Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

རྒྱ་གཞུང་གིས་བོད་མིར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྤྲོད་དགོས་པ་དང་བོད་ཀྱི་ཁོར་ཡུག་ཀྱང་སྲུང་སྐྱོབ་བྱེད་དགོས།

དེ་རིང་སྔ་དྲོ་རྒྱ་གར་གྱི་ཨ་རུ་ནཱ་ཅལ་མངའ་སྡེའི་འབུམ་སྡེ་ལ་ཁུལ་དུ་ཆོས་འབྲེལ་སྐྱོང་བཞིན་སྐབས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་གིས་བོད་མོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྤྲོད་དགོས་པ་མ་ཟད། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་ལས་འགན་ཡང་ཡོད་ཅེས་བཀའ་བསྩལ་གནང་འདུག དེ་ཡང་དེ་རིང་ཟླ་ ༤ ཚེས་ ༥ ཉིན་འབུམ་སྡེ་ལར་བཀའ་ཆོས་ལེགས་གྲུབ་བྱུང་རྗེས་༸གོང་ས་མཆོག་ཕྱིར་ལོག་ཕེབས་པ་དང་བསྟུན། ད་རེས་ཀྱི་ཆིབས་བསྒྱུར་དང་འབྲེལ་ཏེ་ཁུལ་འདིར་རྒྱ་གར་གྱི་གསར་འགོད་པ་མང་དག་ཞིག་འབྱོར་ཡོད་པ་རྣམས་ཀྱིས་རྒྱ་གཞུང་གིས་མགོན་པོ་༸གང་ཉིད་མཆོག་གི་ད་རེས་ཀྱི་ཆིབས་བསྒྱུར་འདིའི་ཐོག་ལ་བསམ་ཚུལ་སྣ་མང་ཞིག་ཆེད་བཏོན་བྱེད་བཞིན་ཡོད་པས་༸གང་ཉིད་མཆོག་ནས་དེའི་ཐོག་ལ་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་པར།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་དཔལ་ན་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་གྱི་ནང་པའི་རྒྱལ་ཁབ་ཅིག་རེད། དེང་སྐབས་རྒྱ་ནག་ནང་ལ་ནང་པའི་མི་འབོར་ས་ཡ་ ༤༠༠ ལྷག་ཡོད་པ་དེས་འཛམ་བུ་གླིང་གི་ནང་པའི་མི་འབོར་མང་ཤོས་ཡོད་པའི་རྒྱལ་ཁབ་ཅིག་ཆགས་ཡོད་པ་རེད། ལྷག་པར་དུ་རྒྱ་ནག་གི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ Liu Xiaobo ཡིས་དབུས་པའི་མཁས་པ་མང་པོ་ཞིག་ནས་ང་ཚོའི་གནད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡོད་པ་རེད། གསལ་པོ་ཤེས་དགོས་པ་ཞིག་ལ་དང་པོ་དེར་ང་ཚོས་རང་བཙན་འཐབ་རྩོད་བྱེད་ཀྱི་ཡོད་མ་རེད། ང་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཉམ་དུ་སྡོད་རྒྱུའི་གྲ་སྒྲིག་ཡོད། ངོས་རང་སྒེར་ལ་ཆ་མཚོན་ན་ཡུ་རོབ་མཐུན་ཚོགས་ཀྱི་སྒྲོམ་གཞི་ལྟ་བུར་བསྔགས་བརྗོད་བྱེད་མཁན་ཞིག་ཡིན། སྤྱིར་བཏང་རྒྱལ་ཁབ་ཅིག་ལ་ཆ་མཚོན་ན་རང་བཙན་དེ་གལ་ཆེན་པོ་རེད། འོན་ཀྱང་དེ་ནི་གལ་ཆེ་ཤོས་ཤིག་མ་རེད། གལ་ཆེ་ཤོས་དེ་ཐུན་མོང་གི་དགོས་མཁོ་བསྒྲུབ་ཐུབ་པ་བྱ་རྒྱུ་དེ་རེད། དེ་འདྲ་ཡིན་དུས་ང་ཚོ་བོད་ལ་ཆ་མཚོན་ན་དངོས་པོའི་མཐུན་རྐྱེན་གྱི་ཆ་ནས་ང་ཚོ་རྗེས་ལུས་ཡིན་གྱི་རེད། ཆོས་ཕྱོགས་ཀྱི་ཐོག་ནས་ང་ཚོ་ཚད་མཐོ་པོ་ཡར་རྒྱས་ཕྱིན་པ་ཞིག་ཡིན་སྟབས། དངོས་པོའི་ཡར་རྒྱས་ཀྱི་ཐོག་ནས་ང་ཚོ་རྒྱ་ནག་དང་ཁ་མ་བྲལ་བར་མཉམ་དུ་བསྡད་ན་ཁེ་ཕན་ཆེ་བ་ཡོད་པ་དང། དེ་ཡང་རྒྱ་ནག་གཞུང་གི་འདོད་པར་བསྟུན་དགོས་པ་ཞིག་ཆགས་ཡོད། དེ་འདྲ་ཞིག་བྱུང་ན་ཕྱོགས་གཉིས་ཀར་ཁེ་ཕན་ཡོང་རྒྱུ་ཡིན་པ་མ་ཟད། དེ་དང་དུས་མཚུངས་རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་རང་འབྱུང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེའང་གནད་ཆེ་ཞིག་རེད་ཅེས་བཀའ་ནན་བསྩལ་གནང་ཡོད། མགོན་པོ་༸གང་ཉིན་མཆོག་ལ་ད་དུང་གསར་འགོད་པ་ཚོས་ཐེངས་འདིའི་རྟ་དབང་ཁུལ་གྱི་ཆིབས་བསྒྱུར་ཐོག་ལ་ཐུགས་ཚོར་ཇི་བྱུང་སྐོར་བཀའ་འདྲི་ཞུས་པར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་རང་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་ལམ་ཁ་འདི་བརྒྱུད་ནས་ཡོང་པ་རེད། ལྷག་དོན་ད་རེས་ཀྱི་སྐོར་བསྐྱོད་འདིའི་སྐབས་ Assam Rifle ཡི་སྐབས་དེའི་དམག་མི་རྙིང་པ་ཐུགས་འཕྲད་བྱུང་བ་དེས་སེམས་ལ་དགའ་ཚོར་ཆེན་པོ་ཞིག་སྐྱེས་བྱུང་། ཁྱད་པར་དུ་ས་གནས་འདི་ནི་ངོས་རང་ལ་རང་དབང་གི་ཚོར་བ་དང་པོ་བྱུང་སའི་ས་གནས་ཤིག་ཆགས་ཡོད་པ་བཅས་ལ་བརྟེན། ད་རེས་ས་གནས་འདིར་བསྐྱར་དུ་འབྱོར་བ་དེས་སྔོན་མའི་བྱུང་བ་ཁག་ཡིད་ལ་ལྷང་ལྷང་དྲན་པས་སེམས་ལ་དམིགས་བསལ་གྱི་དགའ་སྣང་ཞིག་ཡོང་གི་འདུག་ཅེས་སོགས་བཀའ་བསྩལ་མཛད་འདུག