Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱའི་བཙོན་ཁང་ནང་ཚེ་བཙོན་མྱོང་བཞིན་པའི་ཡུ་གུར་མི་རིགས་ཀྱི་རང་དབང་རྩོད་ལེན་པ་ Ilham Tohti ལགས་ལ་སྙན་གྲགས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཤིག་ཐོབ་འདུག

རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་འོག་རྒྱའི་བཙོན་ཁང་ནང་ཚེ་བཙོན་གྱི་ཁྲིམས་ཆད་མྱོང་བཞིན་པའི་ཡུ་གུར་མི་རིགས་ཀྱི་རང་དབང་རྩོད་ལེན་པ་སྐུ་ཞབས་ Ilham Tohti ལགས་ལ་ Martin Ennals Award ཞེས་སྙན་གྲགས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཤིག་ཐོབ་ཡོད་པ་རེད། སྐབས་རེ་འགྲོ་བ་མིའི་ཐོབ་ཐང་གིས་ནོ་བེལ་ཞེས་འབོད་སྲོལ་ཡོད་པའི་གཟེངས་རྟགས་དེ་དབྱིན་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་ Martin Ennals ལགས་ཀྱི་རླབས་ཆེན་མཛད་རྗེས་ལ་ཆེ་བསྟོད་ཞུ་སླད་ཕྱི་ལོ་ ༡༩༩༣ ལོར་གསར་བཙུགས་གནང་པ་ཞིག་ཡིན་པ་དང། དེའང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ། དེ་བཞིན་ Frontline སོགས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཚོགས་པ་གྲགས་ཅན་འདྲ་མིན་བཅུ་མཉམ་འབྲེལ་གྱིས་ལོ་ལྟར་འགྲོ་བ་མིའི་ཐོབ་ཐང་ཐོག་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་གང་ཟག་སོ་སོར་འབུལ་སྲོལ་ཡོད་པ་ཞིག་ཡིན་པ་རེད། Martin Ennals ཐེབས་རྩ་ཁང་གིས་དེ་རིང་སྤྱི་བསྒྲགས་ཤིག་སྤེལ་ཏེ་འདི་ལོའི་གཟེངས་རྟགས་དེ་སྐུ་ཞབས་ Ilham Tohti ལགས་སུ་འབུལ་རྒྱུ་ཡིན་པ་ཡོངས་ཁྱབ་གནང་པ་དང་འབྲེལ། སྐུ་ཞབས་ཁོང་གིས་འདས་པའི་ལོ་ངོ་ ༢༠ ཙམ་རིང་ནས་རྒྱ་ནག་གི་ཧན་མི་རིགས་དང་ཤིན་ཅང་གི་ཡུ་གུར་མི་རིགས་གཉིས་དབར་ཕན་ཚུན་གྲོས་མོལ་དང་གུས་བརྩིའི་བློ་གོང་འཕེལ་ཡོང་ཐབས་སུ་སྐུ་ངལ་ཚད་མེད་སྐྱོན་པར་ཆེ་བསྟོད་ཞུ་ཕྱིར་ཕུལ་བ་ཞིག་ཡིན་སྐོར་གསུངས་པ་མ་ཟད། ཁོང་གིས་འཚེ་བ་དང་ཁ་བྲལ་གྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་ནས་ཡུ་གུར་མི་རིགས་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་དང་གུས་བརྩིའི་བསམ་བློ་གཞི་རྩར་འཛིན་ཐོག་རྒྱ་ནག་དང་ཡུ་གུར་མི་རིགས་དབར་འགྲིག་འཇགས་ཡོང་ཐབས་གནང་ཡོད་པར་འགྲེལ་བརྗོད་གནང་འདུག རྩ་བའི་རང་ལོ་ ༤༦ ལ་ཕེབས་པའི་སྐུ་ཞབས་ Ilham Tohti ལགས་ནི་རྒྱ་ནག་དབུས་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཞིག་ཡིན་པ་དང། ཁོང་གིས་ཕྱི་ལོ་ ༢༠༠༦ ལོར་ Uyghur Online ཞེས་པའི་དྲ་རྒྱ་གསར་བཟོ་གནང་སྟེ་ཡུ་གུར་མི་རིགས་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་རྩོམ་ཡིག་སོགས་སྤེལ་བའི་བརྒྱུད་རྒྱ་གཞུང་གིས་ཡུ་གུར་མི་རིགས་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་སྟབས། རྒྱ་གཞུང་གིས་ཁོང་གི་དྲ་རྒྱ་ལ་བཙན་དབང་གིས་སྒོ་བརྒྱབ་བཅུག་པ་མ་ཟད། ཁོང་གི་དྲ་རྒྱ་དེའི་བརྒྱུད་ཕྱི་སྡོད་ཡུ་གུར་དྲག་སྤྱོད་པའི་ལྷན་དུ་རྒྱ་ནག་དང་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བར་ཉེས་འཛུགས་ཀྱིས་ཕྱི་ལོ་ ༢༠༡༤ ལོར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད། Martin Ennals ཐེབས་རྩ་ཁང་གི་ཚོགས་གཙོ་ Dick Oostinga ལགས་ཀྱིས་རྒྱ་ནག་གཞུང་གི་ངོས་ནས་སྐུ་ཞབས་ Tohti ལགས་ལྟ་བུ་ཞི་བའི་ཐོག་རང་ཉིད་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ལ་དྲག་གནོན་དེ་ལྟར་བྱས་པའི་དབང་གིས་དྲག་སྤྱོད་པའི་དཀའ་རྙོག་དེ་མང་དུ་གཏོང་བར་དམིགས་རྟེན་བཟུང་བཞིན་ཡོད་པར་འགྲེལ་བརྗོད་དང་སྦྲགས།  རྒྱ་གཞུང་གིས་བྱེད་སྟངས་དེ་ནི་ངོ་ཚ་དགོས་པའི་གནས་སྟངས་ཤིག་ཡིན་པར་སྐྱོན་བརྗོད་གནང་འདུག སྐུ་ཞབས་ཀྲོ་ཀྲི་ལགས་ཀྱི་མཛའ་གྲོགས་ད་ལྟ་བཙན་བྱོལ་དུ་གནས་སྡོད་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ Teng Biao ལགས་ཀྱིས་ད་རེས་ཁོང་གི་གྲོགས་པོར་སྙན་གྲགས་ཅན་གྱི་གཟེངས་རྟགས་དེ་ཐོབ་པར་དགའ་བསུ་ཞུས་པ་དང་འབྲེལ། གཟེངས་རྟགས་དེའི་བརྒྱུད་སྐུ་ཞབས་ཀྲོ་ཀྲི་ཁོང་བཙོན་ཁང་ནས་མགྱོགས་མྱུར་གློད་གྲོལ་གཏོང་རྒྱུ་གང་ཡང་མེད་ཀྱང་། གཟེངས་རྟགས་དེའི་བརྒྱུད་ཁོང་གི་གནས་སྟངས་སྐོར་ལ་གོ་རྟོགས་འཕེལ་ངེས་ཡིན་པ་དང་ལྷག་དོན་རྒྱ་ནག་གི་ཆབ་སྲིད་བཙོན་པ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་རེད་ཅེས་གསུངས་ཡོད་པ་རེད། ད་དུང་ Teng Biao ལགས་ཀྱིས་གསུངས་པར་རྒྱ་གཞུང་གིས་སྐུ་ཞབས་ཀྲོ་ཀྲི་ལགས་འཛིན་བཟུང་བྱས་རྗེས་ཁོང་གི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་བཏང་ཡོད་སྟབས། ད་ལྟའི་ཆར་སྐུ་ཞབས་ཀྲོ་ཀྲི་ལགས་ཀྱི་བཟའ་ཟླ་དང་ཁོང་གི་བུ་ཕྲུག་གཉིས་ལ་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། ནང་མི་ཚོར་ཁོང་དང་ལྷན་ཟླ་བ་གསུམ་ནང་ལ་ཐེངས་གཅིག་མ་གཏོགས་ཐུག་ཆོག་གི་མེད་པ་མ་ཟད། དེའང་དུས་ཡུན་སྐར་མ་ ༢༠ ནང་ཐུག་འཕྲད་གནང་སྐབས་བཙོན་ཁང་ནང་གི་གནས་སྟངས་དང་ཆབ་སྲིད་ཀྱི་གནད་དོན་སོགས་ཀྱི་སྐོར་ལ་རྩ་བ་ནས་བཀའ་མོལ་གནང་ཆོག་གི་མེད་པ་རེད་འདུག ཤེས་རྟོགས་བྱུང་བར་གཞིགས་ན། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གཞུང་འབྲེལ་མིན་པའི་ཚོགས་ཁག་ ༡༠ ནས་ལོ་ལྟར་གཟེངས་རྟགས་འདི་བཞིན་སུད་སི་ཇི་ནི་ཝ་གྲོང་ཁྱེར་དང་མཉམ་འབྲེལ་གྱིས་འབུལ་བཞེས་གནང་སྲོལ་ཡོད་པ་དང། ཕྱི་ལོ་ ༢༠༡༤ ལོའི་ནང་རྒྱ་རིགས་ཁྲིམས་རྩོད་པ་དང་མང་གཙོའི་ལས་འགུལ་བ་ Cao Shunli ལགས་རྒྱ་ནག་གིས་དོ་དམ་བཀག་ཉར་འོག་འདས་གྲོངས་སུ་གྱུར་རྗེས་ཁོང་གི་མཚན་ཡང་གཟེངས་རྟགས་དེ་བཞེས་མཁན་གྱི་འོས་མིའི་ཁོངས་སུ་འཇོག་སྟབས། རྒྱ་གཞུང་གིས་སུད་སི་གཞུང་དང་། Martin Ennals ཐེབས་རྩ་ཁང་གི་སྦྱིན་བདག་ཚོར་གནོན་ཤུགས་ཆེན་པོ་སྤྲད་མྱོང་ཡོད་པ་རེད་འདུག

