Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་ཐོག་དོ་སྣང་ཆེ་ཙམ་གནང་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཨེ་མོ་རི་དང་རྒྱ་གར་གྱི་སློབ་ཕྲུག་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་བསྩལ་བ་དང་འབྲེལ། དེང་དུས་ཀྱི་ཤེས་ཡོན་དང་མཉམ་དུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་གོང་འཕེལ་བརྒྱུད་ནང་སེམས་ཀྱི་བདེ་སྐྱིད་ཐོག་སྤྱི་ཚོགས་ལ་ཞབས་འདེགས་ཞུ་དགོས་པར་ལམ་སྟོན་མཛད་འདུག རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཀུན་ཕན་བདེ་རྩ་ནས་ལོ་ལྟར་རྒྱ་གར་མཐོ་སློབ་འདྲ་མིན་ནང་སློབ་གཉེར་གནང་བཞིན་པའི་རྒྱ་གར་སློབ་ཕྲུག་རྣམས་ལ་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་ཆོས་དང་། རིག་གཞུང་། ཡུལ་གོམས་གཤིས་ལུགས་སོགས་ལ་གོ་རྟོགས་ཡོང་ཆེད་ Gurukul Programme ཞེས་པའི་ལས་རིམ་ཞིག་གོ་སྒྲིག་གནང་སྲོལ་ཡོད་པ་ལྟར། དེ་རིང་ཟླ་ ༦ ཚེས་ ༡ ཉིན་༸གོང་ས་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་འདི་ལོའི་གུ་རུ་ཀུལ་ལས་རིམ་ཐེངས་ ༢༤ པའི་ཐོག་མཉམ་ཞུགས་གནང་མཁན་རྒྱ་གར་སློབ་ཕྲུག་དང་གཞན་ཡང་ཨ་རིའི་ Emory གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བ་དང་ལས་བྱེད་བཅས་པར་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་པ་རེད། ༸གོང་ས་མཆོག་ནས་སྐབས་དེར་ཐོག་མར་སློབ་མ་རྣམས་ལ་ཕྱི་ལོ་ ༡༩༦༠ ནས་བཟུང་༸གོང་ས་མཆོག་གི་ཁྱིམ་ཚང་གཉིས་པ་ལྟ་བུར་འགྱུར་བའི་བཞུགས་སྒར་རྡ་རམ་ས་ལར་ཕེབས་བསུ་ཞུས་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ཐོག་མར་ས་གནས་འདིར་ཆིབས་བསྒྱུར་མཛད་སྟངས་ཀྱི་ལོ་རྒྱུས་ངོ་སྤྲོད་གནང་བ་མ་ཟད། ༸གང་ཉིད་མཆོག་གི་༸སྐུ་ཚེ་ཧྲིལ་པོའི་ཐུགས་འགན་གཙོ་བོ་བཞི་ཡོད་པ་ལྟར་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དང་། ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏང་རྒྱུ། བོད་ཀྱི་ཆོས་དང་རིག་གཞུང་ལྷག་པར་ཁོར་ཡུག་བཅས་ཀྱི་ཐོག་ཐུགས་འཁུར་གནང་རྒྱུ། དེ་བཞིན་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་ལྷག་རིང་གི་ལོ་རྒྱུས་ལྡན་པའི་གནའ་བོའི་རིག་གཞུང་སླར་གསོ་གནང་རྒྱུ་བཅས་ཀྱི་སྐོར་ལ་ངོ་སྤྲོད་ཞིབ་རྒྱས་མཛད་འདུག ༸གོང་ས་མཆོག་གིས་དེང་སྐབས་འཛམ་གླིང་གི་སྣེ་མོ་གསུམ་པར་གྲགས་པའི་བོད་ཀྱི་ཁོར་ཡུག་སྐོར་ལ་བཀའ་བསྩལ་བར་བོད་ཀྱི་ཆུ་རྒྱུན་ལ་མང་ཚོགས་ཐེར་འབུམ་མང་པོའི་འཚོ་བ་བརྟེན་ཡོད་སྟབས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་དེ་ནི་བོད་མི་ས་ཡ་དྲུག་ཙམ་མ་ཡིན་པར་འཛམ་གླིང་གི་མང་ཚོགས་ཐེར་འབུམ་མང་པོ་དང་འབྲེལ་བའི་གནད་དོན་ཞིག་ཡིན་པར་བཀའ་བསྩལ་སོང་། ༸གོང་ས་མཆོག་གིས་སྐབས་དེར་ད་དུང་སློབ་མ་དེ་དག་ནས་རྒྱ་གར་གྱི་འཚེ་མེད་ཞི་བ་དང་ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ། དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ནང་པའི་སེམས་ཁམས་རིག་པ་དང་ཚད་མ་རིག་པའི་རྣམ་གཞག་སོགས་ཀྱི་སྐོར་ལ་དོ་སྣང་ཆེ་ཙམ་གནང་དགོས་པའི་ལམ་སྟོན་བསྩལ་བ་མ་ཟད། སློབ་མ་ཞིག་གིས་སྐབས་དེར་དྲག་གནོན་དང་དཀའ་ངལ་གྱིས་མནར་བའི་འཛམ་གླིང་དེ་བྱམས་བརྩེ་རྩ་བར་འཛིན་མཁན་ཞིག་ཏུ་ཇི་འདྲ་གནང་ཐུབ་མིན་སྐོར་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་ནས་ཕྱིའི་དངོས་པོ་ཡར་རྒྱས་ཁོ་ནར་བརྟེན་པའི་ད་ལྟའི་འཛམ་གླིང་ནང་གི་ཤེས་ཡོན་གྱི་སློབ་གསོའི་ཁྲོད་ཆོས་དང་མ་འབྲེལ་བའི་ཐོག་ནས་ནང་སེམས་ཀྱི་འཕྲོད་བསྟེན་སྐོར་སློབ་འཁྲིད་གནང་དགོས་གལ་ཡིན་པར་ལམ་སྟོན་བསྐྱར་ནན་མཛད་འདུག ༸གོང་ས་མཆོག་ནས་དེ་རིང་གི་བཀའ་སློབ་ལས་རིམ་དེའི་ཐོག་གཞན་ཡང་བོད་ཀྱི་སྐད་ཡིག་གི་གལ་གནད་བ་དང་། ནང་པའི་ཆོས་ལ་དད་པ་ཁོ་ན་མ་ཡིན་པར་བསླབ་པ་སློབ་གཉེར་གནང་དགོས་གལ་སོགས་ཀྱི་སྐོར་ལ་བཀའ་སློབ་ལམ་སྟོན་བསྩལ་བ་མ་ཟད། འཛམ་གླིང་དེའི་ཐོག་ནས་གོ་མཚོན་ཕྱིར་བསྡུ་བྱ་དགོས་རྒྱུ་དང་། ཁ་ནས་བཤད་པ་ཙམ་མ་ཡིན་པར་དུས་ཚོད་ས་བཅད་ཀྱིས་ལས་ཀ་དངོས་སུ་བྱེད་དགོས་སྐོར་བཀའ་གནང་ཡོད། གནད་དོན་དེ་ལས་འཕྲོས་ཏེ་མཉམ་འབྲེལ་རྒྱལ་ཚོགས་སུ་བཟང་ཕྱོགས་ཀྱི་ཐག་གཅོད་ཅི་འདྲ་ཞིག་གནང་སྐབས་བདེ་འཇགས་ལྷན་ཚོགས་ཞེས་གཏན་འཇགས་ཚོགས་མི་ལྔ་ཡོད་པ་རྣམས་ནས་སྒེར་སོ་སོའི་དམིགས་བསལ་ཁེ་དབང་བེད་སྤྱོད་བྱས་ནས་འགོག་རྐྱེན་བཟོ་བཞིན་པའི་ལམ་སྲོལ་དེ་མང་གཙོའི་འབྲུ་དོན་དང་ཡོངས་སུ་འགལ་བ་ཞིག་ཡིན་སྐོར་བཀའ་གནང་བ་འབྲེལ། རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མི་མང་དུ་གཏང་སྟེ་རེ་མོས་གནང་དགོས་པའི་དགོངས་འཆར་ཡང་མཛད་འདུག

རྒྱ་མི་དགྲ་ལ་བལྟས་ནས་དཀའ་ངལ་སེལ་ཐབས་བྱ་རྒྱུའི་བསམ་བློ་རྒྱ་ཆུང་དྲགས་པ་རེད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་དབུ་གཡབ་ཏུ་བོད་ནས་གསར་དུ་འབྱོར་བ་དང་། ས་གནས་ཁག་ནས་ཕེབས་པའི་བོད་མི། དེ་བཞིན་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ཚོགས་ཆེན་ཐོག་འདུ་འཛོམས་བྱུང་བ་བཅས་ཁྱོན་སེར་སྐྱ་མང་ཚོགས་ ༨༠༠ ལྷག་ལ་མཇལ་ཁ་དང་བཀའ་སློབ་སྩལ་སྐབས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་དེ་ནི་མི་དང་མིའི་འབྲེལ་བའི་ཐོག་ནས་སེལ་ཐུབ་རྒྱུ་ཞིག་མ་གཏོགས། རྒྱ་མི་དགྲ་ལ་བལྟས་ནས་དཀའ་ངལ་སེལ་རྒྱུའི་བསམ་བློ་གཏང་ཚེ་དེ་བསམ་བློ་རྒྱ་ཆུང་དྲགས་པ་རེད་ཅེས་བཀའ་བསྩལ་སོང་། ༸གོང་ས་མཆོག་གིས་བོད་མི་ཚོར་རྒྱ་མི་གུང་ཕྲན་ཐོག་མར་བོད་ལ་སླེབས་པ་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