ཐེངས་འདིའི་༸གོང་ས་མཆོག་གི་ཆིབས་བསྒྱུར་ཐད་རྒྱ་ནག་གཞུང་གིས་སྒོ་གང་ས་ནས་རྒྱ་གར་ལ་སྐྱོན་བརྗོད་བྱེད་བཞིན་པའི་ཁྲོད། དེ་རིང་ཨ་རུ་ནཱ་ཅལ་མངའ་སྡེའི་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་ས་གནས་ཀྱི་གསར་འགོད་པ་ཚོའི་དྲི་བར་ལན་འདེབས་གནང་སྐབས། ཕྱི་ལོ་ ༢༠༠༩ ལོའི་རྗེས་ད་རེས་༸གོང་ས་མཆོག་མངའ་སྡེ་དེའི་ནང་གདན་འདྲེན་ཞུ་རྒྱུའི་གོ་སྐབས་བྱུང་བ་འདི་ནི་ཧ་ཅང་སྐལ་པ་བཟང་པོ་ཡིན་པ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་མངའ་སྡེ་འདི་གཅིག་པོ་ཙམ་མིན་པར། རྒྱ་གར་རྒྱལ་ཡོངས་དང་འཛམ་གླིང་འདིའི་ནང་གི་མི་མང་ཕོན་ཆེན་པོ་ཞིག་གིས་དད་གུས་ཤུགས་ཆེ་ཞུ་བཞིན་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པར་འགྲེལ་བརྗོད་གནང་པ་མ་ཟད། རྒྱ་ནག་གཞུང་གིས་བཟོས་པའི་རྩོད་རྙོག་ཐོག་ངས་ཐད་ཀར་ཞུས་པ་ཡིན་ན། ཨ་རུ་ནཱ་ཅལ་དང་བོད་གཉིས་དབར་མ་གཏོགས་ཨ་རུ་ནཱ་ཅལ་དང་རྒྱ་ནག་དབར་ས་མཚམས་ཞེས་པ་རྩ་བ་ནས་ཡོད་མ་རེད། དེས་ན་རྒྱ་ནག་གཞུང་ནས་ཨ་རུ་ནཱ་ཅལ་དང་ལྷག་པར་རྒྱ་གར་གཞུང་གི་གནད་དོན་ལ་ཐེ་གཏོགས་བྱེད་དགོས་དོན་མེད་པ་རེད་ཅེས་གསུངས་འདུག ཡང་དེའི་བར་ན་ཁུལ་འདིར་ཆེད་མངགས་བཅར་བའི་རྒྱ་གར་གྱི་གཞུང་འཛིན་ BJP ཆབ་སྲིད་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ Sudanshu Mittal ལགས་ནས་ཀྱང་ངའི་ངོས་ནས་༸གོང་ས་མཆོག་གི་ཐེངས་འདིའི་ཆིབས་བསྒྱུར་འདི་ནི་ཆོས་ཕྱོགས་མ་གཏོགས་ཆབ་སྲིད་དང་འབྲེལ་བ་རྩ་བ་ནས་མཐོང་གི་མིན་འདུག རྒྱ་ནག་གཞུང་གིས་གནད་དོན་དེའི་ཐོག་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པ་དེ་ནི་བློ་ཕམ་པོ་ཞིག་རེད་ཅེས་གསུང་པ་མ་ཟད། ༸གོང་ས་མཆོག་གི་རྗེས་འབྲང་པ་ཚོས་༸གང་ཉིད་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་ཞུ་སྟངས་ལ་གཞིགས་ན། ༸གོང་ས་མཆོག་གི་ཆིབས་བསྒྱུར་དེ་ཆོས་ཕྱོགས་ཁོ་ན་ཡིན་པ་གསལ་པོ་རེད། བཟང་ཕྱོགས་ཀྱི་ཆིབས་བསྒྱུར་དེར་ཚང་མས་དགའ་བསུ་ཞུ་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་རེད།

༸གོང་ས་མཆོག་གིས་སངས་རྒྱས་ཀྱི་བསྟན་པ་ཡོངས་རྫོགས་ཤེས་པའི་ཐོག་ནས་ཉམས་ལེན་བྱེད་དགོས་ཞེས་གསུངས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་འབུམ་སྡེ་ལ་གཙོ་བོར་གྱུར་པའི་ཉེ་འཁོར་གྱི་དད་ལྡན་ཆོས་ཞུ་བ་གཅིག་ཁྲི་ལྷག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་བཀྲིན་བསྩལ་བ་དང་འབྲེལ། ནུབ་ལ་རྒལ་ནས་ཤར་མོན་རྟ་དབང་བར་གྱི་ནང་པའི་དགོན་སྡེ་ཁག་ཏུ་བསླབ་པ་སློབ་གཉེར་གནང་བཞིན་པ་ཚོས་སངས་རྒྱས་ཀྱི་བསྟན་པ་ཡོངས་རྫོགས་ཤེས་པའི་ཐོག་ནས་ཉམས་ལེན་བྱེད་དགོས་ཞེས་བཀའ་བསྩལ་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཨ་སམ་གྱི་གྷོ་ཧ་ཊིའི་གྲོང་ཁྱེར་ནས་ཕེབས་ལམ་བརྒྱུད་ཁ་སང་ཕྱི་དྲོ་འབུམ་སྡེ་ལར་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་ཅིང། དེ་རིང་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་གི་བཞུགས་གནས་ཕོ་བྲང་ནས་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་དབུས་པའི་ས་གནས་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཐོག་གསུང་ཆོས་གནང་ཡུལ་གྱི་སངས་རྒྱས་སྐྱེད་ཚལ་དུ་ཞུ་བ་ཚོར་བཀའ་ཆོས་བཀྲིན་བསྩལ་གནང་སོང་། ༸གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་བཀའ་ཆོས་ཀྱི་དངོས་གཞི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་མ་བསྩལ་གོང་དུ་སྔོན་འགྲོ་ནང་ཆོས་ངོ་སྤྲོད་བསྩལ་སྐབས་མགོན་པོ་༸གང་ཉིད་མཆོག་གིས་ནུབ་ལ་དྭགས་ནས་ཤར་མོན་རྟ་དབང་བར་གྱི་ནང་པའི་དགོན་སྡེ་ཆེ་ཆུང་ཁག་གིས་སངས་རྒྱས་པའི་བསྟན་པ་ཡོངས་རྫོགས་ཤེས་པའི་ཐོག་ནས་ཉམས་ལེན་བྱེད་དགོས་པ་དང། དེང་སྐབས་འགྲོ་བ་མིའི་སྤྱི་ཚོགས་ཁྲོད་ལ་མི་གསོད་ཁྲག་སྦྱོར་རིགས་ཀྱི་དཀའ་ངལ་མང་པོ་འཕྲད་བཞིན་པ་དེ་ནི་གཙོ་བོ་བྱམས་བརྩེའི་བསླབ་བྱ་དང་དེའི་གོ་རྟོགས་ཉུང་དྲག་པའི་དབང་གིས་ཡིན་སྟབས། བྱམས་བརྩེ་ཟེར་བ་དེ་ནི་ཆོས་དད་ཡོད་མེད་ལ་ལྟོས་མེད་འགྲོ་བ་མི་ཚང་མར་དགོས་པ་ཞིག་རེད་ཅེས་བཀའ་སྩལ་བ་དང་འདི་བཞིན་ཚང་མས་བྱམས་བརྩེ་གོང་འཕེལ་གྱི་ཤུགས་སྣོན་བསྐྱོན་དགོས་ཞེས་ནན་སྐུལ་མཛད་ཡོད།