བོད་རྒྱ་འབྲེལ་མོལ་སླར་གསོ་ཐད་རྒྱ་ཕྱོགས་ནས་འདོད་པ་ཡོད་པའི་རྣམ་པ་རྩ་བ་ནས་མངོན་རྒྱུ་མི་འདུག་ཅེས་གསུངས་པ།

ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ CECC  ཞེས་པས་རྒྱ་གཞུང་ནས་བོད་རྒྱ་འབྲེལ་མོལ་སླར་གསོ་བརྒྱུད་བོད་མིའི་དཀའ་སྡུག་སེལ་འདོད་པའི་རྣམ་པ་ཙམ་ཞིག་བཏོན་མེད་སྐོར་འགྲེལ་བརྗོད་གནང་པ་དང་འབྲེལ་ཨ་རིའི་གཞུང་དང་གྲོས་ཚོགས་གཉིས་ནས་ཕྱི་ལོ་ ༢༠༠༢ ལོའི་བོད་དོན་སྲིད་བྱུས་ཀྱི་ཁྲིམས་འཆར་ལག་བསྟར་ཐུབ་ཆེད་འབད་པ་གནང་དགོས་པའི་སྐུལ་མ་ཞུས་འདུག ཁ་སང་ཚེས་ ༦ ཉིན་ CECC  ཚོགས་ཆུང་གི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Chris Smith ལགས་དང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་རྣམ་གཉིས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་ཚོགས་ཆུང་གི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་དང། ཚོགས་ཆུང་གི་ངོས་ནས་སྙན་ཐོའི་ནང་གཙོ་བོ་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་དབང་བསྒྱུར་གྱི་བརྗོད་གཞིའི་འོག སྨྲ་བརྗོད་རང་དབང་དང་་ངལ་རྩོལ་ཐོབ་ཐང་། ཆོས་དད་རང་དབང། སྤྱི་དམངས་ཐོབ་ཐང། དེ་བཞིན་བོད་དང་ཤིན་ཅང་། ཧོང་ཀོང་། མེ་ཀའོ་སོགས་ཀྱི་གནད་དོན་གཙོས་པའི་དོན་ཚན་ ༡༩ ལ་ཆ་བགོས་ཀྱིས་དཔྱད་ཞིབ་མཐིལ་ཕྱིན་གནང་ཡོད་པ་རེད་འདུག སྙན་ཐོའི་ནང་གསལ་བོད་ཅེས་པའི་སྡེ་ཚན་ནང་། ཐོག་མར་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་ངོ་སྤྲོད་གནང་པ་དང་འབྲེལ། རྒྱ་ནག་གཞུང་ཕྱོགས་ནས་འདི་ལོ་ནང་བོད་མིའི་དཀའ་སྡུག་སེལ་རྒྱུར་དམིགས་ཏེ་བོད་རྒྱ་གཉིས་དབར་གྱི་འབྲེལ་མོལ་སླར་གསོ་ཡོང་ཐབས་ལ་དོ་ཁུར་ཡོད་པའི་རྣམ་པ་ཙམ་ཞིག་ཀྱང་བཏོན་མེད་སྐོར་འགྲེལ་བརྗོད་གནང་པ་མ་ཟད། རྒྱ་གཞུང་གིས་ད་དུང་ཡང་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ད་ལྟ་ནས་གྲ་སྒྲིག་དང་ཐེ་གཏོགས་ཤུགས་ཆེ་བྱེད་མུས་ཡིན་པ་དང་།ལྷག་དོན་རྒྱ་གཞུང་གིས་བོད་ནང་གི་བོད་པའི་བླ་སྤྲུལ་རྣམས་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབར་ཆེད་མངགས་བར་ཐག་ཆེན་པོ་བཟོ་བཞིན་ཡོད་སྐོར་གསུངས་འདུག དེ་བས་ཀྱང་རྒྱ་གཞུང་གིས་སྐབས་རེ་བོད་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་གནང་མཁན་བོད་མི་རྣམས་ལ་སྤྱི་ཚོགས་ཀྱི་བདེ་འཇགས་དཀྲུག་མཁན་ནམ་ཉེས་ཅན་པར་སྙོན་འཛུགས་བྱེད་བཞིན་ཡོད་པ་དང། ཁྱད་པར་དུ་བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་གནང་རྐྱེན་འཛིན་བཟུང་བྱས་པའི་བཀྲིས་དབང་ཕྱུག་ལགས་དང་དཀོན་མཆོག་རྒྱ་མཚོ་ལགས། འབྲུག་དཀར་རྒྱལ་ལགས་སོགས་བོད་མི་ཁག་ཅིག་མཚན་མངོན་བཏོན་གནང་འདུག ཚོགས་ཆུང་དེས་སྙན་ཐོ་དེའི་བརྒྱུད་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་གཉིས་ལ་ལམ་སྟོན་ཁག་ཅིག་ཕུལ་བའི་ནང་ཨ་རིའི་གཞུང་དང་གྲོས་ཚོགས་གཉིས་ཀྱིས་བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་རང་དབང་ངང་བསྐྱོད་འཐུས་ཡོང་བར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་མ་ཟད། ཕྱི་ལོ་ ༢༠༠༢ ལོའི་བོད་དོན་སྲིད་བྱུས་ཀྱི་ཁྲིམས་འཆར་ལག་བསྟར་ཐོག་ལྷ་སར་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་འཛུགས་ཐབས་དང། བོད་རྒྱ་གཉིས་དབར་འབྲེལ་མོལ་སླར་གསོ་ཐུབ་ཐབས་གནང་དགོས་སྐོར་སོགས་གསུངས་འདུག དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱིས་བོད་མི་ཚོར་འགོ་འཁྲིད་སྐྱེས་སྲིང་གི་སྦྱོང་ལྟར་ཕུལ་དགོས་པ་མ་ཟད། བོད་མི་མང་སྤྱི་འཐུས་རྣམ་པ་དང་ལྷན་འབྲེལ་བ་གནང་སྟེ་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་ནུས་པ་སྲ་བརྟན་གཏོང་དགོས་གལ་ཡིན་པར་འབོད་སྐུལ་ཡང་ཞུས་འདུག CECC  ཚོགས་ཆུང་གི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Chris Smith ལགས་དང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་རྣམ་གཉིས་ཀྱིས་ཁ་སང་ཚོགས་ཆུང་གི་སྙན་ཐོ་འདོན་སྤེལ་དང་འབྲེལ། ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ལ་ཕྱག་བྲིས་ཤིག་ཀྱང་ཕུལ་འདུག་པ་དང་། དེའི་ནང་རྒྱ་གཞུང་གི་ངོས་ནས་ཡུན་རིང་ནས་བར་མཚམས་ཆད་པའི་བོད་རྒྱ་འབྲེལ་མོལ་སླར་གསོ་བྱེད་ཐབས་ལས་ལྡོག་སྟེ། བོད་མིའི་གཞི་རིམ་མང་ཚོགས་ཀྱི་སྤྱི་དམངས་ཐོབ་ཐང་དང་། ཆོས་དད་རང་དབང་བཅས་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་སྐོར་གསུངས་པ་དང་ཆབས་ཅིག  གལ་ཏེ་རྒྱ་ནག་གིས་རྒྱལ་ཁབ་དེའི་ནང་ལ་བདེ་འཇགས་ཡོང་བར་སྲུང་སྐྱོབ་བྱ་འདོད་ཡོད་ཚེ།  ཁུལ་དེའི་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག ཆོས་དད་རང་དབང་བཅས་ལ་བརྩི་བཀུར་ཞུ་དགོས་པ་དང། སྲིད་འཛིན་ཨོ་བྷ་མ་མཆོག་ནས་ཀྱང་རྒྱ་ནག་དང་ཨ་རི་གཉིས་དབར་གྱི་རྒྱལ་སྲུང་གི་གྲོས་མོལ་སོགས་ཀྱི་གོ་སྐབས་ནམ་བྱུང་ལ་གནད་དོན་དེ་དག་ཐོག་གླེང་མོལ་གནང་དགོས་པར་འབོད་སྐུལ་ཞུས་འདུག རྩ་བའི་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་དེའི་སྙན་ཐོ་ནང་གསལ་ལྟར་ན། རྒྱ་གཞུང་གིས་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་ནས་འཛིན་བཟུང་བྱས་པའི་བོད་མི་ཆབ་སྲིད་བཙོན་པའི་གྲངས་འབོར་ཁྱོན། ༡༨༩༤ ཡིན་པ་དང། དེའི་ཁོངས་ནས་མང་པོ་ཞིག་བཙོན་འཇུག་དུས་བཀག་གཙང་སྟེ་བཙོན་གྲོལ་ཟིན་པ་དང་། ཁག་ཅིག་ངལ་རྩོལ་བསྒྱུར་བཀོད་ལ་བཏང་ཡོད་འདུག ད་ལྟའི་ཆར་རྒྱ་ནག་གི་བཙོན་ཁང་ནང་བོད་མི་ཆབ་སྲིད་བཙོན་པ་ ༦༥༠ ཡོད་པ་འགྲེལ་བརྗོད་གནང་འདུག དེ་དང་ཕྱོགས་མཚུངས་ཕྱི་ལོ་ ༢༠༠༨ རྗེས་ནས་ད་བར་རྒྱ་ནག་གི་བཙོན་འཇུག་དང་དོ་དམ་འོག་བོད་མི་ ༢༣ མནར་གཅོད་རྐྱེན་པས་འདས་གྲོངས་ཕྱིན་ཡོད་སྐོར་འགྲེལ་བརྗོད་དང་ད་ཆ་ཤེས་རྟོགས་བྱུང་བའི་གྲངས་འབོར་དེ་ཙམ་ཚད་ཀྱི་མེད་སྐོར་གསུངས་འདུག          

ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་པ།

ཐེ་ཝན་ནང་ཆེས་ཐོག་མ་ཁུལ་དེའི་ཆབ་སྲིད་ཚོགས་པ་འདྲ་མིན་ལས་བསྡུས་པའི་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐུབ་པ་བྱུང་འདུག དེ་རིང་ཟླ་ ༡༠ ཚེས་ ༧ ཉིན་སྔ་ཐོག་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་གནང་སྟེ། ཚོགས་པ་དེ་དངོས་སུ་གསར་འཛུགས་ལེགས་གྲུབ་བྱུང་ཡོད་པ་ཡོངས་བསྒྲགས་གནང་པ་མ་ཟད། ཚོགས་པ་དེའི་ཚོགས་གཙོ་ཐེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་Freddy Lim ལགས་ཀྱིས་ད་ཆ་འཛམ་གླིང་རྒྱལ་ཁབ་ཁག་གི་གྲོས་ཚོགས་མང་ཆེ་བའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེད་བཙུགས་གནང་ཡོད་པ་ལྟར། ད་ཆ་ཐེ་ཝན་གྱི་གྲོས་ཚོགས་ནང་ངེས་པར་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་གསར་འཛུགས་གནང་གལ་ཆེ་སྐོར་གསུངས་པ་དང་འབྲེལ་ཐེ་བོད་རྒྱལ་ཁབ་གཉིས་ཀྱི་གནད་དོན་འདི་བཞིན་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བསླེབ་ཐབས་དང་། རྒྱལ་ཁབ་གཉིས་དབར་ཐོུང་ཁེ་ཕན་ཐོག་ཕྱར་བ་གྲུབ་འདེགས་གནང་རྒྱུ་བཅས་ལ་ཆེད་དམིགས་གནང་པ་ཞིག་ཡིན་པ་གསུངས་འདུག དེ་རིང་ཚོགས་པ་གསར་འཛུགས་ཀྱི་དབུ་འབྱེད་མཛད་སྒོར་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོག་གཙོ་ དང་ཐེ་ཝན་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ Freddy Lim ལགས་དང་ལྕམ་ Kulas Yotaka ལགས་རྣམ་གཉིས་ཀྱིས་གཙོས་པའི་གྲོས་ཚོགས་འཐུས་མི་ལྔ་ཙམ་ཆེད་ཕེབས་གནང་ཡོད་པ་དང་། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་མཆོག ཁུལ་དེར་རྟེན་གཞི་བྱས་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བཀྲིས་ཚེ་རིང་ལགས། དེ་བཞིན་བཞུགས་སྒར་དྷ་ས་ནས་སྒེར་གྱི་ངོ་བོ་ཐོག་གདན་ཞུས་གནང་པ་བོད་མི་མང་སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་དང་སྤྱི་འཐུས་བློ་བཟང་གྲགས་པ་ལགས། གསར་འགོད་པ་ཁག་ཅིག་ལྷན་ཞུགས་གནང་འདུག ལྷག་དོན་དུ་ཐེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Freddy Lim ལགས་ཀྱིས་ཐེ་ཝན་ནང་བོད་བརྒྱུད་བསྟན་ལ་དད་པ་གནང་མཁན་དང་། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་གྲངས་འབོར་ཇི་ཙམ་ཆེན་པོ་ཡོད་པ་དང་། ད་ལན་ཁུལ་དེར་དངོས་སུ་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་འཛུགས་གནང་ཐུབ་སྟབས། བོད་མི་ཚོའི་ངོས་ནས་ཤེས་དགོས་པ་ཞིག་ནི་ཁྱེད་རྣམས་རང་ཡུལ་མེད་པ་ཁེར་རྐྱང་ལུས་མེད་པ་དང་ང་ཚོ་རྟག་ཏུ་ཁྱེད་རྣམས་དང་ལྷན་དུ་ཡོད་ཅེས་གསུངས་སོང་བ་དང་། མ་འོངས་པར་ཡོང་རྒྱུ་འདས་པའི་ལོ་དུས་ནང་ང་ཚོའི་དབར་འབྲེལ་ལམ་ཇེ་བཟང་དུ་འགྲོ་ངེས་རེད་ཅེས་སོགས་གསུངས་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལྟའི་ཆར་ཚོགས་པ་དེའི་ནང་དངོས་སུ་མཚན་རྟགས་སྐྱོན་ནས་ལྷན་ཞུགས་གནང་མཁན་གྲོས་ཚོགས་འཐུས་མི་ ༢༨ བྱུང་འདུག་པ་དང་། གྲོས་འཐུས་ཁག་ཅིག་ནས་ཚོགས་པ་དེར་ལྷན་ཞུགས་གནང་གཏན་འཁེལ་ཡོད་པ་རེད། དེ་ནི་གཙོ་བོ་ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པ་དང་གོ་མིན་ཏང་སྲིད་དོན་ཚོགས་པ། དེ་བཞིན་ཐེ་ཝན་གྱི་དུས་རབས་གསར་པའི་སྟོབས་ཤུགས་གསུམ་ལས་བསྡུས་པའི་ཚོགས་པ་ཞིག་ཡིན་པ་རེད།

