Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

འགྲོ་བ་མིའི་བཟང་སྤྱོད་ཐོག་རིན་ཐང་མ་གནང་བ་དེ་དེང་གི་ཤེས་ཡོན་སློབ་གསོའི་ཞན་ཆ་ཡིན་པའི་ལམ་སྟོན་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་བཞུགས་ཐོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དང་རིགས་བདག་ཆེན་མོའི་ལོ་འཁོར་ཚོགས་ཆེན་ཐེངས་ ༩༢ པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཚོགས་འདུའི་ཉིན་གཉིས་པའི་ཐོག་༸གོང་ས་མཆོག་ཤེས་ལྡན་མི་སྣའི་དབར་ལ་འཁྲུག་ཆ་ཆེ་བའི་དུས་སྐབས་འདིར་འགྲོ་བ་མིའི་རིན་ཐང་ལ་དོ་སྣང་གནང་དགོས་གལ་ཡིན་པའི་སྐོར་བཀའ་བསྡུར་མཛད་ཡོད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་སྤྱིར་འགྲོ་བ་མིའི་རང་བཞིན་དེ་བྱམས་སྙིང་རྗེ་ཡིན་པ་དང་། དེའང་ཆོས་ཕྱོགས་དང་འབྲེལ་བ་བཏགས་ནས་བཤད་པ་ཙམ་མིན་པར་ཉེ་དུས་སུ་རྒྱལ་སྤྱིའི་ཚན་རིག་མཁས་པ་ཁག་ཅིག་ནས་སྐད་ཡིག་གང་ཡང་མ་ཤེས་པའི་བྱིས་པ་ཟླ་བ་ལྔ་དྲུག་ཙམ་སོང་ཟིན་ཁག་ཅིག་གི་སེམས་ཁམས་ཀྱི་འཚར་ལོངས་དང་མྱོང་བ་སོགས་ལ་དཔྱད་ཞིབ་གནང་སྐབས། འགྲོ་བ་མིའི་རང་བཞིན་ངོ་མ་དེ་བྱམས་སྙིང་རྗེ་ཡིན་པ་ཡོངས་གྲགས་སུ་བསྒྲུབ་ཡོད་པ་བཀའ་སྩལ་དང་སྦྲགས། རིམ་བཞིན་བྱིས་པ་དེ་དག་སྤྱི་ཚོགས་ནང་འཚར་ལོངས་བྱུང་སྐབས་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་སྟངས། ལྷག་ཏུ་ཁོང་རྣམ་པའི་འཚར་ལོངས་ཐོག་དངོས་སུ་ལག་བསྟར་གནང་བཞིན་པའི་ཤེས་ཡོན་སློབ་གསོ་ཁྲོད་མཐོང་ཆོས་སུ་ཡོད་པའི་ཕྱིའི་དངོས་པོ་གནད་དོན་ཙམ་ལས་འགྲོ་བ་མིའི་རང་བཞིན་ངོ་མ་བྱམས་སྙིང་རྗེ་དང་། དེ་འབྲེལ་བཟང་སྤྱོད་ཐོག་ལ་རིན་ཐང་མ་གནང་བ་དེ་དེང་གི་ཤེས་ཡོན་སློབ་གསོའི་ཞན་ཆ་ཞིག་ཡིན་པའི་ལམ་སྟོན་བསྩལ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱིའི་དངོས་པོ་ཡར་རྒྱས་གཙོ་བོར་དམིགས་པའི་ཤེས་ཡོན་གྱི་ལམ་ལུགས་ཁྲོད་འགྲོ་བ་མིའི་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་དེ་དག་ཀྱང་འཕྲལ་སེལ་གྱི་བདེ་བ་ཁོ་ནའི་ཐོག་སྤྱོད་པ་མ་ཟད། ལྷག་པར་དུ་ང་དང་ཁོ་ཞེས་སྤྱི་ཚོགས་ཁྲོད་དབྱེ་འབྱེད་ཀྱི་རྣམ་པ་ཆེ་རུ་གཏོང་བཞིན་ཡོད་སྟབས། ང་ཚོས་ཤེས་ཡོན་སློབ་གསོ་ཁྲོད་འགྲོ་བ་མིའི་རིན་ཐང་དང་བཟང་སྤྱོད་སྐོར་སློབ་ཁྲིད་གནང་གལ་ཡིན་པར་ལམ་སྟོན་བཀའ་སློབ་རྒྱ་ཆེ་བསྩལ་འདུག གཞན་ཡང་དེ་རིང་ཉིན་གཉིས་པའི་ཐོག་ཨ་རིའི་ Emory གཙུག་ལག་སློབ་གཉེར་ཁང་གི་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་ནས་གཙུག་ལག་སློབ་གཉེར་ཁང་དེས་ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེས་ལྟར་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་གཏོང་ཐབས་དང་འབྲེལ་ཚུལ་སྤྱོད་ཤེས་ཡོན་སློབ་གསོ་ཞེས་པའི་བསླབ་གཞི་གཏན་འབེབས་གནང་ཟིན་སྐོར་ངོ་སྤྲོད་གནང་སོང་བ་མ་ཟད། མ་ཧཱ་རཤ་ཊཱ་མངའ་སྡེ་ནང་ཡོད་པའི་ Mahatma Gandhi Antarrashtriya དབུས་གཙུག་ལག་སློབ་གཉེར་ཁང་དང་། ཨོ་ཌི་ཤ་མངའ་སྡེ་ནང་ཡོད་པའི་ Sambalpur གཙུག་ལག་སློབ་གཉེར་ཁང་གཉིས་ཀྱི་ཉེ་བའི་རིགས་བདག་སྐུ་ཞབས་ Girishwar Mishra ལགས་དང་སྐུ་ཞབས་ Deepak Behar ལགས་རྣམ་གཉིས་ནས་འགྲོ་བ་མིའི་རིན་ཐང་དང་དེང་དུས་ཀྱི་ཤེས་ཡོན་སློབ་གསོ། དེ་བཞིན་ཤེས་ཡོན་སྤྲོད་པའི་དགོས་དམིགས་དང་དགེ་རྒན་གྱི་ཀུན་སློང་ཁྱེར་སྟངས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་བཅར་བའི་ཁྲོད་ནས་སེམས་ཀྱི་འཕྲོད་བསྟེན་དང་བེུད་ཀྱི་གནད་དོན་སོགས་ཀྱི་ཐོག་བཀའ་འདྲི་ཞུས་ཡོད་པ་རེད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དང་རིགས་བདག་ཆེན་མོའི་ལོ་འཁོར་ཚོགས་ཆེན་ཐེངས་ ༩༢ པ་དབུ་འབྱེད་བཀའ་སློབ་བཀྲིན་བསྐྱངས་ཡོད་པ་མ་ཟད། དེ་རིང་སྔ་དྲོ་བཀའ་བསྡུར་གྱི་མཛད་རིམ་ཁག་གྲུམ་མ་ཐག་མགོན་པོ་༸གང་ཉིད་མཆོག་རྒྱལ་ས་ལྡི་ལིར་ཕེབས་ཐོན་མཛད་ཡོད་པ་རེད།

