Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་གཞུང་ཞབས་བགྲེས་ཡོལ་བ་རྣམས་ལ་དམིགས་བསལ་མཇལ་ཁ་སྩལ་བ།

༸གོང་ས་མཆོག་གིས་གཞུང་ཞབས་བགྲེས་ཡོལ་བ་རྣམས་ལ་དམིགས་བསལ་མཇལ་ཁ་སྩལ་བ།

༸གོང་ས་མཆོག་གིས་ལྷོ་བྱང་ཀོ་རི་ཡའི་དབུ་ཁྲིད་རྣམ་གཉིས་ལ་འཚམས་འདྲི་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་བྱང་ཀོ་རི་ཡའི་དབུ་ཁྲིད་གཉིས་ཀྱིས་ལོ་མང་ནས་ཡོད་བཞིན་པའི་ས་ཁུལ་གཉིས་དབར་གྱི་རྩོད་རྙོག་འདུམ་འགྲིག་གནང་སྟེ་ཞི་བདེ་མཉམ་གནས་གནང་རྒྱུ་དང་། ཀོ་རི་ཡའི་ཉེ་བའི་གླིང་ཕྲན་དེ་རྡུལ་ཕྲན་མཚོན་ཆ་མེད་པའི་གླིང་ཕྲན་ཞིག་ཏུ་འགྱུར་རྒྱུའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཞི་བདེ་དང་འཆམ་མཐུན་གྱི་གྲོས་མཐུན་བྱུང་བར་དགའ་བསུ་དང་ཡི་རང་བསྔགས་བརྗོད་མཛད་འདུག རྩ་བའི་ལྷོ་བྱང་ཀོ་རི་ཡ་གཉིས་པོ་དེ་སྔ་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཨ་རི་དང་ཨུ་རུ་སུ་གཉིས་དབར་གྱི་གྲང་དམག་གི་ངན་ལན་ཁྲོད་ལྷོ་བྱང་ཀོ་རི་ཡ་གཉིད་དབར་དམག་འཁྲུག་དྲག་པོ་བྱུང་ཡོད་པ་ལྟར། ཕྱི་ལོ་ ༡༩༥༣ ལོར་ Korean Armistice ཞེས་པའི་ཆིངས་ཡིག་འོག་ཀོ་རི་ཡ་དེ་ལྷོ་བྱང་གཉིས་སུ་དབྱེ་རྒྱུ་དང་། མ་འོངས་པར་ཞི་འཇམ་གྱི་ཆིངས་ཡིག་ཞིག་མ་བྱུང་བར་ཕན་ཚུན་དམག་གི་ལས་དོན་རེ་ཞིག་མཚམས་འཇོག་བྱ་རྒྱུ་ཐད་ལ་མོས་མཐུན་བྱུང་ཡོད་པ་རེད། འོན་ཀྱང་འདས་པའི་ལོ་ངོ་ ༦༠ ལྷག་གི་ནང་དམར་ཤོག་གཞུང་འཛིན་ཡོད་པའི་བྱང་ཀོ་རི་ཡའི་ངོས་ནས་ ༥༣ ལོའི་ཆིངས་ཡིག་དེ་ཕྱིར་འཐེན་བྱ་རྒྱུའི་སྐོར་ཐེངས་ ༦ ཙམ་བཤད་མྱོང་ཡོད་པ་རེད། ཉེ་བའི་ཆར་ཀོ་རི་ཡ་རྒྱལ་ཁབ་གཉིས་དབར་དམག་འཁྲུག་བྱུང་སྲིད་པའི་གནས་སྟངས་ཆགས་ཡོད་པ་དེ་ལྟར་ཡང་ཉེ་ཟླ་ ༤ ཚེ་ས ༢༧ ཉིན་ལྷོ་བྱང་ཀོ་རི་ཡ་གཉིས་དབར་གྱི་ནང་མོལ་ལྷན་ཚོགས་ཐོག་དབུ་ཁྲིད་གཉིས་ནས་དེ་སྔ་ཕྱི་ལོ་ ༡༩༥༣ ལོའི་ཆིངས་ཡིག་བཞག་ཡུལ་ས་གནས་ Panmunjeom ཞེས་པ་དེར་མཇལ་འཕྲད་གནང་སྟེ་ལྷོ་བྱང་ཀོ་རི་ཡ་གཉིས་ཕན་ཚུན་འཆམ་མཐུན་དང་ཞི་བདེ་ཐོག་མཉམ་གནས་བྱ་རྒྱུ་དང་། ཀོ་རིའི་ཉེ་བའི་གླིང་ཕྲན་དེ་རྡུལ་ཕྲན་མཚོན་ཆ་མེད་པའི་གླིང་ཕྲན་ཞིག་ཏུ་འགྱུར་རྒྱུའི་གྲོས་མཐུན་གནང་ཡོད་པ་རེད། ཁ་སང་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ཚེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དབུ་ཁྲིད་རྣམ་གཉིས་སོ་སོར་ཕྱག་ཡིག་བསྩལ་ཏེ་དབུ་ཁྲིད་རྣམ་གཉིས་ཀྱིས་འཆམ་མཐུན་ཐོག་ཞི་བདེ་མཉམ་གནས་གནང་རྒྱུ་དང་། རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུའི་ཐག་གཅོད་གནང་བ་དེར་དགའ་བསུ་དང་ཡི་རང་བསྔགས་བརྗོད་མཛད་འདུག ༸གོང་ས་མཆོག་གིས་ཀོ་རི་ཡའི་དབུ་ཁྲིད་གཉིས་ལ་བསྩལ་བའི་ཕྱག་ཡིག་དེའི་ནང་ངོས་རང་འཛམ་གླིང་ཁྲོད་དམག་དོན་མཚམས་འཇོག་དང་ལྷག་པར་དུ་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུའི་ཐོག་ལས་དོན་སྤེལ་མཁན་ཞིག་ཡིན་སྟབས། ད་རེས་དབུ་ཁྲིད་རྣམ་གཉིས་ནས་ཀོ་རི་ཡའི་གླིང་ཕྲན་ཐོག་ཡུན་རིང་གནས་པའི་ཞི་བདེའི་ཆིངས་ཡིག་བཞག་པར་དགའ་བསུ་ཡོད་པ་བཀའ་བསྩལ་འདུག་པ་དང་། སྤྱིར་འཛམ་གླིང་ས་ཕྱོགས་གང་སར་དམག་འཁྲུག་དང་འཚེ་བའི་ལས་དོན་སྤེལ་རྐྱེན་འགྲོ་བ་མང་དག་ཞིག་སྡུག་བསྔལ་འོག་ཏུ་ལྷུང་བ་གཟིགས་སྐབས་ཐུགས་ཧ་ཅང་མ་མཉེས་པ་བྱུང་སྐོར་བཀའ་བསྩལ་བ་དང་འབྲེལ། ད་རེས་དབུ་ཁྲིད་རྣམ་གཉིས་ཀྱིས་གནང་སྟངས་དེས་ཞི་བདེའི་ངང་ཕན་ཚུན་གྲོས་མོལ་གནང་རྒྱུ་དེ་ནི་ཕན་ཚུན་འཆམ་མཐུན་དང་ཡིད་ཆེས། ཞི་བདེ་སྐྲུན་རྒྱུའི་ལམ་ཁ་གཅིག་པོ་དེ་ཡིན་པ་མངོན་གསལ་གནང་ཡོད་སྐོར་བཀའ་བསྩལ་འདུག ཁྱད་པར་དུ་མ་འོངས་པར་འཛམ་གླིང་ཁྱོན་ཡོངས་སུ་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུ་དང་ཞི་བདེ་བག་ཕེབས་ཡོང་བར་ཐུགས་རེ་གནང་བཞིན་ཡོད་པ་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་དབུ་ཁྲིད་རྣམ་གཉིས་ནས་གནང་ཕྱོགས་དེར་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་པ་བཀའ་བསྩལ་འདུག

