Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

དུས་རབས་ཉེར་གཅིག་འདི་འཚེ་མེད་ཞི་བ་དང་གྲོས་མོལ་གྱི་དུས་རབས་ཤིག་ཏུ་སྒྱུར་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གྲོང་ཁྱེར་ཆེ་གྲས་མུམ་བའི་ནང་ཉིན་གྲངས་གསུམ་རིང་གི་མཛད་འཆར་དབུ་འཛུགས་དང་སྦྲགས། དེ་རིང་མུམ་བའི་གཙུག་ལག་སློབ་གཉེར་ཁང་དུ་ནང་པའི་གཞུང་ནས་གསུངས་པའི་རྒྱུ་འབྲས་མན་ངག་བདུན་གྱི་བྱམས་པ་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་དུས་རབས་ཉེར་གཅིག་འདི་འཚེ་མེད་ཞི་བ་དང་གྲོས་མོལ་གྱི་དུས་རབས་ཤིག་ཏུ་སྒྱུར་དགོས་ཞེས་ལམ་སྟོན་མཛད་འདུག དེ་རིང་མུམ་བའི་ནང་རྟེན་གཞི་བྱས་པའི་མུམ་བའི་གཙུག་ལག་སློབ་གཉེར་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཁུལ་དེའི་ Green Technology Auditorium ཞེས་པའི་ཚོགས་ཁང་ཆེན་མོར་རྒྱལ་སྤྱིའི་ལྷན་ཚོགས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་དུས་རབས་དེའི་ནང་རྒྱལ་ཞེན་དང་ཆོས་ལུགས་སོགས་ཀྱི་གནད་དོན་ཐོག་ནས་མི་སྟོང་ཕྲག་མང་པོ་བསད་རེས་བཏང་ཡོད་པ་རེད།ལོ་རྒྱུས་སྨྲ་བ་རྣམས་ཀྱིས་གསུངས་པར་དུས་རབས་ཉི་ཤུའི་ནང་དམག་འཁྲུག་སོགས་ཀྱི་ཁྲོད་ཁྱོན་མི་ས་ཡ་ ༢༠༠ ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་ལྟར། ད་ལྟའི་དུས་རབས་འདིའི་ནང་ Iraq གཙོ་གྱུར་རྒྱལ་ཁབ་ཁག་གཅིག་གི་ནང་དུ་འཁྲུག་འཛིང་དང་མི་བསོད་ཁྲག་སྦྱོར་གྱི་གནད་དོན་འཕྲད་སྐབས། རྒྱལ་ཁབ་མང་དག་ཅིག་ནས་དེར་སྐྱོན་བརྗོད་བྱས་ཡོད་པ་དང ། དམག་ཆེན་གཉིས་པ་དང་གྲང་དམག་གི་རྗེས་སུ་རང་རང་སོ་སོའི་རྒྱལ་ཁ་ལས་ཕན་ཚུན་བསམ་ཤེས་ཀྱི་བློ་འཛིན་མཁན་ཇེ་མང་དུ་སོང་བའི་ཁྲོད་དེ་སྔ་དམག་འཁྲུགག་ཤུགས་ཆེ་ཤོས་ནང་མཉམ་ཞུགས་གནང་མཁན་ཕ་རན་སི་དང་འཇར་མ་ནི་བཅས་ཡུ་རོབ་མཐུན་ཚོགས་གསར་འཛུགས་གནང་བའི་གཙོ་གྲས་སུ་ཆགས་སྐོར་དང་འབྲེལ་གོ་ལའི་འགྲོ་བ་ཀུན་འཚེ་བའི་ལས་ལ་མི་འཇུག་པར་འགྱུར་ལྡོག་ཕྱིན་པ་མངོན་གསལ་ཆགས་ཡོད་པ་ལམ་སྟོན་མཛད་འདུག ང་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཕན་ཚུན་དབར་འཁྲུག་འཛིང་དང་མི་མཐུན་པའི་གནད་དོན་བྱུང་སྐབས་འཚེ་མེད་ཞི་བ་དང་གྲོས་མོལ་གྱིམ་ལམ་ནས་དཀའ་ངལ་སེལ་ཐབས་གནང་གནད་ཡིན་པར་བཀའ་སློབ་རྒྱ་ཆེ་བསྩལ་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་ཞི་བདེ་དང་འཆམ་མཐུན་གྱི་དུས་རབས་ཤིག་ཡོང་བར་དམག་དཔུང་དང་མཚོན་ཆ་མེད་པའི་འཛམ་གླིང་ཞིག་སྐྲུན་དགོས་པ་དང། དེའང་ཕྱིའི་མཚོན་ཆ་མེད་པ་མ་བཟོ་བའི་སྔོན་ལ་ནང་སེམས་ཀྱི་གོ་ཚོན་མེད་པ་བཟོ་གལ་ཡིན་སྟབས་བྱམས་བརྩེའི་བསམ་བློ་རྒྱ་སྐྱེད་དང་དང་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་གོང་འཕེལ་གནང་གལ་ཡིན་པ་མ་ཟད། ལྷག་པར་དུ་གོ་ལའི་ཚ་དྲོད་ཀྱི་དཀའ་ངལ་སོགས་རྒྱལ་ཁབ་བྱེ་བྲག་དང་ས་མཚམས་ལ་ལྟོས་མེད་ཡོང་གི་ཡོད་སྟབས། གནད་དོན་དེ་དག་གི་ཐོག་ནས་འཛམ་གླིང་འདིའི་ཐོག་མི་འབོར་དུང་ཕྱུར་བདུན་ཅུ་ཡོད་པ་རྣམས་ཆིག་སྒྲིག་ཐོག་ཕྱག་ལས་གནང་གནད་ཡིན་པ་ལྟར། ཤེས་ཡོན་དེ་གལ་འགངས་ཆེན་པོ་ཡིན་པས་དེང་སང་གི་ཕྱི་དངོས་པོའི་ཡར་རྒྱས་ལ་དམིགས་པའི་ཤེས་ཡོན་གཅིག་པོ་མ་ཡིན་པར་ནང་སེམས་ཀྱི་རིན་ཐང་དང་ནང་སེམས་ཀྱི་འཕྲོད་བསྟེན་སྐོར་ལ་ཤེས་ཡོན་སྤྲོད་དགོས་གལ་ཡིན་པར་བཀའ་བསྩལ་འདུག དེང་སྐབས་སུ་འཕྲད་བཞིན་པའི་དཀའ་ངལ་རྣམས་མིས་བཟོས་པའི་ངལ་བ་ཤ་སྟག་ཆགས་ཡོད་པ་དང་། ང་དང་ཁྱོད་ཅེས་ཕན་ཚུན་དབར་རིམ་པ་གཉིས་པའི་ཐོག་ནས་ངལ་བ་དེ་དག་འཕྲད་པ་ཡིན་སྟབས་འགྲོ་བ་མི་གཅིག་གྱུར་གྱི་བློ་འཛིན་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་མ་ཟད་དེའི་ཆེད་དུ་ Maitri འམ་བྱམས་བརྩེ་དང་བཟོད་སྒོམ་གྱི་བློ་འཛིན་དགོས་གལ་ཡིན་པ་སོགས་བླང་དོར་གྱི་ལམ་སྟོན་མཛད་ཡོད་པ་རེད།༸གོང་ས་མཆོག་གིས་དེང་སྐབས་འགྲོ་བ་མིའི་རིགས་ལ་ཤེས་ཡོན་གྱི་ལམ་ནས་འཚེ་མེད་ཞི་བའི་ལྟ་གྲུབ་སྐོར་སྦྱོང་བརྡར་གནང་གལ་ཡིན་པ་དང་། རྒྱ་གར་ལྟ་བུར་ཆ་མཚོན་ན་ཕྱི་ལ་འཚེ་མེད་ཞི་བའི་སྐོར་མ་བཤད་གོང་དུ་རང་རྒྱལ་ཁབ་ནང་ལོ་ངོ་ ༣༠༠༠ ལྷག་གི་སྔོན་ནས་དར་སྤེལ་ཡོད་པའི་འཚེ་མེད་ཞི་བ་དང། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་བཅས་ཀྱི་གནའ་བོའི་རིག་གནས་རྣམས་བསྐྱར་གསོ་གནང་དགོས་གལ་ཡིན་པ་ལྟར། མགོན་པོ་༸གང་ཉིད་མཆོག་གིས་ཀྱང་གནའ་བོའི་རིག་གནས་དེ་བསྐྱར་གསོ་ཡོང་ཐབས་སུ་འབད་མུས་ཡིན་སྐོར་བཀའ་བསྩལ་འདུག དེ་རིང་གི་ལྷན་ཚོགས་འདིའི་ཐོག་སྐུ་མགྲོན་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་མ་ཧཱརཱཤྚ་མངའ་སྡེའི་སྤྱི་དམངས་ཐོབ་དང་དམིགས་བསལ་དགོས་མཁོ་ཅན་རྣམས་ཀྱི་བདེ་དོན་དང་འབྲེལ་བའི་སྡེ་ཚན་གྱི་བློན་ཆེན་སྐུ་ཞབས་ Rajkumar Badole མཆོག དེ་བཞིན་མུམ་བའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་  Suhas Pandekar མཆོག ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག གཙུག་ལག་སློབ་གཉེར་ཁང་དེའི་དགེ་ལས་དང་འབྲེལ་ཡོད་ཡན་ལག་སློབ་གཉེར་ཁང་གི་དགེ་ལས་བཅས་མཉམ་ཞུགས་གནང་འདུག མཛད་འཆར་ལྟར་ན། སང་ཉིན་༸གོང་ས་མཆོག་ནས་ Mumbai གུ་རུ་ནཱ་ནཱཀ་མཐོ་སློབ་ཀྱི་ཚན་རིག་དང་སྒྱུ་རྩལ། ཚོང་འབྲེལ་ཚན་པའི་གཏམ་བཤད་ལས་རིམ་ཐེངས་ ༡༡ ཐོག་བྱམས་བརྩེ་དང་ཀུན་ཁྱབ་འགན་ཁུར་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་དང། ཚེས་ ༡༤ ཉིན་ IIT རྒྱ་གར་འཕྲུལ་རིག་བསྟི་གནས་ཁང་དུ་འཕྲུལ་རིག་དུས་སྟོན་མཛད་སྒོ་ཐེངས་ ༢༢ ཐོག་བཀའ་སློབ་བསྩལ་མཛད་རྒྱུ་ཡིན་པ་རེད།