་ཆོལ་གསུམ་ནང་གི་གནས་བབ་དང། སྐབས་དེར་༸གང་ཉིད་མཆོག་གིས་དབུས་པའི་བོད་གཞུང་གིས་རྒྱ་གར་དང་རྒྱ་ནག་གཞུང་དང་ལྷན་དུ་ཞི་འགྲིག་ཡོང་རྒྱུའི་ཐད་ལ་འབྲེལ་བ་དང་ཐབས་ཤེས་གང་ཐུབ་གནང་བའི་བརྒྱུད་རིམ་ཞིབ་ཕྲ་དང་། མགོན་པོ་༸གང་ཉིད་མཆོག་བཙན་བྱོལ་དུ་ཕེབས་རྗེས་བོད་གཞུང་དང་བོད་པའི་སློབ་གྲྭ་སོགས་གསར་འཛུགས་གནང་བའི་བརྒྱུད་རིམ། ལྷག་པར་དུ་བོད་དོན་ཆབ་སྲིད་དང་འབྲེལ་ནས་རྒྱལ་ཚོགས་སུ་སྔ་རྗེས་ཞུ་འབོད་གནང་བ་སོགས་ལོ་མང་རིང་གི་༸སྐུའི་མྱོང་བ་དང་འབྲེལ་དབུ་ལམ་གྱི་བྱུང་རིམ་རྒྱབ་ལྗོངས་ཞིབ་ཕྲ་ངོ་སྤྲོད་གནང་བ་མ་ཟད། ཁྱད་པར་དུ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་ད་བར་བོད་ནང་དུ་གཟིགས་སྐོར་རིམ་པ་ཕེབས་ཐུབ་པ་བྱུང་སྐོར་དང། རྒྱ་ནག་གི་སྲིད་འཛིན་དང་ཐད་ཀར་བཀའ་མོལ་བྱུང་བ།  དེ་བཞིན་གཞིས་བྱེས་གཉིས་ཀྱི་བོད་མི་ཕན་ཚུན་དབར་འབྲེལ་ལམ་མཐུད་ཐུབ་པ་བྱུང་བ་དང་། རྒྱ་གར་གཞུང་དང་ཡོ་རོབ་གྲོས་ཚོགས་མཚོན་པའི་རྒྱལ་སྤྱིའི་གཞུང་ཁག་ནས་གཞུང་འབྲེལ་གྱི་རྒྱབ་སྐྱོར་ཐོབ་ཡོད་པ་སོགས་འགྲུབ་འབྲས་གང་ཙམ་ཐོན་ཡོད་སྐོར་བཀའ་བསྩལ་སོང་། དེ་བཞིན་དེང་སྐབས་རྒྱ་ནག་ནང་དུ་ནང་ཆོས་དང་བོད་ཀྱི་སྐད་ཡིག་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། བོད་རྒྱ་གཉིས་འཆམ་མཐུན་ཡག་པོ་ཞིག་བྱུང་ཐུབ་ཚེ་རྒྱ་ནག་ཏུ་ཡོད་པའི་རྒྱ་རིགས་ནང་པ་ས་ཡ་མང་པོར་ཕན་ཐོགས་ཐུབ་ཀྱི་རེད་ཅེས་ལམ་སྟོན་མཛད་ཡོད། མགོན་པོ་༸གང་ཉིད་མཆོག་གིས་རྒྱ་ནག་གཞུང་གིས་དེ་སྔ་བོད་ཆོལ་ཁ་གསུམ་དང་ཆོལ་བརྒྱུད་དང་བཅས་པ་ཚང་མར་དབྱེ་བ་མེད་པར་སྡུག་པོ་གཅིག་མཚུངས་བཏང་བར་བརྟེན་ད་ཆ་བོད་མི་ཚང་མ་ཆིག་སྒྲིལ་ཆགས་ཡོད་པ་བཀའ་སྩལ་དང་འབྲེལ། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་ལུང་ཚན་དང་ཆོས་བརྒྱུད། དེ་བཞིན་ཆབ་སྲིད་ལངས་ཕྱོགས་བཅས་ཀྱི་ཆ་ནས་འཐེན་འཁྱེར་བྱེད་རྒྱུ་མེད་པར་བཀའ་ནན་བསྩལ་སོང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་གཞོན་སྐྱེས་ཚོར་དེང་གི་འཛམ་བུ་གླིང་འདིའི་ཐོག་བོད་མི་རིགས་ཀྱི་ཆེ་མཐོང་སླེབས་གཞི་ནི་བོད་ཀྱི་ཆོས་དང་རིག་གཞུང་ཆགས་ཀྱི་ཡོད་པ་དང་། དེར་བརྟེན་གཞོན་སྐྱེས་ཚོའི་ངོས་ནས་བོད་ཀྱི་ཐུན་མིན་སྐད་ཡིག་ཐོག་དོ་སྣང་ཆེ་ཙམ་བྱེད་དགོས་ཞེས་ལམ་སྟོན་རྒྱ་ཆེ་མཛད་ཡོད།

ཆོལ་གསུམ་གྱི་འཐེན་འཁྱེར་བྱ་རྒྱུ་ཞེས་པ་དེ་རྗེས་ལུས་ཤིག་རེད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་ལས་སློབ་གཉེར་བ་ཡོངས་ལ་བླང་དོར་བཀའ་སློབ་སྩལ་སྐབས་ཆོལ་གསུམ་གྱི་འཐེན་འཁྱེར་བྱ་རྒྱུ་ཞེས་པ་དེ་རྗེས་ལུས་ཤིག་ཡིན་པ་དང་བོད་ཆོལ་གསུམ་ཆིག་སྒྲིལ་ཐོག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་བདག་པོ་རྒྱག་རྒྱུ་དེ་ང་ཚོ་ཚང་མའི་ལས་འགན་རེད་ཅེས་བཀའ་བསྩལ་འདུག