རྒྱ་གར་གྱི་གྲོས་ཚོགས་གོང་འོག་གི་འཐུས་མི་ ༡༦ ནས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་པ།

བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་གར་དབུས་གྲོས་ཚོགས་གོང་འོག་གི་འཐུས་མི་ ༡༦ དབུས་པའི་འབྲེལ་ཡོད་མི་སྣ་ཁག་ཅིག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་སོང་། དེ་རིང་ཟླ་ ༤ ཚེས་ ༣༠ ཉིན་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་མཇལ་བཅར་ཞུ་མཁན་ཁོངས་སུ་རྒྱ་གར་ BJP གཞུང་འཛིན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Ramesh Bais ལགས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་ ༡༥ དང་། དེ་བཞིན་ Parliamentary Committee on Social Justice and empowerment འམ་གྲོས་ཚོགས་སྤྱི་ཚོགས་ཀྱི་དྲང་བདེན་དང་ནུས་སྟོབས་གོང་འཕེལ་ཚན་པའི་ངེས་སྟོན་པ་སྐུ་ཞབས་ Ashok sajwan ལགས་ཀྱིས་སྣེ་ཁྲིད་པའི་འབྲེལ་ཡོད་ལས་བྱེད་བཅས་ཁྱོན་གཞུང་གྱི་གནད་ཡོད་མི་སྣ་ ༢༥ ཆེད་བཅར་ཞུས་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲོས་ཚོགས་འཐུས་མི་རྣམ་པར་༸གང་ཉིད་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ནས་བཞུགས་སྒར་དྷ་སར་ད་བར་ལོ་ངོ་ ༥༩ ལྷག་རིང་བཞུགས་ཞག་མཛད་པར་བརྟེན། དྷ་ས་འདི་མགོན་པོ་མཆོག་གི་བཞུགས་གནས་ཆགས་ཡོད་པ་དང། ད་རེས་གྲོས་ཚོགས་འཐུས་མི་རྣམ་པ་བཞུགས་སྒར་དུ་མགོན་པོ་༸གང་ཉིད་མཆོག་གི་མཇལ་ཁ་ཞུ་བར་ཆེད་བཅར་གནང་བར་འཚམས་འདྲི་གནང་བ་དང་སྦྲགས། ༸གང་ཉིད་མཆོག་༸སྐུ་ན་ཕྲ་མོ་སྐབས་ནས་མང་གཙོའི་ལམ་སྲོལ་ལ་ཡིད་སྨོན་གནང་བཞིན་ཡོད་པ་དང། རྒྱ་གར་དེ་ཡང་འཛམ་གླིང་ཁྲོད་མང་གཙོའི་རྒྱལ་ཁབ་ཆེ་གྲས་ཤིག་ཡིན་པར་ཡི་རང་བསྔགས་བརྗོད་ཀྱང་མཛད་འདུག ལྷག་པར་དུ་༸གོང་ས་མཆོག་གིས་གྲོས་ཚོགས་འཐུས་མི་རྣམ་པར་༸གང་ཉིད་མཆོག་ནས་དེ་སྔ་ ༡༩༥༦ ལོ་ནས་ད་བར་རྒྱ་གར་གྱི་སྲིད་བློན་རིམ་པ་མཇལ་མོལ་བྱུང་བའི་སྔ་རྗེས་ཀྱི་ལོ་རྒྱུས་དང་། འདས་པའི་ལོ་ངོ་ ༢༠༠༠ ལྷག་གི་ལོ་རྒྱུས་ལྡན་པའི་རྒྱ་གར་གྱི་གནའ་བོའི་རིག་གནས་དང་དེ་འབྲེལ་སེམས་ཁམས་རིག་པ་དང་ཚད་རྡུལ་དངོས་ཁམས་རིག་པ་བཅས་ལེགས་བྱང་གི་རིན་ཐང་དང་གལ་གནད་སྐོར་ལམ་སྟོན་མཛད་པ་མ་ཟད།  མགོན་པོ་མཆོག་གི་ཐུགས་བསྐྱེད་མཛད་ཁུར་དམ་བཅའ་བཞི་པ་སྟེ། དེང་སྐབས་རྒྱ་གར་གྱི་གནའ་བོའི་རིགས་གནས་དེ་དག་བསྐྱར་གསོ་དང་རྒྱ་གར་མང་ཚོགས་ཁྲོད་གོ་རྟོགས་ཡོང་སླད་འབད་བརྩོན་གནང་བཞིན་ཡོད་སྐོར་བཀའ་བསྩལ་འདུག ཁྱད་པར་དུ་༸གོང་ས་མཆོག་གིས་སྤྱི་ཚོགས་ཁྲོད་ཀྱི་མང་ཚོགས་ཚང་མར་འདྲ་མཉམ་ལྟ་ཚུལ་འཛིན་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ཉེ་སྔོན་Chilkur Balaji  དགོན་པའི་ཆོས་དཔོན་ Archaka CS Rangarajan མཆོག་ནས་རྒྱ་གར་གྱི་རིགས་དམན་དཱ་ལིཏ་གྱི་དད་ལྡན་ལ་བྱམས་སྐྱོང་གནང་བའི་ཕྱག་བཞེས་ལ་ཆེས་བསྟོད་མཛད་པ་དང་ཆབས་ཅིག རྩ་བའི་རྒྱ་གར་སྤྱི་ཚོགས་ཁྲོད་རིགས་རུས་དབྱེ་འབྱེད་ཀྱི་ལམ་སྲོལ་དེ་ནི་རྒྱ་གར་གྱི་རིག་གཞུང་གི་ཆ་ཤས་ཡིན་པ་དེ་ལྟར་ཡང་། ད་ལྟའི་དུས་སྐབས་འདིར་ལམ་སྲོལ་རྙིང་པ་འཛིན་བཞིན་པའི་དུས་ཚོད་དེ་རྫོགས་ཟིན་པ་དང་ལམ་སྲོལ་དེ་ངེས་པར་དུ་བསྒྱུར་བཅོས་ཤིག་གཏོང་དགོས་པར་བཀའ་ནན་བསྩལ་འདུག ༸གོང་ས་མཆོག་གི་མཇལ་བཅར་ཞུ་བར་སྣེ་ཁྲིད་གནང་མཁན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ramesh Bais ལགས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བ་དང་འབྲེལ་ང་ཚོ་གྲོས་ཚོགས་འཐུས་མི་ཚོས་རྒྱུན་རིང་པོ་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་བྱུང་ན་བསམ་པའི་རེ་འདོད་ཆེན་པོ་བྱེད་དོན་བཞིན་དེ་རིང་དངོས་སུ་བསམ་དོན་གྲུབ་པ་བྱུང་སྟབས་དགའ་ཚོར་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་སོང་། ལྷག་དོན་མཇལ་འཕྲད་སྐབས་༸གོང་ས་མཆོག་གིས་ང་ཚོ་གྲོས་ཚོགས་འཐུས་མི་ཚོ་དང་ལྷན་མཇལ་བཅར་ཞུས་པ་དེ་བྱིན་རླབས་ཆེན་པོ་དང་བཀའ་མོལ་ལྷུག་པོ་བྱུང་སོང་ཞེས་གསུངས་ཡོད།

