Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

ཨ་རིས་རྒྱ་ནག་དེ་བཞིན་མུ་མཐུད་དམིགས་བསལ་དོ་སྣང་བྱ་དགོས་པའི་རྒྱལ་ཁབ་ཏུ་མིང་འདོན་བྱས་འདུག

ཨ་མི་རི་ཀའི་སྲིད་གཞུང་ནས་ལོ་ལྟར་རྒྱལ་སྤྱིའི་ཐོག་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་། ལྷག་པར་དུ་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་བཏང་བཁན་གྱི་རྒྱལ་ཁབ་རྣམས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་དམིགས་བསལ་དོ་སྣང་བྱ་དགོས་པའི་རྒྱལ་ཁབ་ཁོངས་སུ་ཟུར་འདོན་གནང་བཞིན་ཡོད་པ་ལྟར། འདི་ལོའི་ཐོ་གཞུང་ཁོངས་སླར་ཡང་རྒྱ་ནག་མིང་འདོན་གནང་འདུག དེ་ཡང་ཁེ་ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་དྲ་གནས་ཐོག་ཡོངས་ཁྱབ་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ཁྲོད། དུས་དེ་རིང་སང་ཡང་འཛམ་གླིང་ས་གནས་ཁག་ཅིག་ཏུ་མང་ཚོགས་ཀྱི་ཆོས་དད་རང་དབང་གཙོ་བོར་གྱུར་པའི་སྒེར་གྱི་རང་དབང་ཁག་ལོངས་སུ་སྤྱོད་སྐབས་བཙོན་འཇུག་ཁྲིམས་ཆད་སོགས་བཏང་པའི་གནས་སྟངས་མུ་མཐུད་བྱུང་བཞིན་ཡོད་སྟབས། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་བཅའ་ཁྲིམས་དགོངས་དོན་རྒྱ་ནག་དང་འབར་མ། Iran དང་དེ་བཞིན་བྱང་ཀོ་རི་ཡ། གཞན་ཡང་ Eritreaདང་ Uzbekistan སོགས་མུ་མཐུད་ཨ་རི་གཞུང་ནས་དམིགས་བསལ་དོ་སྣང་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་བཞག་རྒྱུ་ཡིན་པ་མ་ཟད། འདི་ལོའི་ཐོ་གཞུང་ཁོངས་སུ་ Pakistan ཁ་སྣོན་བྱས་ཡོད་ཅེས་འཁོད་འདུག གཞི་རྩའི་ཨ་རི་གཞུང་ནས་ཕྱི་ལོ་༡༩༩༨ ལོར་རྒྱལ་སྤྱིའི་མང་ཚོགས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་ཐུབ་ཐབས་སུ་རྒྱལ་སྤྱིའི་ཆོས་དད་རང་དབང་ཞེས་པའི་བཅའ་ཁྲིམས་ཤིག་གཏན་འབེབས་གནང་སྟེ། རྒྱལ་སྤྱིའི་ཐོག་ཆོས་དད་རང་དབང་རྡོག་རོལ་བཏང་མཁན་གྱི་རྒྱལ་ཁབ་རྣམས་དམིགས་བསལ་གྱི་དོ་སྣང་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་བཅུག་ནས་རྒྱལ་ཁབ་དེ་དག་དང་ཆོང་དང་ཆབ་སྲིད་སོགས་ཀྱི་འབྲེལ་བ་གནང་སྐབས་ཡིད་གཟབ་དང་། ལྷག་པར་དུ་གཞུང་གི་རོགས་རམ་གནང་བཞིན་པ་རྣམས་རིམ་པས་བཀག་འགོག་བྱས་པ་སོགས་ཀྱི་ཉེས་ཆད་སྐྱེལ་བཞིན་ཡོད་པ་རེད་འདུག    

རྒྱ་ནག་དེ་སླར་ཡང་འཛམ་གླིང་ནང་གསར་འགོད་པ་བཀག་ཉར་མང་ཤོས་བྱེད་མཁན་རྒྱལ་ཁབ་ཁོངས་སུ་ཐེར་བཏོན་བྱས་འདུག