དེའང་ཟླ་བ་འདིའི་ཚེས་ ༢༦ ཉིན་བཞུགས་སྒར་ཉེ་འདབས་ཀན་ཡ་ར་ཁུལ་དུ་རྟེན་གཞི་བྱས་པའི་ཤེས་རབ་དགའ་ཚལ་སློབ་གླིང་ཐོག་མར་གསར་འཛུགས་གནང་ནས་མི་ལོ་ ༢༥ འཁོར་བའི་དུས་ཚིགས་ཤིག་ཆགས་ཡོད་སྟབས། ཁ་སང་ཚེས་ ༢༨ ཉིན་སློབ་གླིང་དེའི་དགེ་ལས་སློབ་གཉེར་བ་ཡོངས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དམིགས་བསལ་མཇལ་ཁ་དང་བཀའ་སློབ་ལམ་སྟོན་མཛད་འདུག ༸གོང་ས་མཆོག་ནས་སྐབས་དེར་ཐོག་མར་ཁོང་རྣམས་ལ་རྒྱ་ནག་གིས་བོད་ལ་དབང་སྒྱུར་བྱས་པའི་སྔ་རྗེས་ཀྱི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ། བོད་མི་རྣམས་བཙན་བྱོལ་དུ་གྱར་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་གཙོ་ཁག་ངོ་སྤྲོད་གནང་ཡོད་པ་དང་འདི་བཞིན་ཤེས་རབ་དགའ་ཚལ་སློབ་གླིང་ནང་ད་ལྟའི་ཆར་བོད་ཆོལ་གསུམ་སོ་སོ་ནས་སློབ་ཕྲུག་གི་གྲངས་འབོར་ཇི་ཙམ་ཡོད་མེད་བཀའ་བསྩལ་དང་འབྲེལ། རྒྱ་ནག་གིས་བོད་ལ་དབང་སྒྱུར་བྱས་པར་བརྟེན་ད་ཆ་རྒྱ་སྡེ་བོད་སྡེ་ཞེས་པ་ལྟོས་མེད་བོད་མི་རྣམས་བཙན་བྱོལ་དུ་ཆོལ་གསུམ་ཆིག་སྒྲིལ་གནང་ནས་གནས་ཡོད་སྐོར་བཀའ་བསྩལ་ཡོད། ལྷག་དོན་ཆོལ་གསུམ་གྱི་འཐེན་འཁྱེར་བྱ་རྒྱུ་ཞེས་པ་དེ་རྗེས་ལུས་ཀྱི་སྐད་ཆ་ཞིག་ཡིན་པ་དང་། ང་ཚོའི་ངོས་ནས་ཆིག་སྒྲིལ་ཐོག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་གནང་གནད་ཡིན་པ་བཀའ་བསྩལ་འདུག གཞི་རྩའི་ཡོངས་གྲགས་སུ་གསོག་སྒར་སློབ་གྲྭ་ཞེས་འབོད་སྲོལ་ཡོད་པའི་ཤེས་རབ་དགའ་ཚལ་སློབ་གླིང་དེ་བོད་ནས་གསར་དུ་འབྱོར་བའི་གཞོན་སྐྱེས་ལོ་གྲངས་ ༡༨ ནས་ ༣༠ ཟིན་པ་རྣམས་ལ་བོད་ནང་དུ་སློབ་སྦྱོང་གི་གོ་སྐབས་སྤྱི་དང༌། ཁྱད་པར་དུ་བོད་མི་རང་ཉིད་ཀྱི་དགོས་འདུན་བཞིན་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པའམ་དང་ཆ་ཚང་མ་ཐོབ་པའི་གཞོན་སྐྱེས་རྣམས་ལ་ཆེད་དམིགས་ཀྱིས་ཕྱི་ལོ་ ༡༩༩༣ ལོར་གསར་འཛུགས་གནང་ཡོད་པ་རེད།

༸གོང་ས་མཆོག་ནས་བོད་རང་བཙན་ཚོགས་ཆེན་ཐོག་བཅར་བའི་ཚོགས་མི་ཚོར་མཇལ་ཁ་བསྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་རྒྱལ་བའི་ཕོ་བྲང་དུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐོག་མཉམ་ཞུགས་གནང་མཁན་ཚོགས་བཅར་བ་རྣམས་ལ་མཇལ་ཁ་བསྩལ་གནང་འདུག དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༢༣ ནས་བཞུགས་སྒར་དུ་བཙན་འབྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་རང་བཙན་གྱི་ལྟ་བ་འཛིན་མཁན་གྱི་མི་སྣ་རྒན་གཞོན་དར་སུམ་བརྒྱ་ལྷག་འདུ་འཛོམས་ཀྱིས་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པ་ཚོགས་བཞིན་ཡོད་པ་དང་། ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་སྟེ། དེ་རིང་ཚོགས་ཆེན་ཉིན་མཐའ་མའི་སྔ་དྲོ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རང་བཙན་ཚོགས་ཆེན་ཐོག་བཅར་མཁན་ཚོགས་བཅར་རྣམས་པར་མཇལ་ཁ་བསྩལ་གནང་འདུག གཞན་ཡང་དེ་རིང་སྔ་དྲོ་མགོན་པོ་མཆོག་གི་རྒྱལ་བའི་ཕོ་བྲང་དུ། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་པ་དང་། རྡ་སར་རྟེན་གཞི་བྱས་པའི་མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་བཅས་ཀྱི་ཚོགས་མི་དང་། དེ་བཞིན་མང་ཚོགས་ཁག་སོ་སོར་ལའང་མཇལ་ཁ་ཡང་བསྩལ་གནང་འདུག རྩ་བའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་འདི་ནི་བོད་རང་བཙན་སླར་གསོའི་ལངས་ཕྱོགས་འཛིན་མཁན་གྱི་བོད་མིའི་དབར་ལ་བསམ་ཚུལ་བརྗེ་ལེན་དང་བགྲོ་གླེང་བྱེད་སའི་སྡིངས་ཆ་ཞིག་ཡིན་པ་དང་། ཚོགས་ཆེན་ཐེངས་ལྔ་པ་དེ་ཕྱི་ཚེས་ ༢༣ ཉིན་དབུ་འཛུགས་གནང་སྟེ་དེ་རིང་མཇུག་སྒྲིལ་གནང་གི་ཡོད་པ་རེད།

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་མ་ཧཱ་གུ་རུའི་འབུམ་ཚོགས་སྨིན་གྲུབ་ཞུས་གནང་སོང་།

དེ་རིང་ཕྱི་ལོ་ ༢༠༡༨ ཟླ་བ་ ༥ པའི་ཚེས་ ༢༤ དང་ས་ག་ཟླ་བའི་ཚེས་ ༡༠ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔལ་ལྡན་དགའ་ལྡན་ཕོ་ཕྲང་གི་གོ་སྒྲོག་འོག་ ༸སྤྱི་ནོར་ ༸གོང་ས་ ༸སྐྱབས་མགོན་མཆོག་དབུ་བཞུགས་ཐོག་བོད་བསྟན་སྲིད་ཀྱི་དོན་དུ་རིག་འཛིན་གདུང་སྒྲུབ་ཀྱི་ཆོ་གའི་སྒོ་ནས་མ་ཧཱ་གུ་རུའི་འབུམ་ཚོགས་སྨིན་གྲུབ་ཞུས་གནང་སོང་། ད་རེས་ཀྱི་མ་ཧཱ་གུ་རུའི་འབུམ་ཚོགས་དེ་བཞུགས་སྒར་གཅིག་པུ་མ་ཡིན་་པར་རྒྱ་གར་གྱི་འབྲས་ལྗོངས་མངའ་སྡེ་རྒྱལ་ས་སྒང་ཏོག་དང་བལ་ཡུལ་གཉིས་བཅས་ས་གནས་གསུམ་དུ་དགའ་ལྡན་ཕོ་བྲང་གི་མཐུན་གྱུར་འོག་ཚོགས་ཀྱི་ཡོད་པ་དང་། བཞུགས་སྒར་དུ་ཚོགས་པའི་འབུམ་ཚོགས་ཀྱི་ཚོགས་མགོན་དུ་ ༸གོང་ས་མཆོག་དང་ལྷན་སྔ་གྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་ཀཿ ཐོག་དགེ་རྩ་རིན་པོ་ཆེ་མཆོག་དང་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་མཁན་པོ་བཅས་དབུས་པའི་སེར་སྐྱ་མི་མང་བརྒྱ་ཕྲག་ཁ་ཤས་ཆེད་ཕེབས་གནང་འདུག རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་། དྭང་སློབ་དམག་སྒར་བཅས་ནས་ཀྱང་བཞུགས་སྒར་དུ་ལོ་ལྟར་༸གོང་ས་མཆོག་གི་དབུས་པའི་རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་པ་ཡོང་སླད་དང་། བོད་ཀྱི་བདེན་མཐའ་མྱུར་དུ་སེལ་བ། དེ་བཞིན་འཛམ་གླིང་ཞི་བདེ་བཅས་དམིགས་ཏེ་མ་ཧཱ་གུ་རུའི་འབུམ་ཚོགས་ཚོགས་སྲོལ་ཡོད་པ་དང་། དེ་རིང་གི་གུ་རུའི་འབུམ་ཚོགས་དེ་དམིགས་བསལ་དགའ་ལྡན་ཕོ་བྲང་གི་གོ་སྒྲིག་གནང་བ་ཞིག་རེད་འདུག

