རྒྱ་ནག

ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་སྙན་ཐོ་གསར་པའི་ནང་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ནན་པོ་བྱས་པ།

ཁ་ཉིན་ཕྱི་ཚེས་ ༧ ཉིན་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་འབྲེལ་ལམ་སྐོར་དང་འབྲེལ་བའི་གལ་ཆེའི་སྙན་ཐོ་ཞིག་ཡུ་རོབ་གྲོས་ཚོགས་ནང་དུ་གྲོས་ཚོགས་འཐུས་མི་ ༤༥༤ ཡི་རྒྱབ་སྐྱོར་ཐོག་གཏན་འབེབས་གནང་བའི་བརྒྱུད་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཁག་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག དེ་ཡང་སྙན་ཐོ་འདི་བཞིན་ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་འབྲེལ་ལམ་གྱི་དམིགས་བསལ་སྐུ་ཚབ་གྲོས་ཚོགས་འཐུས་མི་ Hilde Vautmans ལགས་ཀྱིས་ཡུ་རོབ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚབ་མཚོན་ཟིན་བྲིས་བཀོད་པ་ཞིག་ཡིན་པ་དང་། སྙན་ཐོ་འདིས་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་དང་སྐད་ཡིག །ཆོས་དང་རིག་གཞུང་བཅས་རྩ་མེད་གཏོང་སྟེ། བཙན་དབང་གི་མི་རིགས་མཉམ་བསྲེས་དང་རྒྱ་བསྒྱུར་གྱི་སྲིད་བྱུས་སྤེལ་བཞིན་པ་རྣམས་ལ་སྐྱོན་བརྗོད་ནན་པོ་བྱས་འདུག ཡུ་རོབ་གྲོས་ཚོགས་ཀྱི་ཚད་མཐོའི་མང་མོས་ཀྱི་རྒྱབ་སྐྱོར་ཐོག་གཏན་འབེབས་གནང་བའི་ཤོག་གྲངས་ ༢༠ ཅན་གྱི་སྙན་ཐོ་དེའི་ནང་། རྒྱ་ནག་གིས་བོད་ནང་དུ་ཐབས་བྱུས་ལྡན་པའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བཞིན་པ་མ་ཟད། རྒྱ་ནག་གིས་བོད་ནང་གི་མནའ་བོའི་རིག་གནས་ཤུལ་བཞག་གི་ལྟེ་གནས་རྩ་གཏོར་བཏང་བ་དང་། རྒྱ་ཁྱབ་ཀྱི་ལྟ་སྲུང་དམ་དྲག་བྱས་པ། དེ་བཞིན་བཙན་དབང་གི་ངལ་རྩོལ་རྒྱུག་བཅུག་པ་སོགས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སེམས་འཚབ་ཆེད་འདོན་གནང་བ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭའི་ནང་དུ་བོད་པའི་བྱིས་པ་ས་ཡ་གཅིག་ཙམ་ཕ་མ་དང་བཙན་དབང་གི་ཁ་བྲལ་བཏང་སྟེ་བཙན་དབང་གི་མི་རིགས་རྒྱ་སྒྱུར་དང་མཉམ་བསྲེས་ཀྱི་སློབ་སྦྱོང་སྤྲད་བཞིན་པ་དང་འབྲེལ། བཅའ་སྡོད་སློབ་གྲྭའི་ལམ་ལུགས་དེས་བོད་པའི་བྱིས་པ་ཚོ་ཕ་མ་ཁ་བྲལ་བཏང་བའི་སེམས་ཁམས་ཀྱི་ཛ་དྲག་དཀའ་ངལ་འཕྲད་པ་མ་ཟད། དེས་བོད་ཀྱི་སྐད་ཡིག་དང་གོམས་སྲོལ་ཡོངས་རྫོགས་ལ་དོ་ཕོག་ཤུགས་ཆེ་གཏོང་གི་ཡོད་སྟབས། བཅའ་སྡོད་སློབ་གྲྭའི་འགྲོ་ལུགས་དེ་འཕྲལ་མར་མཚམས་འཇོག་བྱེད་དགོས་པ་གསུངས་འདུག ཡུ་རོབ་གྲོས་ཚོགས་ཀྱི་ཐེངས་འདིའི་སྙན་ཐོའི་བརྒྱུད། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོ་ཁག་གི་ཐོག་ལ་ཐེ་བྱུས་བྱེད་བཞིན་པ་དང་། ལྷག་པར་དུ་མ་འོངས་༸རྒྱལ་བའི་ཡང་སྲིད་འདེམས་རྒྱུའི་བདག་དབང་རྩོད་ཐབས་བྱེད་བཞིན་པར་སྐྱོན་བརྗོད་ནན་པོ་དང་འབྲེལ། བོད་མིའི་ཆོས་དད་རང་དབང་སྲུང་སྐྱོབ་བྱ་རྒྱུ་དེ་ནི་བློས་གཏོང་བྱ་ཐབས་མེད་པའི་གནད་དོན་ཞིག་ཡིན་པ་གསུངས་འདུག གཞན་ཡང་རྒྱ་ནག་གི་བཙོན་འཇུག་འོག་གར་སོང་ཆ་མེད་དུ་གྱུར་བའི་༸ཀུན་གཟིགས་༸པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གི་སྐོར་ལ་གནས་ཚུལ་ཕྱི་གསལ་བྱེད་དགོས་སྐོར་དང་འབྲེལ། འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་གནད་དོན་དེ་དག་ནི་བོད་ཁོ་ན་མ་ཡིན་པར། རྒྱ་ནག་ནང་གཞུང་གིས་ཁས་ལེན་དང་ཚོད་འཛིན་བྱེད་པའི་ཆོས་ལུགས་ཚོགས་པའི་ཕྱི་རོལ་དུ་གནས་པའི་ཆོས་དད་པ་ཚོར་བཀག་སྡོམ་བྱེད་པའི་སྤྱི་ཡོངས་ཀྱི་གནས་བབ་ཅིག་གི་ཆ་ཤས་ཡིན་པའི་སྐྱོན་བརྗོད་གནང་འདུག སྙན་ཐོའི་ནང་ད་དུང་། ཉེ་ལམ་ཕྱི་ཟླ་ ༨ པའི་ཚེས་ ༢༦ ཉིན་བལ་བོད་ས་མཚམས་ས་ཁུལ་དུ་ཆུ་ལོག་གི་དོན་རྐྱེན་ཁྲོད། ས་མཚམས་ཕྱོགས་གཉིས་ཀར་གོད་ཆགས་དང་ཤི་རྨས་ཀྱི་དོན་རྐྱེན་ཤུགས་ཆེ་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་གིས་རྐྱེན་འདས་ཀྱི་གྲངས་ཀ་ཚད་ལྡན་ཕྱི་གསལ་མ་བྱས་པ་དང་། ཆུ་ལོག་ནས་ཐར་པའི་མི་རྣམས་ཀྱི་མྱོང་བའི་སྐོར་བཤད་པ་རྣམས་སྤྱི་ཚོགས་དྲྭ་ལམ་ནས་ནག་སུབ་བཏང་བ་མ་ཟད། མང་ཚོགས་རྣམས་ལ་ཆུ་ལོག་གི་གོད་ཆགས་དང་འབྲེལ་བའི་གནས་ཚུལ་སྤེལ་རྒྱུར་དམ་དྲག་བྱས་པ་སོགས་རྒྱ་ནག་གི་ཚད་མཐོའི་གནས་ཚུལ་དམ་དྲག་མངོན་གསལ་དང་འབྲེལ། དམ་དྲག་དེ་དག་གི་རྐྱེན་པས་འགན་ཁུར་ལེན་འདེབས་བྱ་རྒྱུར་དོ་ཕོག་གཏོང་གི་ཡོད་སྟབས། རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་རང་དབང་ཅན་གྱི་གསར་འགོད་པ་དང་རོགས་སྐྱོར་ཚོགས་པ་རྣམས་གནོད་འཚེ་ཕོག་པའི་ས་ཁུལ་དུ་རང་དབང་ངང་བསྐྱོད་བཅུག་དགོས་པ་གསུངས་འདུག དེ་བཞིན་རྒྱ་ནག་གི་རྒྱ་སྐྱེད་འགྲོ་བཞིན་པའི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་གདོང་ལེན་དང་འབྲེལ། ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་དཔོན་རིགས་ལྷན་དུ་ཆབ་སྲིད་ཀྱི་འབྲེལ་བ་ནམ་བྱུང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་དགོས་པ་དང་། ཚོང་དང་དཔལ་འབྱོར་གྱི་འབྲེལ་ལམ་ཁོ་ན་མ་ཡིན་པར། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གི་འབྲེལ་ལམ་ནང་དུ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་ཀྱི་གནད་དོན་འདི་གལ་ཆེ་བའི་ཆ་ཤས་ཤིག་ཏུ་བཞག་དགོས་པ། མ་ཟད་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གི་ནང་དུ་རྒྱ་ནག་གི་ཁྲིམས་འགལ་དང་གསང་བའི་ཉེན་རྟོག་ལས་ཁུངས་ཡོངས་རྫོགས་འཕྲལ་མར་སྒོ་རྒྱག་དགོས་པ་ཚིག་བརྗོད་ནན་པོའི་ཐོག་གསུངས་འདུག སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ད་ལན་ཡུ་རོབ་གྲོས་ཚོགས་ཀྱི་སྙན་ཐོ་དེར་ཚད་མཐོའི་རྒྱབ་སྐྱོར་གནང་བ་དེས་ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་པའི་གོམ་སྟབས་གལ་ཆེན་ཞིག་ཡིན་པ་དང་། དེས་རྒྱ་ནག་ཐོག་བོད་མིའི་ཆོས་དང་རིག་གཞུང་གིས་ཐོབ་ཐང་སྲུང་སྐྱོབ་མིང་དོན་མཚུངས་པ་བྱ་དགོས་པའི་གནོན་ཤུགས་སྤྲད་པའི་ཡུ་རོབ་ཐུན་མོང་གྱི་དགོས་འདུན་ཞིག་ཀྱང་མཚོན་གྱི་ཡོད་པ་གསུངས་ཏེ། ཡུ་རོབ་གྲོས་ཚོགས་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག

རྒྱ་ནག་གི་ཞུ་གཏུག་ལས་དོན་དང་འབྲེལ་བའི་སྒྲིག་གཞིར་བསྒྱུར་བ་བཏང་བའི་ཐོག་ཞུ་གཏུགས་པར་དམ་དྲག་དང་ཉེན་རྟོག་པར་དབང་ཚད་འཕར་མ་སྤྲད་པ།

རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༡ ནས་ལག་ལྟར་བྱེད་འགོ་བཙུགས་པའི་༼སྤྱི་དམངས་ཞུ་གཏུག་ཐོ་འགོད་ལས་ཁུངས་ཀྱི་འབྲེལ་གཏུག་དང་ཡིག་འབྲེལ་སྒྲིག་གཞི་༽གསར་པའི་ནང་དུ། མང་ཚོགས་ཀྱི་ཞུ་གཏུགས་རྣམས་རྒྱལ་ས་པེ་ཅིང་དུ་རྟེན་གཞི་བྱས་པའི་དབུས་དམར་ཤོག་གཞུང་ལ་ཞུ་གཏུག་ལ་བྱེད་རྒྱུ་མེད་པར། ས་གནས་སྲིད་གཞུང་གི་ལས་ཁུངས་ཁག་ལ་གཏུགས་དགོས་པ་དང་། ཞུ་གཏུགས་ཡང་ཡང་བྱས་མཁན་རྣམས་ལ་སྤྱི་ཚོགས་དཀྲུག་པའི་གྱོད་དོན་འོག་སྤྱི་བདེ་ཉེན་རྟོག་པའི་ལག་ལེན་བསྟར་རྒྱུ་སོགས་བཀོད་དེ་ Xinfang ཞེས་རྒྱ་ནག་ནང་དུ་དཔོན་རིགས་ཚོའི་ལས་དོན་དྲང་པོ་མ་བྱས་པའི་གནད་དོན་རྣམས་ཁྲིམས་ལུགས་ཀྱི་བརྒྱུད་རིམ་འགྲོ་མི་དགོས་པར་དབུས་ལ་ཐད་ཀར་ཞུ་གཏུགས་བྱ་རྒྱུའི་ལོ་ངོ་བཅུ་ཕྲག་མང་པོའི་སྔོན་ནས་ཡོད་པའི་ལམ་སྲོལ་ལ་བསྒྱུར་བ་བཏང་ཡོད་པ་རེད་འདུག Safeguard Defenders ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་སྲུང་སྐྱོབ་ཚོགས་པས་ཁ་ཉིན་ཕྱི་ཚེས་ ༦ ཉིན་སྙན་ཐོ་གསར་པ་ཞིག་འདོན་སྤེལ་གནང་བའི་ནང་དུ། རྒྱ་ནག་གི་སྤྱི་དམངས་ཞུ་གཏུག་ཐོ་འགོད་ལས་ཁུངས་ཀྱི་འབྲེལ་གཏུག་དང་ཡིག་འབྲེལ་སྒྲིག་གཞི་གསར་པ་དེས་དེ་སྔ་ཕྱི་ལོ་ ༢༠༢༢ ལོའི་ཞུ་གཏུགས་ལས་དོན་ཁྲིམས་ཡིག་དེ་ཤུགས་ཆེ་རུ་བཏང་བའི་ཐོག་དབུས་ལ་ཡང་ཡང་ཞུ་གཏུགས་བྱས་མཁན་གྱི་གནད་དོན་ཐོག་ལ་སྤྱི་བདེ་ཉེན་རྟོག་པར་དབང་ཚད་འཕར་མ་སྤྲད་ཡོད་པ་རེད་འདུག Safeguard Defenders ཚོགས་པས་ཞུ་གཏུགས་ལས་དོན་དང་འབྲེལ་བའི་ཁྲིམས་གསར་པ་དེའི་ཐོག་ཞིབ་འཇུག་དང་དེའི་སྐོར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཁག་གཅིག་ལ་བཅར་འདྲི་ཞུས་པའི་སྙན་ཐོའི་ནང་དུ། འདི་ལོའི་ཕྱི་ཟླ་ ༧ པ་ནས་ལག་བསྟར་བྱེད་འགོ་བཙུགས་པའི་ཁྲིམས་གསར་པ་དེས་དོན་ཚན་བཞི་པའི་ནང་གསལ། གལ་ཏེ་ཞུ་འབྱོར་བ་ཞིག་གིས་ས་གནས་སྲིད་གཞུང་གིས་གོ་རིམ་ཡོངས་ལ་ཞུ་གཏུགས་བྱས་པའི་ཡིག་ཆ་མེད་ཚེ་པེ་ཅིང་ནང་དབུས་གཞུང་ལ་ཞུ་གཏུགས་བྱས་མི་ཆོག་པ་དང་། དོན་ཚན་དྲུག་པའི་ནང་གསལ། ཞུ་གཏུགས་ཡང་ཡང་བྱས་མཁན་རྣམས་ལ་ཉེན་རྟོག་པས་ཆབ་སྲིད་སློབ་གསོ་དང་ལམ་སྟོན་བྱེད་ཆོག་པ་དང་། དབུས་གཞུང་ལ་ཨུ་ཚུགས་དང་ཟིང་ཆ་བསླངས་ནས་ཞུ་གཏུགས་བྱས་མཁན་ཚོར་སྤྱི་ཚོགས་ཀྱི་བརྟན་ལྷིང་དཀྲུག་པ་དང་དོན་མེད་རྙོག་གླེང་བཟོ་བའི་གྱོད་དོན་འོག་ཉེན་རྟོག་པས་ལག་ལེན་བསྟར་ཆོག་པའི་དབང་ཚད་སྤྲད་པའི་བརྒྱུད། རྒྱ་ནག་དཔོན་རིགས་ཀྱི་བྱེད་སྟངས་མ་འགྲིག་པའི་སྐོར་ལ་ཞུ་གཏུགས་བྱས་མཁན་རྣམས་ལ་དབུས་ལ་ཞུ་ས་མེད་པ་བཟོས་པ་དང་། གནད་དོན་དེ་དག་ས་གནས་སྲིད་གཞུང་གི་ལྟ་རྟོག་བྱེད་དགོས་པ་འཁོད་ཡོད་འདུག ཁྲིམས་རྩོད་པ་གཅིག་གི་གསུང་ན་འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༢༩ ཉིན་རྒྱ་ནག་གི་ Dalian ས་ཁུལ་ནས་སླེབས་པའི་ཞུ་གཏུགས་པ་ཞིག་གིས་ཞུ་གཏུགས་རིམ་པ་བྱས་ཀྱང་ཡར་ལེན་མ་རག་པར་འུ་ཐུག་སྟེ་རྒྱལ་ས་པེ་ཅིང་གི་ལྷོ་ངོས་ཀྱི་ Fangshan ས་ཁུལ་དུ་མི་འཛོམས་མང་པོ་ཡོད་སར་མོ་ཊ་ཞིག་བཏང་སྟེ་མི་ ༡༣ རྐྱེན་འདས་སུ་བཏང་བ་དང་ཁག་ཅིག་ལ་རྨས་སྐྱོན་བཟོ་བའི་གནད་དོན་བྱུང་བ་དང་འབྲེལ་ནས། མ་འོངས་པར་གནད་དོན་འདིའི་རིགས་མི་ཡོང་བ་དང་རྒྱལ་སའི་ནང་དུ་ཞུ་གཏུགས་པའི་གྲངས་འབོར་ཉུང་རུ་གཏང་རྒྱུ། དེ་བཞིན་རྙོག་གླེང་སེལ་མི་ཐུབ་པའི་གནད་དོན་གྱི་འོས་འགན་ས་གནས་སྲིད་གཞུང་ལ་སྤྲད་རྒྱུ། ལྷག་པར་དུ་ཞུ་གཏུགས་ཀྱི་འབྲས་བུ་མ་ཐོན་པའི་གང་ཟག་རྣམས་རྒྱལ་སའི་ནང་ཡོངས་ནས་ངོ་རྒོལ་མི་བྱེད་པའི་ཆེད་དུ་ད་ལྟ་རྒྱ་ནག་གཞུང་གིས་ཁྲིམས་གསར་པ་དེ་ཁྱེར་ཡོད་སྲིད་པ་གསུངས་འདུག རྩ་བའི་རྒྱ་ནག་ནང་དུ་གོང་རིམ་གི་མ་འགྲིག་པའི་ཐོག་ལ་ཞུ་གཏུགས་བྱེད་རྒྱུ་དེ་ཁྲིམས་འགལ་གྱི་ལས་དོན་མིན་ཡང་ས་གནས་སྲིད་གཞུང་གི་བྱེད་སྟངས་མ་འགྲིག་པའི་སྐོར་ལ་དབུས་ལ་ཞུ་གཏུགས་མ་བྱས་པའི་ཆེད་དུ། ས་གནས་སྲིད་གཞུང་གིས་ལས་བྱེད་པ་ཚོས་ཉེན་རྟོག་པའི་ལྷན་དུ་ངན་པ་ལག་འབྲེལ་བྱས་ཏེ་ཞུ་གཏུགས་པ་རྣམས་ལ་ཁྲིམས་ཀྱི་གྱོད་དོན་འདྲ་མིན་བཙུགས་ཏེ་འཛིན་བཟུང་བཀག་ཉར་དང་མནར་གཅོད་བཏང་བ་དང་། ཞུ་གཏུགས་པ་ཁག་གཅིག་བཙན་དབང་ཐོག་སེམས་ཁམས་མི་བདེ་བའི་སྨན་ཁང་ནང་ལོ་མང་བཞག་པའི་གནད་དོན་མང་དག་ཅིག་འབྱུང་བཞིན་ཡོད་པ་མ་ཟད། ལས་དོན་དེ་དག་ལ་མི་མང་གིས་ཉེན་རྟོག་པས་ཁྲིམས་འགལ་ལས་དོན་སྤེལ་བའི་སྐྱོན་འཛུགས་བྱེད་པའི་ཉེན་ཁར་གཞིགས་ཏེ། ས་གནས་གཞུང་ཁག་གི་ཉེན་རྟོག་པ་མིན་པའི་མི་ངན་གླ་གཡར་བྱས་ཏེ་ཞུ་གཏུགས་པ་རྣམས་ལྐོག་ཁྲིད་བྱས་ཏེ་རྒྱལ་ས་པེ་ཅིང་ལ་ཞུ་གཏུགས་བྱས་པར་བཀག་སྡོམ་བྱེད་བཞིན་ཡོད་པ་དང་། ཉེན་རྟོག་པས་ཁྲིམས་ལས་འགལ་མེད་པའི་ལག་པ་ཕྱིས་པའི་བྱ་སྤྱོད་དེ་ལ་ Lynette Ong ཞུ་བའི་ཤེས་ལྡན་ཉམས་ཞིབ་པ་ཞིག་གིས་ Outsourcing Repression འམ་ཕྱི་ཕྱོགས་ཀྱི་དྲག་གནོན་གླ་གཡར་བྱས་པ་ཞེས་མིང་བཏགས་པ་བྱུང་ཡོད་པ་བཅས། གང་ལྟར་རྒྱ་ནག་ནང་དུ་ཞུ་གཏུགས་བྱས་མཁན་རྣམས་ཀྱི་ཐོག་ལ་དྲག་གནོན་ཤུགས་ཆེ་བྱེད་མུས་ཡིན་པའི་ཐོག་ལ། ད་ལྟའི་ཁྲིམས་གསར་པ་དེས་ས་གནས་སྲིད་གཞུང་རྣམས་ལ་འཛེམ་ཟོན་མེད་པ་དང་ཁྲིམས་མཐུན་གྱི་ཐོག་ནས་ཞུ་གཏུགས་པ་བཀག་སྡོམ་བྱེད་རྒྱུའི་ལམ་ཁ་བཟོས་ཡོད་པ་མངོན་གསལ་གནང་འདུག མ་ཟད་སྙན་ཐོའི་ནང་དུ་ཕྱི་ལོ་ ༢༠༢༡ ལའི་ནང་སོག་ཁུལ་གྱི་གཞུང་གི་ལས་བྱེད་པའི་ཡིག་ཆ་ཞིག་ལོ་ ༢ ཀྱི་རྗེས་སུ་སྤྱི་ཚོགས་དྲྭ་ལམ་ཐོག་ཕྱི་གྱར་བྱུང་བ་ཞིག་ལུང་འདྲེན་བྱས་པའི་ནང་དུ། ལས་བྱེད་པ་དེས་ཞུ་གཏུགས་པ་ལོ་ན་བགྲེས་པ་དང་ནད་གཅོང་། དེ་བཞིན་བུད་མེད་སྦྲུམ་མ་རྣམས་ཀྱི་ཐོག་ལ་དྲག་གནོན་བེད་སྤྱོད་མ་བྱེད་ཀ་མེད་ཡིན་སྐོར་བརྗོད་ཡོད་པ་མངོན་གསལ་གནང་འདུག ཉམས་ཞིབ་པས་གསུང་ན་སྤྱིར་བཏང་དབུས་གཞུང་ལ་ཞུ་གཏུགས་ཀྱི་ལམ་སྲོལ་དེས་དེ་སྔ་རྒྱ་ནག་དབུས་དམར་ཤོག་གཞུང་ལ་ས་གནས་གཞུང་ཁག་གི་ལས་དོན་བྱེད་ཕྱོགས་ཀྱི་གནས་སྟངས་རྒྱུན་ལོན་དང་སྟངས་འཛིན་བྱ་རྒྱུ་དང་འབྲེལ་ནས་བེད་སྤྱོད་ཆེན་པོ་ཡོད་ཀྱང་། དེང་སྐབས་རྒྱ་ནག་གཞུང་ལ་ལྟ་སྲུང་གི་ནུས་པ་ཤུགས་ཆེ་ཡོད་སྟབས། ཞུ་གཏུགས་ཀྱི་ལམ་སྲོལ་དེ་དགོས་ཡག་མེད་པ་ཆགས་ཡོད་སྲིད་པའི་ཚོད་དཔག་གནང་འདུག གང་ལྟར་ད་རེས་ཀྱི་ཁྲིམས་གསར་པ་དེས་ཞུ་གཏུགས་པ་རྣམས་འཇིགས་སྣང་གི་གནས་སུ་ལྷུང་རྒྱུ་དང་། དབུས་ལ་ཞུ་སའི་ལམ་ཁ་འགགས་པ། ས་གནས་སྲིད་གཞུང་གིས་བྱེད་སྟངས་མ་འགྲིག་པ་རྣམས་ལ་འགན་ཁུར་བསླངས་མཁན་མེད་པར་འགྱུར་ཉེན་ཡོད་པ་དང་། ས་གནས་སྲིད་གཞུང་རྣམས་ལ་ཆ་མཚོན་ན་ཁྲིམས་གསར་པ་དེས་དབུས་ཀྱི་གནོན་ཤུགས་མེད་པར་འགྱུར་བ་དང་། ཞུ་གཏུགས་པ་དབུས་ལ་མི་འགྲོ་བའི་ཐབས་ལམ་གྱི་འགྲོ་གྲོན་ཉུང་འཕྲི་ཆགས་པའི་ཁེ་ཕན་ཡོད་སྐོར་གསུངས་པ་མ་ཟད། ས་གནས་སྲིད་གཞུང་རྣམས་ཀྱིས་ཞུ་གཏུགས་ཀྱི་གནད་དོན་ཉུང་རུ་གཏང་ཆེད་ཞུ་གཏུགས་པའི་ཐོག་ལ་དྲག་གནོན་ཤུགས་ཆེ་རུ་གཏང་ཉེན་ཡོད་པ་གསུངས་འདུག

