Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གི་༸སྐུའི་གྱ་སྟོན་ལ་འཚམས་འདྲི་ཞུས་པའི་རྐྱེན་གྱིས་ཀུ་ཤུ་རྟགས་ཅན་ཁ་པར་ཐོན་གསར་བཀག་སྡོམ།

དེ་སྔ་༸གོང་ས་མཆོག་གི་༸སྐུའི་གྱ་སྟོན་སྐབས་མགོན་པོ་༸གང་ཉིད་མཆོག་ལ་འཁྲུངས་སྐར་གྱི་འཚམས་འདྲི་ཞུས་པའི་གནད་དོན་དང་འབྲེལ་བའི་ཐོག་ནས་རྒྱ་ནག་སྐམ་ས་ཆེན་མོའི་དྲ་རྒྱ་ཁག་ཏུ་ཀུ་ཤུ་རྟགས་ཅན་ཁ་པར་ཐོན་གསར་པ་ཞིག་བཀག་སྡོམ་བྱས་འདུག དེའང་ Apple ཚོང་ལས་ཁང་གིས་ཁ་སང་རེས་གཟའ་པ་སངས་ཉིན་མཚོན་དམར་ཅན་གྱི་ཀུ་ཤུ་རྟགས་ཅན་ཁ་པར་ཐོན་གསར་པ་ཞིག་འགྲེམས་སྤེལ་བྱས་ཡོད་པ་དང་།  ཀུ་ཤུ་རྟགས་ཅན་གྱི་ཚོང་ལས་ཁང་གིས་ད་རེས་གསར་དུ་ཐོན་པའི་ཁ་པར་ཚོང་འགྲེམས་བྱས་པའི་ཁེ་ཕན་ཇི་བྱུང་རྣམས་གཉན་ནད་རེག་དུག་སྔོན་འགོག་ཐོག་ཕྱག་ལས་གནང་མཁན་གཞུང་འབྲེལ་མིན་པའི་ RED ཚོང་ལས་ཁང་དུ་སྤྲོད་རྒྱུ་རེད་འདུག ད་རེས་ཀུ་ཤུ་རྟགས་ཅན་ཁ་པར་ཐོན་གསར་པ་དེ་རྒྱ་ནག་སྐམ་ས་ཆེན་མོའི་ནང་བཀའ་སྡོམ་བྱས་སྟབས། དྲ་རྒྱ་བཀོལ་སྤྱོད་གནང་མཁན་རྒྱ་རིགས་ཚོས་རྒྱུ་མཚན་གཉིས་ཀྱི་ཐོག་ནས་ཚོད་དཔག་དང་འགྲེལ་བརྗོད་གནང་གི་འདུག དང་པོ་རྒྱ་གཞུང་གིས་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ཁྲིམས་སྒྲིག་གསར་བཟོ་བྱས་པ་ལྟར་གཞུང་འབྲེལ་མིན་པའི་ RED ཚོང་ལས་ཁང་དེ་དང་ཐད་ཀར་འབྲེལ་བ་ཡོད་པས་དེ་ལྟར་བཀག་འགོག་བྱས་པ་ཞིག་ཡིན་པ་དང་། གཉིས་པ་དེ་སྔ་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༧ ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་དང་བསྟུན་རྒྱ་ནག་ནང་རྟེན་གཞི་བྱས་པའི་ Red ཚོང་ལས་ཁང་གིས་སྤྱི་ཚོགས་འབྲེལ་ལམ་ Instagram བརྒྱུད་ནས་མགོན་པོ་༸གང་ཉིད་མཆོག་ལ་འཚམས་འདྲི་ཞུས་པའི་རྐྱེན་གྱིས་བཀག་སྡོམ་བྱས་པར་ཚོད་དཔག་གནང་མུས་ཡིན་འདུག ཚོང་ལས་ཁང་དེས་༸གང་ཉིད་མཆོག་གི་གྱ་སྟོན་ལ་འཚམས་འདྲི་ཞུས་པའི་རྐྱེན་གྱིས་དྲ་རྒྱ་བཀོལ་སྤྱོད་པ་མང་དག་ཞིག་ལ་ཁོང་ཁྲོ་སློང་ཡོད་སྟབས། དེ་དག་གིས་རྒྱ་ནག་སྐམ་ས་ཆེན་མོའི་ནང་ཀུ་ཤུ་རྟགས་ཅན་ཁ་པར་གསར་དུ་ཐོན་པའི་མཚོན་དམར་ཅན་ RED iPhone དེ་བཀའ་སྡོམ་བྱེད་དགོས་པ་བཤད་པ་མ་ཟད། དྲ་རྒྱ་བཀོལ་སྤྱོད་པ་གཅིག་གིས་ཕྱི་རྒྱལ་གྱི་ཚོང་ལས་ཁང་ཁག་གིས་རྒྱ་ནག་གི་ཁྲོམ་རའི་ནང་དཔལ་འབྱོར་གྱི་ཁེ་དབང་ལེན་པ་དང་ཆབས་ཅིག རྒྱ་ནག་གི་བདག་དབང་ལ་དོ་ཕོག་ཤུགས་ཆེ་གཏོང་བཞིན་པ་དེར་ངོ་རྒོལ་ཡོད་ཅེས་བཤད་འདུག གཞི་རྩའི་རྒྱ་ནག་དེ་ཀུ་ཤུ་རྟགས་ཅན་གྱི་འཕྲུལ་ཆས་ཀྱི་ཁྲོམ་ར་གཙོ་བོ་ཞིག་ཡིན་པ་རེད། ཀུ་ཤུ་རྟགས་ཅན་གྱི་ཚོང་ལས་ཁང་དང་ Red ཚོང་ལས་ཁང་གཉིས་ལོ་ངོ་ ༡༠ རིང་ཟུང་འབྲེལ་གྱིས་ཐོན་སྐྱེད་གསར་བསྐྲུན་བྱས་པ་མ་ཟད། ཀུ་ཤུ་རྟགས་ཅན་ཚོང་ལས་ཁང་གིས་ཚོང་ལས་དེའི་ཐོན་རྫས་ཨ་སྒོར་ས་ཡ་ ༡༣༠ ཚོང་འགྲེམས་བྱས་ཡོད་པ་རེད།    

༸གོང་ས་མཆོག་གིས་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་དབྱུག་རྩེད་སྤོ་ལོ་རྩེད་འགྲན་པ་དང་མཇལ་མོལ།