༸གོང་ས་མཆོག་གིས་ཞི་ཅིང་ཕིང་གི་བློ་འཁེལ་བའི་གྲོགས་པོ་དེ་འདྲ་བརྒྱུད་ནས་འབྲེལ་བ་བྱུང་ཡོད་པ་བཀའ་གནང་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཚེས་ ༣ ཉིན་རྒྱབ་ཏུ་ཨ་སམ་གྱི་དྷིབ་རུ་གར་གཙུག་ལག་སློབ་གཉེར་ཁང་དུ་ཉེ་འཁྲིས་མེའོ་དང་ཏི་ཛུ། ཀྲུ་ཀྲིང་སོགས་ས་གནས་འདྲ་མིན་ནས་ཆེད་བཅར་ཞུས་པའི་བོད་རིགས་ ༥༠༠ སྐོར་ཞིག་ལ་ཟུར་དུ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་པ་དང་། མགོན་པོ་མཆོག་གིས་སྐབས་དེར་བོད་རྒྱ་གཉིས་ཀྱི་འབྲེལ་བའི་སྐོར་དང་འབྲེལ། ཞི་ཅིང་ཕིང་དང་པོ་སླེབས་འགྲོ་སྐབས་རེ་བ་གང་ཙམ་བཅངས་པ་ལྟར། ད་བར་ཁོང་གི་བློ་འཁེལ་བའི་གྲོགས་པོ་དེ་འདྲ་བརྒྱུད་ནས་༸གང་ཉིད་མཆོག་དང་འབྲེལ་བ་བྱུང་ཡོད། འོན་ཀྱང་རྒྱ་ནག་གཞུང་གི་སྒྲིག་འཛུགས་དང་ལས་བྱེད་ཁྲོད་ཧ་ཅང་མཁྲེགས་བཟུང་གནང་མཁན་ཡོད་པ་ཤེས་རྟོགས་བྱུང་ནས་ཞི་ཅིང་ཕིང་མི་རང་ཧང་སང་དགོས་པའི་གནས་ཚུལ་ཡང་བྱུང་ཡོད་པ་བཀའ་གནང་འདུག འོན་ཀྱང་༸གོང་ས་མཆོག་གིས་འདི་ལོའི་ལོ་མཇུག་ཏུ་ཏང་གི་ཚོགས་ཆེན་ ༡༩ པ་དེ་འཚོགས་འཆར་ཡོད་པ་དེའི་ཐོག་ནས་དཔོན་རིགས་རྒན་པ་ཁག་ཅིག་གི་ཚབ་ཏུ་ཕྱི་རྒྱལ་ཁག་ཏུ་སློབ་སྦྱོང་བྱེད་མྱོང་མཁན་མི་རབས་གཞོན་པ་ཚོ་སླེབས་ནས་རིམ་པས་རྒྱ་ནག་ནང་ལ་འགྱུར་བ་ཏན་ཏན་ཡོང་ངེས་ཡིན་སྐོར་བཀའ་སློབ་བསྩལ་བ་དང་། ལྷག་པར་དུ་༸གོང་ས་མཆོག་གིས་གཞིས་ལུས་རྒྱ་ཆེ་མང་ཚོགས་ནས་འདས་པའི་ལོ་ངོ་ ༦༠ ཙམ་གྱི་རིང་ལ་ལྷག་བསམ་དང་སྙིང་སྟོབས་གཡོ་བ་མེད་པ་གནས་ཡོད་པར་བསྔགས་བརྗོད་དང་སྦྲགས། དེ་རིང་སང་ཉིན་འཛམ་གླིང་སྤྱི་ཡོངས་ནས་བོད་དོན་ཐོག་ལ་རྒྱབ་སྐྱོར་ཤུགས་ཆེ་བ་དང་སྒོས་སུ་རྒྱ་རིགས་མང་ཚོགས་ནང་ལ་བོད་ཀྱི་བདེན་དོན་ཤེས་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། བདེན་པའི་ནུས་པ་དེ་རིམ་པས་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་སོང་ཙང། བོད་མི་ཚོས་ད་བར་ལོ་ལྔ་བཅུ་ལྔ་གྲངས་ཕྱིན་སོང་ད་ང་ཚོ་གང་ཡང་ཡོང་བ་མི་འདུག་བསམ་ནས་སེམས་ཞུམ་ནས་སེམས་ཤུགས་ནམ་ཡང་ཆག་རྒྱུ་མེད་པ་ལམ་སྟོན་རྒྱ་ཆེ་བསྩལ་འདུག རྩ་བའི་ཁ་སང་སྔ་ཐོག་༸གོང་ས་མཆོག་ནས་ཁུལ་དེའི་ Dibrugarh གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་བཀྲིན་བསྐྱངས་ཏེ་དགེ་ལས་སློབ་མ་ཆིག་སྟོང་ཙམ་ཞིག་ལ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་གལ་ཡིན་པ་དང་། བྱམས་སྙིང་རྗེའི་ཕན་ཡོན། དེང་གི་ཤེས་ཡོན་ལམ་ལུགས་ནང་མི་ཚང་བའི་སྟོང་ཆ་ཇི་ཡོད་སོགས་ཀྱི་ཐོག་ལམ་སྟོན་བཀའ་སློབ་བསྩལ་འདུག དེ་ཡང་སྐབས་དེར་མགོན་པོ་མཆོག་གིས་འཛམ་གླིང་སྟེང་གི་ཆོས་ལུགས་གཙོ་ཆེ་མང་ཆེ་བས་བསླབ་བྱ་གཙོ་བོ་བྱམས་པ་དང་སྙིང་རྗེ་ཡིན་པ་གཅིག་མཚུངས་ཡིན་པ་ལམ་སྟོན་གནང་པ་སྦྲགས། ནང་སེམས་ཀྱི་བདེ་སྐྱིད་རྩ་བ་ཐུག་ས་དེ་བྱམས་པ་དང་སྙིང་རྗེ་གཉིས་ཡིན་པ་མ་ཟད། དེང་སང་ཚན་རིག་གི་ཞིབ་འཇུག་ནང་ཇི་ཙམ་གྱི་སེམས་ཞི་བདེ་ཡོད་པ་དེ་ཚོད་ཀྱིས་ལུས་བདེ་ཐང་གི་ཁྱད་པར་ཡོང་གི་ཡོད་པ་ཚན་རིག་གི་གྲུབ་དོན་སྐོར་ལ་བཀའ་སློབ་བསྩལ་ཡོད་པ་རེད། དེ་དེ་བཞིན་༸གོང་ས་མཆོག་གིས་དྷིབ་རུ་གར་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་མ་རྣམས་ལ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཀྱི་གལ་གནད་སྐོར་དང་འབྲེལ། ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་ཆེ་བ་མི་རང་གིས་བཟོས་པ་ཤ་སྟག་ཆགས་ཀྱི་ཡོད་པ་རེད། ངའི་རྒྱལ་ཁབ་དང་ངའི་མི་རིགས། ང་ཚོ་ཕྱུག་པོ་དང་ཁོང་ཚོ་དབུལ་ཕོངས་ཞེས་སོགས་རིམ་པ་གཉིས་པའི་ཐོག་བསམ་གཏོང་ཤུགས་ཆེ་དྲག་པས་རྐྱེན་གྱིས་ཡིན་ཞིང། དེར་རྟེན་ང་ཚོ་དཀའ་ངལ་དེ་ལས་ཐར་ཐབས་གཙོ་བོ་ནི་མི་གཞན་ཕུན་ཚུན་དབར་ལ་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་གཏོང་དགོས་པ་རེད་ཅེས་བཀའ་སློབ་ནན་པོ་བསྩལ་འདུག