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༧ ལོ་འཁོར་སྙན་ཐོ་ནང་རྒྱ་ནག་རྒྱལ་ཁབ་དེ་སླར་ཡང་འཛམ་གླིང་ནང་གསར་འགོད་པ་བཀག་ཉར་མང་ཤོས་བྱེད་མཁན་རྒྱལ་ཁབ་ཁོངས་སུ་ཐེར་བཏོན་བྱས་འདུག དེའང་ཕ་རན་སིའི་རྒྱལ་ས་ Paris ནང་དུ་རྟེན་གཞི་བྱས་པའི་ Reporters  Without Borders འམ་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཞེས་རྒྱལ་སྤྱིའི་ནང་གསར་འགོད་པའི་རང་དབང་སྲུང་སྐྱོབ་གནང་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེས་ཟླ་བ་འདིའི་ཕྱི་ཚེས་ ༡༩ ཉིན་ཕྱི་ལོ་ ༢༠༡༧ ལོ་ནང་རྒྱལ་ཁབ་སོ་སོའི་ནང་གི་གསར་འགོད་པའི་རང་དབང་གནས་བབ་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག སྙན་ཐོའི་ནང་འདས་པའི་ལོ་གཅིག་གི་ནང་རྒྱལ་ཁབ་ཁྱོན་ ༡༨༠ འི་གསར་འགོད་པའི་རང་དབང་གནས་བབ་ཐོག་ཞིབ་འཇུག་གནང་སྟེ་གསར་འགོད་པ་བཀག་བསྐྱིལ་དང་། གར་སོང་ཆ་མེད་དུ་གྱུར་བ། དེ་བཞིན་འཛིན་བཟུང་བྱས་པ་སོགས་མངོན་གསལ་གནང་ཡོད་པ་རེད། ཚོགས་པ་དེས་ད་རེས་འཛམ་གླིང་རྒྱལ་ཁབ་ ༡༨༠ ནང་འདས་ལོ་གཅིག་གི་རིང་ལ་གསར་འགོད་པར་རང་དབང་ཇི་ཙམ་སྤྲད་ཡོད་མེད་དང་འབྲེལ་བའི་དཔྱད་ཞིབ་ཀྱི་དཀར་ཆག་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་བརྒྱུད་རྒྱ་ནག་དེ་གསར་འགོད་པའི་རང་དབང་གནས་བབ་ཐོག་ཆེས་སྡུག་ཤོས་ཀྱི་གཤམ་ནས་རྩིས་པའི་ཨང་རིམ་ ༡༧༦ པར་ངོས་འཛིན་འདུག འདས་པའི་ལོ་གཅིག་ནང་གསར་འགོད་པ་བཀག་ཉར་བྱས་པའི་སྡེ་ཁོངས་སུ་རྒྱ་ནག་དང་ཝི་ཏི་ནམ། ཨི་རཎ། ཊར་ཀི དེ་བཞིན་སིརྱ་བཅས་ཀྱིས་གསར་འགོད་པ་བཀག་ཉར་མང་ཤོས་བྱས་ཡོད་སྟབས་རྒྱལ་ཁབ་ལྔ་པོ་དེ་དག་ཆེས་མངོན་གསལ་གནང་འདུག་པ་མ་ཟད། རྒྱ་ནག་དེ་འཛམ་གླིང་ནང་གསར་འགོད་པ་བཀག་ཉར་གྱིས་བཙོན་འཇུག་མང་ཤོས་བྱེད་མཁན་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་ཁོངས་སུ་ཐེར་བཏོན་བྱས་འདུག རྒྱ་གཞུང་གིས་ལོ་གཅིག་གི་ནང་གསར་འགོད་པ་དང་དྲ་རྒྱའི་ཐོག་དཔྱད་རྩོམ་སྤེལ་མཁན་བཅས་ཁྱོན་མི་གྲངས་ ༥༢ བཀག་ཉར་བྱས་པར་བརྟེན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་སྔ་ལོའི་སྙན་དང་བསྡུར་ན་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག རྒྱ་གཞུང་ལ་ཁུལ་དེའི་ནང་གི་གསར་འགོད་པའི་རང་དབང་གནས་བབ་ལ་ཕྱོགས་ཡོངས་ནས་ ཡར་རྒྱས་གཏོང་དགོས་གལ་ཡིན་པ་བཀོད་འདུག དེ་བཞིན་རྒྱལ་མཚམས་མེད་པའི་གསར་འགོད་པ་མཐུན་ཚོགས་ཀྱིས་ཉེ་སྔོན་རྒྱ་ནག་བཙོན་ཁང་དུ་མནར་གཅོད་འོག་འདས་གྲོངས་སུ་གྱུར་བ་ནོ་སྤེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་དམ་པ་དང། དྲ་རྒྱའི་ཐོག་རྩོམ་སྤེལ་མཁན་ Yang Tongyan ལགས་གཉིས་ཀྱི་གནད་དོན་ལུང་འདྲེན་དང་འབྲེལ། རྒྱ་ནག་གཞུང་ནས་ཉེ་བའི་ཆར་གསར་འགོད་པ་རྣམས་ཐད་ཀར་དམར་གསད་མི་གཏང་བར་བཙོན་ཁང་དུ་ཁོང་རྣམས་ཤི་གསོན་ཅི་བྱ་གཏོལ་མེད་ཀྱི་མཚམས་སུ་མ་སླེབས་བར་བཙོན་ཁང་དུ་བཙོན་འཇུག་གིས་གཟུགས་གཞིའི་གནས་སྟངས་ཆེས་ཞན་པའི་འོག་འདས་གྲོངས་སུ་གྱུར་གྱི་ཡོད་པར་འགྲེལ་བརྗོད་གནང་ཡོད། ལྷག་པར་དུ་ཚོགས་པ་དེས་ ༢༠༠༤ ལོར་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་གསར་འགོད་རང་དབང་གཟེངས་རྟགས་ཐོབ་མཁན་དང་། 64Tianwang གསར་ཁང་གསར་འཛུགས་གནང་མཁན་ Huang Qi ལགས་ཉེ་སྔོན་རྒྱ་གཞུང་གིས་བཙོན་ཁང་དུ་མནར་གཅོད་བཏང་བ་དང་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱར་མེད་པ་མ་ཟད་ཁོང་ལ་བཙན་དབང་གིས་ཉག་ཉེན་ཁས་ལེན་བཅུག་པར་སྐྱོན་བརྗོད་ནན་པོ་གནང་འདུག རྩ་བའི་རྒྱལ་མཚམས་མེད་པའི་གསར་འགོད་པ་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༠༢ ལོ་ནས་དབུ་འཛུགས་ཀྱིས་ལོ་ལྟར་འཛམ་གླིང་ནང་གསར་འགོད་པའི་རང་དབང་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གནང་གི་ཡོད་པ་དང། འཛམ་གླིང་རྒྱལ་ཁབ་དང་སྲིད་གཞུང་ཚང་མས་ཆ་འཇོག་བྱ་འོས་པའི་སྙན་ཐོ་ཞིག་ཡིན་པ་རེད། ཚོགས་པ་དེའི་རྒྱ་ནག་ཚན་པའི་ཁོངས་སུ་སྲིད་འཛིན་ཞི་ཅིང་ཕིང་གིས་སྲིད་འཛིན་གོ་གནས་བླངས་རྗེས་ ཁུལ་དེའི་ནང་དུ་ཕྱི་ནང་གི་གསར་འགོད་པ་དང་དྲ་རྒྱའི་རྩོམ་པ་པོ། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་འཛིནབཀག་ཉར་དང་དམ་དྲག དེ་བཞིན་བཙན་དབང་གིས་ནག་ཉེན་ངོས་ལེན་བྱས་བཅུག་པ་ཐེར་བཏོན་གནང་པ་མ་ཟད། ད་ལྟའི་ཆར་གསར་འགོད་པ་དང་དྲ་རྒྱའི་རྩོམ་པ་པོ་ ༡༠༠ ལྷག་རྒྱ་གཞུང་གིས་བཀག་ཉར་བྱས་ཡོད་རེད་འདུག ཉེ་ཆར་ཟླ་ ༡༢ ཚེས་ ༡༨ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་སྐུ་ཞབས་ Zeid Raad al-Hussein མཆོག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ནས་ཁུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་གཏོང་དགོས་པ་བསྐྱར་ནན་གསུངས་ཡོད་པ་རེད།

སི་པཱེན་དུ་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་དུས་སྟོན་འཚོགས་བཞིན་འདུག

སི་པཱེན་གྱི་གྲོང་ཁྱེར་ Barcelona ནང་དུ་ Festival of Tibet and Human Rights འམ་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་དུས་སྟོན་ཞེས་པ་ཞིག་འཚོགས་བཞིན་འདུག ཁུལ་དེའི་གྲོང་ཁྱེར་ Barcelona ནང་རྟེན་གཞི་བྱས་པའི་བོད་ཁང་གི་གོ་སྒྲིག་འོག་ཟླ་བ་འདིའི་ཕྱི་ཚེས་ ༩ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༡༦ བར་ཉིན་གྲངས་བརྒྱད་རིང་འཚོགས་བཞིན་འདུག་པ་དང་། དུས་སྟོན་དེའི་ཐོག་གཙོ་བོ་བོད་ཁོང་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཞི་བའི་གོམ་བགྲོད་དང་། ༸གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ། བོད་ཀྱི་རོལ་དབྱངས་མཚན་ཚོགས། བོད་ཀྱི་ཆབ་སྲིད་དང་འབྲེལ་རྒྱ་རིགས་མཁས་དབང་སྐུ་ཞབས་ Xia Ming དང་། བོད་མི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་སོགས་གདན་ཞུ་ཐོག་བོད་དོན་སྐོར་གཏམ་བཤད་དང་གླེང་མོལ་ལས་རིམ། བོད་ཀྱི་ཆོས་ཕྱོགས་དང་འབྲེལ་བའི་དཀྱིལ་འཁོར་བཞེངས་བསྐྲུན། སྨོན་ལམ་གསུང་འདོན་གནང་རྒྱུ་སོགས་ཀྱི་ལས་རིམ་ཡོད་པ་རེད་འདུག ལས་རིམ་དེའི་དམིགས་ཡུལ་གཙོ་བོ་ནི་ས་གནས་མང་ཚོགས་ལབོད་ཀྱི་ཆོས་དང་རིག་གཞུང། དེ་བཞིན་བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་སོགས་གོ་རྟོགས་སྤེལ་ཆེད་ཡིན་པ་རེད།