དེ་རིང་ཟླ་ ༣ ཚེས་ ༢༤ ཉིན་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་དབྱུག་རྩེད་སྤོ་ལོ་རྩེད་འགྲན་པ་ཁག་ཅིག་ལ་མཇལ་ཁ་བསྩལ་བ་དང་འབྲེལ། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་རྩ་བའི་རྒྱ་གར་མི་མང་ཚོ་དབྱུག་རྩེད་སྤོ་ལོ་རྩེད་འགྲན་འདིར་དགའ་མོས་ཆེན་པོ་ཡོད་ཀྱང་། ༸སྐུ་ཉིད་མཆོག་རྩེད་འགྲན་དེའི་ཐོག་མྱོང་བ་གང་ཡང་མེད་པར་བརྟེན་དོ་སྣང་ཡང་དེ་ཙམ་མེད་ཅེས་བཀའ་སྩལ་སོང་བ་དང་། ཆེད་ལས་རྩེད་འགྲན་འདི་ལྟ་བུ་བརྒྱུད་ནས་མང་ཚོགས་མང་པོ་ཞིག་ལ་སྤྲོ་སྣང་དང་བདེ་སྐྱིད་བསྐྲུན་བཞིན་ཡོད་སྟབས། མགོན་པོ་མཆོག་གིས་རྩེད་རིགས་དེར་བསྔགས་བརྗོད་ཀྱང་མཛད་སོང་། དེ་བཞིན་༸གོང་ས་མཆོག་གིས་དེ་སྔ་༸གང་ཉིད་མཆོག་༸སྐུ་གཞོན་ནུའི་སྐབས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་གཞུང་གི་སྲིད་བློན་ Chou En Lai དང་ལྷན་ ping Pong རྩེད་གནང་བ་དང་དེ་རྗེས་དྷ་སར་ཐོག་མར་འབྱོར་སྐབས་སུ་བྱ་བྲོ་རྩེད་གནང་སྐོར་གསུངས་ཡོད་པ་རེད། ༸གོང་ས་མཆོག་གིས་རྩེད་འགྲན་པ་དང་མཇལ་མོལ་སྐབས་གཙོ་བོ་མགོན་པ་མཆོག་གི་ཐུགས་ཀྱི་མཛད་ཁུར་ཆེན་པོ་གསུམ་གྱི་ཐོག་བཀའ་བསྩལ་མཛད་པ་ལས། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས། ཆོས་ལུགས་མཐུན་འབྲེལ། བོད་ཀྱི་ཆོས་རིག་འཛིན་སྐྱོང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་གནད་རང་བཞིན་སོགས་ངོ་སྤྲོད་དང་འགྲེལ་བརྗོད་གནང་སོང་།  རྩེད་འགྲན་པ་ཚོའི་ངོས་ནས་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མ་འོངས་པར་ས་ཕྱོགས་གང་དུ་བསྐྱོད་ཀྱང་འགྲོ་བ་མི་གཅིག་འགྱུར་དང་ཆོས་ལུགས་མཐུན་སྒྲིལ་ཡོང་རྒྱུར་སྒོ་གང་ས་ནས་ཤུགས་སྣོན་བསྐྱོན་དགོས་པར་སྐུལ་མ་གནང་ཡོད་པ་རེད། ༸གོང་ས་མཆོག་གིས་རྩེད་འགྲན་པ་རྣམས་ལ་བཀའ་སློབ་བསྩལ་གྲུབ་ཟིན་རྗེས་རྩེད་འགྲན་པ་ཚོས་༸གོང་ས་མཆོག་ལ་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་དང་རྩེད་འགྲན་གོང་བསམ་བློ་ལྷིང་འཇགས་ཡོང་ཐབས་སོགས་ཀྱི་ཐད་བཀའ་འདྲི་མང་དག་ཞིག་ཞུས་ཡོད་པ་རེད། སྐབས་དེར་རྩེད་འགྲན་པ་ཞིག་གིས་༸གོང་ས་མཆོག་ལ་མགོན་པོ་༸གང་ཉིད་མཆོག་ནས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བྱུང་ཚེ་བཀའ་གང་གནང་རྒྱུ་ཡོད་སྐོར་བཀའ་འདྲི་ཞུས་པར་བཀའ་ལན་ལས་འཕྲོས་ཏེ་ད་ལྟའི་རྒྱ་ནག་གཞུང་འདི་དོན་དམ་གྱི་སྤྱི་ཚོགས་རིང་ལུགས་པ་ཞིག་མིན་སྐོར་བཀའ་བསྩལ་བ་དང་འབྲེལ། རྒྱ་ནག་གི་མང་ཚོགས་ཐེར་འབུམ་གཅིག་ལྷག་ཡོད་པ་དེ་དག་ལ་དངོས་ཡོད་ཀྱི་གནས་ཚུལ་ཤེས་ཆོག་པའི་ཐོབ་ཐང་ཡོད་པ་དང། རྒྱ་ནག་གཞུང་གིས་དེ་ལས་ལྡོག་སྟེ་གནས་ཚུལ་ལ་དམ་བསྒྲགས་བྱེད་བཞིན་པ་དེ་མཐའ་གཅིག་ཏུ་ནོར་འཁྲུལ་ཞིག་རེད་ཅེས་བཀའ་ནན་བསྩལ་ཡོད། ༸གོང་ས་མཆོག་ད་དུང་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ཀྱི་གནད་དོན་ཐད་དངོས་ཡོད་ཀྱི་གནས་ཚུལ་རྟོགས་ཐུབ་ཀྱི་མེད་སྐོར་བཀའ་གནང་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་རྒྱུན་རིང་པོ་ཞིག་ནས་ཡུ་རོབ་མཐུན་ཚོགས་ཀྱི་སྒྲོམ་གཞིར་ཡིད་མོས་ཆེན་པོ་གནང་བཞིན་པ་ལྟར། བོད་ཀྱི་གནད་དོན་ཐོག་ལའང་དེ་ལྟར་ཞིག་ཡོང་བར་ཐུགས་རེ་དང་། བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་གནས་ཏེ་རང་ཉིད་ཀྱི་ཐོུང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་། ཁོར་ཡུག་བཅས་པ་སྲུང་སྐྱོབ་གོང་སྤེལ་བྱ་རྒྱུའི་ཐོབ་ཐང་རྩོད་བཞིན་ཡོད་པ་བཀའ་སློབ་བསྐྱར་ནན་མཛད་འདུག ཨོ་སི་ཊོ་ལི་ཡའི་རྩེད་འགྲན་རུ་ཁག་གི་རུ་དཔོན་ Steve Smith ལགས་ཀྱིས་ད་ལན་༸གོང་ས་ཏཱ་ལའི་བླ་མ་ལྟ་བུའི་རྩ་ཆེ་བའི་དབུ་ཁྲིད་ཀྱི་དྲུང་ནས་བྱམས་བརྩེ་དང་འགྲོ་བ་མིའི་ཕན་ཚུན་དབར་ལ་གཅིག་འགྱུར་གྱི་འདུ་ཤེས་འཛིན་རྒྱུ་གནང་ཆེའི་རང་བཞིན་གྱི་བཀའ་སློབ་ཉན་རྒྱུའི་གོ་སྐབས་བཟང་པོ་ཐོབ་པ་འདིས་སེམས་ནང་ཞི་བདེ་ལྷིང་འཇགས་ཤིག་བྱུང་སོང་། ལྷག་དོན་དེ་རིང་མགོན་པོ་༸གང་ཉིད་མཆོག་གི་བཀའ་སློབ་ལས་ང་ཚོ་རྩེད་འགྲན་པ་རྣམས་ལ་དམིགས་བསལ་གྱི་མྱོང་བ་གསར་པ་ཞིག་ཐོབ་སོང་ཞེས་གསུངས་ཡོད། རྩ་བའི་ཨོ་སི་ཊོ་ལི་ཡའི་དབྱུག་རྩེད་སྤོ་ལོའི་རུ་ཁག་དང། རྒྱ་གར་དབྱུག་རྩེད་སྤོ་ལོའི་རུ་ཁག་དབར་གྱི་རྩེད་འགྲན་ཐེངས་ ༤ པ་དེ་སང་ཉིན་ཚེས་ ༢༥ ནས་དྷ་རྨ་ས་ལར་རྩེད་ཀྱི་ཡོད་པ་དང། ཐེངས་འདིའི་རྩེད་འགྲན་དང་བསྟུན་ཨོ་སི་ཊོ་ལི་ཡའི་དབྱུག་རྩེད་སྤོ་ལོའི་རུ་ཁག་ནས་༸གོང་ས་མཆོག་ལ་ལྷན་མཇལ་ཞུ་རྒྱུར་གསོལ་འདེབས་ཞུས་པ་ཞིག་ཡིན་འདུག

ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་ཕྱག་དེབ་ཨ་སམ་སྐད་ཡིག་ཐོག་ཕབ་བསྒྱུར་ཞུས་པ་དབུ་འབྱེད་མཛད་རྒྱུ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་མགོན་པོ་༸གང་ཉིད་མཆོག་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པ་ཨ་སམ་སྐད་ཡིག་ཐོག་ཕབ་བསྒྱུར་ཞུས་པ་དབུ་འབྱེད་མཛད་རྒྱུ་རེད་འདུག དེའང་ཁ་སང་ཟླ་ ༣ ཚེས་ ༢༡ ཉིན་ India Today གསར་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཟླ་ ༤ ཚེས་ ༡ ནས་དབུ་འཛུགས་ཀྱིས་རྒྱ་གར་བྱང་ཤར་མངའ་སྡེ་ Assam དང་ Arunachal Pradesh གྱི་གྲོང་ཁྱེར་ཆེ་ཁག་གཙོས་པའི་ས་གནས་ཁག་ཅིག་ཏུ་ཆིབས་བསྒྱུར་བཀྲིན་བསྐྱང་གཏན་འཁེལ་བ་ལྟར། མགོན་པོ་༸གང་ཉིད་མཆོག་ Assam མངའ་ཁུལ་གྱི་གྲོང་ཁྱེར་ཆེ་ཤོས་ Guwahati ནང་དུ་རྟེན་གཞི་བྱས་པའི་ IIT འཕྲུལ་རིགས་བསྟི་གནས་ཁང་དུ་ས་གནས་མངའ་སྡེའི་སྲི་ཞུ་བ་དང་རྩོམ་པ་པོ་ Indra Laskar ལགས་ཀྱིས་ཡུལ་དེའི་སྐད་ཡིག་ཐོག་ཕབ་བསྒྱུར་ཞུས་པའི་ཕྱག་དེབ་དབུ་འབྱེད་མཛད་ཀྱི་འདུག རྒྱ་གར་གྱི་རྩོམ་པ་པོ་ཞིག་ནས་མགོན་པོ་༸གང་ཉིད་མཆོག་གི་ཕྱག་དེབ་ཨ་སམ་སྐད་ཡིག་ཐོག་ཕབ་བསྒྱུར་ཞུས་པ་དེ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་དང་། ཕྱག་དེབ་དེ་དཔར་བསྐྲུན་གནང་མཁན་ Lawyers Book Stall གྱི་བདག་པོ་སྐུ་ཞབས་ Bhaskar Dutta ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་གིས་མཛད་པའི་རྡུལ་ཕྲབ་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་དང་སེམས་ཀྱི་ཞི་བདེ་སོགས་ཕྱག་དེབ་ཁག་རིམ་བཞིན་ཕབ་བསྒྱུར་ཞུ་རྒྱུ་ཡིན་པ་གསུངས་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཟླ་བ་རྗེས་མའི་ནང་རྒྱ་གར་བྱང་ཤར་མངའ་ཁུལ་གྱི་ཆིབས་བསྒྱུར་སྐབས་ཁུལ་དེའི་གསར་སྤེལ་ཁང་ Dainik Asam དང་Assam Tribune གཉིས་ཀྱི་ལོ་འཁོར་དུས་སྟོན་མཛད་སྒོར་དབུ་བཞུགས་ཀྱིས་མང་ཚོགས་ལ་འཛམ་གླིང་ཞི་བདེ་ཆེད་འགྲོ་བ་མིའི་སྤྱོད་ཚུལ་འམ་ Human Approach to World Peace ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་བསྩལ་རྒྱུ་དང་། དེ་རྗེས་ཚེས་ ༥ ནས་ ༡༢ བར་ཨ་རུ་ནཱ་ཅལ་མངའ་སྡེའི་རྒྱལ་ས་ Itanagar གཙོས་པའི་མོན་རྟ་དབང་དང་ Dirang དེ་བཞིན་བྷུམ་དི་ལ་བཅས་ཀྱི་ནང་དུ་ཆིབས་བསྒྱུར་གྱིས་ཆོས་འབྲེལ་ཁག་ཅིག་བསྐྱང་གནང་གི་ཡོད་པ་རེད། ཁ་སང་ཟླ་ ༣ ཚེས་ ༢༡ ཉིན་དགུང་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་མངའ་སྡེ་གསུམ་ནང་གི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་གནང་ཡོད་པ་དང་། རྒྱ་གར་གྱི་གསར་ཁང་ཁག་གཅིག་གི་གསར་འགོད་པས་མགོན་པོ་༸གང་ཉིད་མཆོག་གི་མཛད་འཕྲིན་ཐད་རྒྱ་ནག་གཞུང་ནས་མགོན་པོ་༸གང་ཉིད་མཆོག་དང་རྒྱ་གར་གཞུང་ལ་སྐྱོན་བརྗོད་བྱས་པར་ཐུགས་ཚོར་ཇི་བྱུང་སྐོར་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་ལྟ་བ་མཁྲེགས་བཟུང་ཅན་གྱི་རྒྱ་ནག་གྱི་འགོ་ཁྲིད་ཚོས་ངོས་ལ་རྙོག་གྲ་བཟོ་མཁན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། རྒྱ་རིགས་མང་ཚོགས་ཀྱིས་ངོས་ལ་བཟང་ཕྱོགས་ཀྱི་ལྟ་ཚུལ་ཤིན་ཏུ་ཡག་པོ་ཡོད། ལྷག་པར་དུ་འདས་པའི་ལོ་ཤས་གོང་ནས་གཟའ་འཁོར་འཆར་ཅན་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡིན་པའི་རྒྱ་རིགས་མང་པོ་ཞིག་ངོས་རང་ཐུགས་འཕྲད་དུ་ཡོང་བཞིན་ཡོད་པ་རེད། ལྷག་དོན་ཁག་ཅིག་བློ་ཕམ་གྱི་ཐོག་ནས་ངུ་བཞིན་ངོས་ལ་ཁོང་རྣམས་དུས་ནམ་ཡང་དྲན་པ་མ་བརྗེད་རོགས་ཞེས་ཞུ་མཁན་ཡང་བྱུང་སྐོར་གསུངས་འདུག གལ་སྲིད་རྒྱ་ནག་གི་འགོ་ཁྲིད་རིམ་པའི་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་བྱུང་ཚེ་མགོན་པོ་༸གང་ཉིད་མཆོག་རྒྱ་ནག་ནང་ལ་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་དང་། ལྷག་པར་དུ་ཆོས་གྲོགས་ཀྱི་ངོ་བོའི་ཐོག་ནས་ཆིབས་བསྒྱུར་མཛད་རྒྱུར་གྲ་སྒྲིག་ཡིན་ཞེས་བཀའ་ལན་བསྩལ་འདུག

༸གོང་ས་མཆོག་རྒྱ་གར་གྱི་མངའ་སྡེ་གསུམ་ནང་གི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་ཚུར་ཆིབས་བསྒྱུར་བསྐྱངས་པ།