ཁྱད་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་ལྟེ་གནས་ཁང་དེའི་དགེ་སློབ་རྣམས་ལ་གལ་ཏེ་ང་ཚོས་ད་ལྟའི་ཤེས་ཡོན་ལམ་ལུགས་ཁོངས་སུ་ཆོས་དང་མ་འབྲེལ་བའི་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་སྤེལ་གཏོང་བའི་བསླབ་བྱའི་རིགས་མ་བཅུག་ཚེ་ཡོང་རྒྱུ་འདས་པའི་མི་རབས་དེ་དཔལ་འབྱོར་དང་དབང་ཆ་འཐབ་རྩོད་ཁོ་ནའི་ཐོག་བསྐྱོད་རྒྱུ་ཉག་གཅིག་ཡིན་པ་སོགས་ལམ་སྟོན་བཀའ་སློབ་བསྩལ་བ་དང་། དེའི་རྗེས་སུ་སློབ་མ་ཚོ་དང་ལྷན་དུ་དྲི་བ་འདྲི་ལན་བཅས་མཛད་འདུག    

༸གོང་ས་མཆོག་གི་རྟ་དབང་ཁུལ་གྱི་མཛད་འཆར་ལ་འགྱུར་བ་ཕྱིན་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་རྟ་དབང་ས་གནས་སུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཀྱི་ཡོད་ཀྱང་། གློ་བུར་དུ་མགོན་པོ་མཆོག་གི་མཛད་འཆར་ཁྱོན་ཡོངས་ལ་འགྱུར་བ་ཕྱིན་འདུག མཛད་འཆར་ཁག་ལ་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་དྲོ་ཚོུད་ ༩།༠༠ ཐོག་ཨ་རུ་ནཱ་ཅལ་མངའ་སྡེའི་རྟ་དབང་ཁུལ་དུ་༸ཞབས་སོར་འཁོད་གནང་མཛད་ཀྱི་ཡོད་ཀྱང་། ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷོ་ཧ་ཊི་ཁུལ་དང་དེ་བཞིན་རྟ་དབང་ཁུལ་བཅས་སུ་གནམ་གཤིས་ལེགས་པོ་མེད་པར་བརྟེན་གྷོ་ཧ་ཊི་གྲོང་ཁྱེར་ནས་ཐད་ཕུར་གནམ་གྲུ་ཕུར་མ་ཐུབ་པས་མགོན་པོ་༸གང་ཉིད་མཆོག་དེ་རིང་རྟ་དབང་ཁུལ་དུ་ཆིབས་བསྒྱུར་མཛད་ཐུབ་མེད་པ་རེད། ༸གོང་ས་མཆོག་གི་མཛད་འཆར་ཁག་སྔོན་འགྲིག་ལྟར་གཞིགས་ཚེ། དེ་རིང་སྔ་དྲོ་༸གོང་ས་མཆོག་ཨ་སམ་གྱི་གྷོ་ཧ་ཊི་གྲོང་ཁྱེར་ནས་ཐད་ཕུར་གནམ་གྲུ་བརྒྱུད་ལུམ་ལ་༸ཞབས་སོར་བདེ་བར་འཁོད་གནང་མཛད་ལུམ་ལ་ས་གནས་སུ་གསར་བཞེངས་གནང་པའི་སྒྲོལ་མ་ལྷ་ཁང་ལ་རབ་གནས་མཛད་རྒྱུ་དང་དེ་རྗེས་རྟ་དབང་དགོན་པར་ཆིབས་ཞལ་བསྒྱུར་གནང་གིས་ཚེས་ ༥ ནས་ ༧ བར་བཅས་ཉིན་གསུམ་རིང་རྟ་དབང་ཁུལ་གྱི་དད་ལྡན་མང་ཚོགས་ལ་ཆོས་འབྲེལ་མཛད་ཀྱི་ཡོད་སྟབས།  རྟ་དབང་ས་གནས་ཀྱི་ཉེ་འཁོར་འབྲུག་དང་། འབུམ་སྡེ་ལ། དེ་བཞིན་སྡེ་རང་སོགས་ནས་ཆོས་ཞུ་བ་ཧ་ཅང་མང་པོ་ཆེད་བཅར་ཞུ་གྱི་འདུག་པ་དང་། ལྷག་དོན་ད་རེས་མགོན་པོ་༸གང་ཉིད་མཆོག་རྟ་དབང་ཁུལ་གྱི་ཆིབས་བསྒྱུར་དེའི་སླད་དུ་མངའ་སྡེ་གཞུང་གིས་ཉེ་འཁོར་ས་གནས་གང་སར་སྐུ་སྲུང་བ་ཧ་ཅང་མང་པོ་འགྲེམས་འཇོག་གནང་འདུག་པ་མ་ཟད། ཕྱི་ནང་གི་དད་ལྡན་མང་ཚོགས་ཚོས་ཕེབས་ལམ་གཡས་གཡོན་དུ་རླུང་རྟ་དང་ནང་པའི་ཆོས་དར་སྒྲེང་འཛུགས། དེ་བཞིན་༸གོང་ས་མཆོག་ལ་བསྟོད་ཚིག་གི་འཕྲེད་དར་འཕྱར་བ།  ཕེབས་ལམ་དུ་བཀྲིས་རྟགས་བརྒྱད་དང་ཆོས་མཛད་སོགས་བཤམ་པ་དང་། ཕྱག་ཏུ་དཀར་གཙང་གི་མཇལ་དར་དང་བདུག་སྤོས་སོགས་བསྣམས་ཏེ་དགའ་དད་སྤྲོ་གསུམ་འཁོད་པའི་ཐོག་ནས་ཕེབས་བསུའི་སེར་བང་སྒྲིག་བཞིན་འདུག ད་ལྟ་བར་ཐུགས་གཏན་འཁེལ་བའི་མཛད་འཆར་ལྟར་ན། དེ་རིང་༸གོང་ས་མཆོག་གི་ཨ་སམ་གྱི་གྲོང་ཁྱེར་གྷོ་ཧ་ཊི་ནས་ཕེབས་ལམ་བརྒྱུད་འབུམ་སྡེ་ལར་༸ཞབས་སོར་འཁོད་གནང་རྒྱུ་དང། སང་ཚེས་ ༥ ཉིན་འབུམ་སྡེ་ལའི་སངས་རྒྱས་ཀྱི་སྐྱེད་ཚལ་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་བཀྲིན་བསྩལ་རྒྱུ་དང་། དེ་རྗེས་སྡེ་རང་དང་མཐར་རྟ་དབང་བཅས་སུ་ཆིབས་བསྒྱུར་མཛད་རྒྱུའི་མཛད་འཆར་ཐུགས་གཏན་འཁེལ་འདུག གཞི་རྩའི་ཨ་སམ་གྱི་གྲོང་ཁྱེར་གྷོ་ཧ་ཊི་ནས་ཕེབས་ལམ་བརྒྱུད་འབུམ་སྡེ་ལ་བར་ཚོུད་ ༡༠ འགྲུལ་བཞུད་གནང་དགོས་པ་དང་། འབུམ་སྡེ་ལ་ནས་རྟ་དབང་བར་ཚོུད་ ༡༠ ལྷག་འགྲུལ་བཞུད་གནང་དགོས་ཀྱི་ཡོད་པ་རེད། ད་རེས་༸གོང་ས་མཆོག་གི་ཆོས་འབྲེལ་བསྐྱང་ཡུལ་གྱི་སྡེ་རང་ས་ཁུལ་དེ་འབུམ་སྡེ་ལ་དང་རྟ་དབང་གཉིས་ཀྱི་བར་ལ་ཆགས་ཡོད་པ་རེད།