༸གོང་ས་མཆོག་རྒྱ་གར་རྒྱལ་ཡོངས་ཀྱི་ཉེ་བའི་རིགས་བདག་དང་རིགས་བདག་ཆེན་མོའི་ལོ་འཁོར་ཚོགས་ཆེན་ཐེངས་ ༩༢ ཐོག་དབུ་བཞུགས་མཛད་པ།

དེ་རིང་ཟླ་ ༣ ཚེས་ ༡༩ ཉིན་སྔ་དྲོ་ཆུ་ཚོད་ ༡༠་༣༠ ཙམ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ Uttar Pradesh ནང་རྟེན་གཞི་བྱས་པའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དང་རིགས་བདག་ཆེན་མོའི་ལོ་འཁོར་ཚོགས་ཆེན་ཐེངས་ ༩༢ དབུ་འཛུགས་གནང་ཡོད་པ་རེད། ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་དུས་རབས་ནང་ལ་དམག་འཁྲུག་མང་དག་ཞིག་བྱུང་རྗེས་འགྲོ་བ་མིའི་སྤྱི་ཚོགས་འདི་ཞི་བདེ་དང་ལྡན་པ་ཞིག་བཟོ་ཐུབ་མེད་སྟབས། དེང་སང་གོ་ལ་གཅིག་འགྱུར་གྱི་རྣམ་པ་དེ་འདྲ་ཞིག་གི་ཁྲོད་ང་ཚོས་མུ་མཐུད་ནས་ང་དང་ཁོ། ང་ཚོའི་ཆོས་དང་ཁོ་ཚོའི་ཆོས་ཞེས་སོགས་རིམ་པ་གཉིས་པའི་དབྱེ་བ་ཁོ་ནའི་ཐོག་འཐབ་རྩོད་གནང་ཚེ་འགྲོ་བ་མིའི་སྤྱི་ཚོགས་འདི་ཞི་བདེ་དང་ལྡན་པ་ཞིག་ཡོང་ཐབས་མེད་ཅེས་བཀའ་ནན་སྩལ་བ་དང་སྦྲགས། ང་ཚོའི་ངོས་ནས་རྣམ་ཀུན་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་འཛིན་ཐོག་ཕྱག་ལས་གནང་ན་གོ་ལ་ཧྲིལ་པོའི་ངལ་བ་མཐའ་དག་རིམ་བཞིན་ཉུང་དུ་འགྲོ་ངེས་ཡིན་པར་ལམ་སྟོན་མཛད་ཡོད། མགོན་པོ་༸གང་ཉིད་མཆོག་ནས་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་ཀྱི་དཀའ་རྙོག་དེ་དག་གི་འབྱུང་ཁུངས་གཙོ་བོ་ཁག་ནི་རང་གཅེས་འཛིན་དང་ང་རྒྱལ། ཁོང་ཁྲོ་སོགས་ཆགས་ཀྱི་ཡོད་སྟབས། དཀའ་རྙོག་གི་གཞི་རྩ་དེ་དག་དོར་ཐབས་སུ་ཤེས་ཡོན་སློབ་གསོའི་ཁྲོད་འགྲོ་བ་མིའི་བཟང་སྤྱོད་དང་འབྲེལ་བའི་བྱམས་སྙིང་རྗེ་དང་། འགྲོ་བ་མིའི་རིང་ཐང་སྐོར་སློབ་ཁྲིད་གནང་གལ་ཡིན་པ་མ་ཟད། ལྷག་པར་དུ་དཔལ་ནཱ་ལེནྡཱའི་རིག་གནས་དེ་དག་ནང་འགྲོ་བ་མིའི་རིན་ཐང་དང་སེམས་ཁམས་ཀྱི་བྱེད་ལས་སོགས་གཏིང་ཟབ་གསུངས་ཡོད། དེས་ན་རིག་གནས་དེ་དག་བདག་གཅེས་དང་བསྐྱར་གསོ་གནང་རྒྱུའི་འགན་དེ་རྒྱ་གར་ལའང་གཅིག་མཚུངས་ཡོད་པ་བཀའ་སྩལ་ཡོད། དེ་བཞིན་དེ་སྔ་རྒྱལ་སྤྱིའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཚོའི་ལྷན་འཛོམས་ཤིག་གི་ཐོག་འཛམ་བུ་གླིང་འདི་གོ་མཚོན་མེད་པ་ཞིག་བཟོ་རྒྱུར་དགོངས་འཆར་གནང་ཡོད་སྐོར་བཀའ་སྩལ་དང་ཆབས་ཅིག ང་ཚོས་ད་ལྟ་ནས་གོ་ལའི་ཐོག་གོ་མཚོན་མེད་པ་བཟོ་རྒྱུའི་དམིགས་ཡུལ་ངེས་ཅན་ཞིག་བཟུང་ནས་ཁ་ཡོད་ལག་ཡོག་ཐོག་གནང་དགོས་པ་མ་གཏོགས་དེ་མོན་གྲོས་ཆོད་བཞག་པ་དང་གླེང་སློང་གནང་བ་ཙམ་གྱིས་ཕན་ཐོགས་མེད་པར་ལམ་སྟོན་རྒྱ་ཆེ་བསྩལ་འདུག གཞི་རྩའི་ཐེངས་འདིའི་རྒྱ་གར་རྒྱལ་ཡོངས་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དང་རིགས་བདག་ཆེན་མོའི་ལོ་འཁོར་ཚོགས་ཆེན་ཐེངས་ ༩༢ པ་དེ་རིང་ནས་གནངས་ཉིན་བར་ཉིན་གྲངས་ ༣ རིང་ལ་ཚོགས་ཀྱི་ཡོད་པ་དང་། ཚོགས་ཆེན་ཐོག་རྒྱ་གར་རྒྱལ་ཡོངས་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཁྱབ་དྲུང་ཆེ་ Prof Furqan Qamar ལགས་ཀྱིས་གཙོས་པའི་འབྲེལ་ཡོད་ལས་བྱེད་དང་། རྒྱ་གར་གི་ས་གནས་གང་སར་ཡོད་པའི་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དང་རིགས་བདག་ཆེན་མོ་སོགས་ནས་མཉམ་ཞུགས་གནང་ཡོད་པ་མ་ཟད། ཁོང་རྣམས་ནས་ཚོགས་འདུའི་ཐོག་ཤེས་ཡོན་སྤྱི་དང་སྒོས་དེང་གི་ཤེས་ཡོན་ལམ་ལུགས་ཁྲོད་འགྲོ་བ་མིའི་བཟང་སྤྱོད་ཀྱི་བསླབ་བྱའི་སྐོར་ལ་བཀའ་བསྡུར་གནང་གི་ཡོད་པ་རེད། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་ཝཱ་རཱ་ཎ་སཱིར་ཆིབས་བསྒྱུར་མ་མཛད་གོང་དུ་རྒྱ་གར་བྱང་ཕྱོགས་ཇམྨུ་ཀཤྨིར་མངའ་སྡེའི་ནང་འཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ། ཁ་སང་ཁུལ་དེར་རྟེན་གཞི་བྱས་པའི་ཇམྨུ་གཙུག་ལག་སློབ་གཉེར་ཁང་གི་ཆེས་ཐོག་མའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་དབུ་བཞུགས་ཀྱིས་དགེ་ལས་སློབ་མ་ཚོ་ལ་བླང་དོར་གྱི་བཀའ་སློབ་དང་ཕྱག་འཁྱེར་བསྩལ་ཡོད་པ་རེད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་སློབ་མཐར་སོན་པའི་སློབ་མ་ཚོར་ལེགས་གསོའི་བསྔགས་བརྗོད་ཀྱི་འཚམས་འདྲི་དང་སྦྲགས། ཁྱེད་རང་སློབ་ཕྲུག་ཚོ་སློབ་ཐོན་བྱུང་ནས་མི་ཚེ་གསར་པ་ཞིག་འགོ་འཛུགས་གནང་གི་ཡོད་སྟབས། ལས་དོན་གང་འདྲ་ཞིག་གནང་ཡང་དྲང་བདེན་དང་ཕྱི་གསལ་ནང་གསལ་ཐོག་གནང་ཐུབ་ཚེ་རང་ཉིད་ཀྱི་རྣམ་དཔྱོད་ཆ་ཚང་བ་ཞིག་བེད་སྤྱོད་གནང་ཐུབ་པ་དང་འཛམ་གླིང་སྤྱི་ལ་ཕན་པའི་ཞབས་འདེགས་ངེས་ཅན་ཞིག་ཞུ་ཐུབ་ཀྱི་རེད་ཅེས་ལམ་བསྟོན་མཛད་འདུག འཛམ་བུ་གླིང་འདི་ཞི་བདེ་དང་ལྡན་པ་ཞིག་བཟོ་རྒྱུའི་ཐབས་ལམ་བཟང་ཤོས་ནི་འགྲོ་བ་མི་ཕན་ཚུན་དབར་གྱི་བསམ་ཚུལ་ལ་གུས་བརྩི་ཞུ་ཐོག་གྲོས་མོལ་གནང་རྒྱུ་དེ་ཡིན་པ་དང་། ལྷག་པར་དུ་དུས་རབས་ ༢༡ འདི་གོ་མཚོན་མེད་ཅིང་ཞི་བདེའི་དུས་རབས་ཤིག་ཡོང་བར་ཚང་མས་འགན་མཉམ་འཁུར་གནང་གལ་ཡིན་པ་དང་། དེ་དག་ཀྱང་གཙོ་བོ་ཕྱིའི་དངོས་པོ་ཡར་རྒྱས་གཙོ་དོན་དུ་དམིགས་པའི་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ཁོ་ནའི་ཐོག་ནས་མ་ཡིན་པར་འགྲོ་བ་མིའི་གཞི་རྩའི་རང་བཞིན་བྱམས་སྙིན་རྗེ་དང་གཞན་ཕན་གྱི་བསམ་བློ་དེ་དག་གོང་སྤེལ་གནང་དགོས་པར་བཀའ་སློབ་བཀྲིན་ཆེ་བ་བསྩལ་འདུག