༸གོང་ས་མཆོག་ནས་གཞོན་སྐྱེས་ཚོར་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་བསྩལ་རྒྱུ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸ གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིང་མིན་ཕྱི་ཟླ་དྲུག་པའི་ཚེས་ ༦ ནས་ ༨ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་ཚོར་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་བསྩལ་གཏན་འཁེལ་འདུག

༸གོང་ས་མཆོག་གིས་ Vietnam གྱི་དད་ལྡན་པ་ཚོར་འཇམ་དབྱངས་དཀར་པོའི་བཀའ་དབང་བསྩལ་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་ཆེད་བཅར་ཞུས་པའི་ Vietnam གྱིས་དད་ལྡན་པ་རྣམས་དང་། Vietnam གྱི་གྲོང་ཁྱེར་ Hanoi དང་ Ho Chi Minh དེ་བཞིན་ Hai Phong བཅས་ནས་ཐད་གཏོང་གཟིགས་བཞུགས་མཁན་གྱི་དད་ལྡན་མང་ཚོགས་ཚོར་འཇམ་དབྱངས་དཀར་པོའི་བཀའ་དབང་བཀའ་དྲིན་བསྩལ་སོང་། དེ་ཡང་ཝིཏྲ་ནམ་གྱི་ CEO ཚོགས་པས་གསོལ་འདེབས་གོ་སྒྲིག་ཞུས་དོན་ལྟར་མགོན་པོ་གང་ཉིད་མཆོག་གིས་ཁ་སང་སྔ་དྲོ་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཝིཏྲ་ནམ་གྱི་དགེ་འདུན་པ་དང་ཚོང་པའི་ལས་རིགས་ཀྱི་འགོ་ཁྲིད་མི་སྣ་ ༨༠ ཙམ་དང་། Vietnam གྱི་གྲོང་ཁྱེར་ཆེ་ཁག་གསུམ་བཅས་ནས་དྲ་ཐོག་གཟིགས་བཞུགས་མཁན་གྱི་དད་ལྡན་པ་བཅས་ལ་དམིགས་བསལ་གྱི་མཇལ་ཁ་དང་བཀའ་སློབ་ལམ་སྟོན་མཛད་བཞིན་ཡོད་པ་ལྟར། དེ་རིང་མཛད་འཕྲིན་ཉིན་མཐའ་མའི་ཐོག་མགོན་པོ་གང་ཉིད་མཆོག་ནས་དད་ལྡན་པ་ཚོར་ནང་པ་སངས་རྒྱས་པའི་ཆོས་ངོ་སྤྲོད་དང་སྦྲགས། འཇམ་དབྱངས་དཀར་པོའི་བཀའ་དབང་བཀའ་དྲིན་བསྩལ་གནང་ཡོད། སྐབས་དེར་མགོན་པོ་གང་ཉིད་མཆོག་ནས། འཛམ་བུ་གླིང་འདིའི་ཐོག་ཡོད་པའི་འགྲོ་བ་སེམས་ཅན་སྤྱི་དང་ལྷག་པར་དུ་འགྲོ་བ་མི་རྣམས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་ཡང་། འགྲོ་བ་མིའི་སེམས་རྒྱུད་ལ་ཡོད་པའི་ཁོང་ཁྲོ་དང་ཞེ་སྡང་དེ་བཞིན་རང་གཅེས་འཛིན་གྱི་བསམ་བློ་སོགས་སེམས་ཚོར་དྲག་པོའི་ཆ་དེ་དག་ཤུགས་ཆེ་དྲགས་པའི་རྐྱེན་གྱིས་དཀའ་རྙོག་མི་ཉུང་བ་ཞིག་འཕྲད་བཞིན་ཡོད་པ་བཀའ་འགྲེལ་དང་སྦྲགས། རྒྱུན་དུ་ཆོས་ལ་དད་པ་དང་ཡིད་ཆེས་བྱས་པ་ཡིན་ན། སེམས་ཚོར་དྲག་པོའི་དཀའ་རྙོག་དེ་དག་སེལ་རྒྱུར་དམིགས་བསལ་གྱི་དགེ་ཚན་ཆེན་པོ་བྱུང་གི་རེད་ཅེས་བཀའ་བསྩལ་འདུག མ་ཟད་མགོན་པོ་གང་ཉིད་མཆོག་ནས། ང་ཚོས་བདེ་སྐྱིད་སྐོར་ལ་གླེང་སློང་བྱེད་སྐབས་ཕྱིའི་དངོས་པོ་ལས་བྱུང་བའི་གནས་སྐབས་ཀྱི་བདེ་སྐྱིད་ཁོ་ནའི་ཐོག་བསམ་བློ་བཏང་བ་ཡིན་ན་སེམས་ཅན་གཞན་དང་ཁྱད་པར་གང་ཡང་མེད་པ་དང་། ང་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཕྱིའི་བདེ་སྐྱིད་ལས་ནང་སེམས་ཀྱི་བདེ་སྐྱིད་ཐོག་ལ་དོ་སྣང་མང་ཙམ་གནང་གལ་ཡིན་པ་མ་ཟད། ལྷག་པར་དུ་རྒྱུན་དུ་ཆོས་བྱེད་ཟེར་དུས་སྨོན་ལམ་བརྒྱབ་རྒྱུ་ཙམ་མ་ཡིན་པར། སྡུག་བསྔལ་གྱི་རྒྱུ་གང་ཡིན་སོགས་ཀྱི་ཐོག་ལ་ཞིབ་འཇུག་གནང་གལ་ཡིན་པའི་ལམ་སྟོན་མཛད་འདུག  