བྱང་ཤར་ཁུལ་གྱི་བོད་མི་རྣམས་ལ་ཐུགས་མཐུན་ཁྲིམས་གཙང་དང་བུ་ཕྲུག་དག་ལ་བོད་ཡིག་སློབ་སྦྱོང་སྤྲད་དགོས་པའི་ལམ་སྟོན་བསྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ Assam མངའ་ཁུལ་གྱི་གྲོང་ཁྱེར་ཆེ་གྲས་ Guwahati ནང་དུ་མཛད་འཕྲིན་སྐྱོང་བཞིན་པ་དང་བསྟུན། ཁ་སང་ཚེས་ ༢ ཉིན་མགོན་པོ་༸གང་ཉིད་མཆོག་ནས་ཤི་ལོངས་དང་ཨི་ཊ་ནཱགར་སོགས་བྱང་ཤར་ཁུལ་གྱི་བོད་མི་ ༤༠༠ སྐོར་ཞིག་ལ་དམིགས་བསལ་མཇལ་ཁ་བསྩལ་ཡོད་པ་ལྟར་། མགོན་པོ་༸གང་ཉིད་མཆོག་གིས་བོད་མི་རྣམས་ནས་རང་ཉིད་ཀྱི་ཕྲུ་གུ་ཚོར་ངེས་པར་དུ་བོད་ཡིག་སློབ་སྦྱོང་སྤྲོད་རྒྱུ་དང་། ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་གནང་དགོས་གལ་ཡིན་པའི་ལམ་སྟོན་བསྩལ་འདུག ༸གོང་ས་མཆོག་ནས་བོད་མི་རྣམས་ལ་ང་ཚོ་ཚང་མ་ཚེ་སྔོན་མའི་ལས་དང་སྨོན་ལམ་དབང་གིས་བོད་མིར་སྐྱེས་པ་ལྟར། རྒྱལ་ཁབ་ལ་ཆག་འཇིག་འཕྲད་པའི་རྐྱེན་གྱིས་ང་ཚོ་བཙན་བྱོལ་དུ་ཡོང་དགོས་བྱུང་ཡོད་པ་རེད། བོད་ནང་བོད་རིགས་སྤུན་ཟླ་མང་པོ་ད་ལྟའང་དཀའ་ངལ་མྱོང་བཞིན་ཡོད་ཀྱང་ཁོང་ཚོའི་ཆོད་སེམས་བརྟན་པོ་ཡོད་སྐོར་བཀའ་བསྩལ་དང་འབྲེལ། རྒྱ་ནག་ནང་དུ་རིམ་བཞིན་འགྱུར་བ་ཞིག་འགྲོ་བཞིན་པ་ལྟར། བོད་ལ་ཉིན་གཅིག་སྐྱིད་པའི་ཉི་མ་ཤར་རྒྱུ་ཡིན་པར་ཚང་མས་ཡིད་ཆེས་བརྟན་པོ་དང་སྙིང་སྟོབས་ཞུམ་པ་མེད་པར་བློ་བདེ་ངང་བཞུགས་དགོས་པའི་ལམ་སྟོན་བསྩལ་ཡོད་པ་རེད། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁ་སང་སྔ་དྲོ་ཁུལ་དེའི་ Krishna Kanta Handiqui མཐོ་སློབ་ཀྱིས་གདན་ཞུ་ལྟར་གྷོ་ཧ་ཊི་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་དུ་ཆིབས་བསྒྱུར་གྱིས་མི་མང་ ༡༥༠༠ ཡས་མས་ཤིག་འདུ་འཛོམས་གནང་སར་ཨ་སམ་སྐད་ཡིག་ཐོག་ཕབ་བསྒྱུར་ཞུས་པའི་༸སྐུའི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པ་དབུ་འབྱེད་མཛད་པ་དང་འབྲེལ། དེང་གི་དུས་སུ་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་གྱི་དགོས་མཁོ་ཞེས་པའི་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་པ་དང། གཞན་ཡང་ཁ་སང་ཉིན་རྒྱབ་ Assam མངའ་སྡེའི་སྲིད་སྐྱོང་དང་སྤྱི་ཁྱབ་བློན་ཆེན་དེ་བཞིན་ Assam Rifles ཞེས་པའི་རྒྱ་གར་གྱི་གཞོགས་འདེགས་དཔུང་དམག་སྙིང་ཤོས་དེའི་སྤྱི་ཁྱབ་ངེས་སྟོན་པ་བཅས་ཀྱིས་ཕེབས་བསུ་ཞུས་ཐོག་ Brahmaputra འམ་ཡར་ཀླུངས་གཙང་པོའི་དུས་སྟོན་ཐོག་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད། མཛད་ཆར་ལྟར་ན། དེ་རིང་སྔ་དྲོ་ཕྱག་ཚོད་ ༩།༣༠ ནས་ཉིན་རྒྱབ་ཕྱག་ཚོད་ ༡ བར་༸གོང་ས་མཆོག་ཨ་སམ་ Dibrugarh གཙུག་ལག་སློབ་གཉེར་ཁང་དུ་དགེ་ལས་སློབ་མ་དང་། མི་མང་བཅས་པར་ Ethics in Modern Education ཞེས་དེང་གི་ཤེས་ཡོན་ནང་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྗེས། སང་ཚེས་ ༤ ཉིན་ཨ་རུ་ནཱ་ཅལ་མོན་རྟ་དབང་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་ཀྱི་ཡོད་པ་རེད།

ཕྱིའི་དངོས་པོ་ཡར་རྒྱས་དང་ནང་སེམས་ཀྱི་ཞི་བདེ་གཉིས་བཟུང་འབྲེལ་ཐོག་ནས་བསྐྱོད་ཐུབ་པའི་རྒྱལ་ཁབ་དེ་རྒྱ་གར་ཁོ་ན་རེད་ཅེས་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་དྲོ་ཨ་སམ་གྲོང་ཁྱེར་ཆེ་གྲས་གྷོ་ཧ་ཊི་ནང་༸ཞབས་སོར་བདེ་བར་འཁོད་གནང་མཛད་པ་དང་འབྲེལ། ཉིན་རྒྱབ་ཁུལ་འདིར་རྟེན་གཞི་བྱས་པའི་ཨ་སམ་གྱི་ Tribune གསར་ཁང་དབུ་བརྙེས་ནས་མི་ལོ་ ༧༩ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་དབུ་བཞུགས་ཀྱིས་དེང་གི་འཛམ་གླིང་འདིར་ཕྱིའི་དངོས་པོ་ཡར་རྒྱས་དང་ནང་སེམས་ཀྱི་ཞི་བདེ་གཉིས་བཟུང་འབྲེལ་ཐོག་ནས་བསྐྱོད་ཐུབ་པའི་རྒྱལ་ ཁབ་དེ་རྒྱ་གར་ཁོ་ན་རེད་ཅེས་བཀའ་བསྩལ་སོང། དེ་ཡང་ཨ་སམ་ Tribune གསར་ཁང་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། དེ་རིང་ཉིན་རྒྱབ་གྲོང་ཁྱེར་དེའི་ནང་རྟེན་གཞི་བྱས་པའི་ ITA ཚོགས་ཁང་ཆེན་མོའི་ནང་དུ་མགོན་པོ་༸གང་ཉིད་མཆོག་གིས་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Sarbananda Sonowal མཆོག་དང། མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ Banwarilal Purohit དེ་བཞིན་ཨ་སམ་ Tribune གསར་འགན་འཛིན་ལྕམ་ Bobita Rajkanal