རྒྱ་གཞུང་གིས་བོད་ཀྱི་གྲྭ་བཙུན་རྣམས་ལ་ཚོད་འཛིན་གྱི་བྱ་སྤྱོད་དེར་བསམ་ཞིབ་ཀྱིས་ལས་གཞི་མཚམས་འཇོག་དགོས་པ་ནན་བརྗོད་གནང་པ།

ཉེ་ཆར་སྤྱི་ཚོགས་བརྒྱུད་ཁག་ཏུ་རྒྱ་གཞུང་གིས་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་ནས་གྲྭ་བཙུན་རྣམས་ལ་བཙན་དབང་གིས་རླངས་འཁོར་ནང་བཅུག་ནས་ཕྱིར་འབུད་བཏང་པ་དང་། ཁོང་རྣམས་སེམས་སྡུག་གི་མིག་ཆུ་དབང་མེད་དུ་ཤོར་བཞིན་ཡོད་པའི་བརྙན་པར་ཁག་ཅིག་ཐོན་པའི་ཁྲོད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་གཞུང་གི་བྱེད་སྟངས་དེར་སྐྱོན་བརྗོད་ཤུགས་ཆེ་དང་སྦྲགས། རྒྱ་གཞུང་ནས་གྲྭ་བཙུན་རྣམས་ཀྱི་ཐོག་ལ་ཚོད་འཛིན་བྱ་རྒྱུའི་ཐག་གཅོད་དེར་བསྐྱར་དུ་བསམ་ཞིབ་ཀྱིས་ལས་གཞི་དེ་འཕྲལ་མར་མཚམས་འཇོག་བྱེད་དགོས་པ་མ་ཟད། ཕྱིར་འབུད་ཟིན་པའི་གྲྭ་བཙུན་རྣམས་བསྐྱར་དུ་དགོན་པར་ཕྱིར་ལོག་ཆོག་པའི་ཆོག་མཆན་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག དེ་ཡང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁ་སང་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་གཞུང་གིས་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་གི་གྲྭ་བཙུན་རྣམས་ལ་བཙན་དབང་གིས་དགོན་པ་ནས་ཕྱིར་འབུད་གཏོང་བཞིན་པ་དེའི་གནད་དོན་གཙོ་བོ་ནི་བོད་མིའི་ཆོས་དད་རང་དབང་ཐོག་སྔར་ལྷག་དམ་དྲག་བྱ་རྒྱུའི་ཐབས་བྱུས་ཞིག་ཡིན་པ་དང་། ཐབས་བྱུས་དེས་ཕྱོགས་གཉིས་དབར་སྡང་སེམས་སྔར་ལྷག་ཇེ་ཆེར་གཏོང་རྒྱུ་ལས་ཕན་ཐོགས་གང་ཡང་ཡོད་མེད་སྐོར་ནན་བརྗོད་གནང་པ་དང་ཆབས་ཅིག རྒྱ་གཞུང་ནས་སྡོད་ཁང་གཏོར་བཤིག་ཕྱིན་པའི་བོད་མི་རྣམས་ལ་འདང་ངེས་ཀྱི་གུན་གསབ་སྤྲོད་དགོས་པ་དང་།  སྡོད་ཁང་བསྐྱར་གསོ་བྱེད་དགོས་གལ་ཡིན་པའི་དགོས་འདུན་མངོན་བཏོན་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་དེ་འབྲེལ་གྱི་གནས་ཚུལ་འབྱོར་བར་གཞིགས་ན། རྒྱ་གཞུང་གིས་འདས་པའི་བདུན་ཤས་ནང་ལ་གསེར་རྟ་བླ་རུ་ཆོས་སྒར་ནས་ཁྱོན་མི་ ༧༠༠ ནས་ ༡༠༠༠ ཙམ་བཙན་བཤད་ཀྱིས་ཕྱིར་འབུད་བཏང་བ་དང་། དེ་བཞིན་ཡ་ཆེན་ཆོས་སྒར་ནས་ཀྱང་བཙུན་པ་དང་མི་སྐྱ་ ༡༠༠༠ ཙམ་ཕྱིར་འབུད་བཏང་འདུག་པ་མ་ཟད། བོད་མི་ཁག་གཅིག་གི་ཁུལ་དེར་ལྟ་སྐོར་བསྐྱོད་པའི་ཁྲོད་ནས་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་དང་ཡ་ཆེན་ཆོས་སྒར་གཉིས་ཀྱི་ཆོས་དགེ་རྣམས་ནས་གྲྭ་བཙུན་རྣམས་དགོན་པར་ཕྱིར་ལོག་གནང་ཐབས་ཀྱི་སྐུལ་མ་ཞུ་བཞིན་ཡོད་པ་དང་། དེ་ལྟར་མ་གནང་ཚེ་དགོན་པར་ནང་ཆོས་སློབ་འཁྲིད་ཀྱི་བྱེད་སྒོ་ཁག་ཅིག་གི་ཐོག་ལ་དཀའ་ངལ་འཕྲད་ངེས་ཡིན་པ་ཐེར་བཏོན་གནང་མ་ཟད། གནད་དོན་དེའི་རྐྱེན་པས་མི་མང་མད་དག་ཞིག་ནས་བློ་ཆེས་བློ་ཕམ་གནང་བཞིན་ཡོད་འདུག སྙན་ཐོ་དེའི་ནང་གསལ་ལྟར་ན། རྒྱ་གཞུང་གིས་གྲྭ་བཙུན་རྣམས་ལ་བཙན་དབང་གིས་དགོན་པ་ནས་ཕྱིར་འབུད་གཏོང་བཞིན་པའི་ཁོངས། དམིགས་ཚད་འཛིན་ཡུལ་ཆེས་ཐོག་མ་དེ་ནི་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་དང་ཡ་ཆེན་ཆོས་སྒར་གཉིས་ཀྱི་ནང་སློབ་གཉེར་བྱེད་བཞིན་པའི་རྒྱ་རིགས་ནང་ཆོས་སློབ་གཉེར་བ་དེ་དག་ཆགས་ཀྱི་ཡོད་པ་དང་། དེ་ལྟར་བྱེད་དོན་ནི་རྒྱ་གཞུང་ནས་ད་ཆ་རྒྱ་ནག་གྱི་ས་ཆ་འདྲ་མིན་ནང་གནས་པའི་རྒྱ་རིགས་མི་མང་མང་པོ་ཞིག་ནས་ནང་ཆོས་ལ་སློབ་གཉེར་གནང་པ་དེས་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་པར་སེམས་འཚབ་བྱེད་བཞིན་པའི་རྣམ་པ་ཞིག་མངོན་གྱི་ཡོད་སྐོར་གསུངས་འདུག བླ་རུང་ཆོས་སྒར་གྱི་རྒྱལ་སྒོ་ཕྱི་ཕྱོགས་སུ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཀྱི་ཆེད་དུ་མགྲོན་ཁང་སོགས་འཛུགས་བསྐྲུན་ལས་གཞི་མང་དག་སྤེལ་བཞིན་ཡོད་པ་དང་དེ་མཚུངས་སུ་ཡ་ཆེན་ཆོས་སྒར་དུ་གཞུང་ལམ་གསར་བཟོ་དང་རྨང་གཞི་འཛུགས་བསྐྲུན་ཁག་ཡར་རྒྱས་གཏང་འཆར་ཡོད་པ་རེད་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངེས་སྟོན་པ་ Matteo Macacci ལགས་ཀྱིས་རྒྱ་གཞུང་ནས་གྲྭ་བཙུན་རྣམས་ཀྱི་ཐོག་ལ་ཚོད་འཛིན་བྱ་རྒྱུའི་ཐག་གཅོད་དེར་བསྐྱར་དུ་བསམ་ཞིབ་ཀྱིས་ལས་གཞི་དེ་འཕྲལ་མར་མཚམས་འཇོག་བྱེད་དགོས་པ་མ་ཟད། ཕྱིར་འབུད་ཟིན་པའི་གྲྭ་བཙུན་རྣམས་བསྐྱར་དུ་དགོན་པར་ཕྱིར་ལོག་ཆོག་པའི་ཆོག་མཆན་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག ད་དུང་སྐུ་ཞབས་ Matteo ལགས་ཀྱིས་རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིང་གིས་དེ་སྔ་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཡ་རབས་བཟང་སྤྱོད་ཉམས་རྒུད་འགྲོ་བཞིན་པར་སེམས་འཚབ་དང་སྦྲགས། རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་དང་ནང་ཆོས་གཉིས་ཀྱི་གལ་གནད་སྐོར་ལ་བཤད་ཡོད་པ་ལུང་འདྲེན་གྱིས་ཞི་ཅིང་ཕིང་གིས་གཏམ་བཤད་དེ་ལྟར་གནང་ཡོད་ཚེ། གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་དང་ཡ་ཆེན་ཆོས་སྒར་གཉིས་ཡར་རྒྱས་འགྲོ་དགོས་པ་མ་གཏོགས་དེ་དག་གཏོར་བཤིག་གཏོང་རྒྱུ་མེད་སྐོར་ནན་བརྗོད་དང་།  རྒྱ་གཞུང་གིས་གྲྭ་བཙུན་ཕོན་ཆེ་ཕྱིར་འབུད་གཏོང་བཞིན་པ་དང་། དེའང་གཙོ་བོ་ནི་ཤེས་ཡོན་གྱི་ལྟེ་གནས་གཙོ་གྲས་ཤིག་ལ་ཆེད་དམིགས་འཛིན་ནས་གཏོར་བཤོག་གི་ལས་གཞི་སྤེལ་བ་ནི་ཆེས་ནོར་འཁྲུལ་ཅན་ཞིག་ཡིན་པ་མངོན་གསལ་གནང་འདུག