འགྲོ་བ་མི་གཅིག་འགྱུར་གྱི་བསམ་བློ་གོང་འཕེལ་ཐུབ་ན་གོ་ལའི་དཀའ་རྙོག་མང་པོ་ཞིག་རང་བཞིན་གྱི་སེལ་ཐུབ་ཀྱི་རེད།

དེ་རིང་ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་དགུ་པ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་ ༸སྤྱི་ནོར་ ༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནང་དུ་ Vietnam ནས་ཆེད་བཅར་ཞུས་པའི་དད་ལྡན་མང་ཚོགས་བརྒྱད་བཅུ་ཙམ་དང་། Vietnam གྱི་གྲོང་ཁྱེར་ Hanoi དང་ Ho Chi Minh དེ་བཞིན་ Hai Phong བཅས་ནས་ཐད་གཏོང་གཟིགས་བཞུགས་མཁན་གྱི་དད་ལྡན་ཚོར་དམིགས་བསལ་གྱི་མཇལ་ཁ་དང་བཀའ་སློབ་བཀའ་འདྲི་བསྩལ་ཡོད། སྐབས་དེར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དད་ལྡན་པ་ཚོར་མགོན་པོ་གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་ལས་ཆོས་ལུགས་མཐུན་འབྲེལ་དང་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གོང་འཕེལ་གཏོང་ཐབས་སྐོར་ངོ་སྤྲོད་མཛད་པ་དང་ཆབས་ཅིག དེང་སྐབས་འཛམ་བུ་གླིང་འདིའི་ཐོག་འགྲོ་བ་མི་རྣམས་ངའི་ཆོས་དང་ངའི་རྒྱལ་ཁབ། དེ་བཞིན་ང་དང་ཁོ། དབུལ་པོ་དང་འབྱོར་ལྡན་སོགས་རིམ་པ་གཉིས་པའི་དབྱེ་འབྱེད་ཀྱི་བསམ་བློ་ཤུགས་ཆེ་དྲགས་པའི་རྐྱེན་གྱིས་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་ལ་མི་བསད་ཁྲག་སྦྱོར་དང་། དབུལ་ཕྱུག་གི་བར་ཁྱད། དེ་བཞིན་བྱིས་པའི་འཚར་ལོངས་སོགས་དང་འབྲེལ་བའི་དཀའ་རྙོག་མང་དག་ཞིག་ཕྲད་བཞིན་པ་བཀའ་འགྲེལ་དང་སྦྲགས། འགྲོ་བ་མི་རྣམས་ནས་རིམ་པ་གཉིས་པའི་དབྱེ་བ་དེ་དག་དོར་ཏེ། ང་ཚོ་ཚང་མ་གཞི་རྩའི་ཆ་ནས་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན་བསམ་པའི་བསམ་བློ་གོང་འཕེལ་གཏང་ཐུབ་ན། གོ་ལའི་དཀའ་རྙོག་མང་པོ་ཞིག་རང་བཞིན་གྱི་སེལ་ཐུབ་ཀྱི་རེད་ཅེས་བཀའ་བསྩལ་འདུག མ་ཟད་མགོན་པོ་གང་ཉིད་མཆོག་ནས། འཛམ་བུ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་ཁག་གི་གཞུང་ལུགས་ཀྱི་འགྲོ་སྟངས་དང་ལྟ་གྲུབ་སོགས་ཀྱི་ཆ་ནས་མི་འདྲ་བ་ཡོད་ཀྱང་། ཆོས་ལུགས་ཚང་མའི་གཞི་རྩའི་བསླབ་བྱ་གཙོ་བོ་དེ་ནི་བྱམས་སྙིང་རྗེ་དང་གཞན་ལ་ཕན་པ་བསྒྲུབ་རྒྱུ་གཅིག་མཚུངས་ཡིན་སྟབས། ཆོས་ལུགས་ཕན་མཚུན་དབར་ལ་གུས་ཞབས་དང་བགྲོ་གླེང་སོགས་གནང་གལ་ཡིན་པ་གསུངས་འདུག ༸གོང་ས་མཆོག་གི་བཀའ་སློབ་གྲུབ་མ་ཐག་ Vietnam