རྒྱ་ནག

སུད་སི་དང་རྒྱ་ནག་དབར་གྱི་གྲོས་མོལ་ཐེངས་ ༡༩ པའི་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སེམས་འཚབ་བསྟན་འདུག

ཉེ་ལམ་འཚོགས་པའི་སུད་སི་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གྲོས་མོལ་ཐེངས་ ༡༩ པའི་ཐོག་སུད་སི་ཕྱི་སྲིད་ལྷན་ཁང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སེམས་འཚབ་བསྟན་འདུག དེ་ཡང་ཟླ་བ་འདིའི་ཚེས་ ༡༩ ནས་ ༢༠ བར་འཚོགས་པའི་ Swiss–Chinese Bilateral Human Rights Dialogue ཞེས་སུད་སི་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གྲོས་མོལ་ཐེངས་ ༡༩ པའི་ཐོག །སུད་སི་ཕྱི་སྲིད་ལྷན་ཁང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སེམས་འཚབ་བསྟན་འདུག་པ་དང་། སུད་སི་ཕྱི་སྲིད་ལྷན་ཁང་གིས་གཞུང་འབྲེལ་གསལ་བསྒྲགས་སྤེལ་བ་ལྟར་ན། སུད་སིའི་ངོས་ནས་བོད་མི་དང་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ཧོང་ཀོང་དུ་ཡར་རྒྱས་ཀྱི་ལས་གཞི། དེ་བཞིན་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་དེས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་དད་རང་དབང་བཅས་ལ་འབྱུང་སྲིད་པའི་ཤུགས་རྐྱེན་ཐད་སེམས་འཚབ་བསྟན་ཡོད་པ་མ་ཟད། མི་སྒེར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ལའང་གྲོས་བསྡུར་གནང་ཡོད་པ་གསལ་སྟོན་གནང་འདུག དེ་བཞིན་གྲོས་མོལ་ཐོག་སྤྱི་དམངས་དང་། ཆབ་སྲིད། དཔལ་འབྱོར། སྤྱི་ཚོགས། རིག་གཞུང་བཅས་ཀྱི་ཐོབ་ཐང་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས་ཐོག་གི་གལ་ཆེའི་གནད་དོན། བཅོས་མའི་རིག་རྩལ་གྱི་འགྲོ་བ་མིའི་ཐོབ་ཐང་ལ་ཤུགས་རྐྱེན། ཁྲིམས་ཆད་ལམ་ལུགས་དང་འབྲེལ་བའི་མཉམ་ལས་བཅས་ཀྱི་སྐོར་ལ་བཀའ་མོལ་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་སུད་སིའི་བོད་ཀྱི་སྐུ་ཚབ་དོན་ཁང་ངོས་ནས། སུད་སི་རྒྱལ་ཁབ་ཀྱིས་བོད་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་རྒྱུན་མཐུད་དོ་ཁུར་གནང་བཞིན་པ་དེས་རྒྱལ་སྤྱིའི་གཞི་རྩའི་རང་དབང་སྲུང་སྐྱོབ་དང་། འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་བརྩི་སྲུང་གི་འབད་བརྩོན་ལ་ཕན་ཐོགས་ཡོད་པ་ངོས་འཛིན་ཞུ་བཞིན་ཡོད་ཅིང་། བོད་ཀྱི་སྐད་ཡིག་སློབ་གསོ་དང་། རིག་གཞུང་མཚོན་ཐབས། ཆོས་དད་རང་དབང་བཅས་ལ་དམ་བསྒྲགས་བྱེད་བཞིན་པ་ནི་སེམས་འཚབ་བྱེད་དགོས་པའི་གནད་དོན་ཞིག་ཆགས་ཡོད་པ་མ་ཟད། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་ལག་བསྟར་བྱས་པ་དེས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་བཅས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་གལ་ཆེའི་རང་བཞིན་གསལ་སྟོན་གནང་ཡོད་པ་གསུངས་འདུག གཞི་རྩའི་ཕྱི་ལོ་ ༡༩༩༡ ལོ་ནས་བཟུང་སུད་སི་དང་རྒྱ་ནག་གི་ཕྱོགས་གཉིས་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་འཚོག་བཞིན་ཡོད་པ་དང་། ཐེངས་འདིའི་གྲོས་མོལ་ཐོག་སུད་སི་སྐུ་ཚབ་ཚོགས་ཆུང་དེ་བཞིན་སུད་སི་ཕྱི་སྲིད་ལྷན་ཁང་གི་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་འགན་འཛིན་གཞོན་པ་ Dagmar Schmidt Tartagli ལགས་ཀྱིས་སྣེ་ཁྲིད་དང་། རྒྱ་ནག་ངོས་ནས་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་ཚོགས་པ་དང་ཚོགས་འདུ་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་གཞོན་པ་ Yuan Yuan ཡིས་སྣེ་ཁྲིད་ཡོད་པ་རེད།

རྒྱ་ནག་ནི་ད་ལྟ་རྒྱ་གར་ལ་འཕྲད་བཞིན་པའི་ཕྱི་འབྲེལ་གྱི་དཀའ་ངལ་ཆེ་ཤོས་དང་གཞི་རྒྱ་ཆེ་ཤོས་ཤིག་ཡིན་པ་གསུངས་འདུག

རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ Vijay Gokhale ལགས་ཀྱིས་ཉེ་ལམ་རྒྱ་དཀར་དང་འབྲེལ་བའི་གླེང་མོལ་ལས་རིམ་ཞིག་གི་ཐོག་ རྒྱ་ནག་ནི་ད་ལྟ་རྒྱ་གར་ལ་འཕྲད་བཞིན་པའི་ཕྱི་འབྲེལ་གྱི་དཀའ་ངལ་ཆེ་ཤོས་དང་གཞི་རྒྱ་ཆེ་ཤོས་ཤིག་ཆགས་ཡོད་པ་གསུངས་འདུག དེ་ཡང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ Carnegie Endowment for International Peace ཞེས་རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་གནང་མཁན་གྱི་ལྟེ་གནས་དང་། རྒྱ་གར་གྱི་བརྒྱུད་ལམ་ཆེ་གྲས་ Hindustan Times གཉིས་ཀྱི་མཉམ་འབྲེལ་ཐོག་ནས་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ Vijay Gokhale ལགས་དང་ལྷན་དུ་རྒྱ་ཀར་དཀར་ནག་དབར་གྱི་ད་ལྟའི་འབྲེལ་བ་སོགས་ཀྱི་སྐོར་གླེང་མོལ་ལས་རིམ་འཚོགས་ཡོད་པ་དང་།  སྐབས་དེར་སྐུ་ཞབས་ཁོང་གིས་ལས་རིམ་གཙོ་སྐྱོང་ཞུ་མཁན་གྱི་དྲི་བར་ལན་འདེབས་ཁྲོད།  རྒྱ་གར་དང་རྒྱ་ནག་གཉིས་ཀའི་ངོས་ནས་ད་ལྟའི་ཆར་དཔལ་འབྱོར་གྱི་འབྲེལ་ལམ་རིམ་པས་བསྐྱར་གསོ་བྱེད་བཞིན་ཡོད་པ་དེ་ལྟར་ཡང་།  འཐབ་ཇུས་ཀྱི་ཆ་ནས་ཕན་ཚུན་ཡིད་ཆེས་མེད་པ་ཞིག་དང་།   ས་མཚམས་ཀྱི་ཛ་དྲག་གནས་སྟངས་དེ་ཡང་སེལ་མེད་པ་མ་ཟད།  དམག་དོན་འགྲན་རྩོད་མུ་མཐུད་གནས་བཞིན་པའི་ཐོག་ནས་མཉམ་ལས་བྱེད་བཞིན་ཡོད་པ་བཅས།  ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་ཕྱིན་བཞིན་པ་མངོན་གྱི་ཡོད་པ་དེས་རྒྱ་ནག་གི་སྲིད་བྱུས་ལ་དོན་དངོས་སུ་འགྱུར་བ་ཕྱིན་པ་མཚོན་གྱི་ཡོད་མེད་དང་། ཡང་ན་དེ་ནི་རྒྱ་ནག་གི་འཕྲལ་སེལ་གྱི་ཐབས་ཇུས་ཤིག་ཡིན་མིན་དྲི་བ་ཆགས་ཡོད་སྐོར་གསུངས་འདུག  ལྷག་པར་དུ་གླེང་མོལ་ཁྲོད་ཕྱི་སྲིད་དྲུང་ཆེ་ཟུར་པ་ཁོང་གིས།  རྒྱ་ནག་ནི་རྒྱལ་སྤྱིའི་ཁྲོད་དུ་འགྱུར་བ་འགྲོ་བཞིན་པའི་འཐབ་ཇུས་ཀྱི་གནས་བབ་ཇི་ཡོད་ལ་གོ་སྐབས་བཟུང་བའི་ཐོག་ཕྱི་འབྲེལ་དང་།  དཔལ་འབྱོར་གནོན་ཤུགས།  དམག་དོན་གྱི་སྟོབས་ཤུགས་བཅས་ཀྱི་བརྒྱུད་ནས་རང་གི་ཁེ་ཕན་སྲུང་སྐྱོབ་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་དང་འབྲེལ།  རྒྱ་ནག་གིས་ད་ལྟའི་ཆར་རྒྱ་གར་ལྷན་དུ་ས་མཚམས་རྩོད་རྙོག་སེལ་རྒྱུར་ཁེ་ཕན་ཡོད་པར་ལྟ་ཡི་མེད་ལ།  དུས་ཀྱི་ཁེ་དབང་རྒྱ་ནག་ཕྱོགས་ལ་ཡོད་པའི་ཆ་ནས་རྒྱ་གར་དེ་བཞིན་ས་མཚམས་རྩོད་རྙོག་ནང་ལྷུང་དུ་བཅུག་རྒྱུའི་རྐང་བཙུགས་འཐབ་ཇུས་བཟུང་བཞིན་ཡོད་པ་མ་ཟད།  རྒྱ་ནག་གིས་རྒྱ་གར་དེ་བཞིན་དམག་དོན་གྱི་ཆ་ནས་སྟོབས་ཆུང་རྒྱལ་ཁབ་ཅིག་ལ་རྩིས་ཀྱི་ཡོད་སྲིད་པ་བཅས།  རྒྱ་ནག་ནི་ད་ལྟ་རྒྱ་གར་ལ་འཕྲད་བཞིན་པའི་ཕྱི་འབྲེལ་གྱི་དཀའ་ངལ་ཆེ་ཤོས་དང་གཞི་རྒྱ་ཆེ་ཤོས་ཤིག་ཆགས་ཡོད་པ་གསུངས་འདུག  Vijay Gokhale ལགས་ཀྱིས་ད་དུང་ཉེ་ལམ་ཨ་རིའི་ནིའུ་ཡོག་ཏུ་གླེང་མོལ་ལས་རིམ་ཞིག་གི་ཐོག་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ S. Jaishankar མཆོག་གིས་རྒྱ་དཀར་ནག་གཉིས་བར་འདས་པའི་ལོ་ཤས་ནང་ཐད་ཀར་གནམ་གྲུ་འགྲུལ་བཞུད་དང་ས་མཚམས་ཚོང་འབྲེལ་སླར་གསོ་བྱས་པ་སོགས་རྒྱལ་ཁབ་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཡག་ཏུ་ཕྱིན་ཡོད་པ་དེ་ལྟར་ཡང་དོན་དངོས་སུ་སྒྲོམ་གཞི་ལྡན་པའི་རྨང་གཞིའི་གནད་དོན་སེལ་རྒྱུར་འགྱུར་བ་གང་ཡང་ཕྱིན་མེད་པ་གསུངས་ཡོད་སྐོར་ལུང་འདྲེན་དང་འབྲེལ།  ད་ལྟའི་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་གྱི་གནས་སྟངས་དེ་བཞིན་ཨ་རིས་རྒྱ་ནག་ཐོག་འཛིན་པའི་ཐབས་ཇུས་གསར་པ་དེས་ཤུགས་རྐྱེན་ཐེབས་སྲིད་པ་གསུངས་འདུག་ལ།  རྒྱ་གར་ངོས་ནས་རྒྱ་ནག་དང་འབྲེལ་བའི་ཚོང་འབྲེལ་མ་འཛུགས་བཀག་སྡོམ་སོགས་ཀྱི་དེ་སྔོན་སྲིད་བྱུས་འཛིན་སྟངས་ཐོག་ཕྲན་བུ་འགྱུར་བ་གཏང་དགོས་གལ་གྱི་དགོངས་འཆར་བཏོན་གནང་སོང་།  རྩ་བའི་ཐེངས་འདིའི་གླེང་མོལ་ལས་རིམ་ཐོག་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་དང་ལྷན་དུ།  ཨ་རི་དང་རྒྱ་ནག་དབར་གྱི་ད་ལྟའི་འབྲེལ་ལམ་དང་།  Quad མཐུན་ཚོགས་ཀྱི་མ་འོངས་པའི་གནས་བབ།  དེ་བཞིན་རྒྱ་གར་གྱི་ཁྱིམ་མཚེས་རགྱལ་ཁབ་པཱ་ཀི་སི་ཐན་དང་ཨ་རི་དབར་གྱི་འབྲེལ་བ་བཅས་ཀྱི་སྐོར་ཡང་དགོངས་ཚུལ་བརྗེ་རེས་གནང་ཡོད་པ་རེད།  སྤྱིར་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ Vijay Gokhale ལགས་ལྟ་བུ་མཚོན་ན་ད་ལྟའི་ཆར་རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་གནང་མཁན་གྱི་ལྟེ་གནས་ Carnegie Endowment for International Peace ཞེས་པ་དེའི་ཉམས་ཞིབ་པ་རྒན་པ་ཞིག་གི་ཕྱག་ལས་གནང་བཞིན་པ་དང་།  ཁོང་གིས་ད་བར་རྒྱ་དཀར་ནག་དང་འབྲེལ་བའི་ཕྱག་དེབ་ ༥ འདོན་སྤེལ་གནང་ཟིན་པའི་ཁྲོད།  འདི་ལོར་འདོན་སྤེལ་གནང་བའི་ཕྱག་དེབ་ China’s Wars: The Politics and Diplomacy Behind its Military Coercion ཞེས་པ་དེའི་ཐོག་ད་ལྟ་རྒྱ་གར་གནད་དོན་དབྱེ་ཞིབ་པ་ཚོའི་ཁྲོད་གླེང་སློང་ཤུགས་ཆེ་འབྱུང་བཞིན་ཡོད་པ་རེད། 

