་རིང་སྨན་དང་ཟ་མ་སོགས་ཁྱེར་ནས་ཐུག་འཕྲད་བྱ་ཐབས་བྱས་ཀྱང་ཁོང་དངོས་སུ་ཐུག་འཕྲད་བྱུང་མེད་སྟབས། ད་ལྟའི་ཆར་ཁོང་བཙོན་ཁང་ནང་བཀག་ཉར་བྱ་དོན་གང་ཡིན་སོགས་ཤེས་རྟོགས་གང་ཡང་ཐུབ་ཀྱི་མེད་པ་རེད་འདུག   དེ་མཚུངས་ཟླ་ ༩ ཚེས་ ༢༢ ཉིན་རྩ་སའི་གནད་དོན་ཞུ་གཏུག་བྱེད་མཁན་བོད་མི་བཅུ་གཉིས་ཙམ་འཛིན་བཟུང་བྱས་རྗེས་གཞན་རྣམས་སྔ་ཕྱིར་གློད་བཀྲོལ་བཏང་ཟིན་ཀྱང། འཇིགས་བྱེད་སྐྱབས་དང་ཕུར་ཁོ་གཉིས་ད་དུང་མུ་མཐུད་བཀག་ཉར་འོག་གནས་ཡོད་པ་རེད་འདུག    རྩ་བའི་གནད་དོན་དེ་ནི་ ༢༠༡༠ ལོར་རྒྱ་གཞུང་གིས་གྲོང་ཁྱེར་སྔོ་ལྗང་ཅན་དུ་བསྒྱུར་རྒྱུའི་ལས་གཞི་ཞེས་པའི་མིང་ཐོག་ནས་མདོ་སྨད་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་འབྲོག་མི་ཚོ་རྫོང་ཐོག་ཏུ་ལོ་མང་རིང་ས་གནས་འབྲོག་པ་ཚོས་མཛོད་དགེ་རྫོང་ཐོག་ལ་སོང་ནས་འདུ་ཁྱིམ་དང་རྩ་ཁ་སོགས་བཙན་འཕྲོག་བྱས་པར་གུན་སབ་དགོས་པའི་ཞུ་གཏུག་ལན་མང་བྱས་ཀྱང་རྒྱ་ནག་གི་དཔོན་རིགས་ནས་འགན་ལེན་དང་ཐག་གཅོད་སོགས་གང་ཡང་མ་བྱས་སྟབས། རྗེས་སུ་ ༢༠༡༤ ལོ་ནས་བཟུང་ད་བར་གནས་འབྲོག་པ་ཁག་ཅིག་གིས་ཞུ་གཏུག་ངོ་རྒོལ་ལས་འགུལ་སྤེལ་མུས་ཡིན་འདུག

Latest news