བོད་རྒྱ་གཉིས་དབར་གྱི་དཀའ་རྙོག་སེལ་རྒྱུར་ཐུགས་ཕན་གསོས་ཚེ་ཐབས་ཤེས་གང་ཐུབ་ཞུ་རྒྱུ་ཡིན།

ཕ་རན་སི་སྲིད་འཛིན་ Emanuel Macron མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་འཚམས་གཟིགས་གནང་སྐབས་བོད་རྒྱ་གཉིས་དབར་གྱི་དཀའ་རྙོག་སེལ་རྒྱུའི་ཆེད་གལ་ཏེ་ཕ་རན་སི་གཞུང་གི་ངོས་ནས་ཐུགས་ཕན་གསོས་ཚེ་ཐབས་ཤེས་གང་ཐུབ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག སྲིད་འཛིན་ Macron མཆོག་དེང་སྐབས་ཨ་རིའི་ནང་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་བཞིན་པ་དང་བསྟུན།  ཁ་སང་ཚེས་ ༢༥ ཉིན་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་George Washington གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་དང་ལྷན་བགྲོ་གླེང་གནང་སྐབས་སློབ་ཕྲུག་ཞིག་གིས་ཕ་རན་སིའི་སྲིད་འཛིན་གོང་མ་ Hollande མཆོག་གིས་དེ་སྔོན་སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་མཛད་སྐབས་མགོན་པོ་༸གང་ཉིད་མཆོག་དང་ལྷན་མཇལ་མོལ་གནང་མེད་པ་ལྟར་སྲིད་འཛིན་མེག་རོན་མཆོག་ནས་མ་འོངས་པར་དེ་ལྟར་གནང་རྒྱུ་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར་སྲིད་འཛིན་མཆོག་ནས་དེ་སྔ་ཁོང་སྲིད་འཛིན་གྱི་འོས་མི་ཡིན་པའི་སྐབས་༸མགོན་པོ་མཆོག་དང་མཇལ་མོལ་ཞུས་མྱོང་ཡོད་སྐོར་གསུངས་པ་དང་སྦྲགས། ༸གོང་ས་མཆོག་ནི་གཞན་ལ་སེམས་སྐུལ་སྤེལ་ཐུབ་མཁན་གྱི་སྐྱེས་བུ་རླབས་ཆེན་ཞིག་ཡིན་པ་དེ་ལྟར་ཡང་ད་ཆ་ཁོང་ཕ་རན་སི་སྲིད་འཛིན་ཡིན་པའི་ཆ་ནས་རྒྱ་གཞུང་དང་གྲོས་མོལ་མི་གནང་བར་༸གང་ཉིད་མཆོག་དང་མཇལ་འཕྲད་ཞུ་ཚེ་རྙོག་གྲ་ཡོང་རྒྱུ་ཉག་གཅིག་ཡིན་པ་དང་། ཆ་རྐྱེན་སོགས་གང་ཡང་མེད་པར་རྒྱ་གཞུང་ལ་བརྡ་ལན་ཙམ་ཞིག་སྤྲོད་རྒྱུ་ཁོ་ནར་གཟིགས་ནས་༸གོང་ས་མཆོག་དང་མཇལ་འཕྲད་གནང་བ་ཡིན་ན་དེས་ཕ་རན་སི་རྒྱལ་ཁབ་དང་རྒྱ་ནག་གཉིས་ཀྱི་འབྲེལ་བར་གནོད་ངེས་ཡིན་པ་དང་ཕ་རན་སི་མི་མང་ལའང་ཕན་ཐོགས་ཡོང་རྒྱུ་མེད་སྐོར་གསུངས་འདུག འོན་ཀྱང་སྲིད་འཛིན་མེག་རོན་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ནས་བོད་ཀྱི་གནད་དོན་སེལ་རྒྱུའི་འདུན་པ་ཡོད་པ་ཞིག་རྟོགས་ཐུབ་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་འབྲེལ་ཏེ་ཕ་རན་སི་གཞུང་གི་ངོས་ནས་བོད་རྒྱ་ཕྱོགས་གཉིས་དབར་གྱི་དཀའ་རྙོག་སེལ་བར་ཕན་ཐོགས་ཐུབ་ཚེ་སྲིད་འཛིན་ཡིན་པའི་ཆ་ནས་ཐབས་ཤེས་གང་ཐུབ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