རྒྱ་གར་བྱང་ཤར་ཁུལ་དུ་༸གོང་ས་མཆོག་རྒྱ་གར་དུ་ཉེན་གཡོལ་ཕེབས་ནས་མི་ལོ་ ༦༠ འཁོར་བའི་དྲན་གསོའི་གོམ་བགྲོད་ལས་འགུལ་དབུ་འཛུགས།

དེ་རིང་ཟླ་ ༣ ཚེས་ ༡༧ ཉིན་མོ་འདི་ནི་དེ་སྔ་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་གྱི་མཚན་མོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནོར་གླིང་རྟག་བརྟན་མི་འགྱུར་ཕོ་བྲང་ནས་རྒྱ་གར་དུ་བཙན་བྱོལ་ལ་ཆིབས་བསྒྱུར་མཛད་པའི་ཉིན་མོ་འཁེལ་གྱི་ཡོད་སྟབས། རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་གྲོང་ཁྱེར་རྟ་དབང་ནང་རྟེན་གཞི་བྱས་པའི་ Core Group for Tibetan Cause འམ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མས་གོ་སྒྲིག་འོག་ཁུལ་དེར་ཡོད་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ས་གནས་ཀྱི་དགོན་སྡེ་ཁག དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་ཐོུང་གིས་ཁུལ་དེར་ཉིན་མོ་དེ་དྲན་གསོ་ཞུ་ཆེད་ཉིན་གྲངས་བཅིུག་རིང་པཐ་ཡཏྲ་ཞེས་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་འདུག དེ་ཡང་གོམ་བགྲོད་ཀྱི་ལས་འགུལ་དེའི་ནང་ཚོགས་པ་དེ་དག་གི་ཚོགས་མི་དང་ས་གནས་ཀྱི་བོད་རིགས། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་མང་ ༡༥༠ ལྷག་ནས་མཉམ་ཞུགས་གནང་སྟེ། དེ་རིང་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་ས་ཁུལ་ཆུ་དྭངས་མོར་ལས་འགུལ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་པ་དང་སྦྲགས་ཁུལ་དེའི་རླུང་ལ་གྲོང་ཁྱེར་ནས་གོམ་བགྲོད་གནང་ཡོད་པ་མ་ཟད། རིམ་པས་སང་ཉིན་དང་གནངས་ཉིན་བཅས་སུ་མུ་མཐུད་གོམ་བགྲོད་ཀྱིས་ས་གནས་རྟ་དབང་དང་བྱང་སྡེ་རང་། འབུམ་སྡེ་ལ། དེ་བཞིན་སེང་གེ་རྫོང་སོགས་དེ་སྔ་༸གོང་ས་མཆོག་ཆིབས་བསྒྱུར་མཛད་ཡུལ་ས་གནས་སོ་སོར་གོམ་བགྲོད་གནང་ནས་ཕེབས་ཏེ་མཐར་ཕྱི་ཚེས་ ༢༧ ཉིན་ཨཱ་སམ་མངའ་སྡེའི་གྲོང་ཁྱེར་ཏེ་ཛ་པུར་ནང་འབྱོར་གྱི་ཡོད་པ་རེད། འགི་ག་རླུང་འཕྲིན་ཁང་ལ་ཐེངས་འདིའི་༸གོང་ས་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་ཆིབས་བསྒྱུར་བསྐྱངས་ནས་ལོ་ངོ་དྲུག་བཅུ་འཁོར་བའི་དྲན་གསོའི་གོམ་བགྲོད་ཀྱི་ལས་འགུལ་གོ་སྒྲིག་ཞུ་མཁན་ཁོངས་སུ་ཡོད་པ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྷུན་འགྲུབ་ཆོས་བཟང་ལགས་ཀྱིས་ཁོང་རྣམས་ནས་གོམ་བགྲོད་གནང་བའི་ཁྲོད་ས་གནས་སོ་སོའི་མང་ཚོགས་རྣམས་ལ་༸གོང་ས་མཆོག་གི་མཛད་རྣམ་ངོ་སྤྲོད་དང་༸སྐུ་པར་འགྲེམས་སྤེལ། དེ་བཞིན་དགོན་སྡེ་ཁག་ལ་ཆོས་ཕྱོགས་ཀྱི་ལས་དོན་སོགས་རྒྱ་ཆེ་སྤེལ་རྒྱུ་ཡིན་པ་མ་ཟད། ཁོང་རྣམས་ཕྱི་ཚེས་ ༢༧ ཉིན་གྲོང་ཁྱེར་ཏེ་ཛ་པུར་ནང་འབྱོར་སྦྱོར་སྐབས་དེ་སྔ་༸གོང་ས་མཆོག་རྒྱ་གར་དུ་ཕེབས་ཏེ་བོད་མི་ཚོར་བཀའ་སློབ་ཐོག་མ་གནང་ཡུལ་ས་ཚིགས་ཐོག་གསར་འགོད་ལྷན་ཚོགས་ཤིག་གནང་རྒྱུ་ཡིན་སྐོར་གསུངས་སོང་། གཞི་རྩའི་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནོར་གླིང་རྟག་བརྟན་མི་འགྱུར་ཕོ་བྲང་ནས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་པའི་ཉིན་མོ་དང་བསྟུན། བོད་མིའི་སྒྲིག་འཛུགས་ནས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་ From Home to Exile འམ་ཕ་ཡུལ་ནས་བཙན་བྱོལ་ནང་ཞེས་པའི་༸གོང་ས་མཆོག་གི་༸སྐུ་པར་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པ་རེད།

