Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ཉི་འོང་སྐུ་ཚབ་ཁག་གཅིག་ལ་མཇལ་ཁ་སྩལ་བ།

Tibetan News Headlines

  • Report Card: Sherig Kalon Tharlam Dolma Changra

རེས་གཟའ་སྤེན་པ། ༢༠༢༤།༠༦།༡༦

  • ཤེས་རིག་བཀའ་བློན་མཆོག་དང་ལྷན་འདས་པའི་ལོ་གཉིས་དང་ཕྱེད་ཀའི་ལས་དོན་སྐོར་བཅར་འདྲི།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནད་ཡོད་མི་སྣ་རྣམས་ལ་མཇལ་ཁ་སྩལ་བའི་ཁྲོད་ཉི་འོང་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་གཙོས་པའི་ཉི་འོང་གི་སྐུ་ཚབ་ཚོགས་ཆུང་ཁག་གཅིག་ལ་མཇལ་ཁ་སྩལ་འདུག

Japan Delegation audience HHDL

དེ་ཡང་དེ་རིང་ཕྱི་ཚེས་ ༢༢ ཉིན་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་སྣེ་ཁྲིད་པའི་ཉི་འོང་གྲོས་ཚོགས་འཐུས་མི་ཟུར་པ་དང་ཉི་འོང་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བའི་སྤྱི་ཁྱབ་དྲུང་ཆེ་ Nagao Takashi ལགས་དང་། ཉི་འོང་གི་ཨོ་ས་ཀའི་གྲོང་ཁྱེར་ནང་ཡོད་པའི་ Seifu Gakkui ཞེས་པའི་སློབ་གྲྭའི་སློབ་སྤྱི་གཞོན་པ་ Hiraoka Hiroaki ལགས་བཅས་ལ་མཇལ་ཁ་སྩལ་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་གིས་འཛམ་བུ་གླིང་འདིའི་ནང་མི་བཟང་པོ་ཞིག་བསྐྲུན་ཐུབ་ཚེ་དཀའ་རྙོག་མང་པོ་ཞིག་དེའི་བརྒྱུད་ནས་སེལ་ཐུབ་ཀྱི་ཡོད་པ་དང་འབྲེལ། ད་བར་ཉི་འོང་གི་ངོས་ནས་བོད་ལ་རྒྱབ་སྐྱོར་གནང་ཡོད་པར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་ཏེ། མུ་མཐུད་རྒྱབ་སྐྱོར་གནང་བའི་བཀའ་སྩལ་མཛད་འདུག

མཇལ་ཁ་གྲུབ་མཚམས་འདི་ག་གསར་འགོད་པས་ཉི་འོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་རྒྱལ་སྤྱིའི་ནང་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཤུགས་ཆེ་ཤོས་དེ་ཉི་འོང་ཆགས་ཀྱི་ཡོད་པ་དང་དེའི་ནང་མི་གྲངས་ ༡༠༠ ལྷག་ཡོད་ཅིང་། དེ་ཡང་དེ་སྔོན་ཉི་འོང་གི་སྲིད་བློན་ཟུར་པ་ Shinzo Abe མཆོག་གི་སྐུ་དྲིན་ཡིན་པ་ངོ་སྤྲོད་དང་འབྲེལ། ད་རེས་མཇལ་ཁའི་སྐབས་ཆེད་ཕེབས་གནང་བའི་ཉི་འོང་གྲོས་ཚོགས་འཐུས་མི་ཟུར་པ་དང་ཉི་འོང་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བའི་སྤྱི་ཁྱབ་དྲུང་ཆེ་ Nagao Takashi ལགས་ནི་ Shinzo Abe མཆོག་གི་ཕྱག་གཡས་པ་ལྟ་བུ་ཡིན་པ་མ་ཟད། མཇལ་ཁའི་སྐབས་༸རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་མ་འོངས་བོད་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་འཛམ་གླིང་ཞི་བདེའི་ཐོག་ཆབ་སྲིད་ཀྱི་ཐོག་ནས་ལས་དོན་གནང་ཕྱོགས་ཐད་ལ་ལམ་སྟོན་ཞུས་ཡོད་པ་འགྲེལ་བརྗོད་གནང་སོང་།

Japan Delegation audience HHDL

ལྷག་པར་ཁ་སང་བོད་མིའི་སྒྲིག་འཛུགས་ནང་ཆེད་ཕེབས་ཀྱིས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་ཚོགས་གཙོ་མཆོག་ནས་བཙན་བྱོལ་སྒྲིག་འཛུགས་ཀྱི་ཆགས་བབ་དང་མང་གཙོའི་འཕེལ་རིམ། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་དང་རང་དབང་མེད་པ་སོགས་ཀྱི་ཐོག་ལ་བཀའ་མོལ་གནང་ཡོད་པ་མ་ཟད། ཉི་འོང་སྐུ་ཚབ་རྣམ་པས་གནད་དོན་དེ་དག་མ་འོངས་པར་ཉི་འོང་གྲོས་ཚོགས་ནང་གླེང་སློང་བྱ་རྒྱུ་ཡིན་པ་སོགས་གསུངས་ཡོད་པ་འགྲེལ་བརྗོད་གནང་སོང་།

མ་ཟད་ཉི་འོང་གི་ཨོ་ས་ཀའི་གྲོང་ཁྱེར་ནང་ཡོད་པའི་ Seifu Gakkui ཞེས་པའི་སློབ་གྲྭའི་སློབ་སྤྱི་གཞོན་པ་ Hiraoka Hiroaki ལགས་ཀྱིས་ Hiroshima གྲོང་ཁྱེར་ནང་སློབ་གྲྭ་ཞིག་གསར་འཛུགས་གནང་འཆར་ཡོད་པ་དེའི་ནང་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་གཞི་ལྟར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་ངོ་སྤྲོད་སོགས་ཀྱང་གནང་ཡོད་པ་རེད་འདུག

Japan Delegation audience HHDL

གཞན་ཡང་ཁ་སང་བོད་ཕྲུག་ཁྱིམ་སྡེ་དང་བོད་ཀྱི་དཔེ་མཛོད་ཁང་སོགས་ལ་གཟིགས་སྐོར་ཕེབས་ཡོད་པ་རེད་འདུག

རྩ་བའི་ཁོང་རྣམས་དེ་རིང་མཇལ་ཁ་གྲུབ་པའི་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད་ཀྱིས་ཆབ་སྲིད་ཀྱི་གནད་དོན་སྐོར་གླེང་སློང་གནང་ཡོད་པ་དང་། དེ་བཞིན་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དང་ནོར་གླིང་བོད་རིག་གཞུང་གཅེས་སྐྱོང་ཁང་དུ་གཟིགས་སྐོར་ཕེབས་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།