དེ་རིང་ཟླ་ ༣ ཕྱི་ཚེས་ ༢༡ ཉིན་དགུང་ཚོུད་ ༢།༥༠ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་མངའ་སྡེ་གསུམ་ནང་གི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་ཚུར་༸ཞབས་སོར་བདེ་བར་འཁོད་གནང་མཛད་སོང་། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༡༦ ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས་ཚེས་ ༡༧ ཉིན་ཐེངས་འདིའི་མཛད་འཆར་གཙོ་བོ་རྒྱ་གར་བྷི་ཧཱར་མངའ་སྡེའི་ན་ལེནྡྲ་རྫོང་ནང་དུ་རྟེན་གཞི་བྱས་པའི་རྒྱལ་པོའི་ཁབ་གྲོང་ཁྱེར་དུ་རྒྱ་གར་དབུས་རིག་གཞུང་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་པ་མ་ཟད། རྒྱ་གར་གྱི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་ Mahesh Sharma མཆོག་དང་མཇལ་འཕྲད་གནང་ཡོད། ལྷག་དོན་༸གོང་ས་མཆོག་གིས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དབུ་འབྱེད་ཀྱི་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད། ལྷན་ཚོགས་དེའི་ཐོག་རྒྱ་གར་དང་ཤྲི་ལངྒ་ཀ།  བྷང་ལ་དེ་ཤ། སིང་གྷ་པོར།  བལ་ཡུལ། མ་ལ་ཤི་ཡ་ལ་སོགས་པའི་ཁྱོན་རྒྱལ་ཁབ་འདྲ་མིན་ ༣༥ ཙམ་གྱི་ནང་པའི་དབུ་བླ་ ༡༠༠༠ ལྷག་ཆེད་ཕེབས་གནང་ཡོད་པ་རེད། གནད་དོན་དེའི་ཐོག་ལ་རྒྱ་ནག་གཞུང་གི་ངོས་ནས་ཁ་སང་ཚེས་ ༢༠ ཉིན་རྒྱ་གར་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག་པ་དང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Hua Chunying ཟེར་བས་རྒྱ་གར་གཞུང་གི་ངོས་ནས་རྒྱ་ནག་གིས་དགག་བྱ་དང་སྐྱོན་བརྗོད་ཤུགས་ཆེ་བྱས་དང་བྱེད་མིན་ལ་མ་ལྟོས་པར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་ཏཱ་ལའི་བླ་མ་གདན་ཞུ་བྱས་ཡོད་སྟབས། གནད་དོན་དེའི་ཐོག་ནས་རྒྱ་ནག་ལ་བློ་ཕམ་དང་དགག་པ་ཤུགས་ཆེ་ཡོད་པ་བརྗོད་འདུག རྒྱ་ནག་གཞུང་ཕྱོགས་ནས་རྒྱ་གར་ལ་ཏཱ་ལའི་རུ་ཚོགས་ཀྱིས་རྒྱ་ནག་ཁ་བྲལ་གཏོང་རྒྱུར་ངན་སེམས་བཅངས་ཡོད་སྐོར་སོགས་བཤད་པ་དང་འབྲེལ་རྒྱ་གར་གཞུང་གི་ངོས་ནས་བོད་དོན་དང་འབྲེལ་ནས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་བདག་དབང་སོགས་ཀྱི་ཐོག་དོ་ཕོག་མི་འགྲོ་བ་གནང་དགོས་གལ་ཡིན་བཤད་ཡོད། ༸གོང་ས་མཆོག་ན་ལེནྡྲའི་ནང་གི་མཛད་འཆར་ཁག་ལེགས་གྲུབ་ཟིན་རྗེས་རྒྱ་གར་གྱི་ Madhya Pradesh མངའ་སྡེ་གཞུང་གི་དཔོན་རིགས་མཐོ་གྲས་དང་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་བདེ་སྐྱིད་སྐོར་བཀའ་སློབ་བསྩལ་གནང་ཡོད་པ་རེད། དེ་བཞིན་ཚེས་ ༡༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མངའ་སྡེ་གཞུང་གིས་གོ་སྒྲིག་ཞུས་པའི་  Namami Devi Narmade-Sewa Yatra   ཞེས་པའི་རྒྱུག་ཆུ་གཙང་བཟོ་དང་དེའི་ཉེ་འཁོར་གྱི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་རིམ་ཐོག་དབུ་བཞུགས་ཀྱིས་བཀའ་སློབ་བཀའ་དྲིན་སྩལ་བའི་ཁྲོད། རྒྱ་གར་ཡུལ་གྱི་དཔལ་འབྱོར་ལམ་ལུགས་འདི་གཙོ་ཆེ་ཞིང་ལས་ཐོན་ཁུངས་ལ་ཤུགས་ཆེ་བརྟེན་པ་ཞིག་ཡིན་སྟབས་སོ་ནམ་པ་གྲོང་གསེབ་ཀྱི་ས་ཁུལ་ཡར་རྒྱས་བཏང་གཏོང་པའི་ཐོག་ནས་རྒྱ་གར་རྒྱལ་ཡོངས་ལ་ཡར་རྒྱས་གཏང་ཐུབ་རྒྱུ་ཡིན་པ་བཀའ་བསྩལ་འདུག དེ་རྗེས་༸གོང་ས་མཆོག་གིས་ཁ་སང་ཕྱི་ཚེས་ ༢༠ ཉིན་རྒྱ་གར་གྱི་ UttarPradesh མངའ་སྡེའི་ Mathura གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ Sri Udasin Karshni Ashram དུ་ཆིབས་བསྒྱུར་གྱིས་དེའི་བླ་ཆེན་ Swami Karshni Guruasharanandaji Maharaj མཆོག་དང་ལྷན་ཉིན་དགུང་ལྗགས་སྨིན་བཞེས་གྲུབ་རྗེས་གསར་འགོད་པ་ཁག་ཅིག་དང་མཇལ་འཕྲད་ཀྱང་གནང་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་འདིའི་རྒྱ་གར་གྱི་མངའ་སྡེ་གསུམ་ནང་གི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་དེ་རིང་ཟླ་ ༣ ཚེས་ ༢༡ ཉིན་རྒྱབ་ཚོུད་ ༢།༥༠ ཙམ་ལ་བཞུགས་སྒར་དུ་ཚུར་༸ཞབས་སོར་བདེ་བར་འཁོད་གནང་མཛད་སོང་། མཛད་འཆར་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༤ ཚེས་ ༡ ཉིན་རྒྱ་གར་ Assam མངའ་ཁུལ་གྱི་གྲོང་ཁྱེར་ཆེ་ཤོས་ Guwahati ནང་དུ་ཆིབས་བསྒྱུར་མཛད་རྒྱུ་དང་། དེ་རྗེས་ཚེས་ ༥ ནས་ ༧ བར་ཨ་རུ་ནཱ་ཅལ་མངའ་སྡེའི་མོན་རྟ་དབང་དང་། དེ་བཞིན་ཚེས་ ༡༠ ཉིན་ Dirang དང་ཚེས་ ༡༡ ཉིན་བྷུམ་དི་ལ་དང་། དེ་མཚུངས་སུ་ཚེས་ ༡༢ ཉིན་ཨ་རུ་ནཱ་ཅལ་མངའ་སྡེའི་རྒྱལ་ས་ Itanagar བཅས་ཀྱི་ནང་དུ་ཆོས་འབྲེལ་བསྐྱང་གཏན་འཁེལ་ཡོད་པ་རེད། རྒྱ་ནག་གཞུང་གི་ངོས་ནས་༸གོང་ས་མཆོག་མོན་རྟ་དབང་ལ་ཆིབས་བསྒྱུར་མཛད་རྒྱུ་དང་འབྲེལ་རྒྱ་གར་གཞུང་ལ་སྐྱོན་བརྗོད་རབས་དང་རིམ་པ་བྱས་པ་མ་ཟད། ད་དུང་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་སྲིད་པའི་ཉེན་བརྡ་བཏང་ཡོད་ཀྱང་། རྒྱ་གར་གཞུང་གིས་རྒྱ་ནག་ནས་ཉེན་བརྡ་བཏང་པར་ལྟོས་མེད་ཀྱིས་གནད་དོན་དེའི་ཐོག་རྒྱ་གར་གཞུང་གི་འཛིན་པའི་སྲིད་བྱུས་དེ་ཡོངས་གྲགས་ཡིན་པ་དང་། དེར་འགྱུར་བ་གང་ཡང་མེད་པ་མ་ཟད། ༸གོང་ས་མཆོག་རྒྱ་གར་གྱི་ས་གནས་གང་དུ་ཕེབས་ཀྱང་དེར་ཐེ་བྱུས་གང་ཡང་མེད་སྐོར་ནན་བརྗོད་གནང་ཡོད་པ་རེད།

༸གོང་ས་མཆོག་གིས་རྒྱ་གར་སྤྱི་ཡོངས་ཡར་རྒྱས་འགྲོ་ཕྱིར་གྲོང་གསེབ་ཁག་ཡར་རྒྱས་གཏོང་དགོས་གལ་ཡིན་པ་བཀའ་བསྩལ་བ།