༸གོང་ས་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་ཚོགས་འདུ་ཐེངས་ ༣༣ ལེགས་པར་གྲུབ་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བདུན་ཕྲག་འདིའི་རེས་གཟའ་ཟླ་བ་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚོགས་གནང་བའི་སེམས་དང་སྲོག་གི་ཚོགས་འདུ་ཐེངས་ ༣༣ དེ་རིང་མཇུག་སྒྲིལ་ལེགས་གྲུབ་གནང་སོང་། དེ་རིང་ཟླ་ ༣ ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་རྣམས་ལ་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་སྐོར་ངོ་སྤྲོད་གནང་བ་དང་འབྲེལ། ང་ཚོ་ཚང་མ་འཛམ་གླིང་འདིའི་ཐོག་འགྲོ་བ་གཞན་ལ་གནོད་པ་དང་དཀའ་རྙོག་བཟོ་ཆེད་དུ་སྐྱེས་པ་ཞིག་མིན་སྟབས། དུས་དང་རྣམ་པ་ཀུན་ཏུ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་གཞན་ཕན་གྱི་བྱ་བ་གང་ནུས་བསྒྲུབ་གནད་ཡིན་པ་བཀའ་བསྩལ་སོང་། ༸གང་ཉིད་མཆོག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྤྱིའི་གལ་གནད་དང་སྒོས་སུ་དཔལ་ནཱ་ལནྡཱ་ནས་བརྒྱུད་པའི་བོད་ཀྱི་ནང་ཆོས་དེ་མི་ཉམས་རྒྱུན་འཛིན་ཐུབ་པར་བླ་བྲང་རྒྱུན་འཛིན་བྱས་པ་དང་བླ་མ་བསྟེན་པ། དེ་བཞིན་དད་པ་ཁོ་ན་བྱས་ནས་ཕྱིན་ཚེ་ཕན་ནུས་གང་ཡང་མེད་སྐོར་བཀའ་སྩལ་དང་སྦྲགས་ཏེ་ནང་པའི་གཞུང་ལུགས་ནས་གསུངས་པའི་ཆོས་དེ་དག་ལ་སློབ་གཉེར་གནང་རྒྱུ་གལ་ཆེ་ཡིན་པ་མ་ཟད། ལྷག་དོན་ནང་པའི་ལྟ་གྲུབ་ཐོག་སློབ་གཉེར་ཡང་དག་པ་ཞིག་གནང་ཐུབ་ཚེ་ངེས་ཤེས་ངོ་མ་ཞིག་རྙེད་ཀྱི་རེད་ཅེས་ལམ་སྟོན་མཛད་ཡོད། གཞི་རྩའི་དེ་རིང་ཉིན་མཐའ་མའི་ཚོགས་དུས་སྐབས་སེམས་ཁམས་ཚན་རིག་པ་དང་སློན་དཔོན་ Sona Lupien ལགས་དང་ Patricia Jennings ལགས་གཉིས་ནས་ Stress འམ་སེམས་ངལ་སྐོར་དཔྱད་ཞིབ་གནང་བའི་གྲུབ་དོན་ཁག་ཅིག་སྙན་སྒྲོན་ཞུས་པ་མ་ཟད། སེམས་དང་སྲོག་གི་ཚོགས་པའི་ཚན་རིག་སྡེ་ཚན་གྱི་འགན་འཛིན་ཀླད་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་  Richard Davidson ལགས་ནས་འདས་པའི་ཉིན་ཤས་ནང་ཕྱི་ནང་གི་མཁས་པའི་དབར་བཀའ་བསྡུར་གནང་བ་དེས་ཚོགས་བཅར་བ་རྣམས་ཙམ་མ་ཟད་དྲྭ་ཐོག་ནས་གསན་གཟིགས་གནང་མཁན་དགེ་སློབ་ཀུན་ལ་དམིགས་བསལ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་གསུངས་བ་དང་སྦྲགས། ཚན་རིག་པ་རྣམས་ནས་མུ་མཐུད་ནང་པའི་མཁས་པ་ཚོ་དང་ལྷན་བཀའ་བསྡུར་གྱིས་བཟང་སྤྱོད་གོང་འཕེལ་དང་འབྲེལ་བའི་སློབ་གསོའི་ཐོག་སྔར་ལྷག་འབད་འབུངས་གནང་ངེས་ཡིན་པ་གསུངས་ཡོད། དེ་བཞིན་སེམས་དང་སྲོག་གི་ཚོགས་པའི་ཚོགས་གཙོ་ལྕམ་ Susan Bauer-Wu ལགས་ནས་ཚོགས་བཅར་བ་སྤྱི་དང་ཁྱད་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་འདུ་ཐོག་དབུ་བཞུགས་བཀའ་དྲིན་བསྐྱངས་པར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུས་ཡོད་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་འདི་ནི་ངོས་ཀྱི་ལས་འགན་ཞིག་རེད། ངོས་ནས་དུས་དང་རྣམ་པ་ཀུན་ཏུ་འགྲོ་བ་སྤྱིའི་བདེ་དོན་ལ་ཕན་པ་གང་ཐུབ་ཐུབ་བསྒྲུབ་ཐུབ་པར་ཤོག་ཅེས་སྨོན་ལམ་འདེབས་བཞིན་ཡོད་པ་དང་། ཁྱེད་རྣམས་ནས་ད་རེས་བཀའ་བསྡུར་བྱུང་བ་དེ་དག་གང་ཐུབ་ཐུབ་ལག་བསྟར་གནང་དགོས་གལ་ཡིན་པ་ལམ་སྟོན་རྒྱ་ཆེ་མཛད་ཡོད། ༸གོང་ས་མཆོག་གིས་མཐར་མཇུག་ཏུ་ང་ཚོ་ཕྱིའི་ལུས་པོ་ཐོག་ནས་ཁ་བྲལ་ཏེ་འགྲོ་ཡི་ཡོད་པ་རེད། འོན་ཀྱང་ནང་བསམ་པའི་ཆ་ནས་དུས་རྟག་ཏུ་མཉམ་དུ་ཡོད་ཅེས་བཀའ་བསྩལ་ཡོད།