རྒྱ་ནག་གཞུང་ནས་༸གོང་ས་མཆོག་བོད་ལ་ཕེབས་རྒྱུའི་རང་དབང་སྤྲོད་དགོས།

བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་ཨ་མི་རི་ཀའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་ཀྱིས་རྒྱ་ནག་གཞུང་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྐུ་ཉིད་ཀྱི་ཕ་ཡུལ་བོད་དུ་ཕེབས་རྒྱུའི་རང་དབང་སྤྲོད་དགོས་པའི་འབོད་སྐུལ་གསུང་བཤད་གནང་འདུག ཁ་སང་ཕྱི་ཚེས་ ༡༤ ཉིན་ཨ་རིའི་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མི་སྒེར་ནས་གསུང་བཤད་གནང་རྒྱུའི་ལས་རིམ་ཞིག་གི་ཐོག་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་ཀྱིས་གྲོས་ཚོགས་ཀྱི་གླེང་སྟེགས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་སྒྲིག་གཤོམ་གནང་སྟེ། ཉེ་ཆར་ཟླ་བ་འདིའི་ཚེས་ ༡༠ ཉིན་རྒྱལ་ཚོགས་ཀྱི་གཏན་འབེབས་ལྟར་རྒྱལ་སྤྱིའི་ཁྱོན་ཡོངས་ལ་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཞེས་སྲུང་བརྩི་ཞུས་ཡོད་པ་དང་། ལྷག་པར་དུ་རྒྱལ་ཚོགས་ཀྱི་གཏན་འབེབས་གནང་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོང་ཁྱབ་གསལ་བསྒྲགས་ཀྱི་རྩ་འཛིན་ཡིག་ཆ་ཨང་ ༡༣ པའི་ནང་འགྲོ་བ་མི་ཚང་མ་ལ་རང་ཉིད་ཀྱི་རྒྱལ་ཁབ་ནས་ཕྱི་ལ་བསྐྱོད་རྒྱུ་དང་། སླར་རང་ཉིད་ཀྱི་རྒྱལ་ཁབ་ལ་ཕྱིར་ལོག་བྱེད་རྒྱུའི་ཐོབ་ཐང་དང་རང་དབང་ཡོད་པ་གསལ་ཡོད་ཀྱང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་པ་ནས་བཟུང་ད་བར་༸གང་ཉིད་མཆོག་གི་ཕ་ཡུལ་བོད་ལ་ཕྱིར་ཕེབས་གནང་རྒྱུའི་རང་དབང་དང་ཐོབ་ཐང་རག་མེད་པ་རེད་ཅེས་གསུངས་འདུག ལྷག་པར་དུ་ཁོང་གིས་དགུང་གྲངས་ ༨༢ ལྷག་ཕེབས་ཟིན་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ཐོག་ཞི་བདེ་དང་འཚེ་མེད་ལྟ་སྤྱོད་གོང་འཕེལ་གནང་མཁན་ཡོངས་སུ་གྲགས་པའི་སྐྱེ་བོ་རླབས་ཆེན་ཞིག་ཆགས་ཡོད་པ་མ་ཟད། ༸གང་ཉིད་མཆོག་གི་མཛད་རྗེས་དེ་དག་ལ་རྒྱལ་སྤྱིའི་ངོས་ནས་ཆེ་བསྟོད་དང་སྦྲགས་ཕྱི་ལོ་ ༡༩༨༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་། ཕྱི་ལོ་ ༢༠༠༧ ལོར་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་སོགས་འབུལ་བཞེས་མཛད་ཡོད་པ་ངོ་སྤྲོད་གནང་པ་དང་ཆབས་ཅིག རྒྱ་ནག་གཞུང་ནས་༸གོང་ས་མཆོག་གི་མཛད་རྗེས་དང་ཐོབ་ཐང་ཁག་ལ་གུས་བརྩི་ཞུ་ཐོག་མགོན་པོ་༸གང་ཉིད་མཆོག་ལ་༸སྐུ་ཉིད་ཀྱི་ཕ་ཡུལ་བོད་དུ་ཕེབས་རྒྱུའི་རང་དབང་སྤྲོད་དགོས་པར་འབོད་སྐུལ་ནན་པོ་ གནང་འདུག དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་པ་ནས་བཟུང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་དང་། ལྷག་པར་དུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་གང་ལག་བསྟར་བྱེད་མིན་ལ་ལྟོས་མེད། འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནའི་ཐོག་འབད་རྩོན་གནང་བཞིན་ཡོད་པ་སོགས་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གཞུང་ནས་༸གོང་ས་མཆོག་༸སྐུ་འཚོ་བཞུགས་ཡིན་པའི་དུས་ཚོད་དེ་དམ་འཛིན་ཐོག་བོད་རྒྱའི་དཀའ་རྙོག་ཞི་འགྲིག་བྱེད་དགོས་པ་མ་ཟད། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐབ་ཐང་ཁག་ལ་ངེས་པར་དུ་བརྩི་སྲུང་བྱེད་དགོས་པར་འབོད་སྐུལ་བསྐྱར་ནན་གནང་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ནས་རྒྱ་ནག་གཞུང་ཕྱོགས་ནས་མོས་མཐུན་བྱུང་ན་མགོན་པོ་༸གང་ཉིད་མཆོག་རྒྱ་ནག་ནང་ཡོད་པའི་༸རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གནས་རི་བོ་རྩེ་ལྔར་མཆོད་མཇལ་དང་བོད་ནང་ཕྱིར་ཕེབས་གནང་རྒྱུའི་ཐུགས་འདོན་ཆེན་པོ་ཡོད་སྐོར་གསུངས་ཡོད་པ་མ་ཟད། ཉེ་ཆར་ཟླ་བ་སྔོན་མའི་ཕྱི་ཚེས་ ༡༧ ཉིན་༸གང་ཉིད་མཆོག་བཞུགས་སྒར་ནས་རྒྱལ་ས་ལྡིར་ཕེབས་ཐོན་སྐབས་གྷ་གྷལ་གནམ་ཐང་དུ་བོད་ནས་གསར་དུ་འབྱོར་བའི་བོད་རིགས་ཚོ་ལ་འཚམས་འདྲི་གནང་པ་དང་སྦྲགས། རྒྱ་ནག་གཞུང་ཕྱོགས་ནས་མོས་མཐུན་བྱུང་ན་ངོས་རང་བོད་ལ་ལམ་སེང་ཡོང་གི་རེད་ཅེས་བཀའ་བསྩལ་མཛད་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་ནང་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་དབང་ཆ་གཅིག་བསྡུས་ཀྱི་ལམ་ལུགས་རྒྱ་སྐྱེད་ཐོག་ཉན་ཞིབ་ཀྱི་ལས་རིམ་ཚོགས་འདུག