ཡར་ཀླུང་གཙང་པོའི་ཆུ་རྒྱུན་ཐོག་གི་ཆུ་མཛོད་དེས་ཆུ་ལོག་གི་ཉེན་ཁ་ཆེ་རུ་འགྲོ་སྲིད་པ་མངོན་གསལ་གནང་འདུག

རྒྱ་རིགས་ཉམས་ཞིབ་པ་ཁག་གཅིག་གིས་ཉེ་ལམ་ཞིབ་འཇུག་དཔྱད་རྩོམ་ཞིག་འདོན་སྤེལ་བརྒྱུད།  བོད་མཐོ་སྒང་གི་ཡར་ཀླུང་གཙང་པོའི་སྟེང་རྒྱ་ནག་གིས་འཛུགས་བསྐྲུན་བྱེད་བཞིན་པའི་འཛམ་གླིང་ནང་གི་ཆུ་ཤུགས་གློག་འདོན་གྱི་ཆུ་མཛོད་ཆེ་ཤོས་དེར་དུས་རབས་འདིའི་ནང་ཆུའི་འབབ་ཚད་ཇེ་མང་དུ་འགྲོ་བ་དང་ཆུ་ལོག་གི་ཉེན་ཁ་ཆེ་རུ་འགྲོ་སྲིད་པའི་ཉེན་བརྡ་བཏང་འདུག དེ་ཡང་ South China Morning Post གསར་ཤོག་གིས་ཁ་སང་ཕྱི་ཚེས་ ༢༦ ཉིན་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན།  རྒྱ་ནག་ཚན་རིག་གཙུག་ལག་སློབ་ཁང་ Chinese Academy of Sciences དང་ཡུན་ནན་གཙུག་ལག་སློབ་གྲྭ་ཆེན་མོ་ Yunnan University གཉིས་ཀྱི་ཉམས་ཞིབ་པ་ཚོས་ Tree-ring width chronologies ཞེས་ཤིང་སྡོང་ཚོ་ཁག་གཅིག་གི་ཞེང་ཁའི་འཕེལ་རིམ་ལ་གཞིགས་པའི་ཁོར་ཡུག་རྟོག་ཞིབ་ཀྱི་ཐབས་བྱུས་འོག  །ཕྱི་ལོ་ ༡༣༢༥ ནས་ ༢༠༢༠ བར་ལོ་ངོ་བདུན་བརྒྱ་ཙམ་གྱི་རིང་བོད་མཐོ་སྒང་ལྷོ་ཤར་ཁུལ་གྱི་གཙང་པོའི་ཆུ་རྒྱུན་གྱི་ཆུའི་འབབ་ཚད་ལ་ཞིབ་འཇུག་བྱས་ཏེ་དཔྱད་རྩོམ་སྙན་ཐོ་ཞིག་རྒྱ་སྐད་ཐོག་ཡིན་པའི་ China Science Bulletin ཞེས་པའི་དུས་དེབ་ཐོག་ཟླ་འདིའི་ཕྱི་ཚེས་ ༨ ཉིན་འདོན་སྤེལ་གནང་འདུག་པ་དང་འབྲེལ།  ཞིབ་འཇུག་ཁྲོད་ཉམས་ཞིབ་པ་ཚོས་ད་ལྟའི་གནམ་གཤིས་འགྱུར་ལྡོག་གི་ཚ་དྲོད་འཕེལ་བཞིན་པའི་གནས་སྟངས་འོག་ཡར་ཀླུང་གཙང་པོའི་ཆུ་རྒྱུན་ཐོག་སྔར་དང་མི་འདྲ་བར་དམིགས་བསལ་གྱི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པ་དང་།  གཙང་པོ་དེའི་ཐོག་འབྱུང་བཞིན་པའི་འགྱུར་ལྡོག་གིས་བོད་མཐོ་སྒང་གི་ཆུ་འགྲོའི་མ་ལག་མཚོན་གྱི་ཡོད་པ་མ་ཟད།  དེས་གཤམ་འོག་གི་ལྷོ་ཨེ་ཤི་ཡའི་ཁུལ་དུ་ཐན་པ་དང་ཆུ་ལོག་གི་འགྲོས་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་ནན་བཤད་གནང་འདུག་ལ།  མ་འོངས་པར་དུས་རབས་འདིའི་ནང་ཡར་ཀླུང་གཙང་པོའི་སྟེང་གི་ཆུ་མཛོད་དེར་ཆུའི་འབབ་ཚད་ཇེ་མང་དུ་འགྲོ་བ་དང་ཆུ་ལོག་གི་ཉེན་ཁ་ཆེ་རུ་འགྲོ་ཉེན་ཡོད་པ་མངོན་གསལ་གནང་འདུག རྒྱ་རིགས་ཚན་རིག་པ་ཚོས་ཞིབ་འཇུག་དེའི་ཁྲོད།  དེ་སྔའི་ཞིབ་འཇུག་ཁག་ལས་ཐོབ་པའི་གྲུབ་དོན་ཐོག་ཕྱི་ལོ་ ༢༠༠༨ ནས་ ༢༠༢༠ བར་གཞའ་ཚན་སྐྱེན་པོའི་ས་མཐོའི་ས་ཚིགས་ ༡༡ ནས་སྤེན་མ་དང་སྤྲ་མའི་ཤིང་སྡོང་གི་དཔེ་མཚོན་བསྡུ་ལེན་གྱིས་ཞིབ་འཇུག་བྱས་ཏེ།   འདས་པའི་ལོ་ངོ་ ༧༠༠ ཙམ་གྱི་ནང་ཆུ་རྒྱུན་གྱི་འབབ་ཚད་ལ་ལོ་རབས་བརྒལ་བའི་འགྱུར་ལྡོག་བྱུང་ཡོད་པ་དང་།  དེའི་ནང་སྐམ་པོའི་ལོ་དུས་ ༡༤ དང་རླན་གཤེར་གྱི་ལོ་དུས་ ༡༤ བཅས་བྱུང་ཡོད་པ་ཤེས་རྟོགས་བྱུང་འདུག་པ་མ་ཟད།  ཉམས་ཞིབ་པ་ཚོས་དེ་རྗེས་གནམ་གཤིས་འགྱུར་ལྡོག་གི་དཔྱད་གཞི་ཁག་བསྡུ་ལེན་བྱས་ཏེ་ཕྱི་ལོ་ ༢༠༣༠ ནས་ ༢༡༠༠ བར་གྱི་ཟླ་རེའི་ཆུའི་འབབ་ཚད་ཀྱི་དཔེ་གཞི་ཞིག་བཟོས་འདུག ཚན་རིག་པས་ཚོས་ད་དུང་།  དཔེ་གཞི་དེས་ཡར་ཀླུང་གཙང་པོའི་ཆུ་རྒྱུན་གྱི་ཆུའི་འབབ་ཚད་དེ་བཞིན་དུས་རབས་ཉི་ཤུ་རྩ་གཅིག་གི་ནང་ཆེ་རུ་འགྲོ་སྲིད་པའི་སྔོན་དཔག་བྱས་ཡོད་པ་སོགས་གནད་དོན་འགྲེལ་བརྗོད་ཀྱིས།   མ་འོངས་པར་དེ་དག་དོ་དམ་གྱི་ཆེད་དུ།  ཆུའི་ཐོན་ཁུངས་འཕེལ་རྒྱས་གཏོང་བའི་ནུས་པ་དང་ཆུ་ལོག་གི་ཉེན་ཁ་གཉིས་ཀར་དོ་སྣང་བྱེད་རྒྱུ་དེ་དགོས་ངེས་ཤིག་ཡིན་པ་མ་ཟད།  དུས་ཡུན་རིང་པོའི་ཆུ་རྒྱུན་ཐོག་གི་འགྱུར་ལྡོག་གི་རྒྱབ་ལྗོངས་ལ་གཞིགས་ཏེ།  ཆུ་རྒྱུན་དོ་དམ་ཁྲོད་ཆུའི་ཐོན་ཁུངས་བེད་སྤྱོད་གཏོང་ཕྱོགས་དང་།  ཆུ་ལོག་སྔོན་འགོག་བྱེད་རྒྱུ།  དེ་བཞིན་སྐྱེ་ཁམས་ཆུ་བོའི་དགོས་མཁོ་ཉར་ཚགས་བཅས་ཀྱི་བར་གྱི་འབྲེལ་བ་དེར་གཞིགས་ཏེ་ཕྱོགས་ཡོངས་ནས་ཐག་གཅོད་གནང་དགོས་པ་གསུངས་འདུག གནས་ཚུལ་ནང་གསལ་ལྟར།  སྤྱིར་ཐེངས་འདིའི་ཞིབ་འཇུག་དཔྱད་རྩོམ་དེ་གཅིག་པུས་ཡར་ཀླུང་གཙང་པོའི་ཆུ་རྒྱུན་སྟེང་གི་ཆུ་མཛོད་ཐོག་དོ་དམ་ནན་པོ་བྱེད་དགོས་པ་བསྟན་གྱི་མེད་པར།  དེ་སྔོན་ཕྱི་ཟླ་ ༦ པའི་ནང་རྒྱ་རིགས་ས་གཤིས་རིག་པ་བ་ཚོས་ལས་གཞི་འཆར་འགོད་བྱེད་སའི་ས་འོག་ཏུ་ཆག་མཚམས་ཤིག་ཡོད་པར་དེས་ལས་གཞིའི་བརྟན་ལྷིང་ལ་ཉེན་ཁ་བཟོ་སྲིད་པའི་སྐོར་ཉེན་བརྡ་དང་འབྲེལ།  ཆུ་མཛོད་འཛུགས་བསྐྲུན་གནང་མཁན་ཚོས་ས་རྡིབ་དང་ས་རུད་ཀྱི་ཉེན་ཁ་ཉུང་དུ་གཏོང་ཆེད་ཉེན་སྐྱོབ་ཀྱི་བྱ་ཐབས་ཇི་ཡོད་ལག་བསྟར་དགོས་པའི་སྐུལ་མ་གནང་ཡོད་པ་རེད།  རྩ་བའི་བོད་མཐོ་སྒང་གི་ཡར་ཀླུང་གཙང་པོའི་ཆུ་རྒྱུན་ཐོག་རྒྱ་ནག་གིས་འཛམ་གླིང་ནང་གི་ཆུ་མཛོད་ཆེ་ཤོས་འཛུགས་བསྐྲུན་བྱེད་བཞིན་པ་དེར་རྒྱ་ནག་གི་ས་ཁམས་ཉམས་ཞིབ་པ་ཚོས་ཞིབ་འཇུག་སྙན་ཐོ་བརྒྱུད་ཆུ་མཛོད་རྒྱག་སའི་ས་ཚིགས་དེ་ས་འགུལ་འབྱུང་སླ་བའི་ས་ཆའི་སྟེང་དུ་འཁེལ་ཡོད་པ་གསལ་སྟོན་གནང་ཡོད་པ་མ་ཟད།  Weiquanwang ཞེས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་ངོས་ནས་ཀྱང་གསང་བའི་འདྲ་པར་ཁག་གཅིག་ཕྱི་གྱར་གྱིས་ཡར་ཀླུང་གཙང་པོའི་ཆུ་མཛོད་ཀྱི་ལས་གཞི་དེས་ཁོར་ཡུག་གཏོར་བཤིག་གཏོང་གིན་ཡོད་པ་ར་སྤྲོད་གནང་ཡོད་པ།  དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པས་སྙན་ཐོ་འདོན་སྤེལ་བརྒྱུད་རྒྱ་ནག་གི་ཆུ་ཤུགས་གློག་འདོན་གྱི་ལས་གཞི་དེས་བོད་ཀྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་དང་ས་ཁུལ་བརྟན་ལྷིང་ལ་ཉེན་ཁ་བཟོ་བཞིན་ཡོད་པ་མངོན་གསལ་གནང་ཡོད།