༸གོང་ས་མཆོག་ཇམྨུ་གཙུག་ལག་སློབ་གཉེར་ཁང་གི་ཆེས་ཐོག་མའི་བསླབ་པ་མཐར་སོན་གྱི་མཛད་སྒོར་དབུ་བཞུགས་མཛད་རྒྱུ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་རྒྱ་གར་བྱང་ཕྱོགས་ཇཱ་མུ་ཀཤྨིར་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཇམྨུ་གཙུག་ལག་སློབ་གཉེར་ཁང་གི་ཆེས་ཐོག་མའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་བསྐྱང་རྒྱུ་རེད་འདུག དེ་རིང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཅིག་གི་ཐོག་གནས་ཚུན་ཐོན་གསལ་ལྟར་ན། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་གཙུག་ལག་སློབ་གཉེར་ཁང་ནས་ཕྱི་ལོ་ ༢༠༡༧ བར་དུ་བསླབ་པ་མཐར་སོན་པའི་རྩེ་ཕུད་ཀྱི་སློབ་མ་དང་། འབུམ་རམས་པའི་སློབ་མ། རིག་པའི་ཆུ་གཏེར་གྱི་སློབ་མ་བཅས་ལ་གསེར་གྱི་གཟེངས་རྟགས་དང་ཕྱག་འཁྱེར་བཀའ་དྲིན་བསྩལ་རྒྱུ་ཡིན་པ་མ་ཟད། སྐབས་དེའི་མཛད་སྒོའི་ཐོག་རྒྱ་གར་དབུས་གཞུང་གི་བློན་ཆེན་སྐུ་ཞབས་ Jitendra Singh མཆོག་ཀྱང་དམིགས་བསལ་སྐུ་མགྲོན་དུ་ཆེད་ཕེབས་གནང་གི་འདུག རྩ་བའི་ཇམྨུ་གཙུག་ལག་སློབ་གཉེར་ཁང་གི་ཐེངས་དང་པོའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་གསེར་གྱི་གཟེངས་རྟགས་བཞེས་མཁན་སློབ་མ་ ༤༣ དང། འབུམ་རམས་པའི་ཕྱག་འཁྱེར་བཞེས་མཁན་སློབ་མ་ ༡༤  རིག་པའི་ཆུ་གཏེར་གྱི་ཕྱག་འཁྱེར་བཞེས་མཁན་སློབ་མ་ ༢༠ བཅས་ལ་གཟེངས་རྟགས་དང་ཕྱག་འཁྱེར་གསོལ་བསྩལ་མཛད་རྒྱུ་ཡིན་པ་དང་། བསླབ་པ་མཐར་སོན་གྱི་སློབ་མ་ཁྱོན་ ༩༠༠ ལྷག་ནས་མཉམ་ཞུགས་གནང་གི་ཡོད་པ་རེད། མཛད་འཆར་ལྟར་ན། ཇམྨུ་ནང་གི་མཛད་རིམ་གྲུབ་རྗེས་མགོན་པོ་༸གང་ཉིད་མཆོག་རྒྱ་གར་ཨུཏྟར་པྲདེཤ་ མངའ་སྡེ་ནང་དུ་རྟེན་གཞི་བྱས་པའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་མཛད་ནས་ཁུལ་དེའི་ནང་ཕྱི་ཚེས་ ༡༩ ནས་ ༢༡ བར་ཚོགས་རྒྱུའི་རྒྱ་གར་རྒྱལ་ཡོངས་ནང་གི་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དང་རིགས་བདག་ཆེན་མོའི་ལོ་འཁོར་ཚོགས་ཆེན་ཐེངས་ ༩༢ པའི་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀྲིན་བསྐྱང་གི་ཡོད་པ་རེད།

༸གོང་ས་མཆོག་གིས་འཇར་མན་སྲིད་བློན་གསར་པ་མཆོག་ལ་འཚམས་འདྲི་གནང་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་འཇར་མ་ནིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་ལྕམ་སྐུ་ Angela Merkel མཆོག་ལ་རྒྱལ་ཁ་ཐོབ་ནས་སྲིད་བློན་གྱི་ལས་ཡུན་བཞི་པར་འོས་འདེམས་བྱུང་བར་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག ༸གོང་ས་མཆོག་གིས་འཚམས་འཕྲིན་དེའི་ནང་ལྕམ་སྐུ་ Angela Merkel མཆོག་ནི་མང་ཚོགས་ལ་སེམས་སྐུལ་སྤེལ་ཐུབ་མཁན་ཞིག་དང་འཆར་སྣང་དང་བརྟན་ལྷིང་གི་མཚོན་དོན་ཞིག་ཡིན་སྐོར་བཀའ་སྩལ་བ་དང་འབྲེལ། ངེས་མེད་ཀྱི་དུས་འགྱུར་དེའི་ཁྲོད་ལྕམ་སྐུ་མཆོག་གིས་མང་ཚོགས་ཀྱི་མངོན་འདོད་གྲུབ་ཐབས་དང་འཛམ་གླིང་འདི་ཞི་བདེ་དང་སྙིང་རྗེ་ལྡན་པ་ཞིག་ཏུ་བསྐྲུན་ཐབས་སུ་ཕྱག་ལས་མུ་མཐུད་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པར་༸གང་ཉིད་མཆོག་ནས་ཐུགས་མོས་གནང་བཞིན་ཡོད་པ་མ་ཟད། སྲིད་བློན་གྱི་ལས་ཡུན་དེའི་ནང་བྱ་བ་ལམ་ལྷོང་ཡོང་བར་ཐུགས་སྨོན་མཛད་བཞིན་ཡོད་པ་བཀའ་བསྩལ་ཡོད། ལྷག་པར་དུ་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ནི་དུས་རྒྱུན་དུ་ཡོ་རོབ་མཐུན་ཚོགས་ཀྱི་སྒྲོམ་གཞི་དང་སྙིང་སྟོབས་བཅས་པར་ཡིད་སྨོན་མཛད་མཁན་ཞིག་ཡིན་པ་བཀའ་སྩལ་དང་འབྲེལ། སྒྲོམ་གཞི་དེའི་འོག་གི་རྒྱལ་ཁབ་ཁག་ཅིག་དེ་སྔ་ལོ་རྒྱུས་ཁྲོད་ཕན་ཚུན་དབར་དམག་འཐབ་གནང་མྱོང་མཁན་ཆགས་ཡོད་ཀྱང་། ད་ཆ་མཐུན་ཚོགས་ཀྱི་སྒྲོམ་གཞིའི་འོག་སྒེར་སོ་སོའི་ཁེ་ཕན་ལས་སྤྱིའི་ཁེ་ཕན་གལ་ཆེར་ངོས་འཛིན་མཁན་ཞིག་ཆགས་ཡོད་སྐོར་བཀའ་སྩལ་བ་མ་ཟད། རིམ་པས་ཡོ་རོབ་མཐུན་ཚོགས་ཀྱི་སྒྲོམ་གཞི་ལྟ་བུ་ཞིག་ཨ་ཕི་རི་ཀ་དང་ཨེ་ཤ་ཡ། ལ་ཊིན་ཨ་མི་རི་ཀའི་མངལ་ཁུལ་དུའང་ཆེད་འཛུགས་ཐུབ་པར་རེ་སྨོན་མཛད་བཞིན་ཡོད་པ་བཀའ་ནན་མཛད་འདུག རྩ་བའི་ལྕམ་སྐུ་ Angela Merkel མཆོག་ནི་འཇར་མ་ནིའི་ལོ་རྒྱུས་ནང་བེུད་ཀྱི་སྲིད་བློན་གནང་མཁན་དང་པོ་དེ་ཡིན་པ་མ་ཟད། ཁོང་གིས་ཕྱི་ལོ་ ༢༠༠༥ ལོ་ནས་བཟུང་ད་བར་ཡུལ་དེའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ཐེངས་བཞིའི་ནང་ལ་རྒྱལ་ཁ་ཐོབ་སྟེ། ཡུལ་དེའི་སྲིད་བློན་དུ་མུ་མཐུད་བསྐོ་གཞག་གནང་ཡོད་པ་ཞིག་དང། སྲིད་བློན་གྱི་ངོ་བོའི་ཐོག་ནས་༸གོང་ས་མཆོག་དང་ལྷན་དངོས་སུ་མཇལ་འཕྲད་ཞུ་མྱོང་ཡོད་པ་རེད།    