༸གོང་ས་མཆོག་གིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡིན་པ་བཀའ་བསྩལ་བ།

དེ་རིང་ཟླ་ ༤ ཚེས་ ༢༥ ཉིན་གུང་ཚོུད་ ༡༢།༠༠ ཡོལ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་གི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་གཉེར་བ་དང་མང་ཚོགས་བཅས་ལ་ལམ་སྟོན་བཀའ་སློབ་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་ནས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་གནང་སོང་། ༸གོང་ས་༸སྐྱབས་མགོན་ཆེན་མཆོག་གིས་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་འཚམས་སུ་ཕྱི་ནང་གི་གསར་འགོད་པའི་བཅར་འདྲི་དང་ལེན་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ནས་ངོས་འཛིན་གནང་བའི་༸པཎ་ཆེན་རིན་པོ་ཆེ་མཆོག་དང་འབྲེལ་བའི་ད་བར་གནས་ཚུལ་གང་ཡང་ཐོན་གྱི་མེད་སྐོར་བཀའ་བསྩལ་བ་དང་སྦྲགས། ཁུངས་ལྡན་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་ད་ལྟ་སྐུ་འཚོ་བཞུགས་ཡིན་པ་བཀའ་བསྩལ་སོང་། ལྷག་དོན་༸གང་ཉིད་མཆོག་གིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དེ་ནི་རྩོད་གཞི་ཅན་ཞིག་ཡིན་པ་དང་། རྒྱ་གཞུང་གིས་ངོས་འཛིན་བྱས་པའི་༸པཎ་ཆེན་རིན་པོ་ཆེ་ནི་དགེ་རྒན་ཡག་པོ་ཞིག་གི་ལམ་སྟོན་འོག་སློབ་གཉེར་ཡག་པོ་གནང་གི་ཡོད་པར་ཐུགས་རེ་ཡོད་པ་བཀའ་བསྩལ་བ་མ་ཟད། རྩ་བའི་བོད་ནང་ལོ་རབས་བརྒྱ་ཕྲག་གཅིག་གི་གོང་ལ་ཆེས་སྙན་གྲགས་ཡོད་པའི་འཇམ་མགོན་མཁྱེན་བརྩེ་དབང་པོ་མཆོག་གི་ཡང་སྲིད་ལྔ་འཁྲུངས་མྱོང་ཡོད་པ་བཞིན་དེ་ལྟར་ཡང་སྲིད་ཕེབས་ཆོག་གི་ཡོད་པ་བཀའ་བསྩལ་ཡོད། གཞི་རྩའི་༸གོང་ས་མཆོག་ཟླ་བ་འདིའི་ཚེས་ ༢༡ ཉིན་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཆིབས་བསྒྱུར་གྱིས་ཟླ་ ༤ ཚེས་ ༢༢ ཉིན་ནས་ཚེས་ ༢༤ བར་མཛད་འཆར་བསྐྱངས་ཡོད་པ་རེད། དེའང་གོ་ལའི་མཐུན་འབྲེལ་གོང་འཕེལ་ཡོང་ཐབས་སུ་རིག་གཞུང་དང་ཀུན་སྤྱོད་ཀྱི་ཁྱད་སྤྱོད་ཐོག་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་བ་དང་། དེ་རྗེས་ Lal Bahadur Shastri འཛིན་སྐྱོང་སྡེ་གནས་ཁང་གི་ལོ་འཁོར་བསླབ་པ་མཐར་སོན་གྱི་སྐུ་མགྲོན་གཙོ་བོར་དབུ་བཞུགས་ཀྱིས་རྒྱ་གར་གྱི་སྲོལ་རྒྱུན་སེམས་ཁམས་རིག་པ་གཙོ་གྱུར་ལེགས་བཤད་དེ་དག་ནི་འཛམ་གླིང་རྒྱལ་ཁབ་གཞན་ལ་མིག་དཔེ་འོས་པ་ཞིག་ཡིན་སྐོར་ལམ་སྟོན་མཛད་ཡོད། IIT འཕྲུལ་རིགས་བསྟི་གནས་ཁང་གི་ Dogra  ཞེས་པའི་ཚོགས་ཁང་དུ་དགེ་ལས་སློབ་གཉེར་བ་རྣམས་ཀྱིས་གཙོས་པའི་གནད་ཡོད་མི་སྣ་དང་། དེ་བཞིན་མང་ཚོགས་བཅས་ཁྱོན་མི་གྲངས་ཆིག་སྟོང་ལྔ་བརྒྱ་ལྷག་ལ་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལས་འཚེ་མེད་ཞི་བ་དང་ཆོས་ལུགས་རིས་མེད་སོགས་ཀྱི་བཟང་པོའི་ཡོན་ཏན་གྱི་ཁྱད་ཆོས་ཁག་དྲན་སྐུལ་དང་སྦྲགས་ཏེ་འཛམ་བུ་གླིང་ནང་ཞི་བདེ་ཡོང་ཐབས་སུ་རྒྱ་གར་ལ་རོགས་ཕན་ཐུབ་པའི་ནུས་པ་ལྡན་ཡོད་པ་བཀའ་བསྩལ་བ་མ་ཟད། རྒྱ་གར་བ་ཚོས་ཀྱང་རིག་གཞུང་བཟང་པོའི་ནུས་པ་དེ་ལྡན་ཡོད་པའི་ཡིད་ཆེས་ཐོག་ནས་སྤྱི་ཚོགས་ནང་སེམས་ཀྱི་བདེ་སྐྱིད་ཐོག་ཞབས་འདེགས་བསྒྲུབ་ཐུབ་པ་གནང་དགོས་གལ་ཡིན་པ་སོགས་ལམ་སྟོན་རྒྱ་ཆེ་བསྩལ་ཡོད་པ་རེད།