བོད་མདོ་ལ་རྫོང་ཁོངས་ཀྱི་འབྲོག་ཁུལ་ཡོངས་སུ་ཏང་གི་རྟ་ཐོག་དྲིལ་བསྒྲགས་འགོ་འཛུགས།

ཕྱི་ཟླ་ ༡༠ ཚེས་ ༡ ཉིན། རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཐེངས་ ༧༧ ཟེར་བ་སྲུང་བརྩི་ཆེད་དུ་«རྟ་ཕོའི་འཚེར་སྐད་ལྷང་ལྷང་གྲགས། སྐར་ལྔའི་དར་དམར་ལྷབ་ལྷུབ་བསྐྱོད།» ཅེས་པའི་འབོད་སྒྲའི་འོག་འབྲོག་པ་ཚོས་རྟ་ལ་བཞོན་ནས་རི་སྒང་གང་སར་རྒྱ་ནག་གི་རྒྱལ་དར་ཁུར་ནས་དྲིལ་བསྒྲགས་ཀྱི་བྱེད་སྒོ་ཨ་མདོ་ས་ཁུལ་གྱི་མདོ་ལ་རྫོང་དུ་འགོ་བཙུགས་འདུག རྒྱལ་སྟོན་དུས་ཆེན་ཐེངས་ ༧༧ ཟེར་བ་སྔ་རྗེས་སུ་བོད་ཁུལ་གྱི་དགོན་སྡེ་དང་། སློབ་གྲྭ། བྱིས་སྐྱོང་ཁང་། མང་ཚོགས་ཁྲོད། ས་གནས་ཆེ་ཆུང་གང་སར་དུས་ཆེན་སྲུང་བརྩི་ཆེད་བྱེད་སྒོ་སྣ་ཚོགས་སྤེལ་ཡོད་པ་དང་། གཞུང་ངོས་ནས་ལག་བསྟར་བྱས་པའི་བྱེད་སྒོའི་ནང་དུ་ངེས་པར་དུ་མཉམ་ཞུགས་དགོས་པ་དང་། མཉམ་ཞུགས་མ་བྱས་ཚེ་ཆད་པ་གཅོད་པ་སོགས་ཀྱི་སྒྲིག་ཁྲིམས་ལག་བསྟར་བྱས་ཡོད་འདུག རྒྱ་གཞུང་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྣ་ཚོགས་ཁྲོད་ནས་རྟ་ལ་བཞོན་ནས་འབྲོག་ཁུལ་གྱི་རི་སྒང་གང་སར་ཕྱི་ཟླ་ ༡༠ པའི་ནང་ཡོངས་རྫོགས་དྲིལ་བསྒྲགས་བྱེད་པ་ནི་དྲིལ་བསྒྲགས་བྱེད་སྒོ་གཞན་དང་མི་འདྲ་བ་ཞིག་ཡིན་འདུག འབྲེལ་ཡོད་བརྒྱུད་ནས་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། འབྲོག་ཁུལ་གྱི་དྲིལ་བསྒྲགས་འདི་གཙོ་བོ་རྟ་ལ་བཞོན་ནས་འགྲོ་དགོས་པ་དང་། སྡེ་བ་རེ་ནས་འཐུས་མི་ ༥ ནས་ ༡༠ བར་ངེས་པར་མཉམ་ཞུགས་དགོས་པ་དང་། མདོ་ལ་རྫོང་ཁོངས་ཀྱི་འབྲོག་ཁུལ་ཡོངས་སུ་འགྲོ་དགོས་པ་ཞིག་ཡིན་འདུག ཞག་སྡོད་བྱེད་སའི་ས་ཁུལ་དུ་«དྲིལ་བསྒྲགས་གཏམ་གླེང་»ཟེར་བའི་ཏང་གི་ཕུགས་འདུན་དང་རྒྱལ་ཞེན་གླེང་མོལ་ཚོགས་འདུ་སྡེ་བ་དེའི་ཏང་གི་འཐུས་མི་ཚོས་གོ་སྒྲིག་བྱ་དགོས་པ་དང་། ཚོགས་འདུའི་འགྲོ་གྲོན་དང་གྲ་སྒྲིག་ཆ་ཚང་ཏང་གི་འབྲེལ་ཡོད་ལས་ཁུངས་ནས་འགན་ལེན་བྱ་དགོས་འདུག ཅེས་འགྲེལ་བརྗོད་བྱས་སོང་། ད་ལོའི་«རྟ་ཕོའི་འཚེར་སྐད་ལྷང་ལྷང་གྲགས། སྐར་ལྔའི་དར་དམར་ལྷབ་ལྷུབ་བསྐྱོད།»དྲིལ་བསྒྲགས་སྐོར་ནས་བོད་ཞུགས་ཤེས་ཡོན་པ་ཞིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། རྟ་ནི་འབྲོག་ཁུལ་གྱི་ཆེས་དོ་སྣང་བྱེད་ས་དང་། དགའ་མོས་བྱེད་སའི་སྒོ་ཕྱུགས་གཙོ་བོ་ཆགས་ཡོད་པས། རྟ་དང་འབྲེལ་ཡོད་ཀྱི་དྲིལ་བསྒྲགས་རིགས་ལ་མང་ཚོགས་ཀྱི་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པས་ཐབས་ལམ་འདི་གཞུང་སྒེར་ཚང་མས་བེད་སྤྱོད་བྱེད་བཞིན་པ་རེད་ཅེས་གསུངས་སོང་། སྔོན་ཆད་དེ་ལྟ་བུའི་ཏང་གི་དྲིལ་བསྒྲགས་འབྲོག་ཁུལ་དུ་བྱས་མྱོང་མེད་པ་དང་། ད་ལོ་ནས་བཟུང་དྲིལ་བསྒྲགས་ཀྱི་རྣམ་པ་མི་འདྲ་བ། རིགས་མི་འདྲ་བ་མང་པོ་ཡོད་ནའང་གཙོ་བོ་གཞུང་གི་དྲིལ་བསྒྲགས་དང་། རྒྱལ་ཁབ་ཀྱི་ཁ་ཕྱོགས་ལ་དམིགས་ནས་དྲིལ་བསྒྲགས་བྱེད་བཞིན་འདུག

ཨེ་རི་ཛོ་ནཱ་ཡིས་རྒྱ་ནག་གི་ཉེན་བརྡ་ལ་མ་ལྟོས་པར་ཐའེ་ཝན་དོན་གཅོད་ཁང་གསར་པ་སྒོ་འབྱེད་བྱས་འདུག