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ཏེ་ལོ་ངོ་ ༢༩ འཁོར་བའི་དུས་དྲན་སྲུང་བརྩི།

དེ་རིང་བཞུགས་སྒར་དྷ་རྨ་ས་ལར་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Shri Pradeep Tamta མཆོག་དང། དམིགས་བསལ་སྐུ་མགྲོན་ Sassoufit འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེའི་ཚོགས་གཙོ་སྐུ་ཞབས་ Andrea Papus Ngombet Malewa མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དེ་བཞིན་དྷ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་སོགས་ལྷན་འཛོམས་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞེ་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༢༩ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་།སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ད་བར་མགོན་པོ་༸གང་ཉིད་མཆོག་གིས་བོད་འབངས་སྤྱི་དང་ཡང་སྒོས་མཐའ་ཡས་པའི་སྐྱེ་འགྲོའི་ཕན་བདེའི་སླད་དུ་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པར་བཀྲིན་རྗེས་དྲན་ཞུས་པ་དང་ཆབས་ཅིག ང་ཚོ་བོད་མི་ཚོའི་ངོས་ནས་༸མགོན་པོ་གང་ཉིད་མཆོག་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་གྲུབ་ཕྱིར་འཚེ་བ་མེད་པ་དང་། ཡ་རབས་བཟང་སྤྱོད། དེ་བཞིན་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས། སེམས་ཀྱི་འཕྲོད་བསྟེན་སྤྱོད་རྒྱུ་སོགས་ཀྱི་ཐོག་བཀའ་སློབ་བསྩལ་བ་རྣམས་ཉམས་ལེན་གནང་རྒྱུ་ཤིན་ཏུ་ནས་གལ་འགངས་ཆེ་བས་ཚང་མས་དེ་མཚུངས་ལག་བསྟར་གནང་རོགས་ཞེས་འབོད་སྐུལ་གནང་སོང་།འདི་ལོའི་ཕྱི་ཟླ་ ༡༠ དང་ ༡༡ ནང་བོད་ནང་གི་ཡར་ཀླུང་གཙང་པོ་དང་འབྲི་ཆུ་འགག་ནས་རི་ཉིལ་རྐྱེན་ཆུ་འགག་པས་མཚོ་གླིང་གསར་ཆགས་བྱུང་ནས་ཉེ་འདབས་སུ་ཆགས་པའི་དུད་ཚང་རྣམས་ཡུལ་གཞན་དུ་གནས་སྤོས་བྱས་དགོས་པ་དང་། དེ་བཞིན་ལོ་རྒྱུས་ལྡན་པའི་དགོན་པ་དང། སློབ་གྲྭ་སོགས་ཆུས་བསྣུབས་ནས་དཀའ་ངལ་དུ་མ་འཕྲད་པ་རྣམས། རྒྱ་གཞུང་གིས་བོད་ནང་རང་བྱུང་གཏེར་ཁ་སྔོག་འདོན་དང་། ཆུ་རགས་གསར་རྒྱག་སོགས་ཀྱི་ལས་གཞི་ལ་བརྟེན་ནས་ཡིན་སྟབས། རྒྱ་གཞུང་ནས་དཀའ་ངལ་དེ་དག་གཙང་སེལ་སླད་འགན་ཁུར་སྒོ་ནས་གླེང་སློང་ཐོག་འཕྲལ་མར་དཀའ་ངལ་སེལ་དགོས་པར་སྐུལ་མ་གནང་སོང་བ་དང་། སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། དེ་བཞིན་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དོར་ཏེ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་དགོས་པར་བསྐྱར་ནན་གནང་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་ད་ཆ་དགུང་ལོ་མཐོ་པོར་ཕེབས་པས་བོད་མི་རྣམས་ནས་༸གང་ཉིད་མཆོག་༸སྐུ་ཚེ་རིང་དུ་བཞུགས་ཕྱིར་སྒྲིག་འཛུགས་དང་ཚོགས་སྒེར་ཁག་ནས་མཇལ་ཞུ་སོགས་ཉུང་འཕྲི་ཡོང་ཐབས་ཀྱི་དགོངས་བཞེས་གནང་གནད་ཡིན་པར་འབོད་སྐུལ་གནང་ཡོད།བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་གི་ཉིན་མོ་འདི་དང་སྟབས་བསྟུན་མགོན་པོ་༸གང་ཉིད་མཆོག་ལ་གུས་ཕྱག་དང་བཅས་བཀའ་དྲིན་རྗེས་དྲན་ཞུས་པ་དང་། མཛད་སྒོའི་སྐུ་མགྲོན་རྣམ་པ་དང་། བོད་མིར་གདུང་སེམས་མཉམ་བསྐྱེད་གནང་མཁན་གྱི་སྲིད་གཞུང་དང་གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་ཁག་སོགས་ལ་དགའ་བསུའི་འཚམས་འདྲི་ཞུས་པ་དང་ཆབས་ཅིག ༸གོང་ས་མཆོག་གི་མཛད་འཕྲིན་འཛམ་བུ་གླིང་ནང་ཁྱབ་སྤེལ་ཆེན་པོ་བྱུང་ཡོད་སྐོར་དང་སྦྲགས། ༸མགོན་པོ་མཆོག་དང་མཇལ་འཕྲད་གནང་མྱོང་མཁན་གྱི་དབུ་ཁྲིད་དང་གནད་ཡོད་མི་སྣ་སོགས་ནས་༸གང་ཉིད་མཆོག་གི་ཕྱག་དེབ་བཀླགས་ནས་རང་ཉིད་ཀྱི་མི་ཚེ་དང་། ནང་མི། དེ་བཞིན་མང་ཚོགས་ལ་སེམས་འགུལ་དང་འགྱུར་ལྡོག་ཕྱིན་སྐོར་གསུངས་ཁག་ལུང་འདྲེན་དང་འབྲེལ། བོད་མི་ཚོའི་ངོས་ནས་༸གོང་ས་མཆོག་གི་བཀའ་དྲིན་ནམ་ཡང་བརྗེད་རྒྱུ་མེད་ཅེས་ནན་པོ་གསུངས་སོང་།དེ་རིང་གི་ཉིན་མོ་འདི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་ངོ་ ༧༠ འཁོར་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སྲུང་བརྩི་ཞུ་བ་དང་སྦྲགས། རྒྱ་གཞུང་ནས་བོད་མིའི་ཐོག་དྲག་གནོན་ཤུགས་ཆེ་གཏང་ཕྱིར་འདི་ལོའི་ལོ་མགོར་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཟེར་བས་ནག་གཤེད་ཕྱོགས་གཏོགས་ཀྱི་ཁྲིམས་འགལ་ཉེས་གསོག་ཐེར་འདོན་བྱ་རྒྱུའི་བརྡ་ཁྱབ་ཟེར་བ་དོན་ཚན་ཉེར་གཉིས་ཅན་ཞིག་སྤེལ་བ་དང། དེའི་ནང་ཕ་སྐད་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པ། དབུ་མའི་ལམ་སྐོར་དྲིལ་བསྒྲགས་གནང་ཚེ་ལོག་སྤྱོད་དང་བསམ་བློ་གུ་དོག་དྲིལ་བསྒྲགས་བྱེད་མཁན་གྱི་ཁ་བྲལ་བ་ཡིན་པའི་ཉེས་འཛུགས་བྱས་ཏེ་རྡུང་རྡེག་གཏང་དགོས་སྐོར་འཁོད་ཡོད་པ་དང་འབྲེལ། རྒྱ་གཞུང་གི་ཕྱོགས་གཅིག་ནས་༸གོང་ས་མཆོག་དང་འབྲེལ་མོལ་གྱི་སྒོ་མོ་ཕྱེ་ཡོད་པ་བརྗོད་ཀྱང་དབུ་མའི་ལམ་དྲིལ་བསྒྲགས་གནང་ཚེ་ནག་གཤེད་ཁོངས་སུ་རྩིས་པ་དེ་ཁ་ཞེ་མི་མཚུངས་པ་ཡིན་པར་གསུངས་ཡོད།ཨ་རིའི་མི་སེར་བོད་ནང་འདྲ་མཉམ་ཐོག་འགྲུལ་བསྐྱོད་ཆོག་པའི་ཁྲིམས་འཆར་དེ་ཨ་རི་གྲོས་ཚོགས་འོག་མའི་ནང་སྤྱི་མོས་གཏན་འབེབས་གནང་ཡོད་པ་བཞིན། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཀྱང་ཁྲིམས་འཆར་དེར་སྤྱི་མོས་རྒྱབ་སྐྱོར་གནང་ཡོད་པ་དང། ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ནང་གཏན་འབེབས་གནང་རྒྱུ་དང་དེ་འབྲེལ་ཁྲིམས་སུ་གྱུར་པར་རེ་བ་ཞུ་བཞིན་ཡོད་པ་གསུངས་སོང་།བོད་མི་རྣམས་གཞན་ཡུལ་དུ་གྱར་ནས་མི་ལོ་ ༦༠ འཁོར་ཟིན་པ་དང་སྦྲགས། བོད་མི་ཚོས་༸གོང་ས་མཆོག་གི་དགུང་ནའི་བབས་དང་བོད་ནང་གི་ཛ་དྲག་ཆེ་བའི་གནས་སྟངས་ཐོག་དགོངས་པ་ཆེ་བཞེས་ཀྱིས་རང་ལ་འཁྲི་བའི་ལས་འགན་རྣམས་ལྷག་བསམ་རྣམ་དག་ཐོག་ཞུ་རྒྱུ་དང་ཕྱར་བ་གྲུ་འདེགས་ཞུ་དགོས་པའི་ཐོག་བོད་སྤྱི་མཐུན་གྱི་བསོད་ནམས་རྒྱ་ཆེར་གསོག་དགོས་གལ་ཡིན་པར་འབོད་སྐུལ་གནང་ཡོད་པ་རེད།མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་གོང་མའི་སྐུ་ཞབས་ Shri Pradeep Tamta མཆོག་གིས་དེ་རིང་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོར་ཁོང་དང་ཁོང་གི་སྐུ་ཟླ་གཉིས་མཛད་སྒོར་མཉམ་ཞུགས་གནང་རྒྱུའི་གོ་སྐབས་གནང་བར་གོ་སྒྲིག་གནང་མཁན་ཀུན་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཁོང་རང་ཉིད་ནས་༸མགོན་པོ་མཆོག་དང་དངོས་སུ་མཇལ་མྱོང་མེད་ཀྱང་། ད་ཆ་རྩོད་རྙོག་དང་དྲག་པོའི་དུས་རབས་འདིའི་ནང་འགྲོ་བ་མི་རྣམས་ཕན་ཚུན་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་དེ་དག་སེལ་རྒྱུར་འབད་རྩོན་བྱེད་པའི་ཐོག་སྙིགས་མའི་དུས་རབས་འདིའི་ནང་ང་ཚོའི་ཁྲོད་༸གོང་ས་མཆོག་ལྟ་བུ་སྐྱེས་བུ་ཆེན་པོ་ཞིག་ཡོད་པ་ནི་བསོད་ནམས་ཅན་ཞིག་ཡིན་པ་དང། ༸མགོན་པོ་མཆོག་༸སྐུ་ཚེ་ཡུན་རིང་བརྟན་པར་སྨོན་འདུན་གནང་སོང་།ནང་པའི་སྐྱབས་སྟོན་པ་པོ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ནི་འཛམ་བུ་གླིང་ཀུན་གྱི་སྡུག་བསྔལ་སེལ་ཐབས་སླད་སེམས་ཅན་གྱི་ལས་དོན་ལ་ཞུགས་སྟབས་དེང་གི་འཛམ་གླིང་ནང་སྟོན་པ་མིའི་གཟུགས་སུ་འབྱོན་པ་ནི་༸མགོན་པོ་མཆོག་ཡིན་པ་སོགས་གསུངས་ཡོད།དེ་རིང་གི་མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་གཙོས་པའི་ཉེ་འཁོར་གྱི་སློབ་གྲྭ་ཁག་གི་དགེ་ལས་སློབ་ཕྲུག་ནས་རིག་གཞུང་འཁྲབ་སྟོན་དང། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ཁྲོད་འཕྲོད་བསྟེན་དང་འབྲེལ་བའི་སྲི་ཞུ་གནང་མཁན་ལས་བྱེད་བརྒྱད་ལ་ཞབས་ལོ་ ༢༥ འཁོར་བའི་གཟེངས་བསྟོད་ལེགས་སྐྱེས་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་སྲིད་ཞུ་བ་བགྲེས་ཡོལ་ཕེབས་མཁན་ལ་ལེགས་གསོའི་ཕྱག་འཁྱེར་གནང་སོང་། གཞི་རྩའི་དེ་རིང་གི་ཉིན་མོ་དང་བསྟུན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་འོག་དེ་རིང་དང་སང་ཉིན་བཅས་ཉིན་གཉིས་རིང་ཧི་མཱ་ལ་ཡའི་དུས་སྟོན་ཐེངས་ ༢༣ པ་སྲུང་བརྩི་ཞུ་གནང་གི་ཡོད་པ་རེད། བོད་མིའི་གཞིས་སྒར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ཏེ་ལོ་ངོ་ ༢༩ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པའི་གསར་འགྱུར།