དེའང་ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ Bhopal གྲོང་ཁྱེར་ནང་དུ་ Narmade  རྒྱུག་ཆུ་སྲུང་སྐྱོབ་ཀྱི་གོམ་བགྲོད་ལས་འགུལ་  Namami Devi Narmade-Sewa Yatra   ཞེས་པའི་ཚོགས་མགོན་དུ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པ་དང་། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་རྒྱལ་ཡོངས་ཡར་རྒྱས་ཕྱིར་གཞི་རིམ་གྲོང་གསེབ་ཁག་ཡར་རྒྱས་གཏོང་དགོས་གལ་ཡིན་པ་བཀའ་བསྩལ་འདུག ཟླ་བ་འདིའི་ཚེས་ ༡༩ རེས་གཟའ་ཉི་མའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ Madhya Pradesh མངའ་སྡེ་གཞུང་གིས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་མགོན་པོ་༸གང་ཉིད་མཆོག་མངའ་སྡེ་དེའི་རྒྱལ་ས་ Bhopal ནང་དུ་ཉིན་གྲངས་གསུམ་རིང་གི་མཛད་འཆར་སྐྱོང་བཞིན་པ་དང་བསྟུན། ཁ་སང་ MP མངའ་སྡེ་གཞུང་གིས་གོ་སྒྲིག་ཞུས་པའི་  Namami Devi Narmade-Sewa Yatra   ཞེས་པའི་རྒྱུག་ཆུ་གཙང་བཟོ་དང་དེའི་ཉེ་འཁོར་གྱི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་རིམ་ཐོག་དབུ་བཞུགས་ཀྱིས་བཀའ་སློབ་བཀའ་དྲིན་སྩལ་བའི་ཁྲོད། རྒྱ་གར་ཡུལ་གྱི་དཔལ་འབྱོར་ལམ་ལུགས་འདི་གཙོ་ཆེ་ཞིང་ལས་ཐོན་ཁུངས་ལ་ཤུགས་ཆེ་བརྟེན་པ་ཞིག་ཡིན་སྟབས་སོ་ནམ་པ་གྲོང་གསེབ་ཀྱི་ས་ཁུལ་ཡར་རྒྱས་བཏང་ནས་སྤྱི་ཡོངས་རྒྱ་གར་གྱི་གནས་སྟངས་ཡར་རྒྱས་གཏོང་ཐབས་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད།  གྲོང་གསེབ་ས་ཁུལ་ཁག་ཏུ་གཙོ་ཆེ་འཕྲོད་བསྟེན་དང་ཤེས་ཡོན་སོགས་གཞི་རིམ་ཐུན་རྐྱེན་གྱི་གནས་སྟངས་ཐད་ཤུགས་རྒྱག་དགོས་པ་དང་། གྲོང་གསེབ་ས་ཁུལ་ཁག་ལ་དགོས་ངེས་གཞི་རིམ་གྱི་ཆ་རྐྱེན་དེ་དག་མཐུན་འགྱུར་སྦྱར་ཏེ་རྒྱ་གར་སྤྱི་ཡོངས་ཀྱི་གནས་སྟངས་ཡར་རྒྱས་གཏོང་པའི་ཐོག་ནས་རྒྱ་གར་རྒྱལ་ཡོངས་ལ་ཡར་རྒྱས་གཏང་ཐུབ་རྒྱུ་ཡིན་པ་བཀའ་བསྩལ་འདུག དེ་བཞིན་ཡང་༸གོང་སམཆོག་གིས་སྤྱིར་བེུད་རྣམས་ལ་བྱམས་བརྩེའི་ནུས་པ་ཤུགས་ཆེ་བ་ཡོད་སྟབས་འགྲོ་བ་མིའི་རིན་ཐང་གོང་འཕེལ་གཏང་པའི་ལས་དོན་གང་སྤྱིའི་ཐད་བེུད་རྣམས་ལ་ཆ་ཤས་གང་མང་བླང་བཅུག་ཚེ་དགེ་མཚན་ཆེན་པོ་ཡོད་པ་བཀའ་བསྩལ་འདུག ང་ཚོའི་ཕ་མེས་ཡང་མེས་ཚོ་འཛམ་གླིང་འདིའི་སྒང་འཚོ་བསྡད་བྱས་པ་ལྟར་མ་འོངས་པའི་མི་རབས་རྣམས་ཀྱང་འཛམ་གླིང་འདིའི་ཐོག་གནས་དགོས་པ་ཡིན་སྟབས། ང་ཚོའི་ངོས་ནས་གོ་ལའི་ཚ་གྲོད་སོགས་ཁོར་ཡུག་གི་གནད་དོན་སྐོར་ལ་བསམ་བློ་གཏོང་སྐབས་གོ་ལ་སྤྱིར་ཕན་པའི་བསམ་བློ་གཏོང་དགོས་པ་དང་། མ་འོངས་པའི་མི་རབས་ཆེད་དུ་ཤིང་སྣ་དང་ཆུ་སོགས་སྲུང་སྐྱོབ་གནང་དགོས་གལ་སྐོར་གསུངས་པ་དང་འབྲེལ།  མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཤིབ་རཱཇ་སིངྒ་ཅོ་ཧཱན་ Shivraj Singh Chouhan མཆོག་གིས་སྣེ་ཁྲིད་གནང་པའི་ནར་མ་ད་རྒྱུག་ཆུ་སྲུང་སྐྱོབ་ཀྱི་ལས་འགུལ་ལ་བསྔགས་བརྗོད་གནང་པ་དང་ཆབས་ཅིག མང་ཚོགས་གང་མང་ནས་མཉམ་ཞུགས་གནང་དགོས་གལ་ཡིན་པ་བཀའ་བསྩལ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ Madhya Pradesh མངའ་སྡེ་གཞུང་གི་དཔོན་རིགས་མཐོ་གྲས་དང་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་བདེ་སྐྱིད་སྐོར་བཀའ་སློབ་བསྩལ་གནང་མཛད་འདུག སྐབས་དེར་མགོན་པོ་མཆོག་གིས་རྒྱ་གར་དེ་ཆོས་ལུགས་འདྲ་མིན་བདེ་སྐྱིད་ངང་མཉམ་གནས་ཐུབ་པའི་རྒྱལ་ཁབ་རླབས་ཆེན་ཞིག་ཡིན་སྐོར་བཀའ་སྩལ་དང་འབྲེལ། དེང་སྐབས་འཛམ་གླིང་ནང་འཚེ་བ་དང་མུ་གེ་སོགས་ཡོང་གི་ཡོད་པ་དེ་དག་ཚང་མ་མིས་བཟོས་པ་འབའ་ཞིག་ཡིན་སྟབས། ང་ཚོ་ཚང་མ་མི་ཡིན་པའི་ཆ་ནས་གནད་དོན་དེ་དག་ལ་སྣང་མེད་དུ་མི་བཞག་པར་དེར་འབད་བརྩོན་གང་ཐུབ་གནང་གལ་ཡིན་སྐོར་བཀའ་བསྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་དེང་སྐབས་སློབ་གྲྭ་ཁག་གི་ནང་དུ་ཕྱི་དངོས་པོའི་ཡར་རྒྱས་ཁོ་ནའི་སྟེང་ནས་སློབ་སྦྱོང་སྤྲོད་བཞིན་ཡོད་པས་དེ་རྩ་བ་ནས་འགྲིག་གི་མེད་པ་བཀའ་ནན་བསྩལ་བ་དང་འབྲེལ་ཏེ་སློབ་གྲྭ་ཁག་གི་ནང་དུ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་སྦྱོང་གནང་དགོས་གལ་ཡིན་པ་སོགས་བཀའ་གནང་འདུག

༸གོང་ས་མཆོག་ནས་སང་ཉིན་MPམངའ་སྡེའི་གཞུང་འབྲེལ་དཔོན་རིགས་དང་གྲོས་ཚོགས་འཐུས་མི་རྣམས་ལ་བཀའ་སློབ་སྩོལ་རྒྱུ་རེད་འདུག

བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སང་ཉིན་རྒྱ་གར་madhya Pradesh མངའ་སྡེའི་རྒྱལ་ས་ Bhopal དུ་ཆིབས་བསྒྱུར་བཀྲིན་དང་འབྲེལ། མངའ་སྡེའི་གཞུང་གི་དཔོན་རིགས་མཐོ་གྲས་དང་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་བདེ་སྐྱིད་ཀྱི་རྩ་བའི་སྐོར་ལ་བཀའ་སློབ་བཀྲིན་སྩོལ་གནང་རྒྱུ་རེད་འདུག དེའང་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན། མངའ་སྡེ་དེའི་ནང་རིང་མིན་ Anand Sansthan ཞེས་བདེ་སྐྱིད་ཀྱི་ལས་ཁུངས་ཞེས་པ་ཞིག་དམིགས་བསལ་ཟུར་འཛུགས་གནང་སྟེ། དེ་གའི་མང་ཚོགས་ཁྲོད་བདེ་སྐྱིད་ཀྱི་རྩ་བ་བྱམས་བརྩེ་གོང་སྤེལ་གྱི་ལས་དོན་གཉེར་རྒྱུ་ཡིན་སྟབས། སང་ཉིན་མངའ་སྡེའི་རིག་གཞུང་ལས་ཁུངས་ཀྱི་གོ་སྒྲིག་འོག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མངའ་སྡེའི་ཚོགས་ཁང་ཆེན་མོའི་ནང། གཞུང་འབྲེལ་དཔོན་རིགས་མཐོ་གྲས་རྣམས་དང་གྲོས་ཚོགས་འཐུས་མི་རྣམས་ལ་བཀའ་སློབ་བཀྲིན་སྩོལ་རྒྱུ་མ་ཟད། སྐབས་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Shivraj Singh Chauhan མཆོག་དང་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Sitasaran Sharma མཆོག་རྣམ་གཉིས་ཀྱང་ཆེད་ཕེབས་ཀྱིས་གསུང་བཤད་གནང་རྒྱུ་རེད་འདུག MP མངའ་སྡེའི་རིག་གཞུང་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ Manoj Shrivastava ལགས་ཀྱིས། ང་ཚོས་དུས་ཡུན་རིང་པོ་ཞིག་གི་རིང་ནས་ནང་པའི་ལྟ་གྲུབ་གཞིར་བཟུང་། ཞི་བདེ་དང་བདེ་སྐྱིད་ལྡན་པའི་མི་ཚེ་སྐྱེལ་སྟངས་ཐོག་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ཞི་བདེ་སྣེ་འཁྲིད་གནང་མཁན་གཙོ་བོ་ཞིག་རེད་ལ། ༸མགོན་པོ་ཁོང་གིས་གང་ཉིད་ཀྱི་སྐུ་ཚེའི་ནང་དཀའ་ངལ་དུ་མར་གདོང་ལེན་གྱིས་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་གི་ཁྲོད་མི་ཚེ་བདེ་སྐྱིད་ངང་སྐྱེལ་རྒྱུའི་རླབས་ཆེན་གྱི་མཛད་རྗེས་བསྐྱངས་པ་ཁག་ནི་ཧ་ཅང་སེམས་འགུལ་ཐེབས་གཞི་ཞིག་རེད་ཅེས་གསུངས་འདུག སང་ཉིན་གྱི་མཛད་སྒོ་དེའི་ཐོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས། མངའ་སྡེ་དེའི་ནང་བདེ་སྐྱིད་ཀྱི་ལས་ཁུངས་ཤིག་ཟུར་དུ་འཛུགས་དགོས་པའི་དམིགས་ཡུལ་དང་རྒྱབ་ལྗོངས་ངོ་སྤྲོད་གནང་རྒྱུ་མ་ཟད། དམིགས་བསལ་ལོ་ཐོ་ཞིག་ཀྱང་དབུ་འབྱེད་གནང་རྒྱུ་རེད་འདུག མཛད་འཆར་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སང་ཉིན་bhopal ནང་མངའ་སྡེའི་གཞུང་གིས་སྣེ་འཁྲིད་གནང་བའི་ narmada seva yatra ཞེས་ནར་མ་རྡའི་ཆུ་རྒྱུད་གཙང་བཟོ་དང་དེའི་གཡས་གཡོན་གྱི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་རིམ་ཞིག་གི་ཐོག་ལའང་ལྷན་བཞུགས་གནང་གི་ཡོད་པ་རེད་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟའི་ཆར་རྒྱ་གར་གྱི་སྦིཧར་མངའ་སྡེའི་ Nalanda རྫོང་ནང་ལ་ཆགས་པའི་ Rajgir ཁུལ་དུ་མཛད་འཕྲིན་སྐྱོང་བཞིན་ཡོད་པ་དང། ༸གོང་ས་མཆོག་ནས་ཁ་སང་ཁུལ་དེའི་ནང་། གཙོ་བོ་རྒྱ་གར་གྱི་རིག་གཞུང་ལྷན་ཁང་གིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དབུ་འབྱེད་བཀའ་དྲིན་བསྐྱངས་པ་མ་ཟད། ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་ལྷན་ཚོགས་དེའི་ཐོག་དངོས་སུ་དབུ་བཞུགས་མཛད་རྗེས་དེ་རིང་ཉིན་རྒྱབ་Bhopal ཕྱོགས་སུ་ཆིབས་ཁ་བསྒྱུར་གནང་འདུག

༸གོང་ས་མཆོག་ནས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དབུ་འབྱེད་བཀྲིན་བསྐྱངས་འདུག

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ། རྒྱ་གར་སྦི་ཧར་མངའ་སྡེའི་Nalanda རྫོང་དུ་ཆགས་པའི་ Rajgir ཁུལ་དུ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དབུ་འབྱེད་བཀྲིན་བསྐྱངས་འདུག ཉིན་གསུམ་རིང་གྱི་ལྷན་ཚོགས་དེ་ནི་རྒྱ་གར་དབུས་གཞུང་གི་རིག་གཞུང་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང། དེའི་ཐོག་ Sri Lanka དང་བལ་ཡུལ། Singapore, Malaysia, Kazakhstan, Indonesia, Cambodia, Bangladeshསོགས་རྒྱལ་ཁབ་འདྲ་མིན་༣༥ལྷག་ཙམ་ནས་ནང་པའི་དབུ་བླ་ཁྱོན་སྡོམ་མི་གྲངས་༡༠༠༠ལྷག་ཆེད་ཕེབས་གནང་ཡོད་པ་རེད། དེ་རིང་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་༸གོང་ས་མཆོག་དང་ལྷན་རྒྱ་གར་དབུས་གཞུང་གི་རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་ Mahesh Sharma མཆོག་ཀྱང་ཆེད་ཕེབས་གནང་འདུག་པ་དང། དབུ་འཁྲིད་རྣམ་པ་གཉིས་ནས་སྐབས་དེར་རྒྱ་གར་གྱི་སྲོལ་རྒྱུན་མར་མེ་ཞལ་ཕྱེ་གནང་བ་མ་ཟད། པཱ་ལིའི་སྐད་ཡིག་ཐོག་གི་ལུང་སྡེ་སྣོད་གསུམ་གྱི་པོ་ཏི་༤༠ ཡོད་པ་དེ་ལོ་བཅུ་ཕྲག་དྲུག་གི་རྗེས་སུ་སླར་ཡང་པར་སྐྲུན་གནང་པ་དེ་ཡོངས་ཁྱབ་འདོན་སྤེལ་གནང་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་འདུ་དབུ་འབྱེད་ཀྱི་བཀའ་སློབ་གནང་སྐབས། རྒྱ་གར་ནི་ཆོས་ལུགས་མཐུན་སྒྲིལ་ཐད་འཛམ་གླིང་འདིའི་ཐོག་ཚད་འཛིན་བྱ་ཆོག་པའི་རྒྱལ་ཁབ་གཅིག་པོ་དེ་ཆགས་ཀྱི་ཡོད་སྐོར་བཀའ་གནང་བ་དང་འབྲེལ། རྒྱ་གར་གཞུང་དམངས་གཉིས་ནས་འཛམ་གླིང་འདིའི་ཐོག་ཆོས་ལུགས་མཐུན་སྒྲིལ་གོང་སྤེལ་དང་ལྷག་པར་ཆོས་ལུགས་ཀྱི་མིང་བྱང་འོག་འཚེ་བའི་ལས་སྤེལ་མཁན་རྣམས་ལ་གདོང་ལེན་གྱིས་ཐུགས་འགན་ཆེ་ཙམ་བཞེས་རྒྱུའི་དུས་ལ་བབས་ཡོད་པའི་ལམ་སྟོན་མཛད་འདུག སྒྲ།། ཕྱོགས་མཚུངས་༸གོང་ས་མཆོག་ནས་དུས་རྒྱུན་དུ་ནས་མགོན་པོ་གང་ཉིད་རྒྱ་གར་གྱི་བུ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་ཅེས་བཀའ་གནང་སྟེ། ང་ཚོ་རྒྱ་གར་ངོས་ནས་རང་ཉིད་ཀྱི་གནའ་བོའི་རིག་གཞུང་ཕྱུགས་པོ་དེ་འཛམ་གླིང་འདིའི་ཐོག་ཁྱབ་སྤེལ་དགོས་སྐོར་ལམ་སྟོན་མཛད་པ་མ་ཟད། ཤེས་ཡོན་གྱི་སློབ་གསོའི་ནང་། སེམས་ཀྱི་འཕྲོད་བསྟེན་དང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་ཁྲིད་དགོས་པའི་ཐུགས་དགོངས་བསྐྱར་ཏུ་ནན་བཤད་གནང་འདུག སྒྲ།། སྐབས་དེར་སྐུ་ཞབས་ Mahesh Sharma མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་བདེ་དོན་དང་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་སླད་ད་བར་རླབས་ཆེན་གྱི་ལེགས་སྐྱེས་ཕུལ་ཡོད་པ་ནི་རྒྱ་གར་ཙམ་མ་ཡིན་པར། འཛམ་གླིང་ཡོངས་ལ་མེད་དུ་མི་རུང་བ་ཞིག་ཆགས་ཡོད་ཅེས་འགྲེལ་བརྗོད་གནང་འདུག མཛད་འཆར་ལྟར་ན་༸གོང་ས་མཆོག་ནས་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་ལྷན་ཚོགས་དེའི་ཐོག་དབུ་བཞུགས་མཛད་འཆར་ཡོད་པ་དང། དེ་རིང་སྔ་དྲོའི་ཚོགས་དུས་དང་པོའི་གཙོ་སྐྱོང་སླད་རྒྱ་གར་གྱི་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཀི་རན་རི་ཇི་ཇུ་མཆོག་ཆེད་ཕེབས་གནང་ཡོད་པ་མ་ཟད། ཕྱི་ཚེས་༡༩ སྟེ་ཚོགས་འདུ་མཇུག་སྡོམ་གྱི་མཛད་སྒོའི་ཐོག་རྒྱ་གར་གྱི་སྲིད་འཛིན་ Pranab Mukherjee མཆོག གཞན་ཡང་སྦི་ཧར་མངའ་སྡེའི་བློན་ཆེན་སྐུ་ཞབས་ nitish Kumar མཆོག་དང་མངའ་སྡེའི་སྲིད་སྐྱོང་ Ramnath Kovindབཅས་ལྷན་བཅར་ཞུ་འཆར་ཡོད་པ་རེད་འདུག