འཛམ་གླིང་ནང་ཞི་བདེ་ཡོང་ཐབས་སུ་རྒྱ་གར་རིག་གཞུང་གིས་རོགས་ཕན་ཐུབ་ཀྱི་རེད།

དེ་རིང་ཟླ་ ༤ ཚེས་ ༢༤ ཉིན་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Velocity48 ཚོགས་པས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སེམས་ངལ་མེད་པའི་མི་ཚེ་བདེ་སྐྱིད་ཐོག་བཀའ་སློབ་བཀྲིན་བསྩལ་གནང་ཡོང་བར་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། མགོན་པོ་༸གང་ཉིད་མཆོག་གིས་འཕྲུལ་རིག་སྦྱོང་བརྡར་བསྟི་གནས་ཁང་གི་ Dogra  ཞེས་པའི་ཚོགས་ཁང་དུ་དགེ་ལས་སློབ་གཉེར་བ་རྣམས་ཀྱིས་གཙོས་པའི་གནད་ཡོད་མི་སྣ་དང་། དེ་བཞིན་མང་ཚོགས་བཅས་ཁྱོན་མི་གྲངས་ཆིག་སྟོང་ལྔ་བརྒྱ་ལྷག་ལ་ལམ་སྟོན་བཀའ་སློབ་བསྩལ་ཡོད་པ་རེད། ༸གོང་ས་མཆོག་གིས་སྐབས་བབ་ཀྱི་བརྗོད་གཞི་དང་འབྲེལ་ནས་ཆོས་དང་མ་འབྲེལ་བའི་བཟང་པོའི་ཡིན་ཏན་གྱི་ཁྱད་ཆོས་དང་ཆོས་ཕྱོགས་ཀྱི་ཐོག་ནས་དད་པ་ལྡན་པའི་མི་ཞིག་ནས་རྒྱུན་ལྡན་འཚོ་བའི་བྱ་སྤྱོད་འཁྱེར་ཕྱོགས།  ནང་ཆོས་ཀྱི་ཐོག་ནས་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་ལ་ཇི་ལྟར་ངོས་འཛིན་གནང་ཕྱོགས་བཅས་ཀྱི་ཐོག་ལམ་སྟོན་གནང་བ་མ་ཟད། རྒྱ་གར་གྱི་གནའ་བོའི་རིག་གཞུང་ལས་འཚེ་མེད་ཞི་བ་དང་ཆོས་ལུགས་རིས་མེད་སོགས་ཀྱི་བཟང་པོའི་ཡོན་ཏན་གྱི་ཁྱད་ཆོས་ཁག་དྲན་སྐུལ་དང་སྦྲགས་ཏེ་འཛམ་བུ་གླིང་ནང་ཞི་བདེ་ཡོང་ཐབས་སུ་རྒྱ་གར་ལ་རོགས་ཕན་ཐུབ་པའི་ནུས་པ་ལྡན་ཡོད་སྐོར་བཀའ་བསྩལ་ཡོད། རྒྱ་གར་བ་ཁྱེད་རང་ཚོར་ཕ་མེས་ནས་བརྒྱུད་པའི་བཟང་པོའི་ཡོན་ཏན་དེ་མི་ཚེའི་ཆ་ཤས་ཤིག་ཡིན་སྟབས་དེ་དག་ལ་དོ་སྣང་བྱས་ནས་སྣེ་ཁྲིད་ཐུབ་པ་ཞིག་བྱེད་དགོས། ལུང་པ་འདི་རྒྱལ་ཁབ་གཞན་དང་བསྡུར་བ་ཡིན་ན་མི་འབོར་མང་ཤོས་ཀྱི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པ་དང་། འཚེ་མེད་ཞི་བའི་ལྟ་གྲུབ་སོགས་ཀྱི་རིག་གཞུང་བཟང་པོའི་ཁྱད་ཆོས་དེ་དག་ལྡན་ཡོད་པས་རྒྱལ་ཁབ་གཞན་ལས་ཞི་བདེ་ལྷིང་འཇགས་ཆེ་བ་ཡོད་རེད།  དེས་ན་རྒྱ་གར་གིས་འཛམ་བུ་གླིང་འདིའི་ཐོག་ཞི་བདེ་ཡོང་ཐབས་སུ་ལས་འགན་ཆེན་པོ་བསྒྲུབ་ཐུབ་པར་དགོངས་བཞེས་གནང་གི་ཡོད་པ་བཀའ་བསྩལ་བ་མ་ཟད་རིག་གཞུང་བཟང་པོའི་ནུས་པ་དེ་ལྡན་ཡོད་པའི་ཡིད་ཆེས་ཐོག་ནས་སྤྱི་ཚོགས་ནང་སེམས་ཀྱི་བདེ་སྐྱིད་ཐོག་ཞབས་འདེགས་བསྒྲུབ་ཐུབ་པ་གནང་དགོས་གལ་ཡིན་པ་སོགས་ལམ་སྟོན་རྒྱ་ཆེ་བསྩལ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་འགྲོ་བ་མིའི་རིགས་ལ་སེམས་ཅན་གཞན་དང་མི་འདྲ་བར་རིག་པའི་རྣམ་དཔྱོད་བེད་སྤྱོད་ཐུབ་པའི་ནུས་པ་དམིགས་བསལ་བ་ཞིག་ལྡན་ཡོད་སྟབས། རྒྱུན་དུ་ང་ཚོས་ཁོང་ཁྲོ་དང་། ང་རྒྱལ།  ཕྲག་དོག་སོགས་ལ་བསམ་བློ་གཏང་ཚེ་དེ་དག་ནི་ཕན་ཐོགས་རྩ་བ་ནས་མེད་པ་ཞིག་རེད། དེ་ལས་དེ་དག་གི་གཉེན་པོ་བྱམས་པ་དང་སྙིང་རྗེ། བཟོད་སྒོམ་སོགས་ལ་བསམ་བློ་གཏང་ན་སོ་སོ་རང་ཉིད་ཙམ་མ་ཟད་རིམ་པས་སྤྱི་ཚོགས་ཁྱོན་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་པས་དེ་ལྟར་གནང་དགོས་གལ་ཡིན་པ་སོགས་ཀྱི་ལམ་སྟོན་བཀའ་སློབ་བཀྲིན་ཆེ་བ་བསྩལ་ཡོད་པ་རེད། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་མཛད་འཆར་དེའི་ཐོག་མི་གྲངས་ཆིག་སྟོང་ལྔ་བརྒྱ་ལྷག་ཕེབས་ཡོད་པའི་ཁྲོད་མང་དག་ཞིག་ནི་ད་ལན་༸གང་ཉིད་མཆོག་གི་མཇལ་ཁ་དང་བཀའ་སློབ་གསན་རྒྱུ་བྱུང་བ་ཐེངས་དང་པོ་ཆགས་ཀྱི་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚེས་ ༢༡ ཉིན་རྒྱལ་ས་ལྡི་ལིར་༸ཞབས་སོར་འཁོད་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ནས་ཐོག་མར་ནེཧརུ་དྲན་རྟེན་འགྲེམས་སྟོན་དང་དཔེ་མཛོད་ཁང་དུ་ལམ་སྟོན་བཀའ་སློབ་བསྩལ་བ་དང་། དེ་རྗེས་ཁ་སང་ཚེས་ ༢༣ ཉིན་རྒྱལ་ས་ལྡི་ལིའི་ Dwarka ཞེས་པའི་ས་གནས་ཁུལ་དུ་རྟེན་གཞི་བྱས་པའི་ལཱལ་བྷ་ཧཱ་དུར་ཤཱསྟྲཱི་ Lal Bahadur Shastri འཛིན་སྐྱོང་སྡེ་གནས་ཁང་གི་ལོ་འཁོར་བསླབ་པ་མཐར་སོན་གྱི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་མཛད་དེ་བཀའ་སློབ་བཀྲིན་བསྩལ་ཡོད། དེ་རིང་ཚེས་ ༢༤ ཉིན་ལྡི་ལིའི་  IIT འཕྲུལ་རིག་སློབ་གཉེར་ཁང་གི་མཛད་རིམ་བཅས་ལྡི་ལིའི་ཁུལ་གྱི་མཛད་འཆར་ཁག་ལེགས་གྲུབ་གནང་ཡོད་པ་དང་། སང་ཉིན་ཚེས་ ༢༥ ཉིན་མགོན་པོ་༸གང་ཉིད་མཆོག་བཞུགས་སྒར་དྷ་སར་ཆིབས་ཞལ་བསྒྱུར་གནང་གི་ཡོད་པ་རེད།