རང་གཅེས་འཛིན་དང་ཁོང་ཁྲོ་སོགས་སེམས་ཚོར་དྲག་པོའི་ཆ་དེ་དག་གང་ཟག་སྒེར་དང་ཆོས་ལུགས་ཚང་མའི་དགྲ་བོ་ངོ་མ་རེད།

བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་ཚོགས་འདུ་ཐེངས་ ༣༣ འཚོགས་གནང་བཞིན་ཡོད་པ་ལྟར། དེ་རིང་ཚོགས་དུས་ཉིན་ ༤ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བའི་བཟང་སྤྱོད་དང་བྱམས་བརྩེ་གོང་འཕེལ་གཏོང་ཐབས་སྐོར་བཀའ་སློབ་བཀའ་དྲིན་བསྩལ་ཡོད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་ནས་འགྲོ་བ་མིའི་གཞི་རྩའི་རང་བཞིན་དེ་བྱམས་བརྩེ་ལྡན་པ་གཅིག་མཚུངས་ཡིན་ཡང་། འཛམ་གླིང་འདིའི་ཐོག་འགྲོ་བ་མི་རྣམས་ནས་རང་གཅེས་འཛིན་གྱི་བསམ་བློ་ཁོ་ནའི་དབང་དུ་སོང་ནས་དཀའ་རྙོག་རིགས་མུ་མཐུད་བཟོ་བཞིན་ཡོད་སྐོར་བཀའ་སྩལ་དང་སྦྲགས་ཏེ་འགྲོ་བ་མི་རྣམས་ལ་སེམས་ཅན་གཞན་ལ་མེད་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་རྣམ་དཔྱོད་དེ་སྤྱོད་ནས་བྱ་བ་གང་ཞིག་བརྩམ་ཡང་ཉོན་མོངས་པའི་གཞན་དབང་དུ་མ་སོང་བ་ཞིག་གནང་གནད་ཡིན་པར་ལམ་སྟོན་མཛད་ཡོད། ལྷག་པར་དུ་༸གང་ཉིད་མཆོག་ནས་ངལ་བ་དེ་དག་གི་གཞི་མ་ནི་རང་གཅེས་འཛིན་དང་ཁོང་ཁྲོ། ང་རྒྱལ་སོགས་སེམས་ཚོར་དྲག་པོ་དེ་དག་ཡིན་སྟབས། སེམས་ཚོར་དྲག་པོའི་ཆ་དེ་དག་ནི་གང་ཟག་སྒེར་ཙམ་མ་ཟད་ཆོས་ལུགས་ཚང་མའི་དགྲ་བོ་ངོ་མ་དེ་རེད་ཅེས་བཀའ་ནན་བསྩལ་སོང་། སེམས་ཚོར་དྲག་པོ་དེ་དག་གི་གཞན་དབང་དུ་སོང་བའི་འགྲོ་བ་གཞན་དག་ལ་སྙིང་རྗེས་ཀུན་ནས་བསླངས་ཐོག་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེའི་བསམ་པ་དང་། ཁྱད་པར་དུ་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་དེ་དག་གོང་འཕེལ་བཏང་ནས་ཉོན་མོངས་པ་ལས་མཐར་ཐབས་གནང་གལ་ཡིན་པ་གསུངས་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ང་ཚོ་འགྲོ་བ་མི་ཚང་མ་གྲོགས་པོ་འདོད་པ་དང་དགྲ་བོ་མི་འདོད་པ་གཅིག་མཚུངས་ཡིན་པ་དེ་ལྟར་ཡང་། མིའི་བསམ་བློ་གཏོང་སྟངས་སོགས་རྒྱུ་རྐྱེན་མང་དག་ཞིག་ལ་བརྟེན་ནས་ངའི་དགྲ་བོ་དང་ངའི་གྲོགས་པོ་ཞེས་དབྱེ་འབྱེད་ཀྱི་རྣམ་པ་ཆེན་པོ་ཡོང་བཞིན་ཡོད་པ་བཀའ་བསྩལ་བ་དང་ཆབས་ཅིག འགྲོ་བ་མི་སྒེར་དང་སྤྱི་ཚོགས། དེ་བཞིན་རྒྱ་ཆེ་ས་ནས་འཛམ་གླིང་འདིའི་ཐོག་ང་དང་ཁོ་ཞེས་དབྱེ་འབྱེད་མེད་པར་ཞི་བདེ་ལྡན་པ་ཞིག་ཡོང་བར་འགྲོ་བ་མིའི་བཟང་སྤྱོད་དང་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་གོང་འཕེལ་གཏོང་གལ་ཡིན་པ་མ་ཟད། དེ་དག་ཀྱང་གཙོ་བོ་གཏན་ཚིགས་ལྡན་པའི་ཤེས་ཡོན་སློབ་གསོའི་ཁྲོད་ནས་གནང་གནད་ཡིན་པའི་ལམ་བསྟོན་བཀྲིན་ཆེ་བ་བསྩལ་ཡོད། མགོན་པོ་མཆོག་ནས་སྐབས་དེར་བཅར་བའི་ཚོགས་བཅར་བ་སྤྱི་དང་ལྷག་པར་དུ་ཤེས་ཡོན་ཅན་གྱི་མང་ཚོགས་ཚང་མའི་ངོས་ནས་དུས་རབས་ ༢༡ པ་འདི་བཞིན་གྲོས་མོལ་ལྡན་ཞིང་གོ་མཚོན་མེད་པའི་དུས་རབས་ཤིག་ཏུ་བཟོ་རྒྱུར་འགན་གཅིག་མཚུངས་ཡོད་པའང་བཀའ་ནན་བསྩལ་ཡོད། གཞི་རྩའི་དེ་རིང་གི་ཚོགས་དུས་ཐོག་ཚན་རིག་པ་ Rob Roeser ལགས་དང་། ཧྥ་རན་སིའི་མི་སེར་ཡིན་པ་ནང་པའི་དགེ་སློང་ Matthieu Ricard ལགས། གཞན་ཡང་སེམས་ཁམས་རིག་པ་བ་ Sona Dimidjian ལགས་བཅས་ནས་ནུབ་ཕྱོགས་པའི་བྱིས་པའི་འཚར་ལོངས་དང་། བསམ་བློ་གཏོང་སྟངས་སོགས་ཀྱི་ཐད་ལ་ཚན་རིག་གི་ལམ་ནས་ཞིབ་འཇུག་གནང་བའི་གྲུབ་དོན་ཁག་ཅིག་སྙན་སྒྲོན་ཞུས་ཡོད། རྩ་བའི་སེམས་དང་སྲོག་གི་ཚོགས་འདུ་ཐེངས་ ༣༣ དེ་འགྲོ་བ་མིའི་བདེ་སྐྱིད་ཀྱི་སྐོར་བསམ་བློ་གསར་གཏོད་གནང་ཕྱོགས་སྐོར་ལ་དམིགས་པ་ཞིག་ཆགས་ཀྱི་ཡོད་པ་དང་། སང་ཚེས་ ༡༦ ཉིན་ཚོགས་དུས་ མཐའ་མ་འབྲེལ་འདས་པའི་ཉིན་ཤས་ནང་བཀའ་བསྡུར་གནང་བའི་གནད་དོན་སྤྱིའི་ཐོག་བཀའ་བསྡུར་གནང་གི་ཡོད་པ་རེད།