སངས་རྒྱས་པའི་ཆོས་པ་ཡིན་བསམ་ནས་སྤྱོད་པ་གང་བྱུང་གནང་ནས་བཞུགས་ན་ཆོས་མེད་ཅེས་གསུངས་ན་ཡག་གི་རེད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་པ་ཚོས་སྤྱོད་པ་གང་བྱུང་གནང་ནས་བཞུགས་པ་ཡིན་ན་ཆོས་མེད་ཅེས་གསུངས་ན་ཡག་གི་རེད་ཅེས་བཀའ་སྩལ་སོང་། དེ་རེང་ཕྱི་ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་དཔྱིད་ཆོས་ཆེན་མོའི་ཆོས་འབྲེལ་གྱི་ཉིན་མཐའ་མའི་ཐོག་བོད་ནས་ཕེབས་པའི་བོད་རིགས་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་ལྷག་ལ་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་དང་། ཐུགས་རྗེ་ཆེན་པོའི་བཀའ་དབང་བཀའ་དྲིན་སྩལ་བ་དང་ཆབས་གཅིག སྐབས་དེར་ཕེབས་པའི་དད་ལྡན་ཆོས་ཞུ་བ་སྤྱི་དང་། གཞན་ཡང་དྲ་ཐོག་ནས་གསན་གཟིགས་གནང་མཁན་དད་ལྡན་རྣམས་ལ། རང་ཉིད་ཀྱིས་ཡག་པོ་ཞིག་བྱེད་པ་ཡིན་ན་ཆོས་ལུགས་ཚང་མ་བྱམས་བརྩེའི་བསླབ་བྱ་གསུང་མཁན་གཅིག་མཚུངས་ཡིན་སྟབས། ཆོས་ལ་དབྱེ་བ་མེད་སྐོར་བཀའ་སྩལ་དང་འབྲེལ་ནང་པ་སངས་རྒྱས་པའི་ཆོས་པ་རྣམས་ནས་རང་ཉིད་ནང་པའི་ཆོས་པ་ཞིག་ཡིན་བསམ་ནས་སྒོ་གསུམ་གྱི་སྤྱོད་པ་དེ་དག་འགྲོ་བ་མི་དང་སེམས་ཅན་སྤྱི་ལ་གནོད་པའི་སྡིག་པའི་བྱ་བ་ཁོ་ན་གནང་ནས་བཞུགས་ཚེ་དེ་ནི་ཆོས་མེད་ཅེས་གསུངས་ན་ཡག་གི་རེད་ཅེས་བཀའ་བསྩལ་སོང་། མགོན་པོ་༸གང་ཉིད་མཆོག་ནས་ཆོས་ཡག་པོ་དང་སྡུག་པོ་ཞེས་པ་དེ་མི་སྒེར་པ་སོ་སོ་ལ་ཕན་པོ་དང་རན་པོ་ཡོད་མེད་ཀྱི་ཐོག་ནས་བཤད་དགོས་ཀྱི་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་ནས་འཛམ་བུ་གླིང་འདིའི་ཐོག་ནང་པ་སངས་རྒྱས་པའི་ཆོས་འདི་ཡག་ཤོས་རེད་ཅེས་བཀའ་ནམ་ཡང་སྩལ་གྱི་མེད་ཅེས་གསུངས་སོང་། ལྷག་དོན་མང་ཚོགས་རྣམས་ནས་ཀྱང་ཆོས་ལུགས་ཕན་ཚུལ་དབར་ལ་གུས་བརྩི་གནང་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་ཡང་བསྩལ་ཡོད། དེ་བཞིན་༸གོང་ས་མཆོག་གིས་དེང་སྐབས་སྡེ་ཁག་མང་པོ་ཞིག་ནས་ནང་པའི་ལྟ་གྲུབ་ལ་དགའ་མོས་ཀྱིས་སློབ་སྦྱོང་གནང་བཞིན་ཡོད་སྐོར་སོགས་བཀའ་བསྩལ་དང་འབྲེལ། སངས་རྒྱས་པའི་ཆོས་པ་ཚོས་རང་ཉིད་ཀྱི་ལྟ་གྲུབ་ཟབ་མོ་ཡོད་པ་དེ་དག་ལ་སྐྱབས་སུ་མཆི་ཞེས་མ་བཞག་པར་དེ་སློབ་གཉེར་གནང་གལ་ཡིན་པ་མ་ཟད། ཆོས་ལུགས་གཞན་གྱི་ལྟ་གྲུབ་ཐོག་བགྲོ་གླེང་དང་གྲོས་བསྡུར་སོགས་གནང་ཐུབ་པ་ཡིན་ན་དགེ་མཚན་ཆེན་པོ་ཡོད་པ་ཡང་བཀའ་བསྩལ་ཡོད། གཞན་ཡང་༸གོང་ས་མཆོག་གིས་བོད་མི་རྣམས་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་དུ་སྐྱེས་པའི་སྐྱེས་གོ་ཆོད་པ་ཞིག་བྱུང་བ་ལ་མི་སེམས་པ་བཟང་པོ་ཞིག་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད་ཅེས་བཀའ་སྩལ་ཡོད། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་ལ་ཚོགས་པའི་འདི་ལོའི་དཔྱིད་ཆོས་ཆེན་མོའི་སྐབས་ཉེ་དུས་སུ་བོད་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ཚོར་གཙོ་དམིགས་ཀྱིས་བཀའ་ཆོས་བསྩལ་བ་ཞིག་ཡིན་པ་རེད། དེ་བཞིན་ལམ་གཙོ་རྣམ་གསུམ་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་བཅས་བཀའ་དྲིན་སྩལ་ཡོད་པ་མ་ཟད། དེ་རིང་གི་ཆོས་འབྲེལ་ཁག་ལེགས་པར་གྲུབ་མཚམས་མགོན་པོ་༸གང་ཉིད་མཆོག་གིས་བོད་ནས་ཕེབས་པའི་བོད་རིགས་རྣམས་ལ་དམིགས་བསལ་གྱི་མཇལ་ཁ་བཀའ་དྲིན་བསྩལ་གནང་ཡོད། མཛད་འཆར་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཟླ་བ་འདིའི་ཕྱི་ཚེས་ ༡༧ དང་ ༡༨ བཅས་སུ་རྒྱ་གར་མངའ་སྡེ་བྷི་ཧར་ནང་རྒྱ་གར་དབུས་གཞུང་གི་རིག་གཞུང་ལྷན་ཁང་ནས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་ཀྱི་ཡོད་པ་དང་འདི་བཞིན་རྒྱ་གར་ Madhya Pradesh དང་ Assam མངའ་སྡེ་བཅས་སུ་ཆིབས་བསྒྱུར་གྱི་མཛད་འཕྲིན་ཁག་ཅིག་བསྐྱང་གནང་གི་ཡོད་པ་རེད།