རྒྱ་གར་ཚོང་ལས་མགོ་ཁྲིད་ཚོས་ཁེ་བཟང་ཁོ་ནར་བལྟས་ནས་མིན་པར་དྲང་བདེན་དང་གཞན་ཕན་ཀུན་སློང་གི་ཐོག་ནས་ཚོང་གཉེར་གནང་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༢༩ འཁོར་བའི་དུས་ཁྱད་དང་བསྟུན་འདི་ག་རྒྱལ་ས་ལྡིའི་ནང་  The Economics Times  ཞེས་པའི་དཔལ་འབྱོར་རིག་གནས་གསར་ཁང་གིས་གོ་སྒྲིག་འོག་རྒྱ་གར་གྱི་ཚོང་པ་གྲགས་ཅན་ཁག་གཅིག་ལ་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་ཡོད་པ་དང་། དེ་ཡང་ Maurya Sheraton གསོལ་མགྲོན་ཁང་དུ་ཚོགས་པའི་མཛད་སྒོའི་ཐོག་མར་རྒྱ་གར་གྱི་ཚོང་པ་ཚོས་དེ་རིང་གི་དུས་ཁྱད་ཉིན་མོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་སོང་། རྒྱ་གར་གྱི་ཚོང་པ་གྲགས་ཅན་མི་གྲངས་ ༨༠ ལྷག་ཙམ་ཞིག་འདུ་ཚོགས་བྱུང་བའི་ཏཱ་ལའི་བླ་མ་ལྷན་ཞོགས་ཇའི་ཚོགས་ཐུན་ཞེས་པའི་ལྷན་ཚོགས་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱུན་དུ་མི་ཚང་མས་ང་ཚོ་འགྲོ་བ་མི་གཅིག་པ་ཡིན་པའི་གཞི་རྩ་འི་ཐོག་ནས་བསམ་བློ་གཏོང་དགོས་པ་ལས་རྒྱལ་ཁབ་དང་། མི་རིགས། ཆོས་ལུགས་འདྲ་མིན་སོགས་ཀྱི་རིམ་པ་གཉིས་པའི་ཐོག་བསམ་བློ་གཏང་ཚེ་བློ་རྒྱ་ཆུང་དྲག་པ་དང་། དཀའ་ངལ་ཀུན་གྱི་གཞི་རྩ་དེར་ཐུག་ཡོད་པར་འགྲེལ་བརྗོད་སོགས་བཀྲིན་བསྩལ་ཡོད།མགོན་པོ་༸གང་ཉིད་མཆོག་རྒྱལ་ཁབ་མེད་པའི་ཆབ་སྲིད་ཀྱི་བཙན་བྱོལ་བ་ཞིག་ཡིན་ཀྱང་རྒྱ་གར་གྱི་གནའ་རབས་ནས་བྱུང་བའི་དཔལ་ན་ལེནྡཱའི་ཆོས་བརྒྱུད་ཀྱི་དགེ་ཕྲུག་ཞིག་ཡིན་པའི་ཆ་ནས་དཀའ་ངལ་མང་པོ་ཞིག་ལ་ལྟོས་མེད། རིག་གཞུང་དེའི་ཐོག་ནས་རང་ཉིད་ཚན་རིག་པ་ཚོ་དང་ལྷན་དུ་བགྲོ་གླེང་སོགས་གནང་སྐབས་ཡིད་ཆེས་ཤིག་ཡོང་གི་ཡོད་པ་མ་ཟད། དེང་གི་འཛམ་གླིང་འདིར་རིག་གཞུང་དེས་ཞབས་འདེགས་རླབས་ཆེན་ཞིག་ཞུ་ཐུབ་པའི་གདེང་སྤོབས་ཀྱང་འཁྲུངས་སྐོར་བཀའ་བསྩལ་སོང་། རྒྱ་གར་བ་ཚོས་དེའི་ཐོག་འགན་མང་ཙམ་བཞེས་དགོས་གལ་ཡིན་པ་དང་༸གང་ཉིད་མཆོག་ནས་དེའི་ཐོག་ཐུགས་ཁུར་ཆེ་བཞེས་མཛད་ཀྱི་ཡོད་སྐོར་བཀའ་བསྩལ་ཡོད། གཞི་རྩའི་ཚོང་པ་ཚོས་ཚོང་ལ་ཁེ་བཟང་གི་རྩིས་བརྒྱབ་དགོས་ཀྱི་ཡོད་ཀྱང་སོ་སོ་རང་ཉིད་ཀྱི་ཁེ་བཟང་ཙམ་ལ་བསམ་བློ་བཏང་ནས་མི་གཞན་དེ་བཤུ་གཞོག་མི་གཏང་བར་རང་ཉིད་ཀྱི་ཁེ་ཕན་དང་མཉམ་དུ་གཞན་ཕན་གྱི་ཀུན་སློང་དེ་དགོས་ངེས་ཡིན་པ་རེད། གལ་སྲིད་ཚོང་པ་ཞིག་ནས་དྲང་བདེན་དང་བྱམས་སྙིང་རྗེའི་སྒོ་ནས་ཚོང་བརྒྱབ་པ་ཡིན་ན་ཚོང་དེ་ཡུན་གནས་ཐུབ་རྒྱུ་མ་ཟད། ཚོང་ཤག་ཀྱང་རང་བཞིན་མང་དུ་འགྲོ་རྒྱུ་དང་། ལྷག་པར་དུ་རྒྱ་གར་དེ་མི་འབོར་མང་ཤོས་ཀྱི་མང་གཙོའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་རྒྱལ་ཁབ་ཡར་རྒྱས་འགྲོ་བར་དཔལ་འབྱོར་གྱི་ནུས་པ་དགོས་ཀྱང་། དེ་དང་དུས་མཚུངས་ང་ཚོ་མི་ཡིན་པའི་ཆ་ནས་ཡག་སྡུག་དབྱེ་འབྱེད་ཐུབ་པའི་ནུས་པ་དེ་ཡོད་དང་། རྒྱ་གར་ལ་གནའ་བོའི་རླབས་ཆེན་གྱི་རིག་གཞུང་བཟང་པོ་དེ་ཡོད་སྟབས་གལ་སྲིད་ཚོང་པ་ཚོས་དངོས་འབྲེལ་ཚོང་དང་མཉམ་དུ་བཟང་པོའི་ཡོན་ཏན་དེ་དག་ཟུང་འབྲེལ་ཐོག་བེད་སྤྱོད་བྱས་ཏེ། ཐོག་མར་སོ་སོའི་སྤྱི་ཚོགས་དང་དེ་ནས་རིམ་པས་རྒྱལ་ཁབ་བཅས་ཀྱི་ཐོག་འཛམ་གླིང་ནང་དམིགས་དཔེ་བཟང་པོ་ཞིག་གནང་ཐུབ་ཀྱི་རེད་ཅེས་ལམ་སྟོན་རྒྱ་ཆེ་མཛད་ཡོད།༸གོང་ས་མཆོག་ནས་རྒྱ་གར་ནང་དཔལ་འབྱོར་ཐེར་འབུམ་གྱི་བདག་པོ་ག་ཚད་ཡོད་མེད་ཐོག་བཀའ་འདྲི་གནང་བ་དང་སྦྲགས། འབྱོར་ལྡན་དེ་དག་གིས་ངེས་པར་དུ་ཉམ་ཐག་ལ་རོགས་སྐྱོར་བྱེད་དགོས་པར་ལམ་སྟོན་བསྩལ་ཡོད། རྒྱལ་ས་ལྡི་ལིའི་ Maurya Sheraton མགྲོན་ཁང་གི་མཛད་སྒོའི་ཐོག་ World Wide Media དང་  Times Strategic Solution བཅས་ཀྱི་འགན་འཛིན་སྐུ་ཞབས་  Deepak Lamba  མཆོག་ནས་ལྷན་ཚོགས་ཐོག་ཕེབས་བསུའི་གསུང་བཤད་གནང་ཡོད་པ་མ་ཟད་༸གོང་ས་མཆོག་གི་ལམ་སྟོན་གསུང་བཤད་ཀྱི་ལས་རིམ་གཙོ་སྐྱོང་གནང་མཁན་དེ་རྒྱ་གར་གྱི་གློག་བརྙན་བྱུས་བཀོད་པ་གྲགས་ཅན་སྐུ་ཞབས་  Mahesh Bhatt ལགས་ཀྱིས་གནང་ཡོད་པ་རེེད། སང་ཉིན་༸བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལི་ནས་མུམ་བའི་གྲོང་ཁྱེར་དུ་ཆིབས་བསྒྱུར་མཛད་ཀྱི་ཡོད་པ་རེད།