བཟང་སྤྱོད་དང་འབྲེལ་བའི་བསླབ་གཞི་མི་འདྲ་བ་གསུམ་གྱི་ཐོག་བཀའ་བསྡུར་གནང་བ།

དེའང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཁ་སང་ནས་དབུ་འཛུགས་ཀྱིས་སེམས་དང་སྲོག་གི་ཚོགས་འདུ་ཐེངས་ ༣༣ འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཉིན་གཉིས་པའི་ཚོགས་འདུ་ཐོག་༸གོང་ས་མཆོག་གི་དགོངས་གཞི་སྟེ་འགྲོ་བ་མའི་བཟང་སྤྱོད་གོང་མཐོར་གཏོང་ཐབས་དང་འབྲེལ་བའི་བསླབ་གཞི་མི་འདྲ་བ་གསུམ་གྱི་ཐོག་བཀའ་བསྡུར་ལྷུག་པོ་གནང་ཡོད་པ་རེད། དེ་ཡང་ཁེ་ན་ཌར་རྟེན་གཞི་བྱས་པའི་ British Columbia གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་སེམས་ཁམས་རིག་པ་ལྕམ Kimberly Schonert-Reichl ལགས་དང་ཁེ་ན་ཌའི་Montreal གཙུག་ལག་སློབ་གྲྭའི་སློབ་དཔོན་ལྕམ་ Sophie Langri ལགས་དང་ Tara Wilkie ལགས། དེ་བཞིན་ཨ་རིའི་ Emory གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ Jennifer Knox ལགས་བཅས་ནས་གཙུག་ལག་སློབ་གཉེར་ཁང་སོ་སོ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་དང་འབྲེལ་བའི་བསླབ་གཞི་མི་འདྲ་བ་གསུམ་ངོ་སྤྲོད་གནང་སོང་། ལྷག་པར་དུ་ཀོ་ལམ་བི་ཡ་གཙུག་ལག་སློབ་གཉེར་ཁང་དང་ Montreal གཙུག་ལག་སློབ་གཉེར་ཁང་གཉིས་ཀྱི་བསླབ་གཞི་དེ་དག་ད་བར་ས་གནས་སུ་ལག་བསྟར་གནང་སྟེ་ལོ་ངོ་བཅུ་དང་བཅོ་ལྔ་ལྷག་འགྲོ་བཞིན་ཡོད་སྟབས། བསླབ་་གཞི་དེའི་ཁྲོད་འཚར་ལོངས་བྱུང་བའི་སློབ་མ་རྣམས་ཀྱི་བཟང་སྤྱོད་དང་བསམ་བློ་གཏང་ཕྱོགས། སློབ་མའི་འཚར་ལོངས་སོགས་ཀྱི་ཐད་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་མེད་ཐོག་ཞིབ་དཔྱད་གནང་ཁག་འགྲེལ་བརྗོད་གནང་ཡོད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁོང་རྣམ་པའི་ལས་དོན་གྲུབ་འབྲས་སྤྱི་ལ་བསྔགས་བརྗོད་དང་སྦྲགས། ད་བར་གཏན་འབེབས་ཟིན་པའི་བསླབ་གཞི་དེ་དག་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློའི་ཐོག་ནས་སློབ་ཁྲིད་གནང་དགོས་གལ་ཡིན་པའི་ལམ་སྟོན་མཛད་སོང་། ལྷག་ཏུ་འགྲོ་བ་མིའི་བཟང་སྤྱོང་གོང་མཐོར་དང་འབྲེལ་བའི་བསླབ་གཞི་དེ་དག་རྩོད་རྙོག་ཅན་གྱི་ས་ཁུལ་ཁག་ཏུ་ཁྱབ་སྤེལ་རྒྱ་གང་ཆེ་གནང་གནད་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་བསྩལ་ཡོད། དེ་རིང་གི་ཚོགས་འདུ་སྤྱི་ཡོངས་དང་འབྲེལ་༸སྐུའི་དབྱིན་སྐད་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ཕྱི་ནང་གི་གསར་འགོད་པར་ད་ལྟའི་ཆར་བསླབ་གཞི་དེ་དག་གཏན་འབེབས་གནང་བཞིན་པའི་དུས་སྐབས་ཤིག་ཡིན་སྟབས་སྡེ་ཚན་སོ་སོ་ནས་བསླབ་གཞི་མི་འདྲ་བ་འདོན་སྤེལ་གནང་བ་དེ་ལ་སྐྱོན་དེ་ཙམ་མེད་སྐོར་གསུངས་ཡོད།  

༸གོང་ས་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་ཚོགས་འདུ་ཐེངས་ ༣༣ དབུ་འཛུགས་གནང་བ།