ཁེ་ཎ་ཌའི་གཞུང་གིས་རྒྱ་ནག་ལྷན་དུ་ཁེ་ཎ་ཌའི་མི་སེར་རྣམས་རང་དབང་ངང་བོད་དང་རྒྱ་ནག་ནང་དུ་བསྐྱོད་ཆོག་པའི་ཕྱི་འབྲེལ་སྲིད་བྱུས་ནན་པོ་ཞིག་འཛིན་དགོས་པ་གསུངས་འདུག

ཁེ་ཎ་ཌའི་སྲིད་གཞུང་གིས་རྒྱ་ནག་དང་ལྷན་དུ་ Reciprocal Access ཞེས་ཡུལ་གཉིས་དབར་གྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མི་སྣ་རྣམས་རང་དབང་ལྡན་པའི་ཐོག་བསྐྱོད་ཆོག་པའི་ཕྱི་འབྲེལ་སྲིད་བྱུས་ནན་པོ་ཞིག་འཛིན་དགོས་པ་གསུངས་འདུག དེ་ཡང་གཙོ་བོ་འདི་ལོའི་ཕྱི་ཟླ་ ༦ པའི་ནང་ཁེ་ཎ་ཌའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ Randall Garrison ལགས་ནས་བོད་ནང་གི་འགྲོ་བའི་ཐོབ་ཐང་གི་གནས་སྟངས་ལ་བློ་འཚབ་དང་བཅས་ཁེ་ཎ་ཌའི་སྲིད་གཞུང་ལ་ད་བར་ཁེ་ཎ་ཌའི་སྲིད་གཞུང་གི་ངོས་ནས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཀྱི་གཞུང་འབྲེལ་ལས་བྱེད་དང་རྒྱ་རིགས་མི་མང་རྣམས་ལ་བཀག་སྡོམ་གང་ཡང་མེད་པར་མཐོང་མཆན་སྤྲོད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་ནས་ཁེ་ཎ་ཌའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མི་སྣ་རྣམས་བོད་རང་སྐྱོང་ལྗོངས་ཟེར་བ་དེ་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ཏུ་བསྐྱོད་རྒྱུར་མཐོང་མཆན་ལག་འཁྱེར་ལས་སློ་པོ་སྤྲོད་ཀྱི་མེད་པ་མ་ཟད། མཐོང་མཆན་ཐོབ་མཁན་རྣམས་ལ་དམ་དྲག་དང་ཚོད་འཛིན་ཤུགས་ཆེ་བྱེད་བཞིན་པར་ཁེ་ཎ་ཌའི་གསུང་གིས་བརྡ་ལན་ཞིག་སྤྲོད་དགོས་པའི་དྲི་བ་ཕུལ་ཡོད་པ་རེད། སྐུ་ཞབས་ Randall Garrison ལགས་ལ་ཁེ་ཎ་ཌའི་གཞུང་གིས་ལན་འདེབས་ཞིག་གནང་པར་རྒྱ་གཞུང་གིས་ཁེ་ཎ་ཌའི་ཕྱི་འབྲེལ་མི་སྣའི་ཕྱོགས་བསྐྱོད་སྐབས་མཐོང་མཆན་ཞུས་པར་བཀག་སྡོམ་བྱས་པ་བྱུང་མེད་ཀྱང་། རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་མངའ་ཁུལ་དུ་ལས་བྱེད་འདང་ངེས་མེད་པའི་རྒྱུ་མཚན་གྱིས་མཐོང་མཆན་སྤྲོད་མེད་སྐོར་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་ཟི་ཁྲོན་དང་ཡུ་ནན། དེ་བཞིན་ཀྭན་སུ་སོགས་བོད་ཀྱི་ས་གནས་ཁག་ཏུ་བསྐྱོད་རྒྱུར་བོད་རང་སྐྱོང་ཟེར་བའི་ཕྱི་འབྲེལ་ལས་དོན་ལྷན་ཁང་དང་རྒྱ་ནག་ཕྱི་སྲིད་ལས་ཁུངས་སོགས་ལས་ཁུངས་འདྲ་མིན་ལ་ཞུ་སྙན་བཏང་དགོས་པ་སོགས་འགྲེལ་བརྗོད་བྱས་འདུག གནད་དོན་དེ་དང་འབྲེལ་ Canada ནང་ལ་རྟེན་གཞི་བྱས་པའི་ Canada Tibet committee ཞེས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཛིན་སྐྱོང་འགན་འཛིན་ Carole Samdup ལགས་ཀྱིས་ཡུལ་གཉིས་ཀྱི་དཀའ་རྙོག་དེ་སེམ་ཐབས་སུ་ཁེ་ཎ་ཌའི་སྲིད་གཞུང་གིས་ རྒྱ་ནག་དང་ལྷན་དུ་ Reciprocal Access ཞེས་ཡུལ་གཉིས་དབར་གྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མི་སྣ་རྣམས་རང་དབང་ལྡན་པའི་ཐོག་བསྐྱོད་ཆོག་པའི་ཕྱི་འབྲེལ་སྲིད་བྱུས་ནན་པོ་ཞིག་འཛིན་དགོས་པ་མ་ཟད། སྲིད་བྱུས་དེའི་བརྒྱུད་གལ་ཏེ་རྒྱ་གཞུང་གིས་ཁེ་ཎ་ཌའི་མི་སེར་ལ་མཐོང་མཆན་མ་སྤྲད་པ་ཡིན་ན། ཁེ་ཎ་ཌའི་གཞུང་གིས་ཀྱང་རྒྱ་ནག་གཞུང་གི་གནད་ཡོད་མི་སྣ་དང་མི་སེར་རྣམས་ཁེ་ཎ་ཌའི་ནང་ཡོང་བར་མཐོང་མཆན་སྤྲོད་རྒྱུ་མེད་ཅེས་གསུངས་འདུག གཞི་རྩའི་རྒྱ་ནག་གཞུང་གིས་ཁེ་ཎ་ཌའི་མི་སེར་ཙམ་མ་ཡིན་པར་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་མི་སྣ་དང་། ལྷག་པར་དུ་རང་དབང་ཅན་གྱི་གསར་འགོད་པ་རྣམས་རྒྱ་ནག་སྤྱི་དང་བོད་ཀྱི་ས་ཁུལ་ཁག་ཏུ་བསྐྱོད་རྒྱུར་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་སྟབས། དེ་སྔ་སྤྱི་ལོ་ ༢༠༡༤ དང་སྔར་ལོའི་ཕྱི་ཟླ་ ༢ ཚེས་ ༢༦ བཅས་སུ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern ལགས་དང་སྐུ་ཞབས་ Joseph Pitts ལགས་རྣམ་གཉིས་ནས་ཀྱང་རྒྱ་གཞུང་གིས་ཨ་རིའི་སྲིད་དོན་མི་སྣ་དང་གསར་འགོད་པ་སོགས། བོད་ཀྱི་ས་ཁུལ་ཁག་ཏུ་རང་དབང་ལྡན་པའི་ཐོག་སྐྱོད་མ་བཅུག་པ་ཡིན་ན། རྒྱ་རིགས་རྣམས་ཀྱང་ཨ་རིའི་ནང་བསྐྱོད་ཆོག་གི་མེད་པའི་གྲོས་འཆར་ཞིག་བཏོན་ཡོད་པ་དང་། ད་ལྟའི་ཆར་གྲོས་འཆར་དེ་གཞུང་འབྲེལ་གཏན་འབེབས་ཐུབ་ཐབས་སུ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་མུ་མཐུད་རྒྱབ་སྐྱོར་འཚོལ་བཞིན་ཡོད་པ་རེད།