ཁ་སང་ཕྱི་ཚེས་ ༡༣ ཉིན་ཨ་མི་རི་ཀའི་སྔ་དྲོ་ཆུ་ཚོད་ ༡༠༌༠༠ ནས་ ༡༢༌༠༠ བར་ཁུལ་དེར་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་ཁང་ཨང་ ༣༠༡ ནང་དུ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་ཐབས་བྱུས་འདྲ་མིན་བརྒྱུད་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་དབང་ཆ་གཅིག་བསྡུས་ཀྱི་ལམ་ལུགས་རྒྱ་སྐྱེད་གཏོང་བཞིན་པའི་ཐོག་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་འདུག ཉན་ཞིབ་ཀྱི་ལས་རིམ་དེ་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་གོ་སྒྲིག་གནང་བ་ཞིག་ཆགས་ཀྱི་ཡོད་པ་དང་། སྐབས་དེར་ཚོགས་ཆུང་དེའི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Chris Smith ལགས་དང་ཚོགས་གཞོན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས། གྲོས་ཚོགས་མཐུས་མི་ Angus King ལགས་གཙོས་འཐུས་མི་གཞན་ཁག་ཅིག ཨ་མི་རི་ཀའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་གི་རྒྱལ་སྤྱིའི་མང་གཙོ་གླེང་སྟེགས་སྡེ་ཚན་གྱི་འགན་འཛིན་ལྕམ་ Shanthi Kalathil ལགས། ཨ་རའི་ Stanford གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་མ་ Glenn Tiffert ལགས་དང་དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་ Sophie Richardson ལགས་བཅས་ནས་མཉམ་ཞུགས་གནང་འདུག ཚོགས་གཞོན་སྐུ་ཞབས་ Marco Rubio ལགས་ཀྱིས་རྒྱ་ནག་གཞུང་ནས་འདས་པའི་ལོ་དུས་ནང་ལ་དྲ་རྒྱའི་བདེ་འཇགས་ཀྱི་ཁྲིམས་ལུགས་གཏན་འབེབས་བྱས་ཏེ་རྒྱ་ནག་ནང་ཡོད་པའི་རྒྱལ་སྤྱིའི་ཚོང་ལས་ལྟེ་གནས་ཁང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག དེ་བཞིན་མང་ཚོགས་བཅས་ཀྱི་ལས་དོན་ལ་སྟངས་འཛིན་བྱེད་བཞིན་པའི་ཁར་ཉེ་དུས་ནས་དེང་དུས་ཀྱི་འཕྲུལ་ཆས་རིགས་གསར་བཟོ་བརྒྱུད་རྒྱལ་སྤྱིའི་གཞུང་དང་ཚོགས་སྐྱིད་ཁག་གི་དྲ་རྒྱ་ལ་གནོད་འཚེ་བཏང་བ་མ་ཟད།   མང་ཚོགས་ཀྱིས་བེད་སྤྱོད་བྱེད་བཞིན་པའི་དྲ་ལམ་ཁག་སྟངས་འཛིན་གྱིས་རྒྱ་ནག་དང་བོད་ནང་ཡོད་པའི་མི་མང་ཚོ་ནས་ཕྱི་ཕྱོགས་སུ་འབྲེལ་བ་གནང་རྒྱུ་གཙོས་ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་དང་བཀའ་སློབ་གཏོང་ལེན་དང་གསན་གཟིགས་བྱ་རྒྱུར་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག དེ་བཞིན་ཁོང་གིས་འདི་ལོ་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ California མངའ་སྡེའི་ནང་རྟེན་གཞི་བྱས་པའི་ San Diego གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོར་དབུ་བཞུགས་ཀྱིས་དགེ་ལས་སློབ་མ་རྣམས་ལ་བཀའ་སློབ་གནང་སྐབས་རྒྱ་ནག་གཞུང་ནས་གཙུག་ལག་སློབ་གཉེར་ཁང་དེའི་ནང་མ་འོངས་པར་རྒྱ་རིགས་སློབ་མ་མཉམ་ཞུགས་བྱེད་བཅུག་རྒྱུ་མིན་སྐོར་སོགས་བརྗོད་ནས་ཉེན་བརྡ་ལན་མང་བཏང་ཡོད་པ་ལུང་འདྲེན་དང་སྦྲགས། རྒྱ་ནག་གཞུང་ནས་དཔལ་འབྱོར་དང་ཆབ་སྲིད། དེ་བཞིན་ཤེས་ཡོན་དང་འབྲེལ་བའི་ཁུང་ཙི་སློབ་གླིང་དར་ཁྱབ་བྱེད་མུས་བརྒྱུད་ནས་རྒྱལ་སྤྱིའི་ཐོག་རྒྱ་ནག་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་དབང་ཆ་གཅིག་བསྡུས་ཀྱི་ལམ་ལུགས་དེ་རྒྱ་སྐྱེད་གཏོང་བཞིན་པ་མ་ཟད། རྒྱལ་སྤྱི་དང་ཨ་མི་རི་ཀའི་བདེ་འཇགས་ལ་ཡང་ཉེན་འཚབ་ཅན་ཞིག་ཆགས་ཡོད་པ་བསྐྱར་ནན་གནང་འདུག གཞན་ཡང་ཨ་རིའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་གི་རྒྱལ་སྤྱིའི་མང་གཙོ་གླེང་སྟེགས་སྡེ་ཚན་གྱི་འགན་འཛིན་ལྕམ་ Shanthi Kalathil ལགས་ནས་རྒྱ་ནག་གཞུང་གིས་དེང་དུས་ཀྱི་འཕྲུལ་ཆས་དང་ཚོགས་སྡེ་ཁག་གི་ལས་དོན་ལ་སྟངས་འཛིན། དེ་བཞིན་ཚོང་འབྲེལ་བརྒྱུད་ལམ་གཙོ་བོ་གསུམ་གྱི་ཐོག་ནས་རྒྱལ་སྤྱིའི་ཐོག་དབང་ཐང་རྒྱ་སྐྱེད་གཏོར་བཞིན་ཡོད་སྐོར་གསུངས་པ་མ་ཟད། དེ་སྔ་ནས་རྒྱ་ནག་གཞུང་གིས་དྲ་རྒྱ་འགོག་སྲུང་ཀྱི་ལས་གཞི་ཞིག་སྤེལ་ཏེ་རྒྱ་ནག་ཁྱོན་ཡོངས་ལ་ད་བར་གསང་མྱུལ་ལྟ་སྲུང་གི་པར་ཆས་ས་ཡ་ ༡༧༠ ལྷག་ཆེད་འཛུགས་བྱས་ཡོད་པ་མ་ཟད། མ་འོངས་པར་དེ་མཚུངས་ཀྱི་པར་ཆས་ས་ཡ་ ༤༠༠ ལྷག་ཆེད་འཛུགས་བྱ་འཆར་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག དེ་བཞིན་ Stanford གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་མ་ Glenn Tiffert ལགས་ཀྱིས་ཀྱང་རྒྱ་ནག་གཞུང་གིས་འདས་པའི་ལོ་དུས་ནང་ལ་རྒྱ་ནག་ནང་ཙམ་མ་ཟད་ཕྱི་ཕྱོགས་སུ་ཡོད་པའི་གཙུག་ལག་སློབ་གཉེར་ཁང་དང་དཔེ་དེབ་པར་བསྐྲུན་ཁང་སོགས་ལ་གནོན་ཤུགས་འདྲ་མིན་སྤྲོད་ཐོག་རྒྱ་ནག་གི་ལྟ་སྤྱོད་དང་མི་མཐུན་པའི་དཔེ་དེབ་རིགས་པར་བསྐྲུན་བྱ་རྒྱུ་ལ་བཀག་སྡོམ་དང་རྒྱལ་རབས་ལོ་རྒྱུས་ལ་འཁྱོག་བཤད་སོགས་ཀྱི་ལས་གཞི་རྩོམ་བཞིན་པ་ཁག་གསལ་བཏོན་གནང་འདུག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་ Sophie Richardson ལགས་ཀྱིས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་ལས་དོན་ཙམ་མ་ཟད། ཉེ་དུས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་དང་། ལྷག་པར་དུ་ཉན་ཞིབ་ཀྱི་ལས་ཐོག་གདན་ཞུ་ཕུལ་བའི་རང་དབང་འཐབ་རྩོད་པ་རྣམས་དང་དེ་དག་གི་ནང་མི་སྤུན་མཆེད་རྣམས་ལ་བསུན་གཙེར་བཟོ་བཞིན་པའི་གནས་སྟངས་སོགས་ཐེར་བཏོན་གནང་འདུག ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Chris Smith ལགས་ཀྱིས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་ཡོངས་ཐོག་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་གནས་སྟངས་ཐད་ལ་སང་ལོ་ཚོགས་གཏན་འཁེལ་བའི་རྒྱ་ནག་ནང་གི་དུས་བཀཀག་བསྐྱར་ཞིབ་ལས་རིམ་ཐོག་གླེང་སློང་དང་འདྲི་རྩད་ནན་པོ་བྱ་རྒྱུ་ཡིན་ཞེས་གསུངས་པ་མ་ཟད། ཨ་རིའི་གྲོས་ཚོགས་དང་རྒྱ་ནག་དང་འབྲེལ་བའི་ཚོགས་ཆུང་སྤྱི་ཡོངས་ནས་ཨ་རིའི་ཀུ་ཤུ་རྟགས་ཅན་གྱི་བཟོ་གྲྭ་ Apple དང་ Google Microsoft དེ་བཞིན་ Cisco སོགས་ནས་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་བྱེད་སྐབས་ཚོང་དོན་ཁོ་ན་ལས་རྒྱལ་ཁབ་དང་མི་མང་གི་བདེ་འཇགས་སོགས་ཀྱི་ཐད་ལ་དོ་སྣང་དེ་ཙམ་གནང་མེད་པར་བློ་འཚབ་ཆེན་པོ་གནང་བཞིན་ཡོད་ཅེས་གསུངས་འདུག གཞི་རྩའི་ CECC ཞེས་པ་དེ་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ཞིག་ཡིན་ཞིང་། ཨ་རིའི་གྲོས་ཚོགས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ལྷག་པར་དུ་རྒྱ་གཞུང་གི་སྲིད་བྱུས་དང་ཁྲིམས་སྒྲིག་ཁག་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཚད་གཞི་དང་མཐུན་མིན་ཐད་ལ་དཔྱད་ཞིབ་དང་སྟངས་འཛིན་ཐུབ་ཐབས་སུ་ཕྱི་ལོ་ ༢༠༠༠ ལོར་ཆེད་འཛུགས་གནང་པའི་རང་དབང་ཅན་གྱི་སྡེ་ཚན་ཞིག་ཡིན་པ་རེད།

ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གཉིས་ནས་བོད་དོན་ཐོག་ཞལ་ཙམ་མིན་པར་དོན་ཕན་ལྡན་པའི་ཕྱག་ལས་གནང་རྒྱུའི་དུས་ལ་བབ་ཡོད།

ཁ་སང་ཉིན་རྒྱབ་ཆུ་ཚོད་ ༢ ཐོག་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་སྡེ་ཚན་གྱི་གོ་སྒྲིག་འོག་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་ཁང་ཨང་ ༢༡༧༢ ནང་དུ་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་དང་། བོད་ནང་གི་འགྲོ་བ་མིའི་ཐབ་ཐང་། དེ་བཞིན་ཆོས་དད་རང་དབང་སོགས་ཀྱི་གནས་སྟངས་དང་འབྲེལ་བོད་དོན་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་ཡོད་པ་རེད། ལས་རིམ་དེའི་ཐོག་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་མཁན་ཁོངས་སུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་སྡེ་ཚན་གྱི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ted Yoho ལགས་དང་ཚོགས་མི་རྣམ་པ། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་ Richard Gere ལགས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་ཨ་མི་རི་ཀའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་གི་འགན་འཛིན་ Carl Gershman ལགས་བཅས་གདན་ཞུ་གནང་འདུག་པ་མ་ཟད། ཡུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་དང་ལྕམ་ Ros-Lehtinen ལགས། དེ་བཞིན་སྐུ་ཞབས་ Brad Sherman ལགས་སོགས་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་གསུང་བཤད་ཀྱང་གནང་འདུག དེ་ཡང་ཆེས་ཐོག་མར་ལས་རིམ་གཙོ་སྐྱོང་གནང་མཁན་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་སྡེ་ཚན་གྱི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ted Yoho ལགས་ཀྱིས་ཉེ་དུས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་བདེ་འཇགས་ཀྱི་གནས་སྟངས་སོགས་རྐྱེན་པས་རྒྱའི་སྤྱིའི་ཐོག་རྒྱ་གཞུང་གིས་བོད་ནང་བཙན་གནོན་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་གནས་སྟངས་ཐོག་དམིགས་བསལ་དོ་སྣང་དེ་ཙམ་བྱུང་མེད་སྟབས། ཉན་ཞིབ་ཀྱི་ལས་རིམ་འདི་གནད་ཆེ་ཞིག་ཏུ་ངོས་འཛིན་བཞིན་ཡོད་པ་སོགས་ངོ་སྤྲོད་གནང་ཡོད་པ་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ Brad Sherman ལགས་ཀྱི་ངོས་ནས་བོད་དོན་ཉན་ཞིབ་ཀྱི་ལས་རིམ་ལ་རྒྱབ་སྐྱོར་དང་སྦྲགས་ཏེ་རྒྱ་གཞུང་ནས་འདས་པའི་ལོ་དུས་དེ་དག་ནང་བོད་མིའི་མངོན་འདོད་ལྟར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་བསྐྲུན་རྒྱུར་འབད་རྩོན་གནང་མེད་ཁར། མུ་མཐུད་བོད་ཀྱི་ས་ཁུལ་ཁག་ཏུ་དྲག་པོའི་དམག་དཔུང་རྒྱ་སྐྱེད་བཏང་སྟེ། བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་སོགས་འགྲེལ་བརྗོད་ཀྱིས་བྱེད་སྟངས་འདི་ནི་འགྲོ་བ་མིའི་བཟང་སྤྱོད་དང་ཡོངས་སུ་དངོས་འགལ་ཞིག་རེད་ཅེས་གསུངས་འདུག ལྷག་པར་དུ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་ཀྱིས་ད་རེས་ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་མཉམ་མཐུན་ཐོག་བོད་དོན་ལ་རྒྱབ་སྐྱོར་གྱི་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་ཐུབ་པ་དེ་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་ཀྱང་། འདས་པོའི་ལས་དོན་དང་ལྷག་པར་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གྱི་གནས་སྟངས་ལ་གཞིགས་ན། ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གཉིས་ནས་བོད་དོན་ཐོག་དེ་ཙམ་གྱི་ནུས་པ་ཐོན་པའི་ཕྱག་ལས་གནང་ཐུབ་མེད་པར་དགོངས་ཚོར་ཆེན་པོ་བྱུང་ཞེས་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ལྷག་ཕེབས་ཟིན་པ་དང་། རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འོག་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་དུས་སྐབས་འདིར་ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་གཉིས་ནས་བོད་དོན་ཐོག་ཞལ་ཙམ་མིན་པར་དོན་ཕན་ལྡན་པའི་ཕྱག་ལས་གནང་རྒྱུའི་དུས་ལ་བབ་ཡོད་པ་སོགས་གསུངས་འདུག དེ་བཞིན་རྒྱ་ནག་གཞུང་ནས་ཨ་མི་རི་ཀའི་མི་སེར་དང་གསར་འགོད་པ་རྣམས་རྒྱ་ནག་དང་བོད་ཀྱི་ས་ཁུལ་ཁག་ཏུ་རང་དབང་ཐོག་བསྐྱོད་རྒྱུའི་ཐོབ་ཐང་སྤྲོད་དགོས་པ་མ་ཟད། ཨ་རི་གཞུང་ནས་ཀྱང་ Magnitsky Human Rights Accountability Act ཞེས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ཐོག་འགན་ཁུར་ཡོང་ཐབས་ཀྱི་ཁྲིམས་ལུགས་བེད་སྤྱོད་གནང་པའི་བརྒྱུད་རྒྱ་རིགས་ཚོ་ཨ་རིའི་ནང་རང་དབང་ཐོག་སྐྱོད་བཞིན་པའི་ཐད་ལ་ཚོད་འཛིན་གནང་གལ་ཡིན་པ་ནན་བརྗོད་གནང་འདུག སྐུ་ཞབས་ Richard Gere ལགས་ནས་ཉེ་ཆར་བོད་ནང་རང་ལུས་མེ་སྲེག་གནང་མཁན་གྲྭ་བསྟན་དགའ་ལགས་ཀྱི་སྐུ་པར་སྤྱན་འབུལ་དང་སྦྲགས། ད་བར་བོད་ནང་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་མ་བཟོད་པར་བོད་མི་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་རང་སྲེག་གནང་བཞིན་པའི་གནས་སྟངས་འགྲེལ་བརྗོད་གནང་པ་མ་ཟད། ཉེ་ལམ་ཨ་རའི་སྲིད་འཛིན་སྐུ་ཞབས་ཊམ་མཆོག་རྒྱ་ནག་ནང་ཕེབས་སྐབས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་ཡོད་ཚུལ་བརྗོད་ཀྱང་། ཡིག་ཐོག་ལ་ཞིབ་ཕྲ་གང་ཡང་མཇལ་རྒྱུ་མེད་སྐོར་སོགས་གསུངས་པ་དང་ཆབས་ཅིག ཨ་རི་གཞུང་ནས་དེ་སྔ་ཕྱི་ལོ་ ༢༠༠༢ ལོར་གཏན་འབེབས་གནང་པའི་ Tibet Policy Act 2002 འམ་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་དེ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཤིག་ཡིན་སྟབས། ཨ་རི་གཞུང་ནས་ཁྲིམས་དེའི་ནང་དོན་ཁག་ངེས་པར་དུ་ལག་བསྟར་གནང་དགོས་གལ་ཡིན་པ་གསུངས་ཡོད། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་རྒྱ་ནག་གཞུང་གི་དམ་དྲག་འོག་བོད་ནང་ཡོད་པའི་བོད་མི་ཚོར་རྒྱལ་སྤྱི་དང་། ལྷག་པར་དུ་བོད་དོན་དང་འབྲེལ་བའི་གནས་ཚུལ་དུས་ཐོག་གཟིགས་རྒྱུའི་གོ་སྐབས་མེད་པ་མ་ཟད། སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་རྒྱ་དང་སྐད་འཕྲིན་བེད་སྤྱོད་གནང་སྐབས་ཆབ་སྲིད་ནག་ཉེས་འོག་འཛིན་བཟུང་བྱེད་བཞིན་པའི་གནས་སྟངས་ངོ་སྤྲོད་དང་སྦྲགས། ཨ་རི་གཞུང་ནས་རྒྱ་ནག་གི་གསར་འགོད་པ་ཨ་རི་ནང་རང་དབང་སྤྲོད་བཞིན་པ་ལྟར། ཨ་རི་གཙོས་པའི་ཕྱིའི་གསར་འགོད་པ་རྣམས་ཀྱང་བོད་དང་རྒྱ་ནག་ནང་རང་དབང་ཐོག་བསྐྱོད་རྒྱུར་འབད་རྩོན་གནང་དགོས་སྐོར་གསུངས་པ་མ་ཟད། སྐུ་ཞབས་ Carl Gershman ལགས་ནས་རྒྱ་ནག་གི་སྲིད་འཛིན་ Xi Jinpin  གིས་སྣེ་ཁྲིད་པའི་རྒྱ་ནག་སྲིད་གཞུང་ནས་ཚོང་དང་ཆབ་སྲིད་སོགས་ཐབས་ལམ་འདྲ་མིན་བརྒྱུད། རྒྱལ་སྤྱིའི་ཐོག་རང་ཉིད་ཀྱི་དབང་ཐང་དར་ཁྱབ་གཏོང་བཞིན་པར་ཚང་མས་ཡིད་གཟབ་གནང་རྒྱུ་གལ་ཆེ་ཆགས་ཡོད་པ་གསུངས་པ་དང་སྦྲགས། རྒྱ་གཞུང་ནས་རྒྱལ་སྤྱིའི་ཁྲིམས་ལུངས་དང་ཡོངས་སུ་འགལ་བའི་བྱ་སྤྱོད་སྤེལ་བཞིན་པར་ངེས་པར་དུ་གདོང་ལེན་གནང་དགོས་པ་གསུངས་འདུག ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ད་ཆ་ཨ་རི་ནང་གཞུང་འབྲེལ་འཚམས་འདྲི་ཕེབས་ཡོད་པ་དང་། ཁ་སང་སྲིད་སྐྱོང་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་རྣམ་གཉིས་ནས་ཡུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Marco Rubio ལགས་དང་། Lindsey Graham ལགས་རྣམ་གཉིས་མཇལ་འཕྲད་གནང་སྟེ་བོད་དོན་དང་འབྲེལ་བའི་གནད་དོན་སྤྱི་དང་སྒོས་སུ་ཨ་རིའི་གཞུང་གི་འཆར་ལོའི་སྔོན་རྩིས་ནང་བོད་དོན་དང་འབྲེལ་བའི་རོགས་དངུལ་མུ་མཐུད་ཐོབ་ཐབས། དེ་བཞིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མགྱོགས་མྱུར་བསྐོ་གཞག་ཡོང་ཐབས་སྐོར་གོ་བསྡུར་གནང་འདུག