མཛོ་དགེ་རྡོ་དམར་གྲོང་རྡལ་ནང་༸གོང་ས་མཆོག་གི་༸སྐུ་པར་གཞུང་བཞེས་ཀྱི་ལས་འགུལ་སྤེལ་བཞིན་འདུག

བོད་མདོ་སྨད་མཛོད་དགེ་རྫོང་རྡོ་དམར་གྲོང་རྡལ་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་གཞུང་བཞེས་གཏང་རྒྱུའི་ལས་འགུལ་ཤུགས་ཆེ་སྤེལ་བཞིན་པའི་ཁྲོད། ད་བར་ཡུལ་དེའི་ནང་གི་དགོན་པ་གཉིས་མ་གཏོགས་ལྷ་ཁང་དྲུག་དང་། ལྷ་ཁང་བཞི།  དུད་ཚང་བཅས་སུ་རྒྱ་ནག་གི་མགོ་ཁྲིད་པར་སྒྲིག་གཤོམ་དང་༸གོང་ས་མཆོག་གི་༸སྐུ་པར་མེད་པ་བཟོས་འདུགཁ་ཉིན་རྡོ་དམར་གྲོང་རྡལ་གྱི་དམར་ཤོག་ཚོགས་པའི་ Weixin སྤྱི་ཚོགས་གླེང་སྟེགས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་འདུ་ཐེངས་ ༡༩ པའི་འབྲུ་དོན་ལག་བསྟར་དང། ཞི་ཅིང་ཕིང་གི་ལམ་སྟོན་འོག་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་གོང་འཕེལ། དེ་བཞིན་དམར་ཤོག་ཚོགས་པའི་འཛིན་སྐྱོང་སྲ་བརྟན་བཟོ་རྒྱུ་དང་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ལ་གདོང་ལེན་གྱིས་སྤྱི་ཚོགས་བརྟན་ལྷིང་དང་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་སོགས་ལ་དམིགས་ཏེ་ས་གནས་ཞིང་འབྲོག་མང་ཚོགས་རྣམས་ལ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་རྒྱལ་ཞེན། ལྷག་པར་དུ་ཏཱ་ལའི་ཁ་བྲལ་རུ་ཚོགས་ཟེར་བར་གདོང་ལེན་མཐའ་གཅིག་ཏུ་བྱེད་དགོས་པ་སོགས་ཆབ་སྲིད་ཀྱི་སློབ་གསོ་སྤེལ་བཞིན་ཡོད་པ་མ་ཟད། ད་བར་རྒྱ་གཞུང་གིས་བཀའ་བཀོད་བཞིན་ཡུལ་དེའི་དགོན་པ་གཉིས་མ་གཏོགས་ལྷ་ཁང་དྲུག་དང་། ལྷ་ཁང་བཞི། དུད་ཚང་བཅས་སུ་རྒྱ་ནག་གི་མགོ་ཁྲིད་པར་སྒྲིག་གཤོམ་དང་༸གོང་ས་མཆོག་གི་༸སྐུ་པར་མེད་པ་བཟོས་ཟིན་སྐོར་བཀོད་འདུགས་ཁུལ་དེའི་ནང་གི་གུང་ཁྲན་ཏང་ཡོན་རྣམས་དང་དགོན་སྡེ་ཁག་གི་མགོ་ཁྲིད་རྣམས་ཆེད་བསྐོང་གིས་ཏཱ་ལའི་ཁ་བྲལ་རུ་ཚོགས་ལ་གདོང་ལེན་གྱིས་ཏཱ་ལའི་བླ་མའི་༸སྐུ་པར་གཙང་བཟོ་ཞེས་པའི་བརྗོད་གཞིའི་འོག་ཚོགས་འདུ་བསྐོང་ནས་ལས་བྱེད་རྣམས་ནས་འགན་ཁུར་གང་ཐུབ་བྱེད་དགོས་པའི་སྐུལ་མ་སྤེལ་བ་དང་། གྲོང་ཚོའི་མགོ་ཁྲིད་རྣམས་ཀྱི་བརྒྱུད་མང་ཚོགས་ཁྲོད་ཏཱ་ལའི་བླ་མའི་༸སྐུ་པར་གཙང་བཟོ་དང་རྒྱ་ནག་མགོ་གི་ཁྲིད་པར་སྒྲིག་གཤོམ་གྱི་ལས་འགུལ་ནང་མཉམ་ཞུགས་བྱེད་དགོས་པའི་སྐུལ་མ་སྤེལ་བ་དང་། གཞི་རིམ་ནས་མགོ་བཙུགས་ཏེ་སྔོག་བཤེར་གྱི་ལས་འགུལ་སྤེལ་ཐོག་༸གོང་ས་མཆོག་གི་༸སྐུ་པར་ཞུང་བཞེས་དང་རྒྱ་ནག་གི་མགོ་ཁྲིད་པར་སྒྲིག་གཤོམ་བྱེད་དགོས་པ་བཅས་རིམ་པ་གསུམ་གྱི་སྒོ་ནས་ལས་འགུལ་སྤེལ་བཞིན་ཡོད་པ་རེད་འདུག རྩ་བའི་རྒྱ་གཞུང་ནས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་སྲིད་བྱུས་སྤེལ་བ་དང་། དེ་སྔ་ཕྱི་ལོ་ ༡༩༩༠ ནས་བོད་ནང་བོད་མི་རྣམས་ལ་༸གོང་ས་མཆོག་ལ་དད་གུས་ཞུས་པར་དམ་དྲག་དང། ༸གོང་ས་མཆོག་གི་༸སྐུ་པར་ཉར་ཚགས་གནང་བར་དམ་དྲག་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཁྲོད། ད་བར་བོད་ཀྱི་ས་ཁུལ་གང་སར་༸གོང་ས་མཆོག་གི་༸སྐུ་པར་ཉར་ཚགས་གནང་བའི་ནག་ཉེས་འོག་བོད་མི་མང་དག་ཅིག་འཛིན་བཟུང་བཙོན་འཇུག་དང་ཁྲིམས་ཆད་བཏང་་དང་གཏོང་མུས་ཡིན་པ་རེད།

རྒྱ་གར་ས་ཐོག་ཏུ་ཐོག་མར་འབྱོར་སྐབས་ཀྱི་དུས་ཚོད་དེ་༸སྐུ་ཚེའི་ནང་གི་དུས་ཚོད་སྐྱིད་ཤོས་ཡིན།