རྒྱ་ནག་གཞུང་གིས་བཀག་འགོག་བྱེད་པའི་གནོན་ཤུགས་ལ་མ་ལྟོས་པར། ཨ་རིའི་ Arizona མངའ་སྡེའི་སྤྱི་ཁྱབ་ Katie Hobbs ལགས་ཀྱིས་རེས་གཟའ་ཟླ་བའི་ཉིན་ཐའེ་ཝན་གྱི་འགོ་ཁྲིད་ཚོ་དང་ལྷན་དུ་ཁུལ་དེར་ཡོད་པའི་ཐའེ་ཝན་གྱི་ཚོང་ལས་དང་མི་སེར་རྣམས་ལ་རྒྱབ་སྐྱོར་བྱེད་ཆེད་དཔལ་འབྱོར་དང་རིག་གཞུང་ལས་ཁུངས་ཤིག་དབུ་འབྱེད་གནང་འདུག དེ་ཡང་ཐའེ་ཝན་གྱི་དཔོན་རིགས་ཚོས་གསུང་དོན་ལྟར་ན།  ད་རེས་ཨེ་རི་ཛོ་ན་མངའ་སྡེའི་གྲོང་ཁྱེར་ Phoenix ནང་གསར་དུ་བཙུགས་པའི་ཐའེ་ཝན་དོན་གཅོད་ཁང་འདི་ནི་ཨ་རིའི་ནང་གི་ཁོང་ཚོའི་ལས་ཁུངས་ ༡༤ པ་དེ་ཡིན་ཞིང་། འདིས་འཕྲུལ་རིག་མཉམ་ལས་གོང་འཕེལ་གཏོང་རྒྱུར་རོགས་འདེགས་བྱེད་རྒྱུ་དང་ལྷག་པར་དུ་ Semiconductor འམ་ནུས་པ་ཅན་གྱི་གློག་ལམ་བཟོ་སྐྲུན་གྱི་ཐོག་ནས་མཉམ་ལས་ཤུགས་ཆེ་རུ་གཏོང་རྒྱུ་མ་ཟད། གྲོང་ཁྱེར་དེའི་ནང་འཕེལ་རྒྱས་འགྲོ་བཞིན་པའི་ཐའེ་ཝན་གྱི་སྤྱི་ཚོགས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད། Arizona མངའ་སྡེའི་སྤྱི་ཁྱབ་ལས་ཁུངས་ཀྱིས་ The Associated Press ལ་མཁོ་སྤྲོད་བྱས་པའི་ཡིག་ཆའི་ནང་གསལ་ལྟར་ན། ཕྱི་ཟླ་ ༧ པའི་ནང་ཐའེ་ཝན་གྱི་ལས་ཁུངས་འདི་ཉིད་འཛུགས་རྒྱུའི་འཆར་གཞི་གསལ་བསྒྲགས་བྱས་རྗེས། Los Angeles ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ནས་མངའ་སྡེའི་སྤྱི་ཁྱབ་ལ་གྲོས་འཆར་དེར་ངོ་རྒོལ་བྱེད་དགོས་པ་དང་རྒྱ་ནག་དང་ Arizona བར་གྱི་འབྲེལ་བར་གནོད་སྐྱོན་གཏོང་སྲིད་པའི་བྱ་སྤྱོད་རྣམས་མཚམས་འཇོག་དགོས་པའི་སྐུལ་མ་བྱས་པ་མ་ཟད། ཁོང་ཚོས་ཕྱི་ཟླ་ ༨ པའི་ཚེས་ ༢༡ ཉིན་གྱི་ཡི་གེ་གཞན་ཞིག་གི་ནང་དུའང་ལངས་ཕྱོགས་དེ་ཉིད་བསྐྱར་ཟློས་བྱས་འདུག ཡི་གེ་དེ་དག་ནི་ཐོག་མར་ Phoenix རླུང་འཕྲིན་ཁང་ KJZZ ཡིས་གནས་ཚུལ་སྤེལ་བ་ཡིན་ཞིང་།  Arizona མངའ་སྡེའི་སྤྱི་ཁྱབ་ཀྱིས་རེས་གཟའ་ཟླ་བའི་དབུ་འབྱེད་མཛད་སྒོའི་ཐོག་ཨེ་རི་ཟོ་ནཱ་དང་ཐའེ་ཝན་བར་གྱི་འབྲེལ་བའི་གལ་ཆེན་རང་བཞིན་གསལ་སྟོན་གནང་ཡོད། Hobbs ལགས་ཀྱིས་ Arizona མངའ་སྡེའི་དཔོན་རིགས་ཚོས་ཐའེ་ཝན་དང་འབྲེལ་བ་དམ་ཟབ་ཏུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་དགོངས་ཚུལ་བཏོན་པ་མ་ཟད།  Arizona མངའ་སྡེས་ཐའེ་ཝན་གྱི་ཁེ་ལས་ཁག་རྒྱལ་ཁབ་དེའི་ནང་ཚོང་ལས་རྒྱ་སྐྱེད་གཏོང་རྒྱུར་རོགས་རམ་བྱེད་བཞིན་ཡོད་པ་གསུངས་འདུག དེའི་ཁྲོད་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ Liu Chang གིས་རེས་གཟའ་ཟླ་བའི་ཉིན་སྤེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་གི་ནང་། རྒྱ་ནག་གིས་རང་གི་ཐའེ་ཝན་ས་ཁུལ་དང་ཨ་རིའི་གཞུང་། དེ་བཞིན་ཨ་རིའི་དབུས་དང་མངའ་སྡེའི་གཞུང་གང་རུང་བར་གཞུང་ཕྱོགས་ཀྱི་འབྲེལ་བ་རྣམ་པ་ཅི་རིགས་བྱེད་རྒྱུར་མཐའ་ཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་བཤད་འདུག རྩ་བའི་ཐའེ་ཝན་གྱིས་ཨེ་རི་ཛོ་ནའི་ནང་དུ་ཚོང་ལས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བཞིན་ཡོད་པའི་ཁྲོད་ཐའེ་ཝན་གྱི་ Chip བཟོ་སྐྲུན་བྱེད་མཁན་གཙོ་བོ་ TSMC ཡིས་ Phoenix བྱང་ཕྱོགས་སུ་གཉེར་བའི་ལས་དོན་རྒྱ་སྐྱེད་གཏོང་ཆེད་ $100 billion ཨ་སྒོར་དུང་ཕྱུར་ ༡༠༠༠ མ་འཇོག་བྱ་རྒྱུའི་འཆར་གཞི་ཡོད་ཅིང་། འདིས་ Phoenix ནང་གི་མ་འཇོག་ཁྱོན་ $265 billion ཨ་སྒོར་དུང་ཕྱུར་ ༢༦༥༠ བར་སྤར་ཏེ་དེ་ནི་ཨ་རིའི་ལོ་རྒྱུས་ནང་གི་ཕྱི་རྒྱལ་གྱི་མ་འཇོག་ཆེ་ཤོས་དེ་ཆགས་རྒྱུ་ཡིན་འདུག  Phoenix གྲོང་ཁྱེར་སྤྱི་ཁྱབ་པ་ Kate Gallego ཡིས་བརྗོད་པ་ལྟར་ན།  གྲོང་ཁྱེར་འདིའི་ནང་གི་ཐའེ་ཝན་མི་རིགས་སྤྱི་ཚོགས་ནི་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པ་དང་ཕྲུ་གུ་གསར་པ་སྐྱེས་པའི་གྲངས་འབོར་ཡང་ཇེ་མང་དུ་ཕྱིན་ཡོད་པ་མ་ཟད། ཕྱུ་གུ་སྩལ་སའི་ཉལ་ཁང་ཁག་ཅིག་གིས་ཐ་ན་ཐའེ་ཝན་གྱི་ཁྱིམ་ཚང་ལ་རྒྱབ་སྐྱོར་བྱེད་ཆེད་རྒྱ་སྐད་ཀྱི་ལས་གཞི་ཡང་འགོ་འཛུགས་བྱས་ཡོད་འདུག

དབྱིན་ཡུལ་མཐོ་སློབ་ཁག་ནས་རྒྱ་གཞུང་དང་འབྲེལ་བའི་ཁེ་ལས་ལྟེ་གནས་ལྷན་དུ་མཉམ་ལས་བྱེད་ན་ཁྲིམས་འགལ་གྱི་ཉེས་འཛུགས་ཕོག་ངེས་ཡིན་པ་གསུངས་འདུག