མའོ་ཙེ་ཏུང་ལ་འཕྱ་སྨོད་བྱས་པའི་རྐྱེན་རྒྱ་ནག་གི་ཁེ་ལས་ཆེན་པོ་གཉིས་ཀྱིས་ Kylian Mbappé དང་ཚོང་འབྲེལ་གན་རྒྱ་མཚམས་འཇོག་བྱས་འདུག

རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་པ་གྲགས་ཅན་ Kylian Mbappé ལགས་ཀྱིས་མའོ་ཙེ་ཏུང་ལ་དྲྭ་ཐོག་འཕྱ་སྨོད་བྱས་པའི་རྐྱེན། རྒྱ་ནག་གི་ཁེ་ལས་ཆེན་པོ་གཉིས་ཀྱིས་དཔལ་འབྱོར་མཐུན་འགྱུར་བྱེད་མཚམས་བཞག་ཡོད་པ་དང་། གནད་དོན་འདིའི་རྐྱེན་པས་ཁོང་ལ་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཐོག་སྐྱོན་བརྗོད་དང་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་ཡོང་བཞིན་འདུག དེ་ཡང་ཉེ་བའི་ཟླ་ཤས་ནང་རྒྱལ་སྤྱིའི་མང་ཚོགས་ནས་ཧྥ་རན་སིའི་རྐང་སྤོལ་རྩེད་འགྲན་པ་གྲགས་ཅན་ Kylian Mbappé གྱི་རྐང་སྤོལ་རྩེད་སྐབས་ཀྱི་སྤྱོད་ཚུལ་དེ་རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་བྱེད་མཁན་མའོ་ཙེ་ཏུང་དང་མཚུངས་བསྡུར་གྱིས་བསྟན་བཤིག་སློང་བཞིན་པ་དང་། ལྷག་པར་ཁོང་གི་གདོང་པར་མའོ་ཙེ་ཏུང་གི་གདོང་པར་བཅོས་སྒྲིག་བྱས་པའི་དྲྭ་ཐོག་ Meme འམ་འཕྲིན་རིས་ཁག་གཅིག་དྲྭ་ལམ་དུ་ཤུགས་ཆེ་ཁྱབ་སྤེལ་ཕྱིན་རྗེས། Mbappé གྱི་བརྙན་ཐུང་དེ་ནི་ཁོ་པ་དང་འབྲེལ་ནས་དྲྭ་ཐོག་འཕྲིན་རིས་ཆེས་དགོད་བྲོ་ཤོས་དེ་ཡིན་ཐོག །ཁོང་གིས་རང་ཉིད་ཀྱི་རོགས་པར་ཡང་དེ་མཚུངས་ཀྱི་འཕྲིན་རིས་བསྐུར་གྱི་ཡོད་སྐོར་གསུངས་པར་བརྟེན། རྒྱ་ནག་གི་ཟས་སྤྱོད་ཚོང་ལས་ཁང་གྲགས་ཅན་ Dongpeng དང་ Mengniu གཉིས་ཀྱིས་ཁོང་དང་མཉམ་འབྲེལ་གྱི་ཚོང་འབྲེལ་ཡོངས་རྫོགས་མཚམས་འཇོག་བྱས་ཡོད་པ་བསྒྲགས་འདུག མ་ཟད། རྒྱ་ནག་གི་ཚོང་ལས་ཁང་ཆེ་གྲས་གཉིས་ཀྱིས་དེ་འབྲེལ་བསྒྲགས་གཏམ་སྤེལ་སྐབས། ཚོང་ལས་ཁང་གཉིས་ཀྱི་ངོས་ནས་རང་རྒྱལ་ཁབ་ཀྱི་ཚོར་བར་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་གང་རུང་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་བཟོད་བསྲན་ཐུབ་ཐབས་མེད་པའི་སྲིད་བྱུས་བཟུང་ཡོད་ཅེས་ནན་བརྗོད་བྱས་འདུག དེ་བཞིན་གནད་དོན་འདིའི་རྐྱེན་པས་ཁོང་ལ་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཐོག་སྐྱོན་བརྗོད་དང་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་ཡོང་བཞིན་པའི་ཐོག །ཚོང་ལས་ཁང་གཉིས་ཀྱི་ཐག་གཅོད་ལ་དགའ་བསུ་ཞུ་བཞིན་པ་མ་ཟད། རྒྱ་རིགས་ཁག་གཅིག་གིས་ཁོང་ནས་རྒྱ་རིགས་མི་མང་དང་རྐང་སྤོལ་རྩེད་འགྲན་པར་དགོངས་སེལ་ཞུ་དགོས་པའི་མཆན་འགོད་བཞིན་པ་རེད། གཞི་རྩའི་མའོ་ཙེ་ཏུང་ལ་འཕྱ་སྨོད་བྱས་པའི་རྐྱེན་རྒྱ་ནག་གི་ཁེ་ལས་ཆེན་པོ་གཉིས་ཀྱིས་ Kylian Mbappé དང་ཚོང་འབྲེལ་གན་རྒྱ་མཚམས་འཇོག་བྱས་པའི་གནད་དོན་དེ་ནི་ད་རེས་ཐེངས་དང་པོ་ཆགས་ཀྱི་མེད་པ་དང་། དེའང་དེ་སྔ་རྒྱ་རིགས་མང་ཚོགས་ནས་ Winnie the Pooh ཞེས་པའི་དོམ་ཕྲུག་རྒྱག་པ་རིལ་རིལ་དེའི་ཕྱིའི་གཟུགས་ཀྱི་ཁྱད་ཆོས་དེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་མཚུངས་བསྡུར་གྱིས་བསྟན་བཤིག་སློང་གི་ཡོད་པ་ལྟར། རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲྭ་རྒྱ་སོགས་ཀྱི་སྟེང་དོམ་ཕྲུག་དེའི་འགུལ་རིས་དང་དེའི་མིང་སོགས་སྤྱོད་རྒྱུར་བཀག་སྡོམ་བྱས་དང་བྱེད་མུས་ཡིན་པ་མ་ཟད། Winnie the Pooh གློག་བརྙན་དེ་ད་ལྟ་ཡིན་ནའང་རྒྱ་ནག་ནང་ཡོངས་བསྒྲགས་ཐོག་བཀག་སྡོམ་བྱས་ཡོད་པ་རེད།