ཁ་ཉིན་ཕྱི་ཚེས་ ༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸གང་ཉིད་མཆོག་གི་ཕོ་བྲང་གི་ཐོག་མའི་ས་བདག་སྐུ་ཞབས་ Yuvraj  Krishna ལགས་ དམ་པ་དེའི་ནང་མི་ནས་དམ་པ་དེའི་རྗེས་དྲན་གྱི་གསུང་བཤད་ཆེས་ཐོག་མ་དེ་མགོན་པོ་༸གང་ཉིད་མཆོག་ནས་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་དོན་ལྟར། རྒྱལ་ས་ལྡི་ལིའི Sirifort ཚོགས་ཁང་དུ་གོ་སྒྲིག་ཞུས་པའི་རྗེས་དྲན་གྱི་གསུང་བཤད་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐོག་མར་བོད་ནང་ཆབ་སྲིད་ཀྱི་དཀའ་ངལ་འཕྲད་པའི་སྔ་རྗེས་ལོ་རྒྱུས་ཁག་སྙིང་བསྡུས་ངོ་སྤྲོད་བཀྲིན་བསྩལ་བ་མ་ཟད། རྒྱ་ནག་དང་མཉམ་དུ་ལྷིང་འཇགས་ཡོང་བར་འབད་བརྩོན་གནང་ཡང་བཟང་ཕྱོགས་ཀྱི་དོན་འབྲས་གང་ཡང་མ་སོན་པར་མཐར་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་། སྐབས་དེར་རྒྱ་གར་གཞུང་དང་སྲིད་བློན་ནེཧ་རུ་མཆོག་བཅས་ཀྱིས་སྐྱབས་བཅོལ་དུ་ངོས་བཞེས་གནང་བ་དང་། དེ་ནས་མི་ཚེ་གསར་པ་ཞིག་མགོ་བཙུགས་པ་རེད། རྟ་དབང་གི་ས་མཚམས་ལ་དངོས་སུ་འབྱོར་སྐབས་རྒྱ་གར་ས་སྲུང་དམག་མིའི་འཛུམ་བག་གི་རྣམ་འགྱུར་མཐོང་བ་དེ་༸སྐུ་ཚེའི་ནང་གི་དུས་ཚོད་སྐྱིད་ཤོས་ཡིན་ཞེས་བཀའ་བསྩལ་ཡོད། དེ་ནས་༸གོང་ས་མཆོག་གིས་ད་ལྟའི་བཞུགས་གནས་དྷ་རྨ་ས་ལའི་ཕོ་བྲང་གི་ས་ཆ་དེ་སྐུ་ཞབས་ Yuvraj  Krishna ལགས་དམ་པ་དེའི་ཕྱག་ནས་ཧིན་སྒོར་འབུམ་གཅིག་སྤྲད་ནས་ཉོ་གནང་སྐོར་སོགས་ཀྱི་ལོ་རྒྱུས་ཁག་གཅིག་ངོ་སྤྲོད་བཀྲིན་བསྩལ་གནང་སྟེ། རྒྱ་གར་དང་བོད་གཉིས་པོ་ཆོས་དང་རིག་གཞུང་གི་འབྲེལ་བ་ཡོད་པ་དེ་ལོ་ངོ་སྟོང་ཕྲག་སྔོན་ནས་ཡོད་པའི་འབྲེལ་བ་ཞིག་ཡིན་པ་དང་། བོད་ནང་ཆབ་སྲིད་ཀྱི་དཀའ་ངལ་ཆེན་པོ་ཞིག་འཕྲད་སྐབས་དཔལ་ན་ལནྡཱ་ནས་དར་སྲོལ་བྱུང་བའི་རྒྱ་གར་གྱི་རིག་གཞུང་སྙིང་པོའི་ཤེས་བྱ་དེས་ང་ཚོར་་བསམ་བློའི་ནང་ཞི་བདེ་ཡོང་ཐབས་སུ་ཧ་ཅང་ཕན་ཐོགས་བྱུང་ཡོད། ད་ཆ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཅིག་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་རྒྱ་གར་ནང་བསྐྱར་གསོ་ཡོང་ཐབས་མཛད་བཞིན་ཡོད་པར་བཀའ་བསྩལ་ཡོད་པ་རེད།འཛམ་བུ་གླིང་ནང་རྒྱལ་ཁབ་ ༢༠༠ ལྷག་ཞིག་ཡོད་པའི་ནང་ནས་ནང་སེམས་ཀྱི་ཞི་བདེ་དང་དེང་དུས་ཤེས་ཡོན་ཟུང་དུ་འབྲེལ་བའི་སློབ་སྦྱོང་སྤྲོད་པའི་ནུས་པ་དེ་རྒྱ་གར་གཅིག་པོར་ཡོད་པ་ལྟར། གལ་ཏེ་རྒྱ་གར་གྱི་ངོས་ནས་རིག་གཞུང་བཟང་པོ་དེ་དག་བསྐྱར་གསོ་དང་སྦྲགས། ཐོག་མར་ཨེ་ཤ་ཡ་ཁུལ་གྱི་ནང་པའི་རྒྱལ་ཁབ་ཁག་དང་རིམ་བཞིན་རྒྱ་ནག་དང་ཟུང་འབྲེལ་ཐོག་འཛམ་བུ་གླིང་ནང་ཞི་བདེ་ཡོང་ཐབས་སུ་ལེགས་སྐྱེས་ཆེན་པོ་ཞིག་ཕུལ་ཐུབ་རྒྱུ་ཡིན་པ་སོགས་བཀའ་བསྩལ་ཡོད།གསུང་བཤད་ཀྱི་ལས་རིམ་དེའི་བརྗོད་གཞི་གཙོ་བོ་ནི་བཟང་སྤྱོད་དང་བདེ་སྐྱིད་ཀྱི་གཞི་རྩའི་སྐོར་ཡིན་པ་ལྟར། ༸གོང་ས་མཆོག་ནས་བདེ་སྐྱིད་ནི་ང་ཚོ་འགྲོ་བ་མི་ཙམ་མིན་པར་སེམས་ཅན་ཀུན་གྱི་འདོད་པའི་དོན་ཞིག་ཡིན་པ་དང་། དེའི་དཔེ་མཚོན་ཡག་ཤོས་ནི་ང་ཚོ་ཚང་མ་ཨ་མའི་བྱམས་སྐྱོང་འོག་ནས་འཚར་ལོངས་བྱུང་བ་གཅིག་མཚུངས་ཡིན་པའི་རྒྱུ་མཚན་ལས་གསལ་པོ་རྟོགས་ཐུབ་པ་དང་། བཟང་སྤྱོད་ཞེས་པ་ནི་ཡིད་དང་། ངག ཀུན་སློང་སོགས་ཀྱི་བྱ་བ་གང་ཞིག་ཡིན་ཡང་སོ་སོ་རང་ཉིད་ཙམ་མིན་པར་སེམས་ཅན་ཀུན་ལའང་བདེ་སྐྱིད་ལྡན་པ་ཞིག་བཟོ་ཐུབ་པའི་བྱ་བར་གོ་དགོས་པར་བཀའ་བསྩལ་མཛད་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༡༠ ཉིན་རྒྱལ་ས་ལྡི་ལིའི་ནང་གྲགས་ཅན་གྱི་ཚོང་པ་ཁག་གཅིག་ལ་ལམ་སྟོན་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།