ཁྱིམ་མཚེས་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་ལམ་དམ་ཟབ་དགོས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དཱི་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གཉིས་གཟའ་འཁོར་འདིའི་ནང་མཇལ་མོལ་གནང་རྒྱུ་ཡིན་པ་དེར་དགའ་བསུའི་བསྔགས་བརྗོད་གནང་བ་དང་འབྲེལ། ཁྱིམ་མཚེས་རྒྱལ་ཁབ་ཕན་ཚུན་དབར་འབྲེལ་ལམ་དམ་ཟབ་དགོས་གལ་ཡིན་པ་བཀའ་བསྩལ་འདུག དེ་ཡང་ཁ་ཉིན་རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་གཉིས་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་ཐོག་རིང་མིན་ཟླ་བ་འདིའི་ཚེས་ ༢༧ དང་ ༢༨ ཉིན་ཡུལ་གཉིས་ཀྱི་དབུ་ཁྲིད་རྣམ་གཉིས་དབར་མཇལ་མོལ་གནང་རྒྱུ་ཡིན་པ་གསལ་བསྒྲགས་སྤེལ་བ་ལྟར། རྒྱ་གར་གྱི་ ANI གསར་ཁང་གིས་༸གོང་ས་མཆོག་ལ་གནད་དོན་དེའི་སྐོར་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་ད་རེས་དབུ་ཁྲིད་རྣམ་གཉིས་མཇལ་མོལ་གནང་རྒྱུ་དེ་ནི་ཧ་ཅང་ཡག་པོ་ཡིན་པ་དང་། ཁྱིམ་མཚེས་རྒྱལ་ཁབ་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་ཐོག་གནས་དགོས་སྟབས་ནང་མི་བཞིན་གནས་ཐུབ་ཚེ་ལེགས་སྐོར་བཀའ་བསྩལ་འདུག རྩ་བའི་མོ་དཱི་མཆོག་དང་ཞི་ཅིང་ཕིང་རྣམ་གཉིས་ཀྱི་ཐེངས་འདིའི་མཇལ་མོལ་དེ་ཡུལ་གཉིས་དབར་འབྲོག་ལམ་ས་མཚམས་ཀྱི་རྩོད་རྙོག་བྱུང་བ་ནས་བཟུང་མཇལ་མོལ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད།  གནད་དོན་དེ་དང་འབྲེལ་ནས་ལྕམ་ Swaraj མཆོག་གིས་དབུ་ཁྲིད་རྣམ་གཉིས་དབར་གྱི་མཇལ་མོལ་དེ་ནི་ཕྱོགས་གཉིས་ཀྱི་འབྲེལ་ལམ་དམ་ཟབ་ཏུ་གཏོང་རྒྱུར་ཆེད་དམིགས་གཙོས་གཉིས་སྨན་འབྲེལ་ལམ་དང་རྒྱལ་སྤྱིའི་གནད་དོན་ཁག་ཅིག་གི་ཐོག་བསམ་ཚུལ་བརྗེ་ལེན་གྱི་དུས་སྐབས་བཟང་པོ་ཞིག་ཡིན་སྐོར་གསུངས་ཡོད་པ་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang yi ནས་ཀྱང་དབུ་ཁྲིད་རྣམ་གཉིས་ནས་མཇལ་མོལ་དེ་ནི་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཐད་ལ་ལོ་རྒྱུས་ཀྱི་མཚམས་རྡོ་ལྟ་བུ་ཞིག་ཆགས་ཀྱི་ཡོད་པར་འགྲེལ་བརྗོད་གནང་འདུག