MI 5 ཞེས་དབྱིན་ཡུལ་གསང་བའི་ལས་ཁུངས་ཀྱིས་ཁ་སང་ཕྱི་ཟླ་ ༩ ཚེས་ ༣༠ ཉིན་ཡུལ་དེའི་མཐོ་སློབ་ཁག་ལ་རྒྱ་གཞུང་དང་འབྲེལ་བའི་ཁེ་ལས་ལྟེ་གནས་རྣམས་ནས་རོགས་དངུལ་ལེན་པའམ་དེ་དག་ལྷན་དུ་མཉམ་ལས་བྱ་རྒྱུ་མཚམས་འཇོག་དགོས་པའི་ཛ་དྲག་གི་ཉེན་བརྡ་བཏང་འདུག དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན།  དབྱིན་ཡུལ་གསང་བའི་ལས་ཁུངས་ཀྱིས་རྒྱ་ནག་གཞུང་དང་འབྲེལ་བའི་ཁེ་ལས་ལྟེ་གནས་ China General Technology Research Institute (CGTRI) ཞེས་པ་དེས།  མིང་བྱང་འདྲ་མིན་འོག་ཡུལ་དེའི་མཐོ་སློབ་ཁག་དང་ལྷན་དུ་མཉམ་ལས་དང་བརྗེ་རེས་སོགས་ཡིན་ཁུལ་གྱིས་ད་བར་མཁས་པ་དང་ཉམས་ཞིབ་པ་ ༡༠༠ ལྷག་ལ་རོགས་དངུལ་མཁོ་སྤྲོད་སོགས་ཀྱི་བརྒྱུད་དེ།  གཙོ་བོ་དབྱིན་ཡུལ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་འཕྲུལ་ལས་རིག་རྩལ་སོགས་ཀྱི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་ཀྱི་ཡོད་པར་ཉེན་ཁ་ཆེན་པོ་ཡིན་པ་ཐེར་འདོན་དང་སྦྲགས།  མཐོ་སློབ་ཁག་ལ་ད་ནས་བཟུང་ཁེ་ལས་ལྟེ་གནས་དེ་རིགས་དང་ལྷན་དུ་མུ་མཐུད་མཉམ་ལས་བྱེད་པའམ་རོགས་དངུལ་བླང་བ་རིགས་བྱུང་ཚེ་དབྱིན་ཡུལ་གྱི་ National Security Act 2023 ཞེས་ཕྱི་ལོ་ ༢༠༢༣ ལོར་གཏན་འབེབས་བྱས་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་འོག་གྱོད་འཛུགས་ཕོག་ངེས་ཡིན་པའི་བརྡ་ལན་བཏང་འདུག དེ་འབྲེལ་དབྱིན་ཡུལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཁ་སང་རེས་གཟའ་ལྷག་པའི་ཉིན་དབྱིན་ཡུལ་གསང་བའི་ལས་ཁུངས་ཀྱིས་ཉེས་འཛུགས་བྱས་པ་དག་དངོས་ཡོད་མིན་པར་རྫུན་བཟོ་བྱས་པ་ཞིག་དང་།  གཞུང་ཚབ་ཁང་གི་མགྲིན་ཚབ་ཞིག་གིས་གཞི་རྩ་མེད་པའི་སྐྱོན་འཛུགས་དེ་རིགས་ལ་མཐའ་གཅིག་ཏུ་དགག་པ་པ་ཡོད་ཅེས་དབྱིན་ཡུལ་གཞུང་ལ་དེ་འབྲེལ་ལན་འདེབས་བྱས་ཡོད་སྐོར་བཤད་འདུག་པ་མ་ཟད། རྒྱ་ནག་དང་དབྱིན་ཡུལ་མཐོ་སློབ་ཁག་གི་བར་བརྗེ་རེས་དང་མཉམ་ལས་དེ་དག་དང་བླངས་ཀྱི་ཐོག་ནས་ཁྲིམས་དང་སྒྲིག་གཞི་མཐུན་པའི་སྒོ་ནས་བྱེད་ཀྱི་ཡོད་པར།  དེ་དག་ཕྱོགས་གཉིས་ཀར་ཕན་ཡོན་ལྡན་པ་ཞིག་ཡིན་སྐོར་བརྗོད་འདུག ཐེངས་འདིར་དབྱིན་ཡུལ་གསང་བའི་ལས་ཁུངས་ཀྱིས་ཉེན་བརྡ་དེས་ཡུལ་དེའི་ནང་གི་མཐོ་སློབ་ཁག་ལ་དངངས་སྐྲག་གི་རླབས་ཤིག་བསྐྲུན་ཡོད་པར།  མཐོ་སློབ་ཁག་གི་ལས་བྱེད་ཚོས་རྒྱ་གཞུང་དང་འབྲེལ་བའི་འདས་མ་ད་གསུམ་གྱི་མཉམ་ལས་ཁག་གི་ཤུགས་རྐྱེན་སྐོར་བསྐྱར་ཞིབ་བྱེད་བཞིན་པ་དང་།  ཉམས་ཞིབ་ཆེད་ལས་པ་ཚོས་ཀྱང་གནད་འགག་ཆེ་བའི་འདས་པའི་ཞིབ་འཇུག་མཉམ་ལས་ནང་ཞིབ་བཤེར་ནན་ཏན་གནང་ཡོད་མེད་སྐོར་སེམས་འཚབ་འབྱུང་བཞིན་པ་རེད་འདུག རྒྱ་གཞུང་དང་འབྲེལ་བའི་ཁེ་ལས་ལྟེ་གནས་ཁག་གིས་དམིགས་འབེན་བཟུང་སའི་མཉམ་ལས་ཀྱི་ཁྱབ་ཁོངས་ནང་།  མིས་བཟོས་རིག་ནུས་དང་།  དྲྭ་རྒྱའི་བདེ་འཇགས།  ལྐོག་གྱུར་འབྲེལ་མཐུད།  དེ་བཞིན་མངོན་གསལ་མེད་པའི་ཡིག་ཆའི་ནང་གསང་བའི་གནས་ཚུལ་སྦས་ཐབས་ (Steganography) བཅས་ཚུད་ཡོད་པ་རེད།   ལྷག་པར་དུ་དབྱིན་ཡུལ་གསང་བའི་ལས་ཁུངས་ངོས་ནས་གནད་འགག་ཆེ་བའི་གསང་བའི་གནས་ཚུལ་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱས་ཡོད་པ་གསལ་པོར་ཡིད་ཆེས་བྱེད་ཀྱི་ཡོད་ལ།  The Guardian བརྒྱུད་ལམ་གྱིས་ཀྱང་ཤེས་རྟོགས་བྱུང་བ་ལྟར་ན།  དབྱིན་ཡུལ་དུ་གནས་སྡོད་བྱེད་མཁན་མཁས་པ་དང་ཉམས་ཞིབ་པ་ཁག་གཅིག་ལ་རྒྱ་ནག་གཞུང་གིས་ཞིབ་འཇུག་གི་རོགས་དངུལ་ཙམ་མ་ཟད། ཆེ་བསྟོད་ཀྱི་གཟེངས་རྟགས་བྱ་དགའ་ཡང་སྤྲད་ཡོད་པ་རེད་འདུག སྤྱིར་དབྱིན་ཡུལ་དང་རྒྱ་ནག་བར་གྱི་འབྲེལ་ལམ་ཐོག་རྟོག་ཞིབ་གནང་མཁན་གྱི་ཚོགས་པའི་འགན་འཛིན་ Sam Dunning ལགས་ཀྱིས།  དབྱིན་ཡུལ་མཐོ་སློབ་ཁག་དང་མཉམ་ལས་ཀྱིས་རོགས་དངུལ་མཁོ་སྤྲོད་བྱེད་མཁན་ CGTRI ཁེ་ལས་ལྟེ་གནས་དེ་རྒྱ་ནག་གཞུང་གི་དམག་དོན་ཁེ་ཕན་ཆེད་དུ་ལས་དོན་གཉེར་གྱི་ཡོད་པ་ངོས་འཛིན་བྱས་ཡོད་ཀྱང་།  དབྱིན་ཡུལ་མཐོ་སློབ་ཁག་གི་ངེས་སྟོན་པ་དང་གཙོ་འཛིན་ཁག་གཅིག་གིས་མཐོ་སློབ་སོ་སོའི་མཁས་པ་དང་ཉམས་ཞིབ་པ་རྣམས་ཀྱིས་ཁེ་ལས་ལྟེ་གནས་དེ་དང་ལྷན་དུ་མཉམ་ལས་བྱས་པ་རྣམས་གོ་རྟོགས་ལེགས་པོ་མེད་པའི་ཐོག་ནས་ཡིན་པ་ལས། ཁེ་ལས་ལྟེ་གནས་དེ་རྒྱ་གཞུང་གི་དམག་དོན་དང་འབྲེལ་བ་ཡོད་པ་ཤེས་བཞིན་དུ་བྱས་པ་ཞིག་མིན་སྐོར་འགྲེལ་བརྗོད་བྱས་འདུག རྩ་བའི་དབྱིན་ཡུལ་སྲིད་གཞུང་རིམ་པས་རྒྱ་ནག་གི་མ་འཛུགས་དང་ཤེས་ཡོན་མཉམ་ལས་ལ་རྒྱབ་སྐྱོར་གྱི་སྐུལ་མ་བྱས་ཡོད་ཀྱང་། MI 5 དབྱིན་ཡུལ་གསང་བའི་ལས་ཁུངས་ཀྱིས་ CGTRI ལྟ་བུ་ཁེ་ལས་ལྟེ་གནས་དེ་བཞིན་ Chinese ministry of state security (MSS) ཞེས་རྒྱ་ནག་གི་གཞུང་འབྲེལ་བདེ་འཇགས་ལས་ཁུངས་དང་འབྲེལ་བ་ཡོད་པ་མངོན་གསལ་གནང་སྟེ། ཁོ་ཚོའི་དམིགས་ཡུལ་གཙོ་བོ་རྒྱལ་ཁབ་གཞན་གྱི་གནད་འགག་ཆེ་བའི་ཞིབ་འཇུག་ལས་དོན་ལ་རོགས་དངུལ་སོགས་མཁོ་སྤྲོད་ཀྱིས་གསང་མྱུལ་གྱི་ནུས་པ་གོང་འཕེལ་གཏོང་རྒྱུ་དེ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད། 

རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་འདས་པའི་ལོ་ཤས་སྔོན་ལས་ཡག་ཏུ་ཕྱིན་ཡོད་པ་གསུངས་འདུག