ཧོང་ཀོང་མང་གཙོ་དོན་གཉེར་བ་ཞིག་གིས་ཧོང་ཀོང་མི་སེར་རྣམས་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལས་བསླབ་བྱ་བླང་དགོས་པ་གསུངས་འདུག

དེའང་ ༢༠༡༤ ལོར་ཧོང་ཀོང་ནང་བྱུང་བའི་ Umbrella Movement འམ་ཆར་དུགས་ཀྱི་ལས་འགུལ་ཞེས་མང་གཙོའི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གཙོ་གྲས་སྐུ་ཞབས་ Edward Chin ལགས་ཀྱིས་ཧོང་ཀོང་མི་སེར་ཚོས་བོད་ཀྱི་ཁུངས་ལྡན་རྒྱལ་རབས་ལོ་རྒྱུས་ལས་བསླབ་བྱ་བླང་རྒྱུ་གལ་ཆེ་ཡིན་པ་གསུངས་འདུག སྐུ་ཞབས་ Edward Chin ལགས་ཟླ་འདིའི་ཚེས་ ༨ ནས་དབུ་འཛུགས་ཀྱིས་ཚེས་ ༡༠ བར་ཡོ་རོབ་རྒྱལ་ཁབ་བྷེལ་ཇམ་གྱི་རྒྱལ་ས་ Brussels ནང་དུ་ཚོགས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་ཐོག་མཉམ་ཞུགས་གནང་ཡོད་པ་དང་། ཁོང་གིས་དེ་རིང་ཧོང་ཀོང་གི་ཆབ་སྲིད་གསར་ཤོག་ Harbor Times ཐོག་ད་ལྟའི་བོད་ནང་གི་ཆབ་སྲིད་གནས་སྟངས་ཐད་ལ་ང་ཚོ་ཚང་མས་སེམས་འཁུར་ཆེན་པོ་གནང་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་པ་དང་སྦྲགས། ཧོང་ཀོང་མི་སེར་རྣམས་ནས་འདས་པའི་རྒྱལ་རབས་ལོ་རྒྱུས་ལ་དོ་སྣང་དང་དཔྱད་ཞིབ་གནང་དགོས་པ་མ་ཟད། ལྷག་པར་དུ་བོད་ཀྱི་ཁུངས་ལྡན་རྒྱལ་རབས་ལོ་རྒྱུས་ཁག་ལ་སློབ་གཉེར་གནང་ནས་ཧོང་ཀོང་དེ་ད་ལྟའི་བོད་ཀྱི་གནས་སྟངས་ལྟར་མ་ཆགས་པར་འབད་བརྩོན་གནང་གལ་ཡིན་པ་གསུངས་འདུག ད་དུང་ཁོང་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་སྐབས་༸གང་ཉིད་མཆོག་གིས་ཧོང་ཀོང་གི་མི་སེར་རྣམས་ནས་རེ་བ་དང་སེམས་ཤུགས་མ་བརླག་པར་མུ་མཐུད་འཚེ་མེད་ཞི་བའི་ཐོག་ནས་མང་གཙོ་རྩོད་དགོས་གལ་ཡིན་པར་བཀའ་བསྩལ་ལུང་འདྲེན་གྱིས་ཁོང་རང་ཉིད་ཀྱི་ངོས་ནས་ཀྱང་འདས་པའི་ལོ་དུས་ནང་། དེ་སྔ་ཕྱི་ལོ་ ༡༩༥༡ ལོར་རྒྱ་གཞུང་གིས་བོད་ཐོག་བཞག་པའི་ཆིངས་ཡིག་ ༡༧ ཟེར་བ་དང་། དེ་བཞིན་ ༡༩༨༤ ལོར་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱེད་སྐབས་ཁུལ་དེའི་མང་ཚོགས་ཀྱི་བསམ་བློ་ལ་མ་ལྟོས་པར་རྒྱ་ནག་དང་དབྱིན་ཡུལ་གཉིས་དབར་བཞག་པའི་སྤྱི་བསྒྲགས་གཉིས་ལ་སློབ་སྦྱོང་གནང་ཚེ་ཡིག་ཆ་དེ་གཉིས་ཐོག་རྒྱ་གཞུང་ནས་འཛིན་པའི་དམིགས་ཡུལ་དང་ནང་དོན་མང་པོ་ཞིག་འདྲ་པོ་ཡོད་ལུགས་བརྗོད་འདུག  ཧོང་ཀོང་མང་ཚོགས་ཚོས་རྒྱ་གཞུང་གི་ཆིངས་ཡིག་དང་སྤྱི་བསྒྲགས་དེ་དག་ཐོག་བཀོད་པའི་གནད་དོན་རྣམས་དོན་དངོས་ཐོག་ལག་བསྟར་བྱེད་ཀྱི་ཡོད་མེད་ཐད་ལ་དགོངས་བཞེས་གནང་གལ་ཡིན་པ་གསུངས་ཡོད་པ་རེད། ལྷག་པར་དུ་ཁོང་ནས་ཉེ་དུས་སུ་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་གི་དཔེ་དེབ་ཚོང་འགྲེམས་བྱེད་མཁན་འཛིན་བཟུང་བྱས་པ་མ་ཟད། རྒྱལ་ཡོངས་གཟུགས་མཐོང་རླུང་འཕྲིན་ཐོག་ཁོང་རྣམས་ལ་བཙན་དབང་གིས་ནག་ཉེས་ཁས་ལེན་བྱས་བཅུག་སྐོར་གསུངས་པ་དང་ཆབས་ཅིག འདས་པའི་ལོ་ ༦༠ ལྷག་གི་ནང་ལ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་གཤིས་སྤྱོད་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་སྐོར་མངོན་གསལ་གནང་ཡོད་པ་རེད། གཞི་རྩའི་སྐུ་ཞབས་ Edward Chin ལགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་སྐབས་མགོན་པོ་མཆོག་གིས་༸གང་ཉིད་ཀྱིས་ལྗགས་རྩོམ་མཛད་པའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་ཕྱག་དེབ་དེ་ཁོང་ལ་གནང་ཡོད་པ་རེད། དེ་མཚུངས་སྐབས་དེར་སྐུ་ཞབས་ Edward Chin ལགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ལྷན་དུ་གླེང་མོལ་ཡང་གནང་ཡོད་པ་རེད།