ཤེས་རབ་དང་སེམས་བཟང་ཟུང་འབྲེལ་ཐོག་ནས་ཤེས་ཡོན་གྱི་སློབ་གསོ་སྤེལ་དགོས།

དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི  St. Stephen མཐོ་རིམ་སློབ་གྲྭ་གསར་འཛུགས་གནང་བའི་མཛད་སྒོར་དབུ་བཞུགས་མཛད་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚན་རིག་དང་སྒྱུ་རྩལ་རིག་གནས་ཐོག་རྒྱ་གར་ནང་སྙན་གྲགས་ཡོད་པའི་མཐོ་རིམ་སློབ་གྲྭའི་མཛད་སྒོ་ཐོག་ང་ཚོ་ཚང་མ་སྤྱི་ཚོགས་ལ་བརྟེན་ནས་འཚོ་གནས་བྱེད་དགོས་པའི་སེམས་ཅན་ཞིག་ཡིན་སྟབས། དུས་རབས་ཉེར་གཅིག་གི་གཞོན་སྐྱེས་ཚོས་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་བཅས་སུ་བྱུང་བའི་གོད་ཆག་དང་། དེང་སྐབས་ཀྱང་ཆོས་ལུགས་ཕན་ཚུན་དང་།    ས་མཚམས། རྒྱལ་ཞེན་རིང་ལུགས་བཅས་ཀྱིས་བསམ་བློའི་འོག་མི་གསོད་ཁྲག་སྦྱོར་སོགས་ཡོང་གི་ཡོད་པ་བཅས། འདས་པའི་ཉམས་མྱོང་དེ་དག་ལ་གཞིགས་ཏེ་མ་འོངས་པའི་དུས་རབས་དེ་ཞི་བདེ་ལྡན་པ་ཞིག་ཡོང་ཐབས་འབད་དགོས་པར་ལམ་སྟོན་བསྩལ་བ་དང་ཆབས་ཅིག དེ་ལྟར་ཡོང་བར་ཤེས་རབ་ཀྱི་རིག་སྟོབས་དང་སེམས་པ་བཟང་པོའི་སློབ་གསོ་གཉིས་ཟུང་འབྲེལ་ཐོག་ཤེས་ཡོན་གྱི་སློབ་གསོ་སྤེལ་ཐབས་གནང་གནད་ཡིན་པར་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད།ང་ཚོ་ཚང་མ་སྤྱི་ཚོགས་ལ་བརྟེན་ནས་འཚོ་གནས་བྱེད་དགོས་པའི་སེམས་ཅན་ཞིག་ཡིན་སྟབས་མི་བྱེ་བྲག་པ་གཅིག་ཁྱེར་རྐྱང་གྱི་འཚོ་གནས་ཐུབ་ཐབས་མེད་པ་སོགས་ངོ་སྤྲོད་མཛད་པ་དང་། ལྷག་དོན་སྤྱི་ཚོགས་ནང་རྒྱལ་ཞེན་རིང་ལུགས་དང་། ཆོས་ལུགས་ཀྱི་མིང་ཐོག་ནས་ཕན་ཚུན་གསོད་རེས་བྱེད་བཞིན་པ་བཅས་ནི་ཧ་ཅང་བློ་ཕམ་གྱི་གནས་ཡིན་སྐོར་སོགས་འགྲེལ་བརྗོད་བཀྲིན་བསྩལ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ད་དུང་སྙན་གྲགས་ཅན་གྱི་མཐོ་རིམ་སློབ་གྲྭ་འདི་ནས་བསླབ་པ་མཐར་སོན་ནས་ད་ལྟ་སྤྱི་ཚོགས་ནང་ཞབས་འདེགས་ཞུ་བཞིན་པ་ཁག་ལ་ཡི་རང་བསྔགས་བརྗོད་མཛད་པ་དང་།ད་ལྟ་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་ཚོར་ལའང་དེང་དུས་ཀྱི་ཤེས་ཡོན་དང་སེམས་བཟང་པོ་ཟུང་དུ་འབྲེལ་ཐོག་དུས་རབས་ཉེར་གཅིག་གི་གཞོན་སྐྱེས་ཤིག་ཡོང་ཐབས་གནང་དགོས་པར་ལམ་སྟོན་དང་།ལྷག་པར་དུ་ཆོས་ཁས་ལེན་གནང་མིན་ལ་ལྟོས་མེད་སེམས་པ་བཟང་པོ་གནང་ན་རང་ཉིད་ཀྱི་འཕྲོད་བསྟེན་ལ་ཕན་ཐོགས་ཡོད་པ་དང་། རིན་ཐང་ལྡན་པའི་བདེ་སྐྱིད་ཀྱི་རྩ་བ་དེའི་ཐོག་ནས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་ཡོང་ངེས་ཡིན་པར་ལམ་སྟོན་རྒྱ་ཆེ་མཛད་སོང་། དེ་རིང་རྒྱལ་ས་ལྡི་ལིའི་ St. Stephenམཐོ་སློབ་དབུ་བརྙེས་པའི་དུས་ཆེན་གྱི་མཛད་སྒོའི་ཐོག མཐོ་རིམ་སློབ་གྲྭའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ལྡི་ལིའི་ཡེ་ཤུའི་སྤྱི་ཁྱབ་མཁན་པོ་དང་།       དགེ་རྒན་ལས་བྱེད། ཕྲུ་གུའི་ཕ་མ་སོགས་མི་གྲངས་ ༡༠༠ ལྷག་ཙམ་ཞིག་འདུ་འཛོམས་གནང་འདུག   སྐབས་དེར་སློབ་གྲྭའི་སློབ་སྤྱི་སློབ་དཔོན་ John Verghese མཆོག་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་བསྩལ་ཁག་ལ་ཡི་རང་བསྔགས་བརྗོད་ཞུས་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་ལ་ College Christ ཞེས་པའི་ཆེ་བསྟོད་ཀྱི་ལས་རྟགས་ཤིག་ཀྱང་འབུལ་ལམ་ཞུས་ཡོད་པ་རེད།