༸གོང་ས་མཆོག་གིས་ཆོས་དཔོན་ Archaka CS Rangarajan  མཆོག་ལ་མངོན་བསྟོད་ཀྱི་ཕྱག་ཡིག་བསྩལ་བ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་རེས་གཟའ་པ་སངས་ཉིན་ Chilkur Balaji  དགོན་པའི་ཆོས་དཔོན་ Archaka CS Rangarajan མཆོག་ནས་རྒྱ་གར་གྱི་རིགས་དམན་དཱ་ལིཏ་གྱི་དད་ལྡན་ལ་བྱམས་སྐྱོང་གནང་བའི་ཕྱག་བཞེས་ལ་མངོན་བསྟོད་ཀྱི་ཕྱག་ཡིག་ཞིག་བསྩལ་འདུག དེའང་རྒྱ་གར་ལྷོ་ཕྱོགས་ཏེ་ལཾ་གཱ་ནཱ་མངའ་སྡེའི་ Hyderabad གྲོང་ཁྱེར་ Jiyaguda ནང་རྟེན་གཞི་བྱས་པའི་ Chilkur Balaji  དགོན་པའི་ཆོས་དཔོན་ Archaka CS Rangarajan  མཆོག་གིས་ཟླ་ ༤ ཚེས་ ༡༧ ཉིན་རྒྱ་གར་གྱི་རིགས་དམན་དཱ་ལིཏ་གྱི་དད་ལྡན་ Aditya ཞུ་བ་ཞིག་རང་ཉིད་ཀྱི་དཔུང་སྟེང་དུ་བཞག་ནས་ Chilkur Balaji  དགོན་པར་འཁྱེར་ནས་དཀོན་མཆོག་གི་སྤྱན་ལ་འགྲོ་བ་མི་ཚང་མ་གཅིག་གྱུར་ཡིན་པའི་རྣམ་པ་མངོན་གསལ་གནང་ཡོད་པ་ལྟར། ༸གོང་ས་མཆོག་གིས་ཁོང་ལ་མངོན་བསྟོད་ཀྱི་ཕྱག་ཡིག་ཞིག་བསྩལ་བའི་ནང་མགོན་པོ་༸གང་ཉིད་མཆོག་ཐུགས་འགུལ་ཆེན་པོ་ཐེབས་སྐོར་བཀའ་བསྩལ་གནང་འདུག ༸གོང་ས་མཆོག་གིས་ཆོས་དཔོན་སྐུ་ཞབས་ CS Rangaranjan མཆོག་ནས་ད་ལན་རིགས་དམན་སྐྱེས་བུར་གཅིག་གྱུར་གྱི་ཕྱག་བཞེས་གནང་བ་དེས་མང་ཚོགས་དུ་མར་སེམས་འགུལ་ཆེན་པོ་ཐེབས་གཞི་ཞིག་དང་ལྷག་དོན་འགྲོ་བ་མིའི་སྤྱི་ཚོགས་ཁྱོན་གོང་འཕེལ་ཡོང་བར་བླ་མེད་མིག་དཔེ་ཞིག་འཇོག་གནང་སྐོར་བཀའ་བསྩལ་འདུག ལྷག་པར་དུ་༸གོང་ས་མཆོག་གིས་ད་རས་ཀྱི་གོ་སྐབས་དེའི་བརྒྱུད་མགོན་པོ་༸གང་ཉིད་མཆོག་རྒྱ་གར་གྱི་ཆོས་ལུགས་ཀུན་ལ་གུས་བརྩི་དང་རིག་གཞུང་སྣ་མང་གི་སྤྱི་ཚོགས་ནང་ཆིག་སྒྲིལ་བསྐྲུན་ཐུབ་པའི་རང་བཞིན་ལ་ཐུགས་སྤོབས་ཆེན་པོ་གནང་བཞིན་ཡོད་སྐོར་བཀའ་བསྩལ་འདུག རྩ་བའི་ཆོས་དཔོན་ Archaka CS Rangarajan མཆོག་གིས་ད་ལན་རིགས་དམན་དཱ་ལིཏ་གྱི་ཨཱ་དིཏྱ་ལ་གནང་བ་ནི་དེ་སྔོན་ཕྱི་ལོ་ ༢༧༠༠ གོང་ལ་ Sanatana Dharma འམ་གཡུང་དྲུང་ཆོས་ཀྱི་ནང་གསུངས་པ་ལྟར་འབྱུང་པོ་ཀུན་ལ་མཉམ་པ་བལྟ་ཞེས་པ་ལྟར་འགྱུར་མེད་གཡུང་དྲུང་ཆོས་དེ་བསྐྱར་འཕེལ་བ་གནང་བ་ཞིག་ཡིན་སྐོར་གསུངས་ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་ཀྱི་མང་ཚོགས་ཀྱི་ཁྲོད་ནས་ཆོས་དཔོན་ཁོང་གི་ཕྱག་བཞེས་ལ་ཡི་རང་བསྔགས་བརྗོད་ཞུ་མཁན་བྱུང་ཡོད་པ་རེད། གཞི་རྩིའི་༸གོང་ས་མཆོག་གིས་དུས་ནས་དུས་སུ་འགྲོ་བ་ཀུན་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་བཀའ་བསྩལ་བ་མ་ཟད། ཁྱད་པར་དུ་འགྲོ་བ་མི་ཚང་མ་གཅིག་གྱུར་ཡིན་པའི་ལམ་སྟོན་བསྩལ་བ་ལྟར་སྔ་ལོའི་ཟླ་ ༥ པའི་ནང་རྒྱ་གར་གྱི་རྩ་ཁྲིམས་གསར་བཟོ་གནང་མཁན་དང་སྤྱི་ཚོགས་དྲང་བདེན་དང་ཕོ་མོ་འདྲ་མཉམ་བཅས་ཀྱི་ཐོག་ཆེས་མཛད་རྗེས་སྙན་གྲགས་ཆེ་བའི་རྒྱ་གར་གྱི་དབུ་ཁྲིད་ Dr.B.R. Ambedkar དམ་པ་དེ་ཉིད་སྐུ་འཁྲུངས་ནས་ལོ་ ༡༢༥ འཁོར་བའི་གཞུང་འབྲེལ་མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུ་བཞུགས་ཀྱི་བཀའ་སློབ་བསྩལ་བ་ལས་སྤྱིར་རིགས་དམན་པར་དབྱེ་འབྱེད་དང་མཐོང་ཆུང་བྱེད་པ་དེ་ནི་ཆོས་ལུགས་ནང་ནས་བྱུང་བ་ཞིག་མིན་པར་དེ་ནི་མིའི་སྤྱི་ཚོགས་དང་བསམ་བློ་གཏོང་སྟངས་ཐོག་ནས་བྱུང་བ་ཞིག་ཡིན་སྟབས། ད་ལྟའི་དུས་འདིར་ལམ་ལུགས་དེ་དག་རྩ་བ་ནས་མེད་པ་བཟོ་དགོས་པར་ལམ་སྟོན་མཛད་ཡོད། དེ་བཞིན་ཉེ་ཆར་ཟླ་ ༤ ཚེས་ ༡༦ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་དབུ་གཡབ་ཏུ་རྒྱ་གར་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ ༦༩ ནས་ཕེབས་པའི་མང་ཚོགས་ ༡༥༠༠ ལྷག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་སྐབས་རྒྱ་གར་ནང་ད་དུང་ཡང་རིགས་རུས་དབྱེ་འབྱེད་ཀྱི་ལམ་སྲོལ་དེ་མུ་མཐུད་ནས་གནས་ཡོད་པ་དེ་དག་དེང་སྐབས་རྒྱ་གར་གྱི་རྩ་ཁྲིམས་ནང་དུ་ཚང་མར་ཐོབ་ཐང་འདྲ་མཉམ་ཡོད་པ་འཁོད་ཡོད་པ་ལྟར་ལམ་སྲོལ་ངན་པ་དེ་དོར་བའི་དུས་ལ་བབ་ཡོད་པ་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད།