ཞི་ཅིང་ཕིང་གི་སྲིད་འཛིན་དུས་ཡུན་ནང་རྒྱ་ནག་ཏུ་ཕྱིའི་གསར་འགོད་པར་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་ཅེས་བརྗོད་འདུག

 དེའང་ཨ་རིའི་penརྩོམ་པ་པོ་མཐུན་ཚོགས་ཀྱིས་ཞི་ཅིང་ཕིང་གིས་རྒྱ་ནག་གི་སྲིད་འཛིན་བྱེད་བཞིན་པའི་དུས་ཡུན་ནང་ཕྱི་རྒྱལ་གྱི་གསར་འགོད་པར་དེ་སྔ་ལས་ལྷག་པའི་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་ཐེར་བཏོན་བྱས་འདུག ཁ་སང་ཟླ་ ༩ ཚེས་ ༢༢ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ཨ་རིའི་penརྩོམ་པ་པོ་མཐུན་ཚོགས་ཀྱིས་ཉེ་བའི་ཆར་རྒྱ་ནག་ནང་དུ་ཕྱིའི་གསར་འགོད་པའི་གནས་བབ་དང། གསར་འགྱུར་མཁོ་སྒྲུབ་ལས་དོན་ཐད་རང་དབང་ཇི་ཡོད་སོགས་ཀྱི་སྐོར་ལ་ཞིབ་འཇུག་གནང་པའི་སྙན་ཐོ་ཤོག་གྲངས་ ༧༦ ཅན་ཞིག་འདོན་སྤེལ་གནང་འདུག འདོན་སྤེལ་གནང་པའི་སྙན་ཐོ་དེའི་ནང་། ཞི་ཅིང་ཕིང་གིས་རྒྱ་ནག་གི་སྲིད་འཛིན་གོ་གནས་འཛིན་ཏེ་དུས་ཡུན་ལོ་བཞི་དེའི་ནང་རྒྱ་ནག་ནང་དུ་ཕྱིའི་གསར་འགོད་པར་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཉེ་ཆར་ཕྱིའི་རྒྱལ་ཁབ་ ༥༠ ལྷག་གི་གསར་འགོད་པ་ ༧༠༠ ལྷག་གི་གསར་འགོད་པའི་ལས་དོན་ཐོག་དམ་དྲག་བྱས་པ་དང།  ལྷག་པར་དུ་ཕྱིའི་གསར་འགོད་པར་རྒྱ་ནག་ནང་གི་དངོས་ཡོད་གནས་སྟངས་རྒྱུས་ལོན་བྱ་རྒྱུར་དཀའ་ངལ་འཕྲད་བཞིན་པ་དེ་ནི་ཉེ་བའི་ལོ་རྒྱུས་ནང་གི་ཕྱིའི་གསར་འགོད་པར་དམ་དྲག་ཆེ་ཤོས་བྱས་པ་དེ་ཆགས་ཀྱི་ཡོད་པར་འགྲེལ་བརྗོད་གནང་འདུག ལྷག་པར་དུ་སྙན་ཐོ་དེའི་ནང་ཕྱིའི་གསར་འགོད་པ་རྣམས་འགྲོ་འོང་བྱ་རྒྱུར་རྒྱ་གཞུང་གིས་དམ་དྲག་ཆེས་ཤུགས་ཆེ་བྱ་ ཡུལ་བོད་དང་ཡུ་གུར་གཉིས་ཡིན་པར་མིང་འདོན་བྱས་འདུག་པ་དང། ལྷག་པར་དུ་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་དང། ཤིང་ཅང་རང་སྐྱོང་ལྗོངས་ས་ཁུལ་གཉིས་ནི་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་ཆེ་ཤོས་བྱུང་ས་དང། དྲག་གནོན་བྱེད་ཡུལ་གྱི་ས་གནས་ཤིག་ཡིན་སྟབས།  རྒྱ་ནག་ནང་གི་ས་ཁུལ་གཞན་དང་མི་འདྲ་བར་འདས་པའི་ལོ་ཤས་ནང་ས་ཁུལ་དེ་གཉིས་ནང་ལ་ཡོང་མཁན་ཕྱིའི་གསར་འགོད་པ་ ༢༧༧ ལྷག་ལ་བཀག་སྡོམ་དང། སུན་འཛིན། ས་གནས་མི་མང་ལ་བཅར་འདྲི་བྱེད་མི་བཅུག་པ། དེ་བཞིན་ས་གནས་སུ་ནས་ཕྱིར་ཕུད་བཏང་བ་སོགས་ཀྱི་དཀའ་ངལ་མང་དག་འཕྲད་བཞིན་ཡོད་སྐོར་གནས་ཚུལ་སོགས་གསལ་ཡོད། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས། ཕྱིའི་གསར་འགོད་པ་མང་པོ་ཞིག་གི་བོད་རང་ལྗོངས་ས་ཁུལ་དུ་གནས་ཚུལ་རྒྱུས་ལོན་ཆེད་དུ་བསྐྱོད་རྒྱུར་རྒྱ་གཞུང་གིས་མཐོང་ཆེན་སྤྲོད་རྒྱུ་ཁག་ཏུ་བཏང་ཡོད་པ་དང། མཐོང་ཆེན་རག་པར་རྒྱ་གཞུང་ཕྱི་སྲིད་ལས་ཁུངས་ཀྱི་སྟངས་འཛིན་འོག་འགྲོ་དགོས་པ་ལས་གསར་འགོད་ཚོ་རང་དབང་གི་ཐོག་ནས་གནས་ཚུལ་རྒྱུས་ལོན་བྱེད་མི་བཅུག་པ། གསར་འགོད་པ་ཚོ་འགྲུལ་བཞུད་བྱེད་པར་ས་གནས་ཀྱི་འགག་སྒོ་མང་དག་ཞིག་ནས་བཀག་འགོག་དང་ཞིབ་གཤེར། ས་གནས་རྒྱ་གཞུང་ལས་བྱེད་པས་ས་གནས་ཡུལ་མིར་བཅར་འདྲི་བྱེད་རྒྱུར་སུན་བཙེར་བཟོས་པ། བཙན་དབང་གིས་ས་གནས་ནས་ཕྱིར་ཕུད་བཏང་བ་སོགས་ཧ་ཅང་གི་དམ་དྲག་བྱེད་བཞིན་ཡོད་པ་ཐེར་བཏོན་གནང་འདུག དེ་བཞིན་ཕྱིའི་གསར་འགོད་པ་ཚོ་བོད་ནང་བསྐྱོད་རྒྱུར་དམ་དྲག་ཙམ་མ་ཟད། གསར་འགོད་པར་ས་གནས་ཀྱི་གནས་ཚུལ་དང་འབྲེལ་ཐོག་བཅར་འདྲི་དང་ལེན་བྱེད་མི་ཆོག་པའི་བཙན་བཀའ་བཏང་བ་དང་། གལ་ཏེ་བཅའ་འདྲི་དང་ས་གནས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་པ་ཤེས་རྟོགས་ཐོབ་ཚེ་རྒྱ་གཞུང་དེར་འདྲི་བརྩད་དང་བཀག་བསྐྱིལ་བྱ་རྒྱུའི་འགྲེལ་བརྗོད་བྱས་འདུག་པ་མ་ཟད། སྔ་ལོ་བོད་མི་བཀྲིས་དབང་ཕྱུག་ལགས་ཀྱིས་ཨ་རིའི་ནིའུ་ཡོག་དུས་དེབ་ཀྱི་གསར་འགོད་པ་དང། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལས་དོན་མི་སྣར་བཅར་འདྲི་དང་ལེན་གནང་པར་བརྟེན། རྒྱ་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་པ་ལུང་འདྲེན་བྱས་འདུག ཚོགས་པ་དེས་ད་ལྟའི་ཆར་རྒྱ་གཞུང་གིས་ཕྱི་ནང་གི་གསར་འགོད་པ་ཚོར་རྒྱ་ནག་ནང་གི་དངོས་ཡོད་གནས་ཚུལ་རྒྱུས་ལོན་དང་གསར་འགྱུར་སྤེལ་རྒྱུར་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་དེས་ཕྱིའི་འཛམ་གླིང་ལ་རྒྱ་ནག་ནང་གི་དཔལ་འབྱོར་དང་ཆབ་སྲིད་སོགས་ཀྱི་དངོས་ཡོད་གནས་ཚུལ་ཆ་ཚང་བའི་གསར་འགྱུར་འཐུས་ཚང་ཞིག་སྤེལ་བར་ཆེས་དཀའ་བའི་གནས་ཡིན་པ་དང་། ཁྱད་པར་དུ་རྒྱ་གཞུང་གི་སྲིད་བྱུས་ཐོག་སྐྱོན་བརྗོད་དང། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སྤེལ་བའི་གསར་འགྱུར་དང་དཔྱད་རྩོམ་ཁག་ལ་རྒྱ་གཞུང་གིས་དམ་དྲག་འོག་སྤེལ་དཀའ་བ་ཡིན་པ་མངོན་གསལ་གནང་འདུག རྩ་བའི་ཨ་རིའི་ pen རྩོམ་པ་པོ་མཐུན་ཚོགས་དེ་ནི། ཕྱི་ལོ་ ༡༩༢༢ ལོར་ཆེད་བཙུགས་གནང་པའི་རང་དབང་ཅན་གྱི་ཚོགས་པ་ཞིག་ཡིན་ཞིང། ད་ལྟའི་ཆར་རྒྱལ་སྤྱིའི་ནང་དུ་ཚོགས་པའི་ཡན་ལག་ལྟེ་གནས་ཁང་ ༡༠༠ ལྷག་ཡོད་དང། དེ་བཞིན་གསར་འགོད་པ་དང། རྩོམ་པ་པོ་། སྙན་ངག་པ་སོགས་ཆེད་ལས་མི་སྣ་ ༤༠༠༠ ལྷག་ཡོད་པའི་ཚོགས་པ་ཆེ་གྲས་ཤིག་ཡིན་འདུག ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་ཨ་རི་གཙོས་རྒྱལ་སྤྱིའི་ནང་གི་རྩོམ་པ་པོ་དང་གསར་འགོད་པ་ཁག་གི་ནུས་པ་གཅིག་ཏུ་སྒྲིལ་ནས་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་རེད།  

ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་དུ་ཧི་མཱ་ལ་ཡའི་རིག་གཞུང་བསྟི་གནས་ཁང་གསར་པ་དབུ་འབྱེད་གནང་རྒྱུ།

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague ནང་དུ་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཧི་མཱ་ལ་ཡིའི་རིག་གཞུང་བསྟ་གནས་ཁང་གསར་པ་ཞིག་དབུ་འབྱེད་གནང་གཏན་འཁེལ་འདུག ཁ་སང་ཚེས་ ༢༠ ཉིན་ཁུལ་དེའི་གསར་སྤེལ་ཁང་ Prague Daily དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རིང་མིན་ཟླ་ ༡༠ པའི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཀྱི་རྒྱལ་ཁབ་ Swiss དང་། Italy དེ་བཞིན་ Czech སྤྱི་མཐུན་རྒྱལ་ཁབ་སོགས་སུ་ཆིབས་སྒྱུར་བཀའ་དྲིན་སྐྱོང་བཞིན་པ་དང་བསྟུན། ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་རྟེན་གཞི་བྱས་པའི་པོ་ཏཱ་ལ་ཚོགས་པས་ཁུལ་དེར་གསར་རྒྱག་གནང་པའི་ཧི་མཱ་ལ་ཡའི་རིག་གཞུང་བསྟི་གནས་ཁང་དབུ་འབྱེད་གནང་རྒྱུ་རེད་འདུག ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་ལ་དབུ་འབྱེད་གནང་འཆར་ཡོད་པའི་ཧི་མཱ་ལ་ཡིའི་རིག་གཞུང་བསྟི་གནས་ཁང་དེའི་ནང་བོད་ཀྱི་ཐོུང་མ་ཡིན་པའི་སྲོལ་རྒྱུན་རིག་གཞུང་དང་། བོད་དང་ ཅེཀ་སྤྱི་མཐུན་རྒྱལ་ཁབ་དབར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཁུལ་དེའི་སྲིད་འཛིན་དམ་པ་ Vaclav Havel མཆོག་རྣམ་གཉིས་ཀྱི་༸སྐུ་པར་དང་༸སྐུ་འདྲ་སོགས་བསྒྲིག་གནང་གི་ཡོད་པ་མ་ཟད། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། ནང་ཆོས་སོགས་སློབ་གཉེར་གནང་ས་དེཔ་མཛོད་ཁང་དང་། སྒོམ་གྲུབ་གནང་ས་བཅས་ཉམས་ལེན་གནང་ཡུལ་ཆེད་བཙུགས་གནང་ཡོད་པ་རེད་འདུག བསྟི་གནས་ཁང་དེ་གསར་རྒྱག་གནང་མཁན་པོ་ཏཱ་ལ་ Potala ཚོགས་པའི་ངེས་སྟོན་པ་ལྕམ་Zuzane Ondomisiova ལགས་ནསབསྟི་གནས་ཁང་དེ་ཟླ་བ་རྗེས་མའི་ནང་དབུ་འབྱེད་གནང་དོན་གཙོ་བོ་ནི། ཟླ་བ་རྗེས་མའི་ནང་མགོན་༸གང་ཉིད་མཆོག་དང་ཐུགས་ཉེ་བའི་ Czech སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་ Vaclav Havel མཆོག་གི་འཁྲུངས་ཚེས་འཁེལ་གྱི་ཡོད་པ་དང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་ཁོང་ནས་ཆེད་བཙུགས་གནང་པའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གླེང་སྟེགས་ཚོགས་པ་ Forum 2000 ཞེས་པར་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུའི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་དབུ་འབྱེད་གནང་པ་ཞིག་ཡིན་པ་གསུངས་འདུག

སུད་སི་རྒྱལ་ཚོགས་ཀྱི་མདུན་དུ་རྒྱ་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

དེ་རིང་ཟླ་ ༩ ཚེས་ ༡༦ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་དུ་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་བོད་མི་དང་ཡུ་གུར། སོག་པོ་བཅས་འདུ་འཛོམས་ཀྱིས་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཁག་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ཁག་འཕྲལ་དུ་མཚམས་འཇོག་ཡོང་བའི་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་དང་། དེའི་ཐོག་སྐུ་མགྲོན་གཙོ་བོ་སུད་སི་གྲོས་ཚོགས་འཐུས་མི་ལྕམ་ Lisa Mazzone མཆོག་གི་གཙོས། Czech སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞོན་ཟུར་པ་མཆོག་དང་། དེ་བཞིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས། འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་ལྩམ་ Rabiya Kadeer ལགས་བཅས་ཁྱོན་མི་གྲངས་ ༡༥༠༠ ཙམ་མཉམ་ཞུགས་གནང་འདུག

Latest news