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ Subrahmanyam Jaishankar མཆོག་གིས་ཁ་ཉིན་ཨ་རིའི་ནིའུ་ཡོག་ཏུ་གླེང་མོལ་ལས་རིམ་ཞིག་གི་ཐོག་རྒྱ་དཀར་ནག་གཉིས་འབྲེལ་ལམ་འདས་པའི་ལོ་ཤས་སྔོན་ལས་ཡག་ཏུ་ཕྱིན་ཡོད་པ་གསུངས་འདུག དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན།  ཉེ་ལམ་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཁུལ་དེར་རྟེན་གཞི་བྱས་པའི་ Asia Society ཞེས་པའི་ཉམས་ཞིབ་ལྟེ་གནས་ཀྱིས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ Subrahmanyam Jaishankar མཆོག་དང་ལྷན་དུ་དམིགས་བསལ་གླེང་མོལ་གྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་།  སྐབས་དེར་ལས་རིམ་གཙོ་སྐྱོང་ཞུ་མཁན་ལྟེ་གནས་དེའི་ཉམས་ཞིབ་པ་ Daniel Russel ལགས་ཀྱིས།  རྒྱ་དཀར་ནག་གཉིས་བར་འདས་པའི་ལོ་ཤས་ནང་ཐད་ཀར་གནམ་གྲུ་འགྲུལ་བཞུད་སླར་གསོ་དང་།  འགོ་ཁྲིད་ཕན་ཚུན་བར་རིམ་པའི་འབྲེལ་མོལ།  དེ་བཞིན་ཉེ་ལམ་ BRICS ལྷན་ཚོགས་ཐོག་རྒྱ་ནག་གི་སྲིད་འཛིན་མཉམ་ཞུགས་དང་།  ས་མཚམས་ས་ཁུལ་ནས་ཀྱང་དམག་དཔུང་གང་ལ་གང་ཙམ་་ཕྱིར་འཐེན་སོགས་ཀྱིས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་སུ་འགྲོ་ཡི་ཡོད་པའི་རྣམ་པ་མངོན་གྱི་ཡོད་ཀྱང་།  དོན་དངོས་སུ་རྒྱ་དཀར་ནག་གཉིས་བར་སྒྲོམ་གཞི་ལྡན་པའི་འབྲེལ་ལམ་ཡར་རྒྱས་ཕྱིན་ཡོད་མེད་སྐོར་བཀའ་འདྲི་ཞུ་སྐབས།  རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ S. Jaishankar མཆོག་གིས་ལན་འདེབས་ཁྲོད།  གཙོ་སྐྱོང་མཆོག་གི་དགོངས་ཚུལ་ལ་ངོས་ལེན་དང་སྦྲགས།  འདས་པའི་ལོ་ཤས་སྔོན་དང་བསྡུར་ན་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཕན་ཚུན་འབྲེལ་ལམ་དེ་སྔར་ལྷག་ཡག་ཏུ་ཕྱིན་ཡོད་སྐོར་ནན་བརྗོད་གནང་འདུག་པ་མ་ཟད།  ཕྱི་ལོ་ ༢༠༢༠ ལོའི་དོན་རྐྱེན་ལུང་འདྲེན་དང་འབྲེལ་ཏེ་སྐབས་དེ་དུས་རྒྱལ་ཁབ་ཕྱོགས་གཉིས་བར་ཚོང་དོན་སོགས་རྒྱུན་སྐྱོང་བྱེད་བཞིན་ཡོད་ཀྱང་།  གཞུང་འབྲེལ་གྱི་ཕན་ཚུན་འབྲེལ་ལམ་ཚུད་པའི་མཐོང་མཆན་མཁོ་སྤྲོད་དང་ཐད་ཀར་གནམ་གྲུ་འགྲུལ་བཞུད་སོགས་ཀྱི་གནད་དོན་ཐོག་ཏན་ཏན་ཤུགས་རྐྱེན་ཐེབས་ཡོད་པ་འགྲེལ་བརྗོད་ཀྱིས།  གང་ལྟར་ནམ་ཞིག་ས་མཚམས་ཀྱི་རྩོད་རྙོག་ཞི་འཇམ་དུ་ཕྱིན་ན།  རྒྱ་གར་དཀར་ནག་གཉིས་བར་གྱི་འབྲེལ་ལམ་རྒྱུན་ལྡན་ལྟར་སླར་གསོ་འབྱུང་ངེས་ཡིན་པ་གསུངས་འདུག བློན་ཆེན་ཁོང་གིས་ད་དུང་།  རྒྱ་གར་ངོས་ནས་རྒྱ་དཀར་ནག་གཉིས་བར་གྱི་འབྲེལ་ལམ་སླར་གསོ་ཐད་ཕྱིར་འགྱངས་བྱས་པ་དེས་རྒྱལ་ཁབ་ཕྱོགས་གཉིས་ལ་ཕན་རྒྱུ་ཚབ་ལས་ལྡོག་སྟེ་རྒྱལ་ཁབ་གསུམ་པ་ཞིག་གིས་ཁེ་ཕན་བླང་རྒྱུ་ཡིན་སྐོར་རྒྱ་ནག་ལ་འགྲེལ་བརྗོད་བྱས་ཡོད་ཀྱང་།  རྒྱ་ནག་ངོས་ནས་རྒྱ་གར་གྱི་དགོངས་ཚུལ་དེར་ཁེས་ལེན་བྱ་རྒྱུར་དུས་ཚོད་གང་ལ་གང་ཙམ་འགོར་སོང་ཞེས།  རྒྱ་གར་གྱིས་ཕྱོགས་གཉིས་ལ་འགལ་རྐྱེན་དུ་འགྲོ་བའི་གནད་དོན་རེ་ཞིག་ལ་དོ་སྣང་བྱེད་རྒྱུ་ལས་ལྡོག་སྟེ་རྒྱ་ཆེ་སའི་དཀའ་རྙོག་སེལ་བའི་ཐབས་ལམ་ཐོག་འབད་རྒྱུ་ཡིད་ཆེས་བྱེད་ཀྱི་ཡོད་པ་གསུངས་འདུག  ལྷག་པར་དུ་ཁོང་གིས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་དང་འབྲེལ་བའི་རྒྱ་གར་གྱི་གཞི་རྩའི་ལྟ་གྲུབ་ནི།  ས་མཚམས་བརྟན་ལྷིང་གི་གནས་སྟངས་དེས་ཕན་ཚུན་འབྲེལ་ལམ་གྱི་གནས་བབ་ཐག་གཅོད་བྱེད་ཀྱི་ཡོད་པ་དེ་ཡིན་ལ།  ཕྱོགས་གཉིས་བར་ས་མཚམས་རྩོད་རྙོག་ཡོད་བཞིན་དུ་ཕན་ཚུན་འབྲེལ་ལམ་རྒྱུན་སྐྱོང་བྱ་དགོས་ཞེས་བརྗོད་ན།  དེ་ནི་འགྲིག་ཐབས་མེད་པ་ཞིག་ཡིན་སྐོར་གསུངས་ཏེ།  གང་ལྟར་ཡང་ས་མཚམས་གནས་སྟངས་བརྟན་ལྷིང་སུ་འགྱུར་ན།  ཕན་ཚུན་འབྲེལ་ལམ་ཡག་ཏུ་འགྱུར་ངེས་དང་།  ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཕྱིན་ན།  རྒྱལ་ཁབ་གཉིས་ཀར་ཁེ་ཕན་ཡོང་ངེས་ཡིན་པ་གསུངས་འདུག སྤྱིར་ཁ་ཉིན་གྱི་གླེང་མོལ་ལས་རིམ་དེའི་ཐོག་གཙོ་སྐྱོང་བ་ Daniel Russel ལགས་ཀྱིས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་ལ་ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་དང་།  རྒྱ་གར་དང་ཉི་ཧོང་བར་གྱི་འབྲེལ་ལམ་སོགས་སྤྱི་ཡོངས་ཀྱི་གོ་ལའི་ས་ཁམས་ཆབ་སྲིད་ཀྱི་གནས་སྟངས་སྐོར་ཡང་བཀའ་འདྲི་ཞུས་འདུག རྩ་བའི་ཐེངས་འདིར་ Asia Society ཞེས་པའི་ཉམས་ཞིབ་ལྟེ་གནས་ཀྱིས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་དང་ལྷན་དུ་དམིགས་བསལ་གྱི་གླེང་མོལ་ལས་རིམ་དེ།  ཉེ་ལམ་ཨ་རིའི་ནིའུ་ཡོག་ཏུ་ཕྱི་ཟླ་ ༩ ཚེས་ ༢༢ ནས་ཕྱི་ཚེས་ ༢༨ བར་ཉིན་གྲངས་བདུན་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ཚོགས་ཆེན་ཐེངས་ ༨༡ པའི་ཐོག་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་ཆེད་ཕེབས་གནང་ཡོད་པ་དང་བསྟུན་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་རེད།

བསྟན་འཛིན་ཆོས་འཛོམས་ལགས་སུ་ ༢༠༢༦ ལོའི་ཨེ་ཤི་ཡའི་རྩེད་འགྲན་གྱི་འདུར་རྒྱུག་འགྲན་སྡུར་ཁྲོད་ཨང་རིམ་དང་པོ་ཐོབ་འདུག

ཉེ་ལམ་ཕྱི་ཟླ་ ༩ ཚེས་ ༡༩ ནས་འགོ་འཛུགས་ཀྱིས་ཟླ་རྗེས་མའི་ཚེས་ ༤ བར་ཉི་ཧོང་གི་གྲོང་ཁྱེར་ཆེ་གྲས་ Nagoya རུ་གོ་སྒྲིག་ཞུས་པའི་ཕྱི་ལོ་ ༢༠༢༦ ལོའི་ཨེ་ཤི་ཡའི་རྩེད་འགྲན་གྱི་ Women’s Marathon Walk Race འམ་བུད་མེད་འདུར་རྒྱུག་གི་འགྲན་འསྡུར་ཁྲོད།  བོད་ཀྱི་བུད་མེད་བསྟན་འཛིན་ཆོས་འཛོམས་ལགས་ནས་སྤྱི་ལེ་ ༤༢ ལྷག་གི་རྒྱང་ཐག་དེ་བཞིན་ཕྱག་ཚོད་ ༣ དང་སྐར་མ་ ༢༦ སྟེང་འདུར་རྒྱུག་འཇུག་སྐྱོང་བྱེད་པར་ཨང་རིམ་དང་པོ་གསེར་གྱི་རྟགས་མ་ཐོབ་འདུག རྩ་བའི་འདི་ལོའི་ཨེ་ཤི་ཡའི་རྩེད་འགྲན་ཐེངས་ ༢༠ པའི་ཁྲོད་བུད་མེད་ཀྱི་འདུར་རྒྱུག་འགྲན་འསྡུར་ནང་ Kazakhstan རྒྱལ་ཁབ་ཀྱི་རྩེད་འགྲན་པ་ Toxanbayeva ལགས་ནས་རྒྱང་ཐག་སྤྱི་ལེ་ ༤༢་༡༩༥ ཕྱག་ཚོད་ ༣ དང་སྐར་མ་ ༢༢ སྐར་ཆ་ ༢༠ ཐོག་འཇུག་སྐྱོང་བྱས་ཡོད་ཀྱང་།  འགྲན་སྡུར་གྲུབ་མཚམས་རྩེད་འགྲན་གྱི་ལས་བྱེད་གཅིག་ནས་རྩེད་འགྲན་ཁྲོད་ཁོ་མོས་བེད་སྤྱོད་བྱས་པའི་ལྷམ་གྱི་རྒྱུ་ཆ་དེ་རྒྱལ་སྤྱིའི་ལུས་རྩལ་ལྷན་ཚོགས་ཀྱིས་གཏན་འབེབས་སྒྲིག་གཞི་ནང་ཚུད་ཀྱི་མེད་སྟབས།  ཁོ་མོའི་ངོས་ནས་སྒྲིག་གཞི་འགལ་འཛོལ་བྱུང་བར་ཁོང་ཐེངས་འདིའི་རྩེད་འགྲན་ནས་ཕྱིར་འབུད་ཀྱིས།  ཨང་རིམ་དང་པོའི་བྱ་དགའ་གསེར་གྱི་རྟགས་མ་དེ་བཞིན་ཨང་རིམ་གཉིས་པ་སོན་པའི་བོད་ཀྱི་བུད་མེད་བསྟན་འཛིན་ཆོས་འཛོམས་ལགས་སུ་ཕུལ་ཡོད་པ་རེད། དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན།  ཐེངས་འདིའི་ཨེ་ཤི་ཡའི་རྩེད་འགྲན་གྱི་འདུར་རྒྱུག་འགྲན་སྡུར་ཁྲོད་ཐོག་མའི་ཆར་ Kazakhstan གྱི་འདུར་རྒྱུག་གནང་མཁན་ Toxanbayeva ལགས་སུ་ཨང་རིམ་དང་པོའི་བྱ་དགའི་གསལ་བསྒྲགས་བསྐྱངས་ཡོད་ཀྱང་།  ཕྱིས་སུ་རྩེད་འགྲན་གྱི་ལས་བྱེད་གཅིག་ནས་ཁོ་མོས་གྱོན་པའི་ལྷམ་གྱི་པར་རིས་དང་འབྲེལ་ཡོད་ཡིག་ཆ་ཁག་རྩེད་རིགས་ཚོགས་ཆུང་ལ་ཞུ་སྙན་འབུལ་བར་བརྟེན།  ཚོགས་ཆུང་ནས་ཁོང་གི་གྲུབ་འབྲས་བརྩི་མེད་བཏང་སྟེ་བསྟན་འཛིན་ཆོས་འཛོམས་ལགས་སུ་ཨང་རིམ་དང་པོ་དང་།  དེ་བཞིན་རྒྱ་ནག་གི་ Ma Li ཞེས་པའི་རྩེད་འགྲན་པ་ཁོ་མོས་སྤྱི་ལེ་ ༤༢ ལྷག་གི་རྒྱང་ཐག་ཕྱག་ཚོད་ ༣ དང་སྐར་མ་ ༣༢ སྐར་ཆ་ ༢༦ སྟེང་འཇུག་སྐྱོང་བྱས་ཡོད་པར་ཨང་རིམ་གཉིས་པ་དང་།  ཉི་ཧོང་གི་རྩེད་འགྲན་པ་ Umeno  ལགས་ནས་ཕྱག་ཚོས་ ༣ དང་སྐར་མ་ ༣༤ སྐར་ཆ་ ༥༩ སྟེང་འདུར་རྒྱུད་འཇུག་སྐྱོང་བྱས་པར་ཨང་རིམ་གསུམ་པ་ཐོབ་ཡོད་པའི་གསལ་བསྒྲགས་བསྐྱངས་ཡོད་པ་རེད་འདུག     སྤྱིར་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༠ ནས་ལག་བསྟར་བྱེད་འགོ་བཙུགས་པའི་རྒྱལ་སྤྱིའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཏན་འབེབས་སྒྲིག་གཞི་གཞིར་བཟུང་བྱས་ན།  ལུས་རྩལ་པའི་ངོས་ནས་འགྲན་འསྡུར་ཁྲོད་ལྷམ་གྱི་མཐུག་ཚད་དེ་ Millimeter  ༤༠ ལས་བརྒལ་ཆོག་གི་མེད་པ་མ་ཟད།  འབྲེལ་ཡོད་རྩེད་འགྲན་དང་མཐུན་པའི་སྒྲིག་གཞི་ནང་གསལ་གྱི་ངེས་ཅན་མཐོ་ཚད་དང་རྒྱུ་ཆ་བྱེ་བྲག་པའི་ལྷམ་ཡིན་དགོས་ཀྱི་ཡོད་འདུག བུད་མེད་འདུར་རྒྱུག་པ་བསྟན་འཛིན་ཆོས་འཛོམས་ལགས་ནི།  ཆུང་དུས་ནས་གོམ་པ་སྤོ་རྒྱུ་དང་རྒྱུག་ཤར་གློད་པར་དགའ་མོས་ཆེན་པོ་ཡོད་མཁན་ཞིག་དང་།  ཁོ་མོར་ཕྱི་ལོ་ ༢༠༢༤ ལོའི་ལྷ་སའི་བུད་མེད་ཀྱི་འདུར་རྒྱུག་ཕྱེད་ཀའི་འགྲན་བསྡུར་ཁྲོད་ཨང་རིམ་དང་པོ་ཐོབ་ཡོད་པ་མ་ཟད།  ཕྱི་ལོ་ ༢༠༢༦ ཨན་ཧུའེ་ཧོང་ཧྲན་དུ་འཚོགས་པའི་རྒྱ་ནག་རྒྱལ་ཡོངས་བུད་མེད་ཀྱི་འདུར་རྒྱུག་ཕྱེད་ཀའི་འགྲན་བསྡུར་ཁྲོད་ལ་ཡང་ཨང་རིམ་གསུམ་པ་ཐོབ་ཡོད་པ། དེ་བཞིན་འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཨན་ཧུའེ་ཧོ་ཧྥེ་རུ་འཚོགས་པའི་རྒྱ་ནག་རྒྱལ་ཡོངས་བུད་མེད་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨང་གཉིས་པ་བླངས་ཏེ།  ད་ལྟའི་སྐབས་ ༢༠ པའི་ཨེ་ཤི་ཡའི་རྩེད་འགྲན་ཆེན་མོར་འཛུལ་ཞུགས་ཀྱི་ཆ་རྐྱེན་བསྐྲུན་ཐུབ་ཡོད་པ་རེད་འདུག