དེ་རིང་ཟླ་ ༣ ཚེས་ ༡༢ ཉིན་སྔ་དྲོ་ཚོུད་ ༩།༠༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་ཚོགས་འདུ་ཐེངས་ ༣༣ པ་དབུ་འཛུགས་གནང་སོང་། ཐེངས་འདིའི་ཚོགས་འདུའི་ཐོག་༸གོང་ས་མཆོག་གིས་དབུས་པའི་༸སྐུའི་དབྱིན་སྐད་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་། ཀླད་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་  Richard Davidson ལགས། སེམས་ཁམས་རིག་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་ Daniel Goleman ལགས། ཀླད་རྩའི་ཚན་རིག་མཁས་པ་དང་བྱིས་པའི་འཚར་ལོངས་ཐོག་ལ་ཉམས་ཞིབ་གནང་མཁན། དེ་བཞིན་ཨ་རི་དང་དང་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་ཡུལ་གྲུ་ཁག་ཅིག་གི་སློབ་གྲྭ་དང་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་དང་སློབ་དཔོན། བོད་པའི་དགོན་ཁག་གི་དགེ་བཤེས་དང་སློབ་གྲྭ་ཁག་གི་དགེ་རྒན་སོགས་ཁྱོན་ཕྱི་ནང་གི་མཁས་པ་དང་ཉམས་ཞིབ་པ་ ༣༠༠ ཙམ་ནས་ཆེད་བཅར་ཞུས་འདུག ཚོགས་འདུའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་དང་སྲོག་གི་ཚོགས་འདུ་འདི་ཐོག་མར་དབུ་འཛུགས་གནང་བའི་རྒྱུ་མཚན་གཙོ་བོ་གཅིག་ནི་རྒྱལ་སྤྱིའི་ཚན་རིག་མཁས་པ་དང་ཤེས་ལྡན་མི་སྣ། དེ་བཞིན་ནང་པའི་ལྟ་གྲུབ་མཁས་པ་ཚོའི་དབར་ཕྱི་ནང་གི་ཤེས་ཡོད་བརྗེ་རེས་གནང་རྒྱུ་དང་། དེ་དག་བརྒྱུད་ནས་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློ་གོང་མཐོར་གནང་སྟེ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བསྐྲུན་ཐབས་ཆེད་ཡིན་པ་བཀའ་བསྩལ་དང་སྦྲགས། དེང་ཀྱི་དུས་སྐབས་འདིར་ཕྱི་དངོས་པོའི་ཆ་ནས་ཡར་རྒྱས་ཀྱི་ཚད་གཞི་མཐོ་པོར་སླེབས་ཡོད་ཀྱང་། འགྲོ་བ་མིའི་སྤྱི་ཚོགས་ཁྲོད་སེམས་ཚོར་དང་འབྲེལ་བའི་དཀའ་ངལ་མང་དག་ཞིག་འཕྲད་བཞིན་ཡོད་སྟབས། དཀའ་ངལ་དེ་དག་སེལ་ཐབས་སུ་གཞན་ཕན་གྱི་བསམ་བློ་དང་བྱམས་པ། སྙིང་རྗེའི་བསམ་པ་གོང་མཐོར་གཏོང་གནད་ཡིན་པ་བཀའ་ན་ན་མཛད་ཡོད། དེ་བཞིན་མགོན་པོ་༸གང་ཉིད་མཆོག་ནས་སིརྱ་དང་ཡི་མེན་གཙོས་པའི་ཨ་ཕི་རི་ཀའི་ཁུལ་གྱི་ལུང་པ་ཁག་ཅིག་གི་ནང་མུ་མཐུད་དམག་འཁྲུག་སོགས་ཀྱི་དཀའ་ངག་ཆེན་པོ་འཕྲད་བཞིན་པའི་གནས་སྟངས་ལུང་འདྲེན་དང་འབྲེལ། དཀའ་ངལ་དེ་དག་གི་ཁྲོད་དུ་ཡོད་པའི་མི་དེ་དག་ཀྱང་ང་ཚོ་དང་འདྲ་བའི་འགྲོ་བ་མི་གཅིག་མཚུངས་ཡིན་སྟབས། ཁོང་རྣམས་པའི་དཀའ་རྙོག་ཁག་སེལ་ཐབས་གནང་གལ་ཡིན་པ་དང་། ལྷག་པར་དུ་དུས་རབས་ ༢༡ འདི་དཔལ་འབྱོར་གྱི་གནས་བབ་དང་ཁོར་ཡུག་གི་འགྱུར་ལྡོག་སོགས་ཕྱོགས་གནང་ནས་བལྟས་ཀྱང་། ཤར་ལྷོ་ནུབ་བྱང་ཚང་མ་ཕན་ཚུན་འབྲེལ་བ་ཡོད་པས་རིམ་པ་གཉིས་པའི་དབྱེ་བ་རྣམས་དོར་ནས་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་གོང་འཕེལ་གཏོང་གལ་ཡིན་པ་མ་ཟད། དེ་དག་ཀྱང་གཙོ་བོ་གཏན་ཚིགས་ལྡན་པའི་ཐོག་ཤེས་ཡོན་ཡོན་སློབ་གསོའི་ཁྲོད་སློབ་ཁྲིད་གནང་རྒྱུ་ཤེས་གནད་ཆེ་ཡིན་པར་ལམ་སྟོན་རྒྱ་ཆེ་མཛད་ཡོད་པ་རེད། གཞི་རྩའི་ཐེངས་འདིའི་སེམས་དང་སྲོག་གི་ཚོགས་འདུ་འདི་དེ་རིང་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༡༦ བར་ཁྱོན་ཉིན་གྲངས་ལྔའི་རིང་ཚོགས་ཀྱི་ཡོད་པ་དང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ཕྱི་ནང་གི་ཤེས་ལྡན་མི་སྣ་ཚོའི་དབར་འགྲོ་བ་མིའི་བདེ་སྐྱིད་ཀྱི་སྐོར་བསལ་བློ་གསར་གཏོད་གནང་ཕྱོགས་དང་འབྲེལ་འགྲོ་བ་མིའི་སེམས་ཁམས་ཀྱི་འཚར་ལོངས་དང་། སེམས་ཚོར་དྲག་པོ་བྱུང་རྐྱེན་དང་དེ་དག་ལ་གདོང་ལེན་གནང་སྟངས་སྐོར་བཀའ་བསྡུར་གནང་གནང་གི་ཡོད་པ་རེད། རྩ་བའི་དེ་རིང་སྔ་དྲོའི་ཚོགས་དུས་སྐབས་ཀླད་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་ Richard Davidson ལགས་དང་ Daniel Goleman ལགས་ཀྱིས་གཙོས་པའི་གཞན་ཁག་ཅིག་ནས་འགྲོ་བ་མི་ཐོག་མ་ཆགས་སྟངས་དང་། དེའི་རྒྱུ་རྐྱེན། དེ་བཞིན་མིའི་སེམས་ཚོར་ལ་འགྱུར་བ་ཐེབས་སྟངས་དང་སྤྱི་ཚོགས་ཀྱི་འབྲེལ་བ་སོགས་བརྗོད་གཞི་ཁག་ཅིག་གི་ཐོག་གསུང་བཤད་དང་བཀའ་བསྡུར་གནང་ཡོད།

Latest news