ཞི་ཅིན་ཕིང་ལ་ལ་ཞེན་དགོས་པའི་གྲོས་གཞི་དང་མཉམ་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འགོ་བཙུགས་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དེ་བཞིན་དེ་རིང་ནས་འགོ་འཛུགས་ཀྱིས་པེ་ཅིང་ནང་ཚོགས་འདུག་པ་དང་འབྲེལ། ཉིན་བཞིའི་ཚོགས་འདུའི་ཐོག་གཙོ་བོ་ཏང་ནང་ཁུལ་གྱི་སྒྲིག་ལམ་དམ་དུ་གཏང་རྒྱུ་དང་། རྒྱ་ནག་རྒྱུན་མཐུད་ཡར་རྒྱས་གཏོང་རྒྱུའི་སྐོར་གྱི་གནད་དོན་ཁག་ལ་གྲོས་བསྡུར་བྱ་རྒྱུ་ཡིན་སྐོར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་གསལ་སྟོན་བྱས་ཡོད་ཀྱང་། རྒྱ་ནག་ཉམས་ཞིབ་པ་དང་ཆེད་མཁས་པ་ཚོས་ཚོགས་འདུ་འདི་ནི་ཕྱི་ལོ་ ༢༠༢༧ ལོའི་འགོ་ཁྲིད་བརྗེ་སྒྱུར་མ་བྱུང་གོང་གི་ཏང་གི་ཚོགས་འདུ་གལ་ཆེན་མཐའ་མ་དེ་ཆགས་རྒྱུའི་ཚོད་དཔག་བྱེད་བཞིན་པ་དང་། འདི་སྲིད་འཛིན་ཞི་ཅིན་ཕིང་ལ་དབང་ཆ་སྲ་བརྟན་གཏོང་བ་དང་། ལྟ་གྲུབ་གཅིག་གྱུར་བཟོ་རྒྱུའི་གོ་སྐབས་ཤིག་ཆགས་ཀྱི་ཡོད་པ་ངོས་འཛིན་གནང་བཞིན་འདུག དེ་ཡང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། གསང་རྒྱ་དམ་པོའི་ཐོག་ནས་འཚོག་བཞིན་པའི་ནང་མོལ་འཚོགས་འདུ་དེའི་ཐོག སྲིད་འཛིན་ཞི་ཅིན་ཕིང་གཙོས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ ༣༠༠ ཙམ་བསྡུ་སྐོང་གིས་གཙོ་བོ་རྒྱ་ནག་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྙན་སེང་ཞུ་རྒྱུ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་པ་མ་ཟད། ད་ལྟའི་རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱ་རྒྱུ་ཡིན་སྐོར་གསལ་སྟོན་བྱས་ཡོད་ཀྱང་། ཆེད་མཁས་པ་ཚོས་སྲིད་འཛིན་ཞི་ཅིན་ཕིང་གིས་ལོ་རྗེས་མའི་ཏང་གི་ཚོགས་ཆེན་ཐེངས་ཉེར་གཅིག་པའི་ཐོག་སྲིད་འཛིན་གྱི་གོ་གནས་ཐེངས་བཞི་པ་མུ་མཐུད་འཛིན་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་པའི་ཁྲོད། ཚོགས་འདུ་དེ་ནི་རྒྱལ་ཁབ་ཡར་རྒྱས་ཀྱི་སྲིད་བྱུས་བཟོ་བསྐྲུན་སོགས་ལས་དོན་དངོས་ཐོག ཁོང་ལ་སོ་སོའི་དབང་ཆ་སྲ་བརྟན་བཟོ་བ་དང་། བསམ་བློའི་གཅིག་གྱུར་ལ་ཤུགས་སྣོན་རྒྱག་པ། དེ་བཞིན་རང་གི་སྲིད་དབང་སྲ་བརྟན་དུ་གཏོང་ཆེད་ཁོའི་མཐའ་འཁོར་གྱི་མཐོ་རིམ་དཔོན་རིགས་ཁོངས་སུ་རང་གི་བློ་མཐུན་ཚོ་བསྡུ་སྐོང་བྱ་རྒྱུ་དང་། ལྷག་པར་ཁ་གཏད་ཆབ་སྲིད་ཤོག་ཁག་རྣམས་ནུས་མེད་གཏང་རྒྱུའི་གོ་སྐབས་ཆགས་ཀྱི་ཡོད་པ་ངོས་འཛིན་གནང་བཞིན་འདུག མ་ཟད། གནད་དོན་དབྱེ་ཞིབ་པ་ཁག་གཅིག་གིས། སྤྱིར་བཏང་རྒྱ་ནག་ནང་ལ་གནས་ཚུལ་ག་རེ་ཡོང་གི་ཡོད་མེད་བཤད་ཚོད་ཐིག་རྒྱུ་ཧ་ཅང་ཁག་པོ་ཞིག་ཡིན་ན་ཡང་། རྒྱ་ནག་ནང་གི་དཔལ་འབྱོར་གྱི་གནས་སྟངས་དཀའ་ལས་ཁག་པོ་ཆགས་བཞིན་པའི་སྐབས་དང་། རྒྱ་ནག་གི་མཐའ་མཚམས་ཀྱི་ས་ཁུལ་འགའ་ཞིག་ནང་རྩོད་རྙོག་ཡོང་བཞིན་པའི་སྐབས། དེ་བཞིན་སྲིད་འཛིན་ཞི་ཅིན་ཕིང་གིས་མཐོ་རིམ་དཔོན་རིགས་མང་དག་ཅིག་གཅིག་རྗེས་གཉིས་མཐུད་བྱས་ནས་ཕྱིར་འབུད་བཏང་དང་གཏོང་མུས་ཡིན་པའི་སྐབས་འདིར། ད་ལྟ་འཚོག་བཞིན་པའི་ཚོགས་འདུ་དེའི་ཐོག་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་ནང་གི་ཁོ་པའི་སྲིད་དབང་བརྟན་པོ་ཡིན་པ་དང་། རྒྱ་ནག་ནང་གི་ཆབ་སྲིད་ཀྱི་བརྟན་ལྷིང་དང་། དམར་ཤོག་ཚོགས་པའི་གནས་སྟངས་ཡག་པོ་ཡོད་སྐོར་དྲིལ་བསྒྲགས་བྱེད་ངེས་ཡིན་པའི་ཚོད་དཔག་གནང་བཞིན་འདུག དེ་བཞིན་རྒྱ་ནག་ཉམས་ཞིབ་པ་ཁག་ཅིག་གིས་ད་ཆ་རྒྱ་ནག་གི་དཔོན་རིགས་གཙོས་མཐོ་གྲས་དམག་དཔོན་རྣམས་རང་ཉིད་ཀྱི་ལས་གནས་ནས་གནས་དབྱུང་གཏོང་བར་འཇིགས་སྣང་བྱེད་ཀྱི་ཡོད་པས། དཔོན་རིགས་ཚོས་ཞི་ཅིང་ཕིང་མི་སྒེར་ལ་དད་གུས་ཡོད་དོག་གིས་ཁོ་ལ་བསྔགས་བརྗོད་དང་། བསྟོད་ར་ཚད་མེད་གཏོང་བཞིན་པའི་ཁར། སྲིད་འཛིན་ཞི་ཅིན་ཕིང་གི་འདོད་པ་དང་མཐུན་པའི་གཏམ་ཁོ་ན་ཤོད་བཞིན་པའི་གནས་སྟངས་ཆགས་ཡོད་པ་གསུངས་བཞིན་འདུག གནད་དོན་དེ་དང་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲ་ཤིས་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས། ད་རེས་ཀྱི་ཚོགས་འདུའི་ཐོག་ལོ་རྗེས་མའི་ཏང་གི་ཚོགས་ཆེན་ཐེངས་ཉེར་གཅིག་པའི་ཐོག་སྲིད་འཛིན་གྱི་གོ་གནས་གཙོས་སྐབས་གསར་པའི་རྒྱུན་ལས་སོགས་བསྐོ་བཞག་བྱ་རྒྱུའི་གནད་དོན་ཐོག་ཐག་གཅོད་བྱེད་ཀྱི་ཡོད་པ་དང་། ལྷག་པར་ཚོགས་འདུ་འདིའི་ཐོག་ནས་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཆབ་སྲིད་ལྷན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་མི་སྣ་བདུན་པོ་དེ་དག་གཙོས་སྲིད་འཛིན་ཞི་མུ་མཐུད་ནས་སྲིད་འཛིན་གི་གོ་གནས་འཛིན་མ་ཐུབ་པའི་གནས་སྟངས་བྱུང་ན། རྒྱུན་འཛིན་པ་སུ་ཆགས་རྒྱུ་ཡིན་མིན་སོགས་དང་འབྲེལ་ཐག་གཅོད་བྱེད་ཀྱི་ཡོད་སྟབས།  ཚོགས་འདུ་དེ་ཉིད་རྒྱ་ནག་རྒྱལ་ནང་ཙམ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་དོ་སྣང་ཆེན་པོ་གནང་བཞིན་པ་གསུངས་སོང་། གཞི་རྩའི་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ལས་ཡུན་བཞི་པ་མུ་མཐུད་འཛིན་མིན་ཐད་བསམ་ཚུལ་འདྲ་མིན་ཡོང་བཞིན་པའི་ཁྲོད། ཁག་གཅིག་གིས་ཞི་ཅིན་ཕིང་དམར་ཤོགས་ཚོགས་པའི་འགོ་ཁྲིད་ཀྱི་ལས་ཡུན་གསུམ་པར་བདམས་པ་དེ་ནི་རྒྱ་ནག་གི་ལོ་རྒྱུས་ཁྲོད་མའོ་ཙེ་ཏུང་གི་རྗེས་སུ་དབང་ཐང་ཆེ་ཤོས་ཀྱི་འགོ་ཁྲིད་ཆགས་ཀྱི་ཡོད་པ་དང་། དེས་རྐྱེན་པས་ལས་ཡུན་བཞི་པ་ཡང་འཛིན་ཐུབ་ངེས་ཡིན་སྐོར་བརྗོད་བཞིན་ཡོད་ནའང་། ཁག་གཅིག་གིས་དེང་སང་རྒྱ་ནག་དམར་ཤོག་གཞུང་ལ་དཔལ་འབྱོར་དང་། སྤྱི་ཚོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པའི་ཐོག དེང་སང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་བརྟེན་ནས་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་རྒྱ་ནག་གི་ཁ་གཏད་དུ་ལངས་ཡོད་པ་སོགས་རྒྱལ་ཁབ་ཕྱི་ནང་གི་གནས་སྟངས་ཛ་དྲག་ཆགས་བཞིན་པའི་རྒྱབ་ལྗོངས། དེ་བཞིན་ཞི་སྒེར་གྱི་འཕྲོད་བསྟེན་གནས་སྟངས་འོག ཞི་ཅིང་ཕིང་མུ་མཐུད་ནས་སྲིད་འཛིན་གྱི་གོ་གནས་ཐོག་བསྡད་རྒྱུར་འགོག་རྐྱེན་འཕྲད་སྲིད་པ་བརྗོད་མཁན་ཡང་ཡོད་པ་རེད།