༸གོང་ས་མཆོག་གིས་བོད་ནས་ཆོས་མཇལ་དུ་ཕེབས་པའི་བོད་མི་ཚོར་ཆེད་དམིགས་ཀྱིས་དཔྱིད་ཆོས་ ཆེན་མོའི་བཀའ་ཆོས་དབུ་འཛུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ནས་གསར་དུ་འབྱོར་བའི་བོད་མི་རྣམས་ལ་ཆེད་དམིགས་ཀྱིས་དཔྱིད་ཆོས་ཆེན་མོའི་བཀའ་ཆོས་དབུ་འཛུགས་གནང་སོང་། དེ་རིང་ཟླ་ ༣ ཚེས་ ༡༣ ཉིན་སྔ་དྲོ་ཚོུད་ ༨།༣༠ ཙམ་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ བོད་ནས་གསར་དུ་འབྱོར་བའི་བོད་མི་རྣམས་ལ་ཆེད་དམིགས་ཀྱིས་གཙོས། ཕྱི་ནང་གི་དད་ལྡན་མང་ཚོགས་ཆོས་ཞུ་བ་རྣམས་ལ་འདི་ལོའི་དཔྱིད་ཆོས་ཆེན་མོའི་བཀའ་ཆོས་སུ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་ཆོས་འབྲེལ་དབུ་འཛུགས་སོང་། ༸གང་ཉིད་མཆོག་གིས་ཐོག་མར་ཆོས་ཞུ་བ་ཚོར་ཆོས་འབྲེལ་མཛད་སྐབས་སུ་བར་སྐབས་ཤིག་ལ་བོད་ནས་རྒྱ་གར་ནང་ལ་ཆོས་མཇལ་དུ་ཡོང་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་། ཉེ་དུས་སུ་མཇུག་སྒྲིལ་ཟིན་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་རྗེས་སུ་ཅུང་ལྷོད་རུ་སོང་སྟེ་བོད་ནང་གི་བོད་མི་མང་པོ་ཞིག་བཞུགས་སྒར་དུ་ཆོས་མཇལ་ཞུ་བར་ཕེབས་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ། དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་ལ་དཔྱིད་ཆོས་ཆེན་མོའི་ཆོས་འབྲེལ་བསྩལ་རྒྱུ་དེ་རྐང་བོད་ནས་ཕེབས་པའི་བོད་རིགས་དད་ལྡན་ཚོར་དམིགས་པ་ཞིག་ཡིན་ཅེས་བཀའ་བསྩལ་སོང་། མགོན་པོ་༸གང་ཉིད་མཆོག་ནས་སྐབས་དེར་བོད་དང་རྒྱ་ནག་ནང་ལ་ནང་པ་སངས་རྒྱས་པའི་ཆོས་དར་ཁྱབ་བྱུང་ཚུལ་ངོ་སྤྲོད་དང་འབྲེལ། དེང་སྐབས་བོད་དང་རྒྱ་ནག་གཙོས་པའི་རྒྱལ་སྤྱིའི་ཡུལ་གྲུ་ཁག་ཏུ་ནང་ཆོས་བྱེད་མཁན་དུང་ཕྱུར་བཅུ་གྲངས་ལྷག་ཡོད་པ་ལྟར། དཔལ་ན་ལེནྜའི་ལྟ་གྲུབ་དང་ཚད་མའི་རྣམ་གཞག་ཁག དེ་སྔ་མཁན་ཆེན་ཞི་བ་འཚོ་ཡབ་སྲས་ཀྱི་ཕྱག་བཞེས་ཇི་ལྟ་བ་བཞིན་བོད་ཀྱི་ནང་ཆོས་ནང་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་ཡོད་སྟབས། བོད་ཀྱི་ནང་པ་སངས་རྒྱས་པའི་བསྟན་པ་འདི་ནི་བསྟན་པ་འདྲ་འདྲའི་ནང་ནས་སྤུས་དག་ཤོས་ཤིག་ཡིན་པར་བཀའ་ནན་བསྩལ་བ་དང་ཆབས་ཅིག བོད་རིགས་སེར་སྐྱ་མང་ཚོགས་ཚོས་དེར་སློབ་གཉེར་གང་ལེགས་གནང་གལ་ཡིན་པར་ལམ་སྟོན་རྒྱ་ཆེ་མཛད་ཡོད། ༸གོང་ས་མཆོག་གིས་དེ་རིང་གི་བཀའ་ཆོས་དངོས་གཞི་དབུ་འཛུགས་དང་འབྲེལ། ནང་པ་སངས་རྒྱས་པའི་བསྟན་པ་འདི་ ལ་སློབ་གཉེར་གནང་ནས་དབང་རྣོན་ཆོས་ཀྱི་རྗེས་འབྲང་པ་རྣལ་མ་ཞིག་བྱེད་པ་ཡིན་ན། སངས་རྒྱས་པའི་བསྟན་པ་འདི་ལོ་ངོ་བརྒྱ་ཕྲག་ཁ་ཤས་གནས་ཐུབ་རྒྱུར་ཐག་ཆོད་པ་ཞིག་རེད་ཅེས་བཀའ་སྩལ་སོང་བ་དང་། ཆོས་ལུགས་ཚང་མའི་ལྟ་གྲུབ་རྣམས་རང་ཉིད་ཀྱི་གདུལ་བྱར་ཕན་པ་ཤ་སྟག་གསུངས་ཡོད་སྟབས། ཆོས་ལུགས་ཕན་ཚུན་དབར་ལ་གུས་ཞབས་བྱ་རྒྱུ་གལ་ཆེན་པོ་ཡིན་པར་ལམ་བསྟོན་ཟབ་མོ་མཛད་སོང་། གཞི་རྩའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ནས་ཕེབས་པའི་བོད་མི་རྣམས་ལ་གཙོ་བོར་གྱུར་པའི་དད་ལྡན་མང་ཚོགས་རྣམས་ལ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་བཀའ་དྲིན་བསྩལ་ཡོད་པ་དང་། སང་ཉིན་ཆོས་འབྲེལ་གྱི་ཉིན་མཐའ་མའི་ཐོག་མགོན་པོ་༸གང་ཉིད་མཆོག་ནས་ལམ་གཙོ་རྣམ་གསུམ་གྱི་ཆོས་འའབྲེལ་དང་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀའ་དྲིན་བསྩལ་གནང་རྒྱུ་ཡིན་པ་རེད། གཞན་ཡང་ཁ་སང་བོད་ཟླ་ ༡ ཚེས་༡༥ ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཉིན་མཐའ་མའི་ཚོགས་མགོན་དུ་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀྲིན་བསྐྱངས་བ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་དད་ལྡན་མང་ཚོགས་ལ་ལོ་ངོ་ ༢༠༠༠ ལྷག་གི་ལོ་རྒྱུས་ལྡན་པའི་ཆོ་འཕྲུལ་ཟླ་བའི་བྱུང་རིམ་ལོ་རྒྱུས་དང་། དེ་བཞིན་བོད་ལ་ཐོག་མར་ཆོ་འཕྲུལ་སྨོན་ལམ་ཆེམ་པོ་ཚོགས་སྲོལ་ཇི་ལྟར་བྱུང་བ་སོགས་ངོ་སྤྲོད་མཛད་སོང་། ༸གོང་ས་མཆོག་ནས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཆོས་འབྲེལ་ཐོག་དད་ལྡན་སེར་སྐྱ་མང་ཚོགས་ལ་སྐྱེས་རབས་ཀྱི་བཀའ་ཆོས་བསྩལ་སྲོལ་ཡོད་པ་ལྟར། མགོན་པོ་༸གང་ཉིད་མཆོག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐྱེས་པའི་རབས་ལས་མཐའ་མའི་ལེའུ་ ༣༤ པ་བཀའ་འགྲེལ་མཛད་ཡོད་པ་རེད།

Latest news