༸གོང་ས་མཆོག་གིས་བྱང་ཀོ་རི་ཡས་གོ་མཚོན་བཀག་སྡོམ་གནང་བར་འཚམས་འདྲི་མཛད་པ།

བོད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཟླ་ ༤ ཚེས་ ༢༢ རེས་གཟའ་ཉི་མའི་ཉིན་རྒྱལ་ས་ལྡི་ལི་ནས་བྱང་ཀོ་རི་ཡས་གོ་མཚོན་བཀག་སྡོམ་གནང་རྒྱུའི་ཡོངས་ཁྱབ་ཞིག་སྤེལ་བར་ཐུགས་དགྱེས་ཚོར་ཆེན་པོས་འཚམས་འདྲི་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དེའི་ནང་། བྱང་ཀོ་རི་ཡའི་གཞུང་གིས་གོ་མཚོན་དང་མེ་ཤུགས་འཕུར་མདའ་སོགས་ཚོད་ལྟའི་ལས་དོན་ཡོངས་རྫོགས་འཕྲལ་མར་ཉིད་དུ་བཀག་སྡོམ་བྱ་རྒྱུའི་གསལ་བསྒྲགས་སྤེལ་བ་མ་ཟད། ལྷག་དོན་དེ་ལྟ་བུའི་ཐག་གཅོད་དེ་ནི་ཕན་ཚུན་དབར་གྲོས་མོལ་གྱི་ཐོག་ནས་གྲུབ་འབྲས་ཐོན་པ་ཞིག་ཡིན་སྟབས། མགོན་པོ་༸གང་ཉིད་མཆོག་ལ་ཐུགས་འགུལ་ཆེན་པོ་ཐེབས་སྐོར་བཀའ་བསྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་རིང་མིན་ལྷོ་བྱང་ཀོ་རི་ཡ་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་མཇལ་འཕྲད་གནང་འཆར་ཡོད་པ་མ་ཟད། དེ་རྗེས་བྱང་ཀོ་རི་ཡ་དང་ཨ་རིའི་སྲིད་འཛིན་དབར་ཆེས་མཐོའི་དཔོན་རིགས་ཀྱི་ལྷན་ཚོགས་ཤིག་གནང་གཏན་ཁེལ་བ་ལྟར། ལྷན་ཚོགས་དེའི་ཐོག་མཛའ་འབྲེལ་གོང་འཕེལ་དང་། ནང་འགྲིགས། ཕྱི་གསལ་ནང་གསལ་བཅས་ཀྱི་བརྒྱུད་འདས་པའི་དུས་ཡུན་ནང་ཕན་ཚུན་དབར་མི་མཐུན་པའི་གནད་དོན་བྱུང་ཁག་གཙང་བཟོ་ཐུབ་རྒྱུར་ཐུགས་རེ་ཡོད་པ་བཀའ་བསྩལ་འདུག ལྷག་པར་དུ་༸གང་ཉིད་མཆོག་གིས་ཐེངས་འདིའི་གྲོས་མོལ་བརྒྱུད་ལྷོ་བྱང་ཀོ་རི་ཡ་རྒྱལ་ཁབ་གཉིས་པོའི་དབར་ཡིད་ཆེས་ཀྱི་འབྲེལ་ལམ་གསར་བསྐྱར་གསོ་ཐུབ་ཅིང་། རིམ་པས་ཀོ་རི་ཡ་གླིང་ཕྲན་ཁྱོན་ནས་རྡུལ་ཕྲན་མཚོན་ཆ་རྩ་མེད་པ་བཟོ་རྒྱུར་ཐུགས་རེ་ཆེན་པོ་གནང་བཞིན་ཡོད་སྐོར་བཀའ་བསྩལ་འདུག་པ་མ་ཟད། དེ་ལྟ་བུའི་གྲོས་མོས་དེ་ལམ་ལྷོངས་ལྡན་པ་ཞིག་བྱུང་ཚེ་མ་འོངས་པར་ཞི་བདེ་ཐོག་འགྲོ་མིར་མིག་དཔེ་འོས་པ་ཞིག་ཆགས་ཐུབ་རྒྱུ་དང་། ཁྱད་པར་དུ་གོ་ལའི་ཁྱོན་ནས་གོ་མཚོན་འཕྱིར་འདོན་བྱ་རྒྱུར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཐུབ་པར་ལམ་སྟོན་མཛད་ཡོད་པ་རེད། ༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ནི་གོ་ལ་འདིའི་ཐོག་གོ་མཚོན་མེད་པ་བཟོ་ཐབས་སུ་དུས་ཡུན་རིང་པོ་ནས་འབད་བརྩོན་གནང་མཁན་ཞིག་ཡིན་པའི་ཆ་ནས་ད་ལན་གྱི་གནས་ཚུལ་དེའི་བརྒྱུད་རིམ་བཞིན་འཛམ་གླིང་ཐོག་གོ་མཚོན་མེད་ཅིང་ཡང་དག་པའི་ཞི་བདེ་ཡུན་གནས་ཐུབ་རྒྱུར་ཐུགས་རེ་ཡོད་པ་བཀའ་བསྩལ་འདུག

Latest news