ཨ་རུ་ནཱ་ཅལ་མངའ་སྡེའི་ས་མཚམས་ས་ཁག་མང་པོར་རྒྱ་དཀར་ནག་གཉིས་ཀྱི་དམག་མི་དབར་གདོང་ཐུག་མུ་མཐུད་བྱུང་བཞིན་པ་གསལ་སྟོན།

ཁ་སང་ ITBP ཞེས་འཕགས་བོད་ས་མཚམས་ཉེན་རྟོག་སྡེ་ཁག་གི་དམག་སྤྱི་ Shatrujeet Kapur ལགས་ཀྱིས་ཉེ་བའི་རིང་ཨ་རུ་ན་ཅལ་མངའ་སྡེའི་ས་མཚམས་ས་ཁག་མང་པོར་རྒྱ་དཀར་ནག་གཉིས་ཀྱི་དམག་མི་དབར་གདོང་ཐུག་བྱུང་ཡོད་པ་དང་། དེ་དག་ད་ལྟའང་མུ་མཐུད་གནས་ཡོད་ཅེས་གསུངས་ཡོད་པ་དང་ཆབས་ཅིག  །འདི་ནི་ཨ་རུ་ནཱ་ཅལ་ཁུལ་གྱི་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་དབར་གདོང་ཐུག་མུ་མཐུད་འབྱུང་བཞིན་པའི་གཞུང་འབྲེལ་ངོས་ལེན་ཐོག་མ་དེ་ཡིན་པ་རེད། དེ་ཡང་རྒྱ་གར་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན།  ཁ་སང་ ITBP ཞེས་འཕགས་བོད་ས་མཚམས་ཉེན་རྟོག་སྡེ་ཁག་གི་དམག་སྤྱི་ Shatrujeet Kapur ལགས་ཀྱིས་རྒྱ་གར་ Rajasthan མངའ་སྡེའི་ Alwar ཁུལ་དུ་ཡོད་པའི་དམག་སྒར་གྱི་དམག་མི་ཚོར་གཏམ་བཤད་གནང་བའི་ཁྲོད།  འདི་ལོ་ཕྱི་ཟླ་ ༧ པ་ནས་བཟུང་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་གྱི་ས་འཚམས་ས་ཁག་མང་པོར་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་དབར་གདོང་ཐུག་བྱུང་ཡོད་པ་དང་། ད་དབར་གདོང་ཐུག་ཁྲོད་ཕྱོགས་གཉིས་ཀའི་མཐའ་སྲུང་དམག་མིར་རྨས་སྐྱོན་དང་། སྐབས་དེར་དམག་མི་ག་ཚོད་ཡོད་མེད་སོགས་གནས་ཚུལ་ཞིབ་ཕྲ་ཕྱི་གསལ་གནང་མེད་ཀྱང་། ད་ལྟ་ཡིན་ནའང་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་དབར་གདོང་ཐུག་མུ་མཐུད་འབྱུང་བཞིན་པ་གསལ་སྟོན་གནང་འདུག མ་ཟད། གདོང་ཐུག་ཁྲོད་རྒྱ་གར་གཞུང་ཕྱོགས་ནས་གསར་དུ་བཙུགས་པའི་ Shaurya འཐབ་འཛིང་དམག་སྡེ་དེ་བཞིན་ཁུལ་དེར་ཆེད་གཏོང་གིས། རྒྱ་གར་གྱི་དམག་མིས་རྒྱ་དམག་ལ་ཕར་གདོང་ལེན་ནན་པོ་གནང་ཐུབ་ཡོད་པ་གསུངས་འདུག དེ་འབྲེལ་གནད་དོན་དཔྱད་ཞིབ་པ་ཁག་གཅིག་གིས། འདས་པའི་ལོའི་ནང་རྒྱ་དཀར་ནག་གཉིས་ཀྱི་འགོ་ཁྲིད་གཙོས་དམག་དཔོན་དབར་གུས་བརྩི་དང་བསམ་ཤེས། དེ་བཞིན་ཕྱོགས་གཉིས་ཀྱི་མངོན་འདོད་ལ་གཞིགས་ཏེ་ཕན་ཚུན་གཉིས་མོས་ཀྱི་འབྲེལ་ལམ་དམ་གཟབ་ཡོང་དགོས་ཀྱི་རེད་ཅེས་སྐོར་གྱི་གྲོས་མོལ་རིམ་པར་བྱས་ཡོད་ཀྱང་། ད་ལྟ་ཡིན་ནའང་འདི་ལྟ་བུའི་འཕགས་བོད་གཉིས་ཀྱི་ས་མཚམས་སུ་ཕན་ཚུན་གདོང་ཐུག་གི་གནད་དོན་འབྱུང་བཞིན་པ་དེས་ཕྱོགས་གཉིས་དབར་མུ་མཐུད་དཀའ་ངལ་རིགས་ཡོང་བཞིན་པ་དང་། དེའི་རྐྱེན་པས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་རྒྱུན་གཏན་ལྟར་གནས་རྒྱུ་ཁག་པོ་ཡིན་སྐོར་གསུང་བཞིན་པ་རེད། གཞི་རྩའི་ཕྱི་ལོ་ ༢༠༢༢ ལོའི་ཕྱི་ཟླ་ ༡༢ པའི་ནང་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་གྱི་ཡང་རྩེ་ཞེས་པའི་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་དབར་གདོང་ཐུག་བྱུང་བའི་གནས་ཚུལ་རིམ་པར་ཐོན་ཡོད་པ་དང་། སྐབས་དེར་རྒྱ་གར་བདེ་སྲུང་ལྷན་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད། རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་རྟ་དབང་ཁུལ་གྱི་ཡང་རྩེ་ཞེས་པའི་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་ནག་བཅིངས་གྲོལ་དམག་མིས་ས་མཚམས་བརྒལ་བར་བརྟེན། རྒྱ་གར་གྱི་དམག་མིས་དེར་གདོང་ལེན་ནན་པོ་གནང་བ་སོགས་ཕན་ཚུན་དབར་གདོང་ཐུག་བྱུང་ཡོད་པ་དང་། སྐབས་དེར་རྒྱ་གར་དམག་མིས་རྒྱ་ནག་ལ་འཐབ་འཛིང་དྲག་པོ་གནང་ཡོད་པ་བཀོད་ཡོད་པ་རེད།

ཐའེ་ཝན་གྱི་དགོད་བྲོའི་གཏམ་གླེང་བ་ཞིག་ལ་དྲག་རྒོལ་བྱས་པའི་གནད་དོན་དེ་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་གནད་དོན་ཡིན་པའི་དོགས་གཞི་ཆེན་པོ་ཡོད་པ་གསུངས་འདུག