གྱི་དད་ལྡན་པ་རྣམས་ནས་མགོན་པོ་གང་ཉིད་མཆོག་ལ་རྒྱུན་ལྡན་ནས་མི་ཚེའི་ནང་གི་དཀའ་ངལ་ཁག་ལ་གདོང་ལེན་གནང་སྟངས་དང་། ཕྱིའི་དངོས་པོ་ཡར་རྒྱས་ཆེན་པོ་འགྲོ་བཞིན་པའི་སྐབས་དེར་མིའི་སྤྱི་ཚོགས་ནང་ཁེར་རྐྱང་གི་བསམ་བློ་ཆེ་རུ་འགྲོ་བའི་རྒྱུ་རྐྱེན་གང་ཡིན་སོགས་དང་འབྲེལ་བཀའ་འདྲི་ཁག་ཅིག་ཞུས་སོང་བ་དང་། སྐབས་དེར་མགོན་པོ་གང་ཉིད་མཆོག་ནས། འཛམ་བུ་གླིང་འདིའི་ཐོག་ལ་དཀའ་ངལ་རྩ་བ་ནས་མེད་པའི་མི་ཞིག་ཡོད་མ་རེད་ལ་དཀའ་ངལ་ནི་མི་ཚེའི་ཆ་ཤས་ཤིག་རེད། འོན་ཀྱང་དཀའ་ངལ་དེ་དག་སེལ་ཐབས་སུ་གཙོ་ཆེ་ཤོས་སེམས་གུ་དོག་པོ་མ་བྱས་པར། དཀའ་ངལ་དེའི་བྱུང་རྐྱེན་སོགས་ཕྱོགས་ཡོངས་ནས་བལྟས་ཐུབ་པ་ཡིན་ན། རང་བཞིན་གྱི་དཀའ་ངལ་དེ་ཡང་དུ་འགྲོ་གི་རེད་ཅེས་ལམ་སྟོན་མཛད་འདུག

ཚང་མས་རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པའི་ཤེས་བྱ་ཐོག་དོ་སྣང་སྤྲད་དགོས་ཞེས་བཀའ་བསྩལ་སོང།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱིར་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་ཕྱིའི་མི་རིགས་ཁག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་བའི་ཁྲོད། དེང་གི་དུས་སྐབས་འདིར་ཆོས་དད་ཡོད་མེད་ལ་ལྟོས་མེད་ཚང་མས་རྒྱ་གར་གནའ་བོའི་སེམས་ཁམས་རིག་པའི་ཤེས་བྱ་ཐོག་དོ་སྣང་སྤྲད་དགོས་གལ་ཡིན་པ་བཀའ་བསྩལ་སོང། དེ་ཡང། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་བཞུགས་སྒར་དུ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རའི་ནང་དུ་ཨ་རི་དང། ཡོ་རོབ། དེ་བཞིན་རྒྱ་གར་གཙོས་པའི་ཨེ་ཤི་ཡའི་ས་ཁུལ་འདྲ་མིན་ནས་གང་ཉིད་མཆོག་མཇལ་ཁར་བཅར་བའི་ཕྱིའི་མི་རིགས་ཆིག་སྟོང་མ་ཟིན་ཙམ་ལ་དམིགས་བསལ་མཇལ་ཁ་དང་ས་ཁུལ་དེ་དག་གི་ཡུལ་མི་སྡེ་ཁག་སོ་སོ་དང་ལྷན་དུ་སྐུ་པར་སྒྲོན་པ་དང་ཆབས་ཅིག གང་ཉིད་མཆོག་གིས་ཁོང་རྣམས་ལ་དམིགས་བསལ་བཀའ་སློབ་དང་ཐུགས་བརྩེའི་གླེང་མོལ་ཡང་གནང་སོང། སྐབས་དེར་ ༸གོང་ས་མཆོག་གིས་དེང་གི་སྤྱི་ཚོགས་འདིའི་ཐོག་དཀའ་ངལ་གྱི་བྱུང་རྩ་གཙོ་བོ་ནི། ང་ཚོ་དང་ཁོང་ཚོ། དེ་བཞིན་ངོ་ཚོའི་ཆོས་ལུགས་དང་ང་ཚོའི་རྒྱལ་ཁབ་ཞེས་པའི་རིམ་པ་གཉིས་པའི་དབྱེ་བར་གལ་ཆེན་བརྩི་བའི་ཐོག་འཛིན་པ་ལ་བརྟེན་ནས་བྱུང་བཞིན་ཡོད་པ་དང། དེར་བརྟེན་འཛམ་གླིང་དེའི་ཐོག་ལ་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་ཚང་མ་ཕན་ཚུན་གཅིག་འགྱུར་གྱི་འདུ་ཤེས་འཛིན་རྒྱུ་ནི་ད་ལྟའི་དུས་ཀྱི་དགོས་མཁོ་ཞིག་ཡིན་པ་བཀའ་བསྩལ་བ་མ་ཟད། དེ་བཞིན་འགྲོ་བ་མིའི་ནང་སེམས་ཀྱི་དཀའ་ངལ་དེ་ཡང། ཕྱིའི་དངོས་པོ་ཡར་རྒྱས་ཁོ་ནར་རྟེན་པ་ལས་ཡོང་གི་ཡོད་པར་བརྟེན། ཚང་མས་དུས་རྒྱུན་དུ་ནང་སེམས་ཀྱི་རིན་ཐང་དང་འཕྲོད་བསྟེན་ཐོག་ལ་དོ་སྣང་སྤྲད་དགོས་པ་དང། ལྷག་པར་དུ་དེང་གི་དུས་སྐབས་འདིར་ཆོས་དད་ཡོད་མེད་ལ་ལྟོས་མེད་ང་ཚོ་ཚང་མས་རྒྱ་གར་གནའ་བོ་སེམས་ཁམས་རིག་པའི་ཤེས་བྱའི་ནང་གསལ་བའི་སེམས་ཁམས་དཀའ་ངལ་ལ་གདོང་ལེན་བྱེད་སྟངས་དང་སེམས་ལ་ཞི་བདེ་བསྐྲུན་ཐབས་བཅས་ཀྱི་རིག་གནས་ཐོག་དོ་སྣང་མང་ཙམ་སྤྲད་དགོས་གལ་ཡིན་པ་བཀའ་བསྩལ་སོང།

Latest news