ལགས་ཀྱིས་གཙོས་མང་ཚོགས་སྟོང་ཁྲག་བརྒལ་བར་འཛམ་གླིང་ཞེ་བདེའི་ཆེད་དུ་འགྲོ་བ་མིའི་ཐབས་ལམ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀྲིན་བསྩལ་གནང་ཡོད་པ་རེད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་དེའི་སྟེང་གི་མི་དུང་ཕྱུར་ ༧༠ ཡོད་པ་དེ་དག་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད། དེར་བརྟེན་ཚང་མས་འགྲོ་བ་མི་ཚང་མ་ཕན་ཚུན་དབར་གཅིག་འགྱུར་གྱི་འདུ་ཤེས་འཛིན་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་ཡིན་པ་དང། ལྷག་པར་དུ་འགྲོ་བ་མིའི་གཞི་རྩའི་རང་བཞིན་དེ་ཡང་བྱམས་བརྩེ་ཡིན་སྟབས། འཛམ་གླིང་འདི་ཞི་བདེ་ལྡན་པ་ཞིག་བསྐྲུན་ཐུབ་རྒྱུར་རེ་བ་ཡོད་ཅེས་བཀའ་བསྩལ་སོང་། འགྲོ་བ་མི་ཚོར་སེམས་ཅན་དུད་འགྲོ་དང་མི་འདྲ་བར་བླང་དོར་དབྱེ་བ་འབྱེད་པའི་རྣམ་དཔྱོད་དམིགས་བསལ་བ་ཞིག་ཡོད་པས་རྣམ་དཔྱོད་ཀྱི་ནུས་པ་དེའི་བརྒྱུད་ནས་འགྲོ་བ་མིའི་སྤྱི་ཚོགས་གཙོས་པའི་སེམས་ཅན་མཐའ་དག་ལ་བྱམས་སྙིང་རྗེའི་ཁོར་ཡུག་ཞིག་བསྐྲུན་དགོས་ཞེས་བཀའ་བསྩལ་སོང། ༸གོང་ས་མཆོག་གིས་དེ་སྔ་ཕྱི་ལོ་ ༡༩༧༣ ནང་དུ་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཐོག་མར་ཆིབས་བསྒྱུར་མཛད་སྐབས་སུ་བོད་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་བརྒྱུད་ནས་དེང་རབས་ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་དེ་དག་ལ་ཞབས་འདེགས་ཞུ་ཐུབ་པའི་ཐུགས་ཚོར་ཞིག་བྱུང་ཞེས་སྐབས་དེའི་དུས་ཚོད་ཁག་ཅིག་དྲན་གསོ་དང་འབྲེལ། རྒྱ་གར་ལ་ལོ་ངོ་སྟོང་ཕྲག་ལྷག་ནས་ཡོད་པའི་བྱམས་བརྩེ་དང་འཚེ་མེད་ཞི་བ། དེ་བཞིན་ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་ཀྱི་ལྟ་གྲུབ་དེ་དག་ནི་དེང་གི་འཛམ་གླིང་འདིའི་གནས་སྟངས་དང་ཧ་ཅང་འཚམ་པོ་དང་དགོས་མཁོ་ཆེ་བ་ཞིག་རེད་ཅེས་བཀའ་བསྩལ་སོང་། ལྷག་པར་དུ་ཕྱིའི་དངོས་པོ་ཁོ་ནས་འགྲོ་བ་མིར་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐུབ་ཐབས་མེད་པ་དང། དེང་གི་འཛམ་གླིང་འདིའི་སྟེང་རྒྱ་ཁབ་ ༢༠༠ ལྷག་ཙམ་ཡོད་པའི་ཁོངས་ནས་ཕྱིའི་དངོས་པོ་ཡར་རྒྱས་དང་ནང་སེམས་ཀྱི་ཞི་བདེ་གཉིས་བཟུང་འབྲེལ་ཐོག་ནས་བསྐྱོད་ཐུབ་པའི་རྒྱལ་ཁབ་དེ་རྒྱ་གར་ཁོ་ན་རེད་ཅེས་བཀའ་ནན་མཛད་ཡོད་པ་རེད། མགོན་པོ་མཆོག་གིས་རྒྱ་གར་གྱི་གཞོན་སྐྱེས་ཚོས་རང་ཉིད་ཀྱི་རྒྱལ་ཁབ་དེའི་གནའ་བོའི་རིག་གཞུང་ཕྱུག་པོ་དེ་དག་སྣང་མེད་དུ་མ་བཞག་པར་དོ་སྣང་བྱེད་དགོས་པ་མ་ཟད། དེ་ཡང་ཆོས་ཕྱོགས་ཀྱི་འདུ་ཤེས་ཁོ་ན་མིན་པར་ཤེས་བྱའི་ངོ་བོར་གཙོ་བཟུང་གིས་སློབ་གཉེར་བྱ་དགོས་ཞེས་སྐུལ་མ་ནན་པོ་གནང་སོང། རྩ་བའི་ད་རེས༸གོང་ས་མཆོག་ཨ་སམ་གྲོང་ཁྱེར་ Guwahati ནང་ཆིབས་བསྒྱུར་གསོལ་འདེབས་ཞུ་མཁན་ Tribune གསར་ཁང་དེ་ནི་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་གིས་གཙོས་པའི་སྐུ་འཁོར་ལྷན་རྒྱས་བཙན་བྱོལ་དུ་ཕེབས་སྐབས་རྒྱ་གར་གྱི་ས་གནས་ཐོག་མ་ཨ་སམ་ས་གནས་ཏི་ཛི་པུར་༸ཞབས་སོར་འཁོད་པའི་གནས་ཚུལ་སྤེལ་མཁན་རྒྱ་གར་གྱི་གསར་ཁང་རྙིང་གྲས་ཤིག་ཡིན་པ་རེད། དེ་རིང་མགོན་པོ་མཆོག་གིས་མཛད་སྒོའི་ཐོག་བཀའ་སློབ་སྩལ་སྐབས་དེ་སྔ་མགོན་པོ་༸གང་ཉིད་མཆོག་བོད་ནས་བཙན་བྱོལ་དུ་ཕེབས་པའི་སྐབས་སུ་ལམ་བར་སྐུ་ངལ་དུ་མ་འཕྲད་ཡོད་རུང། མཐར་རྒྱ་གར་གྱི་ས་མཚམས་སུ་འབྱོར་སྐབས་༸གང་ཉིད་མཆོག་གི་མཛའ་གྲོགས་རྒྱ་གར་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་གིས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང། སྐབས་དེར་མགོན་པོ་མཆོག་དང་ཨ་སམ་དང་རྟ་དབང་ས་ཁུལ་དུ་འབྱོར་སྐབས་སྐུ་ཉིད་ཀྱི་སྐུ་ཚེ་ནང་གི་ཆེས་ཐོག་མའི་རང་དབང་གི་ཚོར་སྣང་ཞིག་བྱུང་སོང་བ་དང་། དུས་དེ་ནས་བཟུང་༸གང་ཉིད་མཆོག་གི་སྐུ་ཚེའི་ལམ་བུ་གསར་པ་ཞིག་དབུ་བཙུགས་སྐོར་གསུངས་པ་དང་འབྲེལ། ད་ལྟའི་ཆར་མགོན་པོ་༸གང་ཉིད་མཆོག་རྒྱ་གར་གཞུང་གི་ཕྱིའི་སྐུ་མགྲོན་གང་ཞིག་རྒྱ་གར་ནང་དུ་བཞུགས་ཡུན་རིང་ཤོས་དེ་ཆགས་ཡོད་ཅེས་བཀའ་བསྩལ་ཡོད་པ་རེད། གཞན་ཡང་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Sarbananda