ཐའེ་ཝན་ནང་གི་དགོད་བྲོའི་གཏམ་གླེང་བ་གྲགས་ཆེན་ Huang Yi Hao ལགས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པ་དང་སྲིད་འཛིན་ཞི་ཅིན་ཕིང་ལ་འཕྱ་སྨོད་ཀྱི་གཏམ་གླེང་ལས་རིམ་ལ་བར་ཆད་གཏང་ཆེད་དུ། རྒྱ་རིགས་ཁྱིམ་མིང་ལ་ Cheng དང་ Yu, Huang, Fan དེ་བཞིན་ Liao ཟེར་བ་ལྔ་ཡིས་རྒྱ་ནག་ནང་གི་མི་ཞིག་གི་བཀོད་སྒྲིག་འོག  Huang Yi Hao ལགས་ཀྱི་ཐོག་ལ་མོ་ཊའི་གདོང་ཐུག་གི་དྲག་རྒོལ་བྱས་ཏེ་ཁོང་གི་སྒལ་ཚིགས་འོག་ཏུ་རྨས་སྐྱོན་བཏང་བ་དང་འབྲེལ། ཐའེ་པེ་རྫོང་གི་ཁྲིམས་རྩོད་པས་མི་སྣ་ལྔ་པོ་དེ་དག་ཐོག་ Huang ལགས་ཀྱི་ལུས་པོར་རྨས་སྐྱོན་ཚབས་ཆེ་བཟོས་པ་དང་།  སྒེར་གྱི་འགུལ་བསྐྱོད་དང་གསང་བའི་གནས་ཚུལ་སྨྲ་བརྗོད་རང་དབང་བཅས་རྡོག་རོལ་བཏང་བའི་ཉེས་འཛུགས་གྱི་གྱོད་དོན་བཙུགས་ཏེ། འབྲེལ་ཡོད་མི་སྣ་ལྔ་པོར་ལོ་ལྔ་བར་གྱི་བཙོན་འཇུག་ཉེས་ཆད་གཏང་དགོས་པའི་ཞུ་སྐུལ་གནང་བ་མ་ཟད། གནད་དོན་འདི་ནི་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་གནད་དོན་ཡིན་པའི་དོགས་གཞི་ཆེན་པོ་ཡོད་པ་གསུངས་འདུག དེ་ཡང་ཁ་སང་ Taiwan News བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཉེ་ཆར་ཐའེ་པེ་རྫོང་གི་ལས་ཁུངས་ཀྱིས་དེ་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཐའེ་ཝན་གྱི་དགོད་བྲོའི་གཏམ་གླེང་བ་གྲགས་ཅན་ Huang Yi-hao ལགས་ཀྱིས་དེ་སྔ་རྒྱ་ནག་དམར་ཤོག་ཚོགས་པ་དང་སྲིད་འཛིན་ཞི་ཅིན་ཕིང་ལ་འཕྱ་སྨོད་ཀྱི་དགོད་བྲོའི་གཏམ་གླེང་སྤེལ་བར། རྒྱ་ནག་ནང་དུ་གནས་སྡོད་གང་ཟག་ K ཟེར་བ་ཞིག་ལ་ཧ་ཅང་གི་མི་དགའ་བ་བྱུང་བ་དང་འབྲེལ། ཉེ་ཆར་ཕྱི་ཟླ་ ༩ པའི་ཚེས་ ༢༠ ཉིན་ Huang Yi Hao ལགས་ཀྱིས་རྒྱ་ནག་དང་འབྲེལ་བའི་གཏམ་གླེང་ལས་རིམ་ཞིག་སྤེལ་གཏན་ཁེལ་བ་དེར་བར་ཆད་གཏང་རྒྱུར་དམིགས་ནས། ཁོ་པས་འདས་པའི་ཟླ་ཤས་གོང་ནས་ཐའེ་ཝན་དུ་གནས་སྡོད་བྱེད་བཞིན་པའི་ཁྱིམ་མིང་ལ་ Cheng ཟེར་བ་ཞིག་གླ་གཡར་བྱས་ཏེ་སྒྱུ་རྩལ་བ་ Huang ལགས་ལ་གནོད་འཚེ་བསྐྱལ་དགོས་པའི་སྐུལ་མ་དང་སྦྲགས་ཨ་སྒོར་ ༡༤༠༠༠ ཡི་བྱ་དགའ་སྤྲད་རྒྱུའི་ཁས་ལེན་བྱས་ཡོད་པ་དང་། Cheng ཟེར་བའི་གང་ཟག་དེས་ཉེ་སྔོན་ཕྱི་ཟླ་ ༧ པ་ནས་ ༨ པའི་བར་ Huang ལགས་ཀྱི་འཕྲུལ་རྟའི་འོག་ GPS Tracker ཞེས་ཤུལ་ལམ་འཚོལ་བྱེད་ཀྱི་ཡོ་བྱད་ཅིག་བཙུགས་ཏེ་ཁོང་གི་འགྲིམ་འགྲུལ་གྱི་གནས་ཚུལ་ཆ་ཚང་མཁོ་སྒྲུབ་བྱས་པ་མ་ཟད། Huang གི་ཁ་བྱང་དང་།  འཕྲུལ་རྟའི་ཨང་གྲངས།  དེ་བཞིན་ཉིན་ཞག་གཅིག་གི་གནས་ཚུལ་ཆ་ཚང་བཅས་རྒྱ་ནག་ཏུ་གནས་སྡོད་ K ཟེར་བར་མཁོ་སྤྲོད་ཀྱིས་ཨ་སྒོར་ ༧༦༠༠ ལྷག་ཙམ་སྤྲོད་ལེན་བྱས་ཡོད་པ་རེད་འདུག མ་ཟད་ Cheng ཟེར་བ་དེས་ Yu ཟེར་བའི་གང་ཟག་གཞན་ཞིག་དང་མཉམ་དུ་ Huang གི་འཕྲུལ་རྟའི་ཐོག་འགྲིམ་འགྲུལ་སྐབས་མངོན་གསལ་དོད་པོ་མེད་པའི་ཐོག་ནས་ཁོ་ཚོའི་མོ་ཊས་རྡབ་སྐྱོན་ཤོར་ཏུ་བཅུག་རྒྱུའི་ཇུས་ངན་བཤམས་ཏེ་ Huang གི་ལག་པ་དང་རྐང་པ་གཅོག་ཐབས་བྱས་ཡོད་པ་མ་ཟད།  Yu ཟེར་བ་དེས་ Fan དང་ Liao དེ་བཞིན་མི་གཞན་ཞིག་གླ་གཡར་བྱས་ཏེ་ཁོ་ཚོ་ཚང་མས་མཉམ་རུབ་ཀྱི་ཐོག་ནས་ Huang ལ་རྡབ་སྐྱོན་ཤོར་དུ་བཅུག་རྒྱུའི་ཇུས་ངན་དེ་དངོས་སུ་ལག་བསྟར་བྱས་ཡོད་པ་རེད་འདུག མི་ལྔ་པོ་དེས་སྒྱུ་རྩལ་བ་ Huang གི་འཕྲུལ་རྟར་རྡབ་སྐྱོན་བཏང་བའི་རྗེས་སུ་རྨས་སྐྱོན་ཇི་ཙམ་བྱུང་ཡོད་མེད་ཀྱི་ཡིག་ཆ་དང་པར་རིས་ཁག་མཁོ་སྒྲུབ་བྱས་ཏེ་ཇུས་ངན་མངགས་གཏོང་བྱེད་མཁན་རྒྱ་ནག་ནང་གནས་སྡོད་ K ཟེར་བ་དེ་ལ་བསྐུར་ཡོད་པ་དང་། སྐབས་དེར་རྒྱ་ནག་ནང་གི་མི་དེས་ Huang ལ་གནོད་སྐྱོན་དེ་ཙམ་བཟོས་ཐུབ་མེད་པར་བརྗོད་དེ།  ལྷག་འཕྲོའི་རིན་པ་ཨ་སྒོར་ ༦༠༠༠ ལྷག་སྤྲད་མེད་པ་རེད་འདུག ཐའེ་པེའི་རྫོང་གི་ཁྲིམས་རྩོད་པས་འབྲེལ་ཡོད་ཁྲིམས་ཁང་ལ།  མི་ལྔ་པོ་དེ་དག་གིས་སྒྱུ་རྩལ་བ་ Huang ལགས་ཀྱི་ལུས་པོར་རྨས་སྐྱོན་ཚབས་ཆེ་བཟོས་པ་དང་། སྒེར་གྱི་བྱ་འགུལ་དང་གསང་བའི་གནས་ཚུལ་རང་དབང་རྡོག་རོལ་བཏང་བའི་ཉེས་འཛུགས་གྱི་གྱོད་དོན་བཙུགས་ཏེ། Cheng ལ་ལོ་ ༥ དང་ཟླ་ ༦ གི་བཙོན་འཇུག་ཉེས་ཆད་གཏང་དགོས་པ་དང་།  Yu ཟེར་བ་དེ་ལ་ལོ་ ༥། དེ་བཞིན་གང་ཟག་གཞན་གསུམ་པོར་ལོ་ ༤ དང་། ལོ་ ༣ དང་ཟླ་ ༦། དེ་བཞིན་ལོ་ ༢ དང་ཟླ་ ༧ བཅས་སོ་སོར་ཉེས་ཆད་བཀལ་དགོས་པའི་ཞུ་སྐུལ་གནང་བ་དང་འབྲེལ། གནད་དོན་འདི་ནི་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་གནད་དོན་ཡིན་པའི་དོགས་གཞི་ཆེན་པོ་ཡོད་པ་གསུངས་ཏེ། དྲག་པོའི་བྱ་འགུལ་དེ་རིགས་ནི་མང་ཚོགས་ཀྱི་བདེ་འཇགས་དང་སྨྲ་བརྗོད་རང་དབང་ལ་ཉེན་ཁ་ཆེན་པོ་ཞིག་ཡིན་པ་གསུངས་འདུག རྩ་བའི་དེ་སྔོན་ཕྱི་ཟླ་ ༥ པའི་ཚེས་ ༢༩ ཉིན་དེ་མཚུངས་ཀྱི་ཐའེ་པེ་འགོད་བྲོའི་གཏམ་གླེང་སྐྱིད་སྡུག་གི་འདུ་འཛོམས་སར་རྒྱ་ནག་གི་འབྲེལ་ཡོད་མི་སྣས་སྒྱུ་རྩལ་བ་ Huang ལགས་ཀྱི་ཐོག་ལ་ཚོན་རྩི་ནག་པོ་དང་སྐྱག་གཅིན་གཡུག་སྟེ་གནོད་འཚེ་བསྐྱལ་ཐབས་ཀྱི་བྱ་འགུལ་ཞིག་ཀྱང་སྤེལ་ཡོད་པ་དང་།  སྐབས་དེར་ཐའེ་པེ་ཁྲིམས་རྩོད་པས་ཉེས་ཅན་པ་གང་ཟག་ ༢ འཛིན་བཟུང་གིས་ཉེས་འཛུགས་བྱས་ཡོད་པ་རེད། 

རྒྱ་གཞུང་གིས་བཙན་བྱོལ་བོད་མི་དང་འབྲེལ་བའི་བདེ་འཇགས་གནད་དོན་རྐྱེན་པས་འགྲམ་ས་མཚམས་སྒོ་འབྱེད་བྱ་རྒྱུར་མོས་མཐུན་བྱེད་ཀྱི་མེད་པ་རེད་འདུག