བོད་ཁུལ་གྱི་བྱིས་སྐྱོང་ཁང་དུ་བྱིས་སེམས་རྒྱལ་ཞེན་ཟེར་བའི་ལས་འགུལ་ལག་བསྟར།

ཕྱི་ལོ་ ༢༠༢༦ ལོའི་ཕྱི་ཟླ་ ༩ པ་ནས་བཟུང་། བོད་ཁུལ་གྱི་བྱིས་སྐྱོང་ཁང་ཁག་ཏུ་བྱིས་སེམས་རྒྱལ་ཞེན་ཟེར་བའི་བྱེད་སྒོ་སྣ་ཚོགས་སྤེལ་འགོ་བཙུགས་ཡོད་པ་དང་། གཙོ་བོ་མདོ་སྨད་ས་ཁུལ་དུ་ཤུགས་ཆེན་པོའི་ཐོག་སྤེལ་བཞིན་པ་ཞིག་རེད་འདུག ལོ་གཅིག་ནས་བཞི་བར་གྱི་བྱིས་པ་ཆུང་ཆུང་ཚོར་ཀྲུང་གོ་དང་ཏང་གི་གཟི་བརྗིད་མཚོན་བྱེད་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད་འདུག འབྲེལ་ཡོད་བརྒྱུད་ནས་གནས་ཚུལ་ཤེས་རྟོགས་ལྟར་ན། བྱིས་སེམས་རྒྱལ་ཞེན་ཟེར་བའི་བྱེད་སྒོ་དེའི་ནང་དུ་གཙོ་བོ་ཏང་དང་འབྲེལ་ཡོད་ཀྱི་རི་མོ་འབྲི་བ། བྱིས་གླུ་ལེན་པ། རྩེད་མོ་རྩེད་པ། སྐད་ཆ་བཤད་པ། བརྙན་འཕྲིན་ལྟ་བ་སོགས་ཡོད་པ་དང་། ཉིན་རེར་ཆུ་ཚོད་གཉིས་རེའི་རིང་བྱེད་སྒོ་འཚོག་བཞིན་ཡོད་འདུག བྱིས་པ་ཆུང་ཆུང་བཞི་ནས་དྲུག་བར་ཚོགས་ཆུང་གཅིག་བྱས་ཏེ། ཚོགས་ཆུང་དབར་འགྲན་སྡུར་གྱི་རྣམ་པའི་ཐོག་ནས་རྩེད་མོ་དང་བྱེད་སྒོ་སྤེལ་བཞིན་ཡོད་པ་དང་། འགྲན་སྐོར་རེ་ལ་ཀྲུང་གོའི་རྒྱལ་དར་གྱི་རྟགས་མ་རེ་རེ་སྤྲོད་ཀྱི་ཡོད་འདུག  །རྟགས་མ་ག་ཚོད་མང་པོ་ཐོབ་ན་དེ་ཙམ་གྱིས་གྲུབ་འབྲས་ལེགས་པོ་ཐོབ་པར་བརྩི་བ་དང་། རྟགས་མ་མང་ཤོས་ཐོབ་པའི་བྱིས་པར་རྒྱལ་ཞེན་རྩེར་སོན་ཟེར་བའི་མིང་བཏགས་ཡོད་འདུག བྱིས་པའི་ཕ་མ་ཞིག་དང་མཉམ་དུ་གླེང་མོལ་སྐབས། དེང་སང་བྱིས་སྐྱོང་ཁང་དུ་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད་པ་དང་། སེམས་པ་སྐྱོ་དགོས་པ་ཞིག་ནི་བྱེད་སྒོ་ཚང་མ་རྒྱ་ཡིག་དང་རྒྱ་སྐད་ཀྱི་ཐོག་ནས་སྤེལ་གྱི་ཡོད་པ་མ་ཟད།  བྱིས་སྐྱོང་ཁང་གྲོལ་ནས་ཁྱིམ་དུ་ཕྱིར་ལོག་རྗེས། ཕ་མ་དང་མཉམ་དུ་རྒྱ་སྐད་བཤད་པ་རྒྱུན་གོམས་སུ་གྱུར་ཡོད་པས། ནང་མི་ཚོར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ། དེ་བཞིན་སྤོ་སྤོ་དང་རྨོ་རྨོ་ལགས་མཉམ་དུ་འགྲོ་བར་འདོད་པ་མེད་པ་དང་། ཕན་ཚུན་བར་བརྡ་མི་འཕྲོད་པའི་གནས་སྟངས་ཀྱང་སེམས་སྐྱོ་བའི་གནས་ཚུལ་ཞིག་ཆགས་ཡོད་འདུག བོད་ཁུལ་གྱི་བྱིས་སྐྱོང་ཁང་ཁག་གི་ནང་དུ་ཏང་གི་དྲིལ་བསྒྲགས་དང་། མེས་རྒྱལ་དགའ་ཞེན། སྤྱི་སྐད་ལག་ལེན། བྱིས་སེམས་རྒྱལ་ཞེན་ཟེར་བ་སོགས་མིང་མི་འདྲ་བའི་བྱེད་སྒོ་ཧ་ཅང་མང་པོ་སྤེལ་བཞིན་ཡོད་འདུག

ཧུའུ་ཁྲང་ཧྲེང་གིས་བོད་ནང་དམར་ཤོག་ཚོགས་པ་དང་ཞི་ཅིན་ཕིང་གི་མཁྲེགས་འཛིན་གྱི་སྲིད་བྱུས་རྒྱུན་སྐྱོང་བྱ་རྒྱུ་ཡིན་པ་བརྗོད་འདུག