Sonowal མཆོག་གིས་༸གོང་ས་མཆོག་གི་ནི་འཛམ་གླིང་འདིའི་ཞི་བདེའི་ཕོ་ཉ་དང་མཚོན་རྟགས་ཤིག་ཡིན་པར་བརྟེན་༸གང་ཉིད་མཆོག་ཁུལ་དེར་ཆིབས་བསྒྱུར་མཛད་པ་ནི་བསྐལ་པ་བཟང་པོ་ཞིག་རེད་ཅེས་གསུངས་སོང་བ་མ་ཟད། མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་Banwarilal Purohit མཆོག་གིས་ཀྱང་ད་རེས་༸གོང་ས་མཆོག་དབུ་བཞུགས་ཀྱིས་མཛད་རིམ་དེ་ཨ་སམ་མངའ་སྡེ་ཙམ་མ་ཟད། འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་སྤེལ་བྱ་རྒྱུ་ནི་ཤིན་ཏུ་གནད་ཆེ་རེད་ཅེས་གསུངས་སོང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་དྲོ་ཚོུད་ ༡༠། ༣༠ ཡོལ་ཙམ་ལ་ཨ་སམ་གྱི་གྲོང་ཁྱེར་གྷོ་ཧ་ཊིར་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་དང། སྐབས་དེར་གནམ་ཐང་དུ་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང། ཨ་སམ་གྱི་འགྲིམ་འགྲུལ་བློན་ཆེན་མཆོག་གིས་དབུས་པའི་ཕྱོགས་བཞུགས་སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས། དེ་བཞིན་ཤི་ལོངས་ས་གནས་འགོ་འཛིན་དང། དེ་བཞིན་བོད་མི་བཅས་ཀྱིས་སྲོལ་རྒྱུན་ལྟར་གྲོ་སོ་ཕྱེ་མར་འདེགས་འབུལ་སོགས་ཀྱིས་ཐོག་ནས་མགོན་པོ་ལ་ཕེབས་བསུ་གཟབ་རྒྱས་ཞུས་སོང་། ཤེས་རྟོགས་བྱུང་བར་གཞིགས་ན། སང་ཉིན་མགོན་པོ་༸གང་ཉིད་མཆོག་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཧ་ཊིའི་གཙུག་ལག་སློབ་གྲྭ་ཆེན་མོར་དེང་གི་དུས་སུ་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་གྱི་དགོས་མཁོ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ། དེ་བཞིན་གྷོ་ཧ་ཊིའི་ནང་འཚོགས་བཞིན་པའི་ཡར་ཀླུངས་གཙང་པོའི་དུས་སྟོན་ཐོག་ཆིབས་བསྒྱུར་མཛད་རྒྱུ་སོགས་ཀྱི་མཛད་འཆར་བསྐྱང་རྒྱུ་ཡིན་པ་རེད།  

༸གོང་ས་མཆོག་བཞུགས་སྒར་ནས་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་གནང་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སང་ཉིན་ཕྱི་ཟླ་ ༤ ཚེས་ ༡ ནས་བདུན་ཕྲག་གཉིས་མན་ཙམ་རིང་ལ། རྒྱ་གར་བྱང་ཤར་ Assam དང་ Arunachal མངའ་སྡེ་གཉིས་སུ་མཛད་འཆར་ཐུགས་གཏན་འཁེལ་གསལ་དེ་རིང་སྔ་ཐོག་མགོན་པོ་༸གང་ཉིད་མཆོག་བཞུགས་སྒར་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་གནང་སོང་བ་དང། དེ་རིང་ལྡི་ལིར་ཉིན་གཅིག་རིང་བཞུགས་ཞག་གྲུབ་ནས་སང་ཉིན་༸གང་ཉིད་མཆོག་ Assam མངའ་སྡེའི་གྲོང་ཁྱེར་ Guwahati ཆིབས་བསྒྱུར་གནང་གི་འདུག མཛད་འཆར་ལྟར་ན་༸གོང་ས་མཆོག་ནས་སང་ཉིན་ཁུལ་དེར་༸ཞབས་སོར་འཁོད་བསྟུན། The Assam Tribune ཞེས་པའི་ཁུལ་དེའི་གསར་ཁང་ཞིག་ལོ་ ༧༩ འཁོར་བའི་མཛད་སྒོའི་སྟེང་ཆིབས་བསྒྱུར་གྱིས་འགྲོ་བ་མི་ཞིག་གིས་འཛམ་གླིང་ཞི་བདེ་སྐྲུན་ཐབས་ལམ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་ ༢ སྔ་དྲོ་ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷོ་ཧ་ཊི་རུ་དེང་གི་དུས་སུ་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་གྱི་དགོས་མཁོ་ཞེས་པའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་དང་། དེ་རྗེས་ཨ་སམ་སྐད་ཡིག་ཐོག་ཕབ་བསྒྱུར་ཞུས་པའི་༸སྐུའི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པ་དབུ་འབྱེད་མཛད་རྒྱུ་མ་ཟད། ཕྱི་ཉིན་ཚེས་ ༣ ཉིན་ཨ་སམ་ Diburugarh གཙུག་ལག་སློབ་གཉེར་ཁང་དུ་བཀའ་སློབ་སྩལ་རྒྱུའི་མཛད་འཆར་འདུག ཚེས་ ༤ སྔ་དྲོ་ཨ་རུ་ནཱ་ཅལ་མངའ་སྡེའི་ལུམ་ལ་ས་གནས་སུ་གསར་བཞེངས་གནང་པའི་སྒྲོལ་མ་ལྷ་ཁང་ལ་རབ་གནས་མཛད་རྒྱུ་དང་དེ་རྗེས་ཚེས་ ༥ ནས་ ༧ བར་ཡིད་དགའ་ཆོས་འཛིན་ས་གནས་སུ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་བ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་དང་ཚེ་དབང་སོགས་ཀྱི་ཆོས་འབྲེལ་སྩལ་རྒྱུ་དང་དེ་བཞིན་ཚེས་ ༧ གྱི་ཞོགས་པ་རིག་འཛིན་གདུང་སྒྲུབ་ཀྱི་བཀའ་དབང་སྩལ་རྒྱུ་་རེད་འདུག ཕྱི་ཚེས་ ༡༠ ཉིན་ཨ་རུ་ནཱ་ཅལ་མངའ་སྡེའི་ཐུབ་གསུང་དར་རྒྱས་གླིང་དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་དང་། བླ་མའི་རྣལ་འབྱོར། སྤྱན་རས་གཟིགས་ཀྱི་རྗེས་གནང་སོགས་ཀྱི་ཆོས་འབྲེལ་མཛད་རྒྱུ། དེ་རྗེས་ཚེས་ ༡༡ ཉིན་ཨ་རུ་ནཱ་ཅལ་མངའ་སྡེའི་འབུམ་སྡེ་ལའི་སངས་རྒྱས་ཀྱི་སྐྱེད་ཚལ་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་བཀྲིན་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཐུགས་གཏན་འཁེལ་ཡོད་པ་རེད།