༸གོང་ས་མཆོག་ནས་ལྷ་བབས་གནས་སུ་བཀའ་ཆོས་ལེགས་གྲུབ་ཀྱིས་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གྲངས་གསུམ་རིང་གི་ཆོས་འབྲེལ་ཁག་ལེགས་གྲུབ་དང་བསྟུན་དེ་རིང་ཉིན་དགུང་ཚོུད་ ༡༢ ཙམ་ལ་རྒྱ་གར་ཨུ་ཏར་མངའ་སྡེའི་ལྷ་བབས་གནས་ Sankisa ཁུལ་ནས་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་སོང་།  རྒྱ་གར་གྱི་ནང་པའི་གཞོན་ནུའི་མཐུན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་ཁ་ཉིན་ཕྱི་ཚེས་ ༣  ཉིན་ནས་དེ་རིང་བར་མགོན་པོ་༸གང་ཉིད་མཆོག་གིས་ས་གནས་ཀྱི་རྒྱ་གར་ནང་པའི་ཆོས་ཞུ་བ་དང་།   རྒྱ་གར་གྱི་མངའ་སྡེ་གཞན་ཁག་བཅས་ནས་ཆེད་བཅར་ཞུས་པའི་ཆོས་ཞུ་བ། དེ་བཞིན་འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ཆེད་བཅར་ཞུས་པའི་དད་ལྡན་ཆོས་ཞུ་བ་ཁྱོན་མི་གྲངས་ཁྲི་ཚོ་འགའ་ཞིག་ལ་ནང་ཆོས་ངོ་སྤྲོད་ཀྱི་སྤྱི་བཤད་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་བཀའ་ཆོས་བསྩལ་ཡོད་པ་རེད།དེ་རིང་ཉིན་མཐའ་མའི་ཆོས་འབྲེལ་དངོས་གཞི་ལེགས་གྲུབ་དང་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་རེས་ཆེད་དུ་གཉེར་བའི་དད་ལྡན་རྒྱ་གར་ཆོས་ཞུ་བ་རྣམས་ལ་སྤྱོད་འཇུག་ལྟ་བུའི་ཕྱག་དཔེ་ཁག་ལ་རྒྱུན་དུ་སློབ་སྦྱོང་བྱེད་དགོས་པ་དང་། ཕྱག་དཔེ་དེ་དག་ནི་ང་ཚོའི་སློབ་སྟོན་པ་དང་། དགེ་རྒན་གཉིས་ཀ་ཆགས་ཡོད་སྐོར་སོགས་བཀའ་བསྩལ་བ་དང་སྦྲགས། ཕྱག་དཔེ་དེ་ཚོར་སློབ་སྦྱོང་གནང་ཐུབ་ཚེ་སེམས་ལ་ཕན་ཐོགས་ཆེན་པོ་ཡོད་པ་སོགས་ལམ་སྟོན་བཀྲིན་བསྩལ་ཡོད་པ་རེད།ལྷ་བབས་གནས་སུ་བསྩལ་བའི་བཀའ་ཆོས་དེའི་ཐོག་ས་གནས་ཀྱི་རྒྱ་གར་ནང་པ་ཙམ་མིན་པར་རྒྱ་གར་གྱི་བི་ཧཱར་དང་། རཱ་ཇིས་ཐཱན། མ་ཧཱ་རཱཤཋ་སོགས་མངའ་སྡེ་གཞན་ཁག་གཅིག་དང་། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་དད་ལྡན། བོད་མི། འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ཆེད་བཅར་ཞུས་པའི་ཆོས་ཞུ་བ་སོགས་ཁྱོན་ཆོས་ཞུ་བ་ཁྲི་ཚོ་འགའ་ཞིག་འདུ་འཛོམས་བྱུང་ཡོད་པ་ལྟར། ཆོས་ར་ནས་ཕྱོགས་ཐོན་མ་གནང་ཙམ་ལ་མགོན་པོ་༸གང་ཉིད་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་ཆོས་ཞུ་ཚོ་རང་ཉིད་སོ་སོའི་སྡོད་གནས་སུ་ཕེབས་ཏེ་ལུས་པོ་འདི་ནས་བྲལ་གྱི་ཡོད་ཀྱང་། བསམ་བློའི་ནང་ཕན་ཚུན་བྲལ་ཐབས་མེད་པ་དང་། ཆོས་ཞུ་བ་ཚོས་ངེས་པར་དུ་༸གང་ཉིད་མཆོག་གིས་ལམ་སྟོན་མཛད་ཁག་མ་བརྗེད་པར་ཉམས་ལེན་དང་སློབ་གཉེར་གནང་དགོས་པར་ལམ་སྟོན་རྒྱ་ཆེ་བསྩལ་ཡོད།

༸གོང་ས་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་ཐོག་ཛ་དྲག་གི་ལས་གཞི་སྤེལ་དགོས་པའི་བཀའ་བསྩལ་བ།

ཡོ་རོབ་པོ་ལེན་ཌའི་རྒྱལ་ས་ Katowice ནང་ united nation framework on climate change འམ་གོ་ལ་སྤྱིའི་གནམ་གཤིས་འགྱུར་ལྡོག་ཐད་འཚོགས་བཞིན་པའི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་ ༢༤ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་གསུང་འཕྲིན་ཞིག་བསྩལ་འདུག གསུང་འཕྲིན་དེའི་ནང་འབྱུང་འགྱུར་གྱི་མི་རབས་ཚོ་ཁམས་བཟང་པོ་དང་མི་ཚེ་སྐྱིད་པོ་ཞིག་ཡོང་ཐབས་ལ་དམིགས་ཏེ་གོ་ལ་འདིའི་མ་འོངས་ཁོར་ཡུག་བཟང་དུ་འགྲོ་རྒྱུའི་ཆེད་དུ་རང་དོན་བློས་བཏང་ནས་སྐུ་ངལ་མཛད་མེད་ཐོག་ལྷན་ཚོགས་དེའི་ནང་མཉམ་ཞུགས་གནང་མཁན་གྱི་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་བསྩལ་བ་དང་ཆབས་ཅིག ངོས་རང་ལ་མཚོན་ན་འབྱུང་བའི་ཁམས་ལ་བརྩེ་ཞེན་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད། ༸གང་ཉིད་མཆོག་གི་༸སྐུ་ཚེའི་ནང་གི་ཐུགས་བསྐྱེད་དམ་བཅའ་གཅིག་ནི་ཁོར་ཡུག་སྐྲུང་སྐྱོབ་གནང་རྒྱུ་དེ་ཡིན་སྟབས། ༸གོང་ས་མཆོག་ས་གནས་གང་དུ་ཆིབས་བསྒྱུར་མཛད་ཀྱང་དེ་འབྲེལ་བཀའ་སློབ་བསྩལ་གྱི་ཡོད་སྐོར་བཀའ་ཕེབས་འདུག དེང་རབས་ཀྱི་འཛམ་གླིང་འདིའི་ནང་འཕྲུལ་ཆས་ཡར་རྒྱས་ཤུགས་ཆེར་ཕྱིན་པའི་དབང་གིས་དཀའ་ངལ་མང་དག་ཞིག་འཕྲད་བཞིན་པའི་ཁྲོད་མཁས་དབང་ཚོས་ Global Warming འམ་གོ་ལ་སྤྱིའི་ཚ་དྲོད་འཕེལ་བ་དང་གནམ་གཤིས་འགྱུར་ལྡོག་འབྱུང་བཞིན་པ་ནི་འཛམ་གླིང་ནང་གི་མི་རྣམས་ལ་འགན་འཁྲི་ཡོད་པ་གསུངས་དོན་ལྟར། མགོན་པོ་༸གང་ཉིད་མཆོག་ནས་དཀའ་ངལ་དེ་དག་སེལ་རྒྱུའི་འགན་ཁྲི་དེ་མི་རྣམས་ལ་ཡོད་པར་བཀའ་བསྩལ་བ་དང་འབྲེལ། དཀའ་ངལ་དེ་དག་རྒྱལ་ཁབ་གཅིག་དང་གཉིས་ཀྱི་དཀའ་ངལ་ཞིག་མིན་པར་འགྲོ་བ་སྤྱི་ཡོངས་ཀྱི་ངལ་བ་ཞིག་ཡིན་སྟབས། ང་ཚོས་དེ་དང་འབྲེལ་བའི་དོན་ཕན་ཅན་གྱི་ཐབས་ཤེས་ཤིག་འཚོལ་དགོས་པ་མ་ཟད། ཁོར་ཡུག་སྲུང་སྐྱོབ་ཀྱི་སླད་དུ་ང་ཚོའི་ངོས་ནས་ཛ་དྲག་གི་ལས་གཞི་སྤེལ་དགོས་པར་བཀའ་ནན་མཛད་འདུག རྩ་བའི་ཡོ་རོབ་པོ་ལེན་ཌའི་རྒྱལ་ས་ Katowice ནང་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ཐོག་འཚོགས་བཞིན་པའི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་ ༢༤ དེའི་སྐབས་རྒྱལ་ཁབ་ཁག་མི་འདྲ་བ་ ༢༠༠ ཙམ་གྱི་འཐུས་མིས་མཉམ་ཞུགས་གནང་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་པ་རྒྱལ་མཚན་ལགས་ཀྱང་མཉམ་ཞུགས་གནང་གི་ཡོད་པ་དང་། ཁོང་གི་ངོ་དེབ་སྟེང་ལྷ་ཚོགས་ཐོག་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་༸གོང་ས་མཆོག་གི་དམིགས་བསལ་གསུང་འཕྲིན་དེ་ཡིག་ཐོག་ནས་འབུལ་ལམ་ཞུ་རྒྱུ་ཡིན་པ་དང་། ལྷ་ཚོགས་ཐོག་བོད་ཀྱི་རང་བྱུང་ཁོར་ཡུག་གི་གནད་དོན་དེ་གོ་ལ་སྤྱི་ལ་གལ་གནད་ཇི་ཙམ་ཆགས་སྐོར། ལྷག་དོན་༸གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་པོར་འཛམ་གླིང་སྤྱིའི་ཁོར་ཡུག་བདེ་དོན་སླད་མཛད་འཕྲིན་སྐྱོང་བཞིན་ཡོད་པ་ངོ་སྤྲོད་ཞུ་རྒྱུ་ཡིན་ཞེས་བཀོད་འདུག

༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་ནི་ངོས་ཀྱི་རེ་འབོད་གལ་ཆེན་སོགས་ལ་རྒྱག་གཅིག་མཆོངས་གཅིག་གནང་མཁན་ཞིག་ཡིན།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་འགྱུར་རྙིང་མའི་དབུ་འཛིན་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་སྐུ་ཞི་བར་གཤེགས་པར་ཤིན་ཏུ་ཕངས་སེམས་དང་ཐུགས་སྐྱོ་སྣང་བྱུང་ཡོད་སྐོར་བཀའ་བསྩལ་དང་འབྲེལ། རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་མྱུར་དུ་འབྱོན་པའི་ཐུགས་སྨོན་གསོལ་འདེབས་མཛད་འདུག དེའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་བསྩལ་བའི་ཡོངས་ཁྱབ་གསུང་འཕྲིན་ནང་། ངོས་ནས་དགེ་རྩེ་རིན་པོ་ཆེ་ཐོག་མར་གནས་མཆོག་རྡོ་རྗེ་གདན་དུ་མཇལ་བ་ནས་སེམས་ཐག་ཉེ་བའི་ནང་ཚགས་སུ་གྱུར་ཞིང་། ངས་ཁོང་ལ་ཀུ་རེ་དང་སྦྲགས་གཟིམ་འགག་བླ་མ་ཞེས་འབོད་ཀྱི་ཡོད། ཡང་ནས་ཡང་དུ་ཁོང་དང་ལན་མང་མཇལ་ཞིང་། མཇལ་རེས་བཞིན་བཀའ་མོལ་ལྷུག་པོ་དང་ཀུ་རེ་ཤོད་རེས་བྱེད་ཀྱི་ཡོད། འཚོ་བཞུགས་སྐབས་བསྟན་སྲིད་སྤྱི་དོན་ལ་ཀ་ཀོར་དང་། སྒེར་ཐབ་ཟུར་འཛུགས་ལ་དམིགས་པའི་ཐབས་བཀོད་བཅས་གང་ཡང་མི་མཛད་པར་ངོས་ཀྱིས་རེ་འབོད་གལ་ཆེན་སོགས་ལ་རྒྱག་གཅིག་མཆོངས་གཅིག་གནང་ཡོད་ཅེས་བཀའ་བསྩལ་བ་སྦྲགས། མགོན་པོ་༸གང་ཉིད་མཆོག་ལ་རིན་པོ་ཆེ་དགོངས་རྫོགས་ཀྱི་གཤེགས་མཆོད་ཐད་དམིགས་བསལ་འགན་བབ་པ་ལྟ་བུར་གྱུར་བརྟེན་ཡང་སྤྲུལ་མྱུར་བྱོན་གྱི་སྨོན་ལམ་འདི་འཕྲལ་མར་བྲིས་ཡིན་ཞེས་བཀའ་བསྩལ་འདུག༸གོང་ས་མཆོག་གིས་ད་དུང་མགོན་པོ་༸གང་ཉིད་མཆོག་ཉི་ཧོང་དུ་ཆོས་འབྲེལ་གྱི་མཛད་འཆར་སྐྱོང་བཞིན་སྐབས། རིན་པོ་ཆེ་མཆོག་གློ་བུར་དུ་སྐུ་ཞི་བར་གཤེགས་པའི་གནས་ཚུལ་གསན་མ་ཐག་ཐུགས་ཤིན་ཏུ་ཕངས་སེམས་དང་སྐྱོ་སྣང་བྱུང་ཞིང་། བསྟན་འགྲོ་སྤྱི་དང་སྒོས་གངས་ཅན་པའི་བསྟན་སྲིད་སླད་རང་རེའི་བསྟན་འཛིན་རྣམས་སྐུ་ཚེ་ཞབས་པད་རིང་པོར་བརྟན་དགོས་པ་ཁ་ཚ་དགོས་གཏུགས་སུ་གྱུར་ཡང་བྱ་ཐབས་བྲལ་སྐོར་བཀའ་བསྩལ་བ་དང་སྦྲགས་ཏེ། མགོན་པོ་༸གང་ཉིད་མཆོག་ཉི་ཧོང་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་ནས་རྒྱལ་ས་ལྡི་ལིར་ཕྱིར་༸ཞབས་སོར་བདེ་བར་འཁོད་སྐབས་སྔ་འགྱུར་ཀཿཐོག་གཞི་ཆེན་བཻ་རོ་གླིང་དང་། སྔ་འགྱུར་ཀཿ་ཐོག་ཨ་འཇོམ་འོད་གསལ་མདོ་སྔགས་ཆོས་འཁོར་གླིང་དགོན་གཉིས་ཀྱི་འཐུས་མི་རྣམ་གཉིས་ཆེད་བཅར་ཞུས་ཐོག་རིན་པོ་ཆེ་མཆོག་སྐུ་ཞི་བར་གཤེགས་ཚུལ་དང་། སླད་མར་ཡང་སྤྲུལ་ཇི་དགེ། ཡང་སྤྲུལ་མྱུར་བྱོན་གྱི་སྨིན་ཚིག་མཛད་གནང་ཡོང་བའི་༸སྐྱབས་འཇུག་སྐབས་བྱུང་སྐབས་སུའང་། འབྲེལ་ཡོད་སློབ་མ་ལྟོས་བཅས་ཚོའི་ངོས་ནས་བློ་ཕམ་དང་ཞུམ་སྟེ་མི་སྡོད་པར་མ་འོངས་པར་དམིགས་དགོས་པར་ལམ་སྟོན་མཛད་ཡོད་སྐོར་བཀའ་བསྩལ་བ་བཞིན། སློབ་མ་དང་འབྲེལ་ཐོགས་རྣམས་ནས་ཀྱང་རིན་པོ་ཆེའི་དམ་པ་དམ་པ་དེ་ཉིད་ཀྱི་ཡང་སྲིད་མཆོག་སྤྲུལ་མྱུར་དུ་འབྱོན་པའི་ཆེད་དུ་འཇམ་དཔལ་མཚན་བརྗོད་དང་ཚིག་བདུན་གསོལ་འདེབས་ཆག་མེད་དུ་གསོགས་དགོས་པའི་བཀའ་བསྩལ་མཛད་འདུག གཞི་རྩའི་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་ཟླ་བ་སྔོན་མའི་ཚེས་ ༡༩ ཉིན་བལ་ཡུལ་ཡང་ལ་ཤོད་ཀྱི་ཉེ་འདབས་སུ་ཡོད་པའི་སྐུ་མཚམས་བཞུགས་ཡུལ་ནས་ཞབས་ཐང་ཐོག་ཕྱིར་ཕེབས་སྐབས་ལམ་འཕྲང་མི་བདེ་སར་ཞབས་སྣེ་འདྲེད་པའི་དབང་གིས་གློ་བུར་དུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད།

Latest news