ཉེ་ཆར་རྒྱ་དམར་གཞུང་གིས་ Wang Junzheng ཝང་ཅུན་ཀྲང་གི་ཚབ་ཏུ་ Hu Changsheng ཧུའུ་ཁྲང་ཧྲེང་ཟེར་བ་དེ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་པའི་རྗེས་སུ། ཁོ་པའི་ལས་གནས་འགོ་འཛུགས་ཀྱི་གཏམ་བཤད་སྤེལ་བའི་ནང་དུ། ཁོ་པས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པ་དང་སྲིད་འཛིན་ཞི་ཅིན་ཕིང་གི་མི་རིགས་མཉམ་བསྲེས་དང་རྩ་གཏོར་གྱི་མཁྲེགས་འཛིན་གྱི་སྲིད་བྱུས་རྒྱུན་སྐྱོང་བྱ་འཆར་ཡོད་པའི་རྣམ་པ་བསྟན་ཡོད་པ་རེད། དེ་ཡང་ཁ་སང་ཨ་རིའི་རྒྱལ་ས་ Washington DC ནང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་འདིའི་ཚེས་ ༢༢ ཉིན་ཧུའུ་ཁྲང་ཧྲེང་གི་ལས་གནས་གསར་པ་འགོ་བཙུགས་དང་འབྲེལ་བའི་མཛད་སྒོའི་གཏམ་བཤད་ཁྲོད། ཧུའུ་ཁྲང་ཧྲེང་གིས་“ངས་འཕེལ་རྒྱས་དང་བདེ་འཇགས་མཐུན་སྦྱོར་བྱེད་པའི་རྩ་དོན་ལ་བརྩི་སྲུང་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྤྱིའི་འདུ་ཤེས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ། དེ་བཞིན་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཤུགས་ཆེར་གཏོང་རྒྱུ། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་བསྐྲུན་བྱེད་རྒྱུ་དེ་གཙོ་བོར་བཟུང་ནས། མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་དཔེ་སྟོན་ས་ཁུལ་བསྐྲུན་རྒྱུར་ཤུགས་རྒྱག་རྒྱུ་ཡིན་པ། དེ་བཞིན་སྤྱི་ཚོགས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་གསར་གཏོད་བྱེད་པ། བོད་ལྗོངས་ཀྱི་བརྟན་ལྷིང་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་པ་སོགས་བརྗོད་འདུག དེ་འབྲེལ་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་ཧུའུ་ཁྲང་ཧྲེང་གི་དེ་སྔའི་ལས་ཀའི་ཉམས་མྱོང་དང་ལྷག་པར་དུ་བོད་ཀྱི་ས་ཁུལ་གཞན་ནང་ལས་ཀ་བྱས་པའི་ཉམས་མྱོང་ལ་ཞིབ་འཇུག་བྱས་པའི་ཁྲོད། ཁོ་པས་བོད་མིའི་ཐོག་རྒྱ་ནག་དམར་ཤོག་ཚོགས་པ་དང་ཞི་ཅིན་ཕིང་གིས་ཆེས་མཁྲེགས་འཛིན་དང་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་རྒྱུན་སྐྱོང་བྱ་རྒྱུའི་རྣམ་པ་ཤུགས་ཆེ་མངོན་རྒྱུ་ཡོད་པ་གསུངས་འདུག ལས་འགུལ་ཁང་གིས་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༣ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་ལུང་འདྲེན་གནང་བ་ལྟར་ན། ཧུའུ་ཁྲང་ཧྲེང་དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་དུ་ལས་ཀ་བྱས་པའི་རིང་། དོན་མེད་འཛིན་བཟུང་བྱས་པའི་བོད་མི་གློད་བཀྲོལ་དགོས་པའི་ས་གནས་བོད་མིའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་བའི་ཐོག་ལ་ཉེན་རྟོག་པས་མེ་མདའ་གང་བྱུང་བརྒྱབ་པ་དང་། ཕྱོགས་མཚུངས་ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༧ པའི་ནང་ཏ་ཝུ་རྫོང་ཐོག་ཏུ་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་བྱེད་བཞིན་པའི་བོད་མི་སྐྱ་སེར་རྣམས་ཀྱི་ཐོག་ལ་མིག་ཆུའི་རླངས་རྫས་གཡུག་པ་དང་མེ་མདའ་བརྒྱབ་པ། དེ་བཞིན་ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་དང་པོའི་ཞི་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པའི་བྲག་མགོ་དགོན་པའི་གྲྭ་ཚེ་རིང་རྒྱལ་མཚན་ལགས་བཀག་ཉར་འོག་ཉེན་རྟོག་པས་རྡུང་རྡེག་དྲག་པོའི་འོག་སྐུ་བཀྲོངས་པ་མ་ཟད་སྐབས་དེར་དཀར་མཛེས་ཁུལ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཡིན་པའི་ཧུའུ་ཁྲང་ཧྲེང་དངོས་སུ་བྲག་མགོ་དགོན་པར་ཕྱིན་ཏེ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ལོ་ ༧ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་དགོན་པའི་དགེ་འདུན་པ་ ༤ ཡི་གནད་དོན་སྐོར་གླེང་སློང་བྱ་རྒྱུ་མེད་པའི་སྡིགས་ར་སྐུལ་མྱོང་ཡོད་པ་ཐེར་འདོན་གནང་འདུག མ་ཟད་ཧུའུ་ཁྲང་ཧྲེང་ས་ཁུལ་དེ་ནས་གནས་སྤོས་ཕྱིན་ཟིན་པའི་རྗེས་སུའང་དཀར་མཛེས་ཁུལ་དུ་སྟོན་པ་ཤ་ཀྱ་ཐུབ་པ་དང་གུ་རུ་པདྨ་འབྱུང་གནས། དེ་བཞིན་རྒྱལ་བ་བྱམས་པའི་སྐུ་བརྙན་དང་མ་ཎི་འཁོར་ལོ་གཏོར་བཤིགས་སོགས་ནང་ཆོས་ཀྱི་སྐུ་རྟེན་གཙོ་གྲས་ཁག་གཅིག་གཏོར་བཤིགས་དང་བྱ་འགུལ་དེ་དག་ལ་ངོ་རྒོལ་བྱེད་མཁན་ཁོངས་ནས་བོད་མི་ ༡༡ ལྷག་འཛིན་བཟུང་བྱས་པ་སོགས་ཀྱི་དྲག་པོའི་སྲིད་བྱུས་མུ་མཐུད་སྤེལ་ཡོད་པའང་མངོན་གསལ་གནང་འདུག དེ་བཞིན་ཕྱི་ལོ་ ༢༠༢༢ ནས་ ༢༠༢༦ བར་ཧུའུ་ཁྲང་ཧྲེང་ཀན་སུ་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་བྱས་པའི་སྐབས་སུའང་ཀན་ལྷོ་ཁུལ་གྱི་དགོན་སྡེ་ཁག་གི་ཐོག་ལ་དོ་དམ་ཤུགས་ཆེ་རུ་བཏང་བ་དང་། ཆོས་ཕྱོགས་ཀྱི་ལས་དོན་ལ་དམ་དྲག་བྱས་པའི་ཁྲོད་དགེ་འདུན་པ་རྣམས་ལ་རྒྱལ་གཅེས་ཆོས་བྱས་སོགས་ཀྱི་བཙན་དབང་གི་ཆབ་སྲིད་སློབ་གསོ་སྤེལ་བ་དང་། བཙན་བྱོལ་ནང་གི་བླ་སྤྲུལ་དང་བོད་མིའི་སྤྱི་ཚོགས་ལྷན་དུ་འབྲེལ་བ་བྱེད་རྒྱུར་དམ་དྲག་བྱས་པ། དེ་བཞིན་ཕྱི་ལོ་ ༢༠༢༣ ལོར་ཀན་ལྷོ་ཁུལ་དུ་གུང་ཐང་རིན་པོ་ཆེའི་དུས་འཁོར་དབང་འཚོགས་མ་བཅུག་པར་ལོ་གཅིག་ཕྱིར་འགྱངས་བྱེད་དུ་བཅུག་པ་དང་། ལོ་གཅིག་རྗེས་སུ་འཚོགས་པའི་སྐབས་སུའང་ས་གནས་གཞན་གྱི་དད་ལྡན་པ་རྣམས་ལ་མཉམ་ཞུགས་བྱེད་རྒྱུར་བཀག་སྡོམ་བྱས་པ་སོགས་བྱུང་ཡོད་པ་རེད་འདུག ལྷག་པར་དུ་ཧུའུ་ཁྲང་ཧྲེང་གི་འགོ་ཁྲིད་འོག་ས་ཁུལ་དུ་བསམ་བློའི་དམ་དྲག་ཤུགས་ཆེ་བྱས་པའི་ཁྲོད་ཕྱི་ལོ་ ༢༠༢༥ ལོར་སང་ཆུ་རྫོང་ཁོངས་ཀྱི་བོད་པའི་དགོན་སྡེ་ཁག་གི་འགན་འཛིན་རྣམས་འདུ་སྐོང་གིས་རྒྱལ་ཁབ་ལ་བཀའ་དྲིན་བསམ་ཤེས་དང་བློ་གཏད་རྩེ་གཅིག་ཏུ་བཅོལ་དགོས་པའི་ཆབ་སྲིད་སློབ་གསོ་སྤེལ་བ། དེ་བཞིན་ཕྱི་ལོ་ ༢༠༡༥ ལོར་ཧུའུ་ཁྲང་ཧྲེང་དངོས་སུ་ཀན་ལྷོ་ཁུལ་གྱི་བླ་བྲང་དགོན་པར་བསྐྱོད་དེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་དགོས་པའི་གཏམ་བཤད་སྤེལ་བ་དང་། ལོ་དེ་རང་ལ་གསེར་རྟ་བླ་རུང་སྒར་དུ་གཏོར་བཤིགས་དམ་དྲག་ཁྲོད་ཁོ་པ་དངོས་སུ་བསྐྱོད་པ་སོགས་ཁམས་དང་ཨ་མདོའི་ས་ཁུལ་དུ་བརྟན་ལྷིང་སྲུང་སྐྱོབ་ཀྱི་ལས་གཞིའི་མིང་བྱུང་འོག་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་ཤུགས་ཆེ་བྱས་ཡོད་པ་ཐེར་འདོན་གནང་འདུག མ་ཟད་ཕྱི་ལོ་ ༢༠༢༤ ལོར་ཧུའུ་ཁྲང་ཧྲེང་གིས་རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་པ་ Nicholas Burns དང་ཐུག་འཕྲད་བྱས་པའི་ཁྲོད། ཀན་སུ་ཞིང་ཆེན་དང་ཨ་རི་དབར་གྱི་འབྲེལ་བ་དམ་ཟབ་གཏང་རྒྱུ་དང་ཚོང་གི་འབྲེལ་ལམ་དང་མི་དང་མིའི་འབྲེལ་ལམ་སྐོར་གླེང་སློང་བྱས་པ་སོགས་ཀྱི་ཁྲོད། ཁོ་པས་རྒྱ་ནག་དམར་ཤོག་པའི་མཁྲེགས་འཛིན་གྱི་ལྟ་གྲུབ་རྒྱུན་སྐྱོང་བྱས་པའི་ཐོག་ལ་ཕྱི་འབྲེལ་གྱི་ནུས་པ་ཡང་ཡོད་པ་མངོན་གསལ་བྱས་ཡོད་པ་ལྟར། ཁོ་པས་ད་ལྟ་བོད་རང་སྐྱོང་ལྗོངས་ནང་དུའང་དེ་མཚུངས་ལག་བསྟར་བྱེད་སྲིད་པ་གསུངས་འདུག རྩ་བའི་རང་ལོ་ ༦༣ ཡིན་པའི་ཧུའུ་ཁྲང་ཧྲེང་ནི་རྒྱ་ནག་གི་ Jiangxi ནང་སྐྱེས་པ་དང་། ཕྱི་ལོ་ ༡༩༨༢ ལོར་སི་ཁྲོན་དགེ་ཐོན་སློབ་གྲྭ་ཆེན་མོའི་ས་གཤིས་རིག་པའི་སློབ་གླིང་ནང་ས་གཤིས་དང་གཏེར་དངོས་རྟོག་ཞིབ་ཀྱི་ཆེད་ལས་སྦྱངས་ཤིང་། སློབ་མཐར་སོན་རྗེས་སློབ་གྲྭ་དེ་གར་དགེ་རྒན་དང་།  སྤྱི་ལོ་ ༢༠༠༣ ལོར་ཧྲན་ཏུང་སློབ་ཆེན་ནས་ལོ་རྒྱུས་རིག་པའི་འབུམ་རམས་པའི་ལག་འཁྱེར་ཐོབ་པ་ཞིག་རེད་འདུག ཁོ་པས་ཕྱི་ལོ་ ༡༩༨༦ ལོར་རྒྱ་ནག་དམར་ཤོག་ཚོགས་པར་ཞུགས་པ་དང་། ཕྱི་ལོ་ ༢༠༡༢ ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་བྱས་མྱོང་ཡོད་པ་མ་ཟད། རིམ་པས་མཚོ་སྔོན་དང་ Fujian ཞིང་ཆེན་བཅས་སུ་དམར་ཤོག་ཚོགས་པའི་རྒྱུན་ལས་དང་དྲུང་ཆེ་གཞོན་པའི་ལས་འགན་འཁྱེར་རྗེས། ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༡༢ ནས་ད་བར་ཀན་སུ་ཞིང་ཆེན་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་བྱས་ཡོད་པ་རེད། རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་ད་ལན་ཧུའུ་ཁྲང་ཧྲེང་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་པ་དེས་རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་དུ་འཛིན་སྐྱོང་གི་ལས་གནས་མཐོ་གྲས་ཐོག་བོད་མི་རྩ་བ་ནས་བསྐོ་བཞག་བྱེད་ཀྱི་མེད་པའི་ལམ་སྲོལ་མངོན་གསལ་བྱེད་ཀྱི་ཡོད་པ་གསུངས་འདུག

Latest news