བལ་ཡུལ་གྱི་ Rasuwagadhi དང་བོད་སྐྱིད་གྲོང་ས་མཚམས་སུ་འདི་ལོ་ཆུ་ལོག་གི་དོན་རྐྱེན་འོག་མི་རྒྱུ་ཟོག་གསུམ་ལ་གོད་ཆགས་ཚབས་ཆེན་བྱུང་བ་དང་། དེ་བཞིན་ཡུལ་དེའི་གློ་སྨོན་ཐང་སྟོད་དུ་ཆགས་པའི་ Korala བལ་བོད་ས་མཚམས་བརྒྱུད་འགྲོ་འོང་སོགས་ཀྱི་རིན་གོང་མཐོ་བའི་གནས་བབ་འོག །ད་ལྟའི་ཆར་ Tatopani དང་འགྲམ་བལ་བོད་ས་མཚམས་དེ་ཉིད་རྒྱ་ནག་དང་ཚོང་འབྲེལ་གྱི་བརྒྱུད་ལམ་གལ་ཆེ་ཤོས་སུ་གྱུར་བ་ལྟར། བལ་ཡུལ་གྱི་འབྲེལ་ཡོད་དཔོན་རིགས་ཚོས་ཞུ་གཏུག་རིམ་པ་བྱས་ཀྱང་། རྒྱ་ནག་ངོས་ནས་བཙན་བྱོལ་བོད་མིའི་ལས་དོན་གཙོས་བདེ་འཇགས་དང་འབྲེལ་བའི་གནད་དོན་རྐྱེན་གྱིས་ས་མཚམས་དེ་ཉིད་གཏན་དུ་སྒོ་འབྱེད་བྱ་རྒྱུར་མོས་མཐུན་བྱེད་ཀྱི་མེད་པ་རེད་འདུག དེའང་རྒྱ་ནག་ངོས་ནས་བལ་ཡུལ་གྱི་ Sindhupalchok ཁུལ་གྱི་ Tatopani བལ་བོད་ས་མཚམས་འགྲམ་དེ་ཉིད་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༣༡ ནས་སྒོ་བརྒྱབ་པའི་རྗེས་ཧིན་རྡུའི་ Dashain དུས་ཆེན་དང་བསྟུན། ཉེ་ལམ་ཕྱི་ཚེས་ ༡༨ ནས་འགོ་འཛུགས་ཀྱིས་ཉིན་གྲངས་གསུམ་རིང་ས་མཚམས་དེ་ཉིད་སྒོ་འབྱེད་བྱས་ཏེ། ད་ཆ་བོད་ནས་དངོས་ཟོག་སྐྱེལ་འདྲེན་གྱི་རླངས་འཁོར་མང་དག་ཅིག་བལ་ཡུལ་དུ་འཛུལ་འགོ་བཙུགས་པ་མ་ཟད། བོད་གཉའ་ལམ་ཁུལ་དུ་རླངས་འཁོར་མང་དག་ཅིག་བལ་ཡུལ་ནང་འཛུལ་རྒྱུར་ངང་འགུག་བྱས་ནས་གནས་ཡོད་པ་རེད་འདུག Nepal Himalaya Border Trade Association འམ་བལ་ཡུལ་ཧི་མ་ལ་ཡའི་ས་མཚམས་ཚོང་འབྲེལ་མཐུན་ཚོགས་ཀྱི་དྲུང་ཆེ་ Ramchandra Parajulil ལགས་ཀྱིས། ས་གནས་བརྒྱུད་ལམ་ཁག་གཅིག་ལ་གསུངས་པ་ལྟར་ན། མཐུན་ཚོགས་ངོས་ནས་རྒྱ་ནག་གཞུང་དང་དེ་བཞིན་བལ་ཡུལ་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ཁང་བཅས་ལ་ Tatopani འམ་འགྲམ་ས་མཚམས་སླར་ཡང་སྒོ་འབྱེད་བྱ་རྒྱུ་དགོས་མཁོ་གལ་ཆེན་གཟིགས་ནས་འབད་བརྩོན་རིམ་པར་གནང་ཡང་། རྒྱ་གཞུང་གིས་དུས་ཡུན་ཇི་ཙམ་འགོར་མིན་ལ་ལྟོས་མེད་ Rasuwagadhi ཚོང་ལམ་དེ་ཉིད་ཁོ་ནར་བསྐྱར་གསོ་སླད་རོགས་རམ་བྱ་རྒྱུ་ཁས་ལེན་བྱས་པ་ལས་ Tatopani ཚོང་དོན་ས་ཚིགས་དེ་བཞིན་སྒོ་འབྱེད་བྱ་རྒྱུའི་མོས་མཐུན་བྱེད་ཀྱི་མེད་པ་མངོན་གསལ་གནང་འདུག མ་ཟད་ཟླ་བ་འདིའི་ཚེས་ ༡༤ ཉིན་བལ་ཡུལ་གྱི་བཟོ་ལས་དང་། ཚོང་ལས་བློན་ཆེན་ Deepak Kumar Sah མཆོག་དང་རྒྱ་ནག་གི་གཞུང་ཚབ་པ་ Zhang Maoming ཀྲང་མའོ་མིང་གཉིས་ཐུག་འཕྲད་སྐབས། ཁོ་པས་ Dashain དུས་ཆེན་སྐབས་དགོས་མཁོ་སྐོང་ཆེད་དུས་ཡུན་ཐུང་ངུ་རིང་གི་ Tatopani ཚོང་དོན་ས་ཚིགས་སྒོ་འབྱེད་བྱེད་ཆོག་ཀྱང་།  དེའི་རྒྱུན་གནས་ལས་དོན་སྤེལ་བར་ཞིབ་ཕྲའི་དཔྱད་ཞིབ་དགོས་གལ་ཆེ་བའི་བསམ་ཚུལ་བཏོན་ཡོད་པ་རེད་འདུག དེའི་ཁྲོད་བལ་ཡུལ་གྱི་ Kathmandu Post གསར་ཤོག་ཐོག་ཐོན་པའི་གནས་ཚུལ་ནང་བལ་ཡུལ་གྱི་ས་མཚམས་བདེ་འཇགས་ལ་རྒྱུས་མངའ་ཡོད་པའི་དཔོན་རིགས་ཚོས་བཤད་པ་ལྟར་ན། རྒྱ་ནག་ངོས་ནས་འགྲམ་ས་མཚམས་བསྐྱར་དུ་སྒོ་འབྱེད་བྱ་རྒྱུར་འདོད་པ་བྱེད་ཀྱི་མེད་པའི་རྒྱུ་མཚན་ནི་བལ་ཡུལ་དུ་བོད་མི་སྐྱབས་བཅོལ་བ་འཛུལ་ཞུགས་བྱེད་པ་དང་། ས་མཚམས་ཉེ་འགྲམ་དུ་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྲིད་པའི་སེམས་འཚབ་རྐྱེན་གྱི་ཡིན་སྐོར་གསུངས་འདུག སྤྱིར་བལ་ཡུལ་གཞུང་གིས་འདས་པའི་ལོ་མང་ནས་བོད་ནས་བྲོས་བྱོལ་དུ་ཕེབས་མཁན་བོད་མི་རྣམས་ཡུལ་དེར་འབྱོར་རྗེས་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྷན་ཚོགས་ནས་ཞིབ་བཤེར་དང་འབྲེལ་རྒྱ་གར་ལ་ཆེད་གཏོང་གིས་མཐུན་རྐྱེན་སྦྱར་གྱི་ཡོད་ཀྱང་། མིང་གསལ་མ་བྱེད་པའི་བལ་ཡུལ་གྱི་དཔོན་རིགས་ཤིག་གིས་ Kathmandu Post གསར་ཤོག་ལ་བརྗོད་དོན་ལྟར་ན། ཕྱི་ལོ་ ༢༠༡༥ ལོའི་ས་ཡོམ་རྗེས་རྒྱ་ནག་གཞུང་གིས་བལ་ཡུལ་ངོས་ནས་བོད་མི་བྲོས་བྱོལ་བ་རྣམས་ས་མཚམས་སུ་འབྱོར་མ་ཐག་ལག་འཁྱེར་སྤྲོད་ཀྱི་ཡོད་པའི་རྐྱེན་བཙུགས་བྱས་པ་མ་ཟད། དེ་འབྲེལ་ཞིབ་འཇུག་བྱས་པ་ལས་གནས་ཚུལ་ར་སྤྲོད་བྱུང་སྐོར་བརྗོད་ཡོད་པ་གསུངས་འདུག བལ་ཡུལ་གྱི་སྐབས་དེའི་དམར་ཤོག་གཞུང་ངོས་ནས་རྒྱ་ནག་གི་གནོན་ཤུགས་འོག་བོད་མི་བྲོས་བྱོལ་བ་རྣམས་རྒྱ་གར་ནང་བསྐྱོད་རྒྱུ་བཀག་འགོག་བྱེད་འགོ་བཙུགས་པ་དང་།  Sindhupalchok ཡི་རྫོང་དཔོན་ཟུར་པ་ཞིག་གིས་གསུང་བ་ལྟར་ན་རྒྱ་དམར་གཞུང་གིས་དཔོན་རིགས་ཚོས་བོད་མི་བྲོས་བྱོལ་བའི་གནས་ཚུལ་མཁོ་སྤྲོད་བྱས་པ་བཞིན། བལ་ཡུལ་གཞུང་ནས་དེ་འབྲེལ་གནས་ཚུལ་ཐད་ལས་དོན་ཡང་གཉེར་ཡོད་པ་འགྲེལ་བརྗོད་བྱས་པ་མ་ཟད། དེ་སྔ་བལ་ཡུལ་གཞུང་གིས་བོད་མི་བྲོས་བྱོལ་བ་ཁག་གཅིག་ཁྲིམས་འགལ་ཐོག་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད། Sindhupalchok ཡི་རྫོང་དཔོན་ཟུར་པ་ཁོང་གིས་ད་དུང་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་ས་མཚམས་ཁུལ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྗེས་འབྲངས་པ་ཇེ་མང་དུ་འགྲོ་བཞིན་ཡོད་པའི་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། བལ་ཡུལ་ཉེན་རྟོག་པ་དང་རྒྱལ་ཡོངས་ཞིབ་འཇུག་ཚན་པས་ཞིབ་འཇུག་ལས་རྒྱ་ནག་ཕྱོགས་ནས་བཤད་པ་ལྟ་བུའི་གནས་སྟངས་གང་ཡང་ར་སྤྲོད་བྱུང་མེད་ཅིང་། ས་མཚམས་ས་ཁུལ་དེ་བརྒྱུད་ལམ་ཞིག་གི་ཚུལ་དུ་སྤྱོད་མཁན་མི་རེ་ཟུང་ཡོད་སྲིད་པ་དེ་ལྟར་ཡང་། རྒྱ་གཞུང་གིས་བརྗོད་པ་ལྟ་བུ་ང་ཚོས་ཞིབ་འཇུག་བྱེད་པའི་བརྒྱུད་རྙེད་སོན་བྱུང་མེད་ཅེས་ནན་བརྗོད་གནང་འདུག གཞི་རྩའི་ཕྱི་ལོ་ ༢༠༡༥ ནང་བལ་ཡུལ་དུ་ས་ཡོམ་རྗེས་ཏ་ཏོ་པ་ནི་ས་མཚམས་དེ་སྒོ་བརྒྱབ་པ་དང་། ༢༠༡༩ ལོའི་ཟླ་བ་ ༥ པར་ཚོང་ཟོག་སྐྱེལ་འདྲེན་ཚད་བཀག་ཅན་གྱི་ཐོག་ནས་བསྐྱར་དུ་སྒོ་ཕྱེ་ཡོད་ཀྱང་། ཕྱི་ལོ་ ༢༠༢༠ ལོར་ཏོག་དབྱིབས་ནད་ཡམས་སྐབས་སླར་ཡང་སྒོ་བརྒྱབ་དགོས་བྱུང་ཡོད་ཅིང་། ཉེ་ལམ་ཕྱི་ཟླ་ ༨ པའི་ནང་བལ་བོད་ས་མཚམས་སུ་ཆུ་ལོག་གི་དོན་རྐྱེན་བྱུང་རྗེས་ཡང་བསྐྱར་སྒོ་བརྒྱབ་ཡོད་པ་རེད།