ཨ་རིའི་གྲོས་ཚོགས་ནང་བོད་དོན་ཉན་ཞིབ་ཀྱི་ལས་རིམ་ཚོགས་གནང་གི་འདུག

དེ་རིང་རྒྱ་གར་ནང་གི་མཚན་མོ་ཆུ་ཚོད་ ༡༢ ཡོལ་ཙམ་དང་ཨ་རིའི་ཉིན་གུང་ཆུ་ཚོད་ ༢ ཐོག་ཨ་རའི་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་ཁང་ཨང་ ༢༡༧༢ ནང་དུ་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་དང་། བོད་ནང་གི་འགྲོ་བ་མིའི་ཐབ་ཐང་། དེ་བཞིན་ཆོས་དད་རང་དབང་སོགས་ཀྱི་གནས་སྟངས་དང་འབྲེལ་བོད་དོན་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་གནང་གི་འདུག ཉན་ཞིབ་ཀྱི་ལས་རིམ་དེའི་ཐོག་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་སྡེ་ཚན་གྱི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ted Yoho ལགས་དང་ཚོགས་མི་རྣམ་པ། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་ Richard Gere ལགས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་ཨ་མི་རི་ཀའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་གི་འགན་འཛིན་ Carl Gershman ལགས། གཞན་ཡང་ཡུལ་དེའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དང་དེ་འབྲེལ་གནད་ཡོད་མི་སྣ་ཁག་ཅིག་བཅས་ནས་མཉམ་ཞུགས་གནང་གི་ཡོད་ཡོད་པ་རེད། གཞི་རྩའི་ཉན་ཞིབ་ཀྱི་ལས་རིམ་འདི་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་སྡེ་ཚན་ནས་གོ་སྒྲིག་གནང་པ་ཞིག་ཡིན་པ་དང་། སྡེ་ཚན་དེའི་ཚགས་གཙོ་སྐུ་ཞབས་ Ted Yoho ལགས་ཀྱིས་ཉེ་དུས་ནས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་གནས་སྟངས་སོགས་རྐྱེན་པས་རྒྱལ་སྤྱིའི་ངོས་ནས་རྒྱ་གཞུང་གིས་བོད་ནང་བཙན་གནོན་བྱེད་ཤུགས་ཆེ་རུ་གོཏང་བཞིན་པའི་གནས་སྟངས་ཐོག་དམིགས་དོ་སྣང་དེ་ཙམ་གནང་མེད་པའི་ཁར་རྒྱ་གཞུང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་གནད་དོན་ཐོག་ཐེ་བྱུས་བྱེད་བཞིན་པར་དོ་སྣང་སྔར་ལྷག་གནང་རྒྱུའི་དུས་ལ་སླེབས་ཡོད་སྟབས། ད་ལན་ཉན་ཞིབ་ཀྱི་ལས་རིམ་དེའི་བརྒྱུད་རྒྱ་གཞུང་གིས་བོད་མིའི་ཆོས་ཕྱོགས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ལས་དོན། དེ་བཞིན་གསར་འགོད་པ་དང་ཕྱི་མི་བོད་ནང་འགྲོ་བསྐྱོད་བྱེད་རྒྱུར་བཀག་སྡོམ་བྱེད་པ་སོགས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་ཡོངས་ཐད་ལ་གླེང་སློང་གནང་རྒྱུ་ཡིན་ཞེས་གསུངས་འདུག གཞན་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགནས་འཛིན་སྐུ་ཞབས་ Matteo Mecacci ལགས་ནས་ཀྱང་ཞི་ཅིང་ཕིང་གིས་སྣེ་ཁྲིད་པའི་རྒྱ་ནག་གཞུང་གི་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་འོག་རྒྱ་ནག་གི་དབང་ཤུགས་རྒྱལ་སྤྱིའི་ཐོག་དར་ཁྱབ་བྱེད་མུས་དང་།  ལྷག་པར་དུ་བོད་ནང་གི་གནས་སྟངས་ཆེས་ཛ་དྲགས་ཅན་ཞིག་ཆགས་པའི་དུས་མཚམས་འདིར་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་གཏན་འཁེལ་བར་དགའ་བསུ་དང་སྦྲགས། ཨ་རི་བ་གཙོས་པའི་རྒྱལ་སྤྱིའི་མང་ཚོགས་མང་པོས་ཆེས་དགའ་མོས་དང་དད་གུས་ཞུ་ཡུལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ལྷག་ཕེབས་ཟིན་ཡང་མུ་མཐུད་འཛམ་གླིང་ཞི་བདེ་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ། དེ་བཞིན་ཁོར་ཡུག་གི་གནད་དོན་སོགས་ཀྱི་ཐད་ལ་ཐུགས་འགན་རླབས་ཆེན་བཞེས་བཞིན་ཡོད་པར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཆབ་སྲིད་ཚོགས་པ་ཟུང་འབྲེལ་ཐོག་༸གོང་ས་མཆོག་དང་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་གལ་ཆེ་ཆགས་ཀྱི་ཡོད་པ་གསུངས་འདུག