རྒྱ་རིགས་ཤེས་ཡོན་ཅན་དང་མང་གཙོ་དོན་གཉེར་བ་རྣམས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལ་སྐྱོན་བརྗོད་ནན་པོ་གནང་འདུག

རྒྱ་རིགས་ཤེས་ཡོན་ཅན་དང་མང་གཙོ་དོན་གཉེར་བ་རྣམས་ནས་ཚོགས་འདུ་བརྒྱུད་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་ལ་སྐྱོན་བརྗོད་ནན་པོ་གནང་འདུག དེ་ཡང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཐའེ་ཝན་རྒྱལ་སྟོན་དུས་ཆེན་ཐེངས་ ༡༡༥ འཁོར་བའི་ཉིན་མོ་སྲུང་བརྩི་དང་སྦྲགས། ཟླ་འདིའི་ཕྱི་ཚེས་ ༦ ཉིན་Beijing Spring magazine པེ་ཅིང་དཔྱིད་ཀའི་དུས་དེབ་དང་ Chinese Alliance for Democracy ཞེས་རྒྱ་རིགས་མང་གཙོ་དོན་གཉེར་བའི་མཉམ་འབྲེལ་ཚོགས་པ། དེ་བཞིན་ Executive Committee of the China Democracy Party ཞེས་རྒྱ་ནག་མང་གཙོ་ཚོགས་པ་བཅས་ཐུན་མོང་གི་གོ་སྒྲིག་འོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ Flushing ས་གནས་སུ་ཚོགས་འདུ་ཞིག་སྐོང་འཚོགས་གནང་འདུག་པ་དང་། སྐབས་དེར་ཚོགས་འདུའི་ཐོག་རྒྱ་རིགས་མཁས་པ་དང་། རྒྱ་རིགས་མང་གཙོ་དོན་གཉེར་བ། ཨ་རི་བོད་ཀྱི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས། དེ་བཞིན་རང་དབང་ཅན་གྱི་གསར་འགོད་པ་སོགས་ཆེད་ཕེབས་གནང་འདུག་པ་དང་། སྐབས་དེར་ཚོགས་འདུའི་ཐོག་ཚོགས་མི་རྣམས་ཚོགས་ཆུང་ལྔ་ལ་བགོས་ཏེ་གྲོས་བསྡུར་གནང་བའི་བརྒྱུད། ཚོགས་ཆུང་རྣམས་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་སྦྲགས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་དེ་བཞིན་ཕྱིར་འཐེན་དགོས་པ་གསུངས་འདུག ཚོགས་འདུའི་ཐོག་པེ་ཅིང་དཔྱིད་ཀའི་དུས་དེབ་ཀྱི་འགན་འཛིན་ Dr, Yu Dahai ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་དང་དབུ་འབྱེད་ཀྱི་གསུང་བཤད་གནང་རྗེས་སུ། དུས་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ Hu Ping ལགས་ཀྱིས་གསུང་བཤད་གནང་བའི་ཁྲོད། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་བརྒྱུད་ནང་བསྟན་གྱི་མིང་ཁ་གསལ་བཀོད་མེད་ནའང་། ཁྲིམས་ཡིག་དེའི་བརྒྱུད་བོད་མིའི་ངོ་བོར་ཐད་ཀར་ཤུགས་རྐྱེན་དང་གནོད་སྐྱོན་ཐེབས་ཀྱི་ཡོད་པ་དང་འབྲེལ། དེ་ལྟ་བུའི་སྲིད་བྱུས་དེ་བཞིན་རྒྱ་ནག་གཞུང་གིས་དེ་སྔ་ནས་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། ཁྲིམས་ཡིག་དེའི་བརྒྱུད་ནས་བོད་མི་རྣམས་ལ་དེ་སྔ་རང་དབང་དང་ཐོབ་ཐང་ཅུང་ཙམ་ཡོད་པ་དེའང་འཕྲོག་ཡོད་པ་ནན་བརྗོད་དང་སྦྲགས། གཞན་ཡང་ལོ་ཤས་གོང་རྒྱ་ནག་དམར་ཤོག་གཞུང་གི་མི་རབས་གཉིས་པའི་འགོ་ཁྲིད་སྐོར་ཞིག་ནས་ཞི་ཅིན་ཕིང་ལ་ཞུ་ཡིག་ཅིག་ཕུལ་བ་ལུང་འདྲེན་གྱིས། དེའི་ནང་གྲངས་ཉུང་མི་རིགས་མེད་པ་བཟོ་ཐབས་ཀྱི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་ཡོད་པ་གསུངས་འདུག ཕྱོགས་མཚུངས་རྒྱ་ནག་མང་གཙོ་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་ལྕམ་ཁྲིམས་ལིས་ཆུན་ལགས་ནས་ཁྲིམས་ཡིག་དེའི་བརྒྱུད་ནས་ཐད་ཀར་གནོད་སྐྱོན་ཕོག་པའི་བོད་མི་གཙོས་པའི་མི་རིགས་གཞན་རྣམས་ལ་དགོངས་སེལ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་དང་གྲངས་ཉུང་མི་རིགས་གཞན་རྣམས་ལ་ལག་བསྟར་བྱེད་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་དེ་དག་ལ་སྐྱོན་བརྗོད་གནང་འདུག་པ་མ་ཟད། གསུང་བཤད་པ་རྣམས་ནས་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་ཁྲིམས་ཡིག་དེ་ནི་མི་རིགས་མཐུན་སྒྲིལ་གྱི་མིང་སྐམ་པོ་ཡིན་པ་ལས་དོན་དངོས་སུ་རྒྱ་རིགས་གཅིག་གི་ངོ་བོ་དང་རྒྱལ་ཁབ་གཅིག་གྱུར་ཞེས་པའི་གཞུང་ཕྱོགས་ཀྱི་ལྟ་གྲུབ་གོང་སྤེལ་གཏོང་ཆེད་ཡིན་པ་ལས། གྲངས་ཉུང་མི་རིགས་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་ངོ་བོ་སྲུང་སྐྱོབ་བཅས་ལ་ཚད་བཀག་སྔར་ལས་ཆེ་རུ་གཏོང་བཞིན་ཡོད་པ་མ་ཟད། ཁྲིམས་ཡིག་དེའི་བརྒྱུད་ནས་རྒྱ་རིགས་མ་ཡིན་པ་རྣམས་ནས་ཀྱང་རང་མི་རིགས་ཀྱི་ངོ་བོའི་འདོད་འདུན་བཏོན་པ་ཙམ་གྱིས་ཁ་བྲལ་བ་དང་ཡང་ན་འཇིགས་སྐུལ་རིང་ལུགས་པའི་ནག་ཉེས་གཡོག་སྲིད་པའི་ཉེན་ཁ་ཡོད་པ་གསུངས་འདུག དེ་བཞིན་ཚོགས་འདུའི་ཐོག་ཨ་རི་བོད་ཀྱི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ཁྲིམས་ཡིག་འདིས་དོན་དངོས་སུ་མིང་དང་ལྡོག་ཕྱོགས་ཀྱི་ལས་ཀ་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྣམས་འཕྲོག་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུ་ཤེས་ཟེར་བའི་འབོད་སྒྲའི་འོག་རྒྱ་རིགས་གཙོ་བོར་འཛིན་པ་དང་། མི་རིགས་གཞན་གྱི་ངོ་བོ་མེད་པ་བཟོ་བའི་སྲིད་བྱུས་ཁྲིམས་སུ་བཀོད་པ་འགྲེལ་བརྗོད་གནང་འདུག ད་དུང་ཁོང་གིས་བོད་ནང་འདི་ལྟ་བུའི་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ཕྱི་ལོ་ ༡༩༥༠ ལོར་རྒྱ་དམག་གིས་བཙན་འཛུལ་ནས་འགོ་འཛུགས་བྱས་ཡོད་ཅིང་།  ཕྱི་ལོ་ ༢༠༡༡ ལོའི་ཡས་མས་ནས་རྒྱ་ནག་གི་མཁས་པ་ཡིན་ཟེར་མཁན་མཱ་རོང་ (Ma Rong) དང་། ཧྭ་ཨང་ཀང་། (Hu Angang) ཧུའུ་ལེན་ཧེ་ (Hu Lianhe) སོགས་ཀྱིས་བཏོན་པའི་མི་རབས་གཉིས་པའི་མི་རིགས་ཀྱི་སྲིད་བྱུས་ཟེར་བ་འུད་སྒྲོགས་བྱས་ནས་རིམ་པས་སྲིད་བྱུས་ལག་བསྟར་བྱས་ནས་ཕྱི་ཟླ་ ༧ ཚེས་ ༡ ཉིན་ཁྲིམས་ཀྱི་ལག་ལེན་བྱེད་འགོ་བཙུགས་པ་རེད་ཅེས་འགྲེལ་བརྗོད་གནང་འདུག མ་ཟད་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ད་ལྟའི་ཆར་བོད་ནང་བོད་ཕྲུག་ས་ཡ་གཅིག་ལྷག་བཅའ་སྡོད་སློབ་གྲྭར་བཅུག་སྟེ་རང་གི་ཕ་སྐད་དང་འབྲེལ་བ་ཆད་བཞིན་པའི་གནས་སྟངས་དང་ཟླ་ ༧ ཚེས་ ༢ ཉིན་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་སྐུ་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་གསལ་སྟོན་གནང་བའི་ཐོག ཁྲིམས་ཡིག་འདིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོང་ཐང་གི་རྩ་འཛིན་དང་། རྒྱ་ནག་གི་རྩ་ཁྲིམས། དེ་བཞིན་རྒྱ་ནག་གི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཡིག་བཅས་དང་འགལ་ཡོད་པ་གསལ་སྟོན་གྱིས། ཁྲིམས་འདིའི་དོན་ཚན་ ༥༦ ནང་མི་རིགས་མཐུན་སྒྲིལ་གྱི་ཁྱབ་བསྒྲགས་བདུན་ཕྲག་ཞེས་པ་དེར་གདོང་ལེན་གྱི་ཚུལ་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་ནང་དོན་ལྟར་ཕྱི་ལོ་ ༢༠༢༦ ཟླ་བ་ ༩ ཚེས་ ༢༣ ནས་འགོ་བཙུགས་ཏེ་ལོ་རེའི་ཟླ་ ༩ པའི་བདུན་ཕྲག་མཐའ་མ་དེ་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་བདུན་ཕྲག་ཏུ་གཏན་འབེབས་གནང་ཡོད་པ་ངོ་སྤྲོད་གནང་འདུག

Latest news