ཁྱད་པར་དུ་ཁོང་གིས་ལས་རིམ་དེའི་ཐོག་ནས་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ངོས་ནས་ད་ལྟ་ཡང་བོད་དོན་ལ་རྒྱབ་སྐྱོར་གཡོ་བ་མེད་པ་གནས་ཡོད་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་ཐུབ་པ་བྱེད་དགོས་ཞེས་གསུངས་ཡོད། རྩ་བའི་ཨ་རིའི་གྲོས་ཚོགས་ནང་ཚོགས་གཏན་འཁེལ་བོད་དོན་ཉན་ཞིབ་ཀྱི་ལས་རིམ་འདི་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་དྲ་ཐོག་ནས་ཐད་སྲིང་གནང་གི་ཡོད་པ་མ་ཟད། ལས་རིམ་དེ་གྲུབ་མ་ཐག་ཉེ་ཆར་ཟླ་བ་སྔོན་མའི་ཕྱི་ཚེས་ ༡༦ ཉིན་ཡུལ་དེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ted Cruz ལགས་དང་ Robert Menendez ལགས། དེ་བཞིན་ Marco Rubio ལགས་གཙོས་གྲོས་ཚོགས་འཐུས་མི་གཞན་ཁག་ཅིག་ཐུན་མོང་ནས་གྲོས་ཚོགས་གོང་འོག་གཉིས་སུ་ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གིས་སྣེ་ཁྲིད་པའི་སྲིད་གཞུང་ནས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཁྲོད་བོད་ཀྱི་གནད་དོན་དེ་ངེས་པར་གལ་ཆེ་དོན་ཆེར་བརྩི་དགོས་པའི་གྲོས་འཆར་ཞིག་ཆེད་བཏོན་གནང་པ་དེའི་ཐོག་བགྲོ་གླེང་གནང་གི་ཡོད་པ་རེད།

རྒྱ་ནག་གི་སྲིད་བློན་ Hungary ནང་འབྱོར་སྐབས་ངོ་རྒོལ་གནང་འདུག

དེ་ཡང་ཕྱི་ཚེས་ ༢༧ ཉིན་ Hungary ནང་གི་ Budapestbeacon.com ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བར་ཚེས་ ༢༦ ཉིན་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆིང་ Hungary རྒྱལ་ས་ Budapest ནང་དུ་རྒྱལ་ཁབ་ཕྱོགས་གཉིས་དབར་ཉིན་གྲངས་གསུམ་རིང་གི་ཚོང་འབྲེལ་ལྷན་ཚོགས་ཆེད་འབྱོར་བ་དང་བསྟུན། ཁོ་པ་གནམ་ཐང་ནས་མགྲོན་ཁང་ཕྱོགས་སུ་སྐྱོད་སྐབས་ཡུལ་དེའི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་བོད་ཀྱི་རྒྱལ་དར་འཕྱར་ནས་ཞི་རྒོལ་གནང་ཡོད་པ་དང། ལྷག་པར་དུ་སྐབས་དེར་ Tibor Hendry འམ་ཡོངས་གྲགས་སུ་ Hendry Tibet ཞུ་བའི་བོད་དོན་རྒྱབ་སྐྱོར་བ་ཞིག་གིས་ལི་ཁེ་ཆིང་གི་རླངས་འཁོར་འགྲོ་སའི་གཞུང་ལམ་ཉེ་འགྲམ་དུ་བོད་ཀྱི་རྒྱལ་དར་འཁྱེར་ནས་བཞུགས་ཡོད་སྟབས་ཡུལ་དེའི་ཉེན་རྟོག་པ་བདུན་བརྒྱད་ཙམ་ཡོང་ནས་བཀག་སྡོམ་གྱིས་རྒྱལ་དར་ལག་ནས་འཕྲོག་སྐབས་ཁོང་གིས་ FreeTibet ཞེས་འབོད་ཚིག་སྒྲོག་བཞིན་སྐད་འབོད་གནང་འདུག དེ་བཞིན་རེས་གཟའ་ཟླ་བའི་ཉིན་ཡུལ་དེའི་གྲོས་ཚོགས་ནང་ LMP ཚོགས་པའི་འཐུས་མི་དང་མ་འོངས་པར་ཚོགས་པ་དེའི་སྲིད་བློན་འོས་མི་ཡིན་པ་གྲོས་ཚོགས་འཐུས་མི Bernadett Szel ལགས་ཀྱིས་ལུས་ལ་བོད་ཀྱི་རྒྱལ་དར་གྱོན་སྟབས་ཉེན་རྟོག་པས་ཡུལ་དེའི་མི་སེར་ཞིག་ལ་བོད་དོན་ལས་འགུལ་སྤེལ་རྒྱུར་བཀག་སྡོམ་བྱས་ཡོད་པར་སྐྱོན་བརྗོད་གནང་བ་སྦྲགས། ཁོང་ནས་ཀྱང་ FreeTibet ཞེས་འབོད་ཚིག་སྒྲོག་ནས་རང་ཉིད་ཀྱི་གཏམ་བཤད་མཇུག་སྡོམ་གནང་འདུག རྩ་བའི་སྐུ་ཞབས་ Hendry ལགས་ནི་ Shambala Tibet Center ཞེས་པའི་ཡུལ་དེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡིན་པ་དང། ཁོང་ནས་དེ་སྔོན་ཕྱི་ལོ་ ༢༠༡༢ ལོར་ཡང་ལི་ཁེ་ཆིང་རྒྱ་ནག་སྲིད་བློན་གཞོན་པའི་གནས་བབ་ཐོག་ཡུལ་དེར་སླེབས་སྐབས་བོད་ཀྱི་རྒྱལ་དར་བསྣམས་ནས་ངོ་རྒོལ་གནང་རྐྱེན་འཛིན་བཟུང་བྱེད་མྱོང་ཡོད་པ་དང། སྐབས་དེར་ཡུལ་དེའི་ཆེས་མཐོའི་ཁྲིམས་ཁང་གི་ངོས་ནས་སྐུ་ཞབས་ Hendry ལགས་ལ་ཨ་སྒོར་ ༡༩༠༠ དང་ཁོང་གི་ཁྲིམས་རྩོད་པའི་གླ་ཆ་ཡོངས་རྫོགས་སྤྲོད་དགོས་པའི་ཉེས་ཆད་བཏང་ཡོད་པ་རེད་འདུག

བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཐབས་ལམ་ཡང་དག་ཞིག་རེད།

དེ་རིང་སྔ་དྲོ་ཚོུད་ ༩༌༣༠ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་དུ་ཨ་སི་ཊོ་ལི་ཡའི་ཆབ་སྲིད་ཚོགས་པ་གསུམ་ལས་གྲུབ་པའི་གྲོས་འཐུས་སྐུ་ཚབ་ཚོགས་ཆུང་ནས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཐོག་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཐབས་ལམ་ཡང་དག་ཞིག་རེད་ཅེས་གསུངས་སོང་། སྐུ་ཚབ་ཚོགས་ཆུང་ཁྲོད་ཨོ་སི་ཊོ་ལི་ཡའི་ Justice འམ་དྲང་བདེན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Derryn Hinch ལགས་དང་གུ་ཡངས་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Kevin Andrews ལགས། ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕ་སྐུ་ Kimberly Kitching ལགས། དེ་བཞིན་ Meryl Swanson ལགས་བཅས་ཕེབས་ཡོད་པ་དང་། ཁོང་རྣམས་འདས་པའི་ཉིན་གྲངས་བཞིའི་རིང་ལ་བོད་མིའི་སྒྲིག་འཛུགས་གཙོས་པའི་གཞུང་དང་འཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་ལ་གཟིགས་ཞིབ་གནང་ཡོད་པ་ལྟར། དེ་རིང་གསར་འགོད་ལྷན་ཚོགས་སྐབས་ཁོང་རྣམ་པས་རང་ཉིད་ཀྱི་མྱོང་འཚོར་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་གནང་ཡོད་པ་སོགས་འགྲེལ་བརྗོད་གནང་ཡོད། སྐབས་དེར་སྐུ་ཞབས་ Derryn Hinch ལགས་ཀྱིས་ང་ཚོས་ཐེངས་འདིའི་འཚམས་གཟིགས་ཁྲོད་བོད་མི་རྣམས་ནས་རང་ཉིད་ཀྱི་མཐུན་མོང་མ་ཡིན་པའི་སྐད་དང་རིག་གཞུང་ཁག་མུ་མཐུད་སྲུང་སྐྱོབ་བྱེད་བཞིན་པ་དང་། བོད་རྒྱའི་བཀའ་རྙོག་སེལ་ཐབས་སུ་༸གོང་ས་མཆོག་གིས་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་མང་དག་ཞིག་ནས་གོམ་པ་མདུན་སྤོས་གནང་བཞིན་པ་དེ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་པ་མ་ཟད། ལྷག་དོན་དེང་སྐབས་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་སྟོབས་ཤུགས་སྔར་ལྷག་རྒྱ་སྐྱེད་འགྲོ་བཞིན་སྐབས་ཨ་རི་གཙོས་རྒྱལ་སྤྱིའི་འགོ་ཁྲིད་མང་པོ་ཞིག་ནས་མུ་མཐུད་དབུ་མའི་ལམ་གྱི་སྲིད་བྱུས་གཞི་རྩར་བཞག་སྟེ་བོད་དོན་ལ་རྒྱབ་སྐྱོར་གནང་བཞིན་ཡོད་སྟབས། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཐབས་ལམ་ཡང་དག་ཞིག་རེད་ཅེས་གསུངས་སོང་། དེ་བཞིན་སྐུ་ཞབས་ Kevin Andrews ལགས་ནས་ཁོང་རྣམས་ད་རེས་བཞུགས་སྒར་དུ་བཅར་དོན་གཙོ་བོ་ནི་ཨོ་སི་ཊོ་ལི་ཡའི་སྲིད་གཞུང་ནས་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་མངོན་གསལ་གནང་རྒྱུ་དང་། མའོངས་པར་སྲིད་བྱུས་དེའི་འོག་བོད་རྒྱ་གཉིས་ཞི་འགྲིག་ཡོང་ཐབས་སུ་འབད་རྩོན་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པ་མ་ཟད། ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕ་སྐུ་ Kimberly Kitching ལགས་དང་ Meryl Swanson ལགས་རྣམ་གཉིས་ཀྱང་འཚམས་གཟིགས་གནང་པའི་མྱོང་འཚོར་དང་འབྲེལ། བོད་པའི་སློབ་གྲྭ་ཁག་གྱི་ཤེས་ཡོན་ལམ་ལུགས་ཁྲོད་སློབ་ཕྲུག་རྣམ་ལ་རང་ཉིད་ཀྱི་རིག་གཞུང་གཙོས་པའི་དེང་དུས་ཀྱི་ཤེས་ཡོན་ཐོག་སློབ་འཁྲིད་གནང་བཞིན་པར་ཡི་རང་བསྔགས་བརྗོད་ཡོད་པ་གསུངས་སོང་། ཁོང་རྣམས་ནས་གསར་འགོད་པའི་དྲི་བར་ལན་འདེབས་གནང་པར་ཨོ་སི་ཊོ་ལི་ཡ་དང་རྒྱ་ནག་དབར་ལ་ཚོང་དོན་གྱི་འབྲེལ་བ་ཆེན་པོ་ཡོད་ཀྱང་ཨོ་སི་ཊོ་ལི་ཡའི་ཆབ་སྲིད་ཚོགས་པ་སུ་འདྲ་ཞིག་གཞུང་འཛིན་ཆགས་ཀྱང་བོད་ཀྱི་གནད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་ངེས་ཡིན་པ་མ་ཟད་མ་འོངས་པར་རིམ་པས་ཁོང་རྣམས་ནས་བོད་ཕྲུག་གང་མང་ཞིག་ཁུལ་དེར་སློབ་སྦྱང་ཆེད་བསྐྱོད་ཐུབ་རྒྱུར་རེ་བ་ཡང་གནང་བཞིན་ཡོད་སོགས་གསུངས་ཡོད། གཞིན་རྩའི་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ནས་ཟླ་བ་འདིའི་ཕྱི་ཚེས་ ༢༠ ཉིན་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Taj Mahal གསོལ་མགྲོན་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཞུ་རྒྱུ་བྱུང་ཡོད་པ་རེད།

Latest news