༸གོང་ས་མཆོག་གིས་གསར་འགོད་པ་རྣམས་ལ་དྲང་བདེན་གྱི་གནས་ཚུལ་བཀོད་སྤེལ་དགོས་གལ་ཡིན་པའི་ལམ་སྟོན་མཛད་པ།

བཞུགས་སྒར་ཁུལ་གྱི་རྒྱ་གར་གསར་འགོད་པ་ཁག་ཅིག་ནས་ཇི་ལྟར་མཇལ་ཁའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་སྟེ། ཁ་སང་ཚེས་ ༢༩ སྔ་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པ་ ༣༧ ལ་མཇལ་ཁ་དང་བླང་དོར་བཀའ་སློབ་བཀྲིན་བསྩལ་འདུག གསར་འགོད་པའི་ཁོངས་སུ་རྒྱ་གར་གྱི་གྲགས་ཆེ་བའི་ Hindustan Times དང་ Tribune དེ་བཞིན་ ANI སོགས་ཚགས་ཤོག་དང་དྲ་རྒྱ། གཞན་ཡང་བརྙན་འཕྲིན་བརྒྱུད་ལམ་ཐོག་ནས་བརྒྱུད་བསྒྲགས་གནང་བཞིན་པའི་གསར་ཁང་མི་འདྲ་བ་ཁག་ཅིག་གི་ཆེད་ལས་གསར་འགོད་པ་དང་པར་པ་བཅས་ཕེབས་འདུག བོད་མིའི་སྒྲིག་འཛུགས་ནས་དེ་དོན་གནས་ཚུལ་སྤེལ་བའི་ནང་། མཇལ་ཁའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པ་རྣམས་ལ་ཆེད་ལས་འདིའི་ཐོག་རྒྱབ་མདུན་ངོ་ལྐོག་མེད་པར་དྲང་བདེན་གྱི་གནས་ཚུལ་བཀོད་སྤེལ་གནང་རྒྱུ་ཤིན་ཏུ་ནས་གལ་ཆེ་ཡིན་སྐོར་གསུངས་འདུག་པ་དང་འདི་བཞིན་དམིགས་བསལ་དེ་རིང་སང་ཉིན་འགྲོ་བ་མིའི་རིགས་ལ་དཀའ་ངལ་འཕྲད་མཚམས་སུ་གསར་འགྱུར་བརྒྱུད་ལམ་ཁག་ནས་མིའི་བཟང་སྤྱོད་ཀྱི་ཡོན་ཏན་གོང་སྤེལ་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་སྤེལ་རྒྱུའི་ལས་འགན་ཡོད་པ་རེད་ཅེས་ལམ་སྟོན་མཛད་འདུག ད་དུང་༸གོང་ས་མཆོག་གིས་མང་གཙོའི་སྤྱི་ཚོགས་ནང་མི་དམངས་ལ་དངོས་ཡོད་གནས་ཚུལ་ཇི་ཡིན་ཤེས་རྒྱུའི་ཐོབ་ཐང་ཡོད་སྟབས། གསར་འགོད་པ་རྣམས་ནས་དངོས་ཡོད་གནས་ཚུལ་ཁག་བརྒྱུད་བསྒྲགས་གནང་དགོས་གལ་ཡིན་པ་ཡང་གསུངས་འདུག ཁྱད་པར་དུ་༸གོང་ས་མཆོག་གིས་ཁ་སང་མཇལ་བཅར་ཞུ་མཁན་རྒྱ་གར་བ་རྣམས་ལ་ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་དང་མིའི་བཟང་སྤྱོད་ཀྱི་རིན་ཐང་། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་གྱི་བསླབ་བྱ་བསྟན་པའི་རང་གི་གནའ་བོའི་རིག་གཞུང་དེ་རྒྱལ་སྤྱིའི་ཐོག་ཁྱབ་འཕེལ་ཡོང་ཆེད་ལས་འགན་གང་ཆེ་བཞེས་དགོས་ཀྱི་ཡོད་པ་བཀའ་སློབ་བསྩལ་འདུག

༸གོང་ས་མཆོག་ནས་རྒྱ་ནག་ལ་གནོད་གཞི་རིགས་གསུང་མི་ཆོག་པའི་ཉེན་བརྡ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་ཕྱི་ཟླ་ ༤ ཚེས་ ༡ ནས་བདུན་ཕྲག་གཉིས་མན་ཙམ་རིང་ལ་རྒྱ་དཀར་ནག་གཉིས་དབར་ཚོར་བ་རྣོ་བའི་ས་མཚམས་ས་ཁུལ། རྒྱ་གར་བྱང་ཤར་ Assam དང་ Arunachal མངའ་སྡེ་གཉིས་ནང་དུ་ཆོས་འབྲེལ་གྱི་མཛད་འཆར་བཀྲིན་བསྐྱང་ལ་ཉེ་མཚམས་འདིར་ཁ་སང་ཚེས་ ༢༨ ཉིན་རྒྱ་གར་གཞུང་ནས་འཇིགས་སྐུལ་རིང་ལུགས་པར་ངོས་འཛིན་བྱེད་བཞིན་པ་ Assam གྱི་ ULFA ཚོགས་པས་༸གོང་ས་མཆོག་ལ་ཉེན་བརྡའི་ཡིེ་གེ་ཞིག་ཡོངས་ཁྱབ་སྤེལ་འདུག ༸གང་ཉིད་མཆོག་ནས་ Assam ནང་གི་མཛད་འཆར་ཁྲོད་རྒྱ་ནག་ལ་གནོན་གཞི་རིགས་རྩ་བ་ནས་གནང་མི་ཆོག་པ་ཞུས་འདུག རྩ་བའི་ ULFA འམ་ United Liberation Front of Asom ཞེས་པའི་ཚོགས་པ་དེ་ནི་ཨ་སམ་རང་སྐྱོང་ཐབས་རྩོད་སླད་དུ་ ༡༩༧༩ ལོར་ཆེད་བཙུགས་གནང་པ་ཞིག་ཆགས་ཀྱི་འདུག་ཅིང་། རྒྱ་གར་གཞུང་གི་ངོས་ནས་ ༡༩༩༠ ལོར་ཚོགས་པ་དེ་འཇིགས་སྐུལ་རིང་ལུགས་པའི་ཚོགས་སྡེ་ཞིག་ཏུ་ངོས་འཛིན་གནང་འདུག ད་ལྟའི་ཆར་རྒྱ་གར་དབུས་གཞུང་དང་ཨ་སམ་མངའ་སྡེའི་གཞུང་ནས་ཁ་སང་ ULFA ཚོགས་པས་༸གོང་ས་མཆོག་ལ་ཉེན་བརྡའི་ཡི་གེ་ཡོངས་ཁྱབ་སྤེལ་བའི་ཐད་ལན་འདེབས་གང་ཡང་གནང་མེད་ཀྱང་། བདུན་ཕྲག་ཁ་ཤས་སྔོན་དུ་རྒྱ་གར་གཞུང་གིས་གསལ་བཤད་ཅིག་གི་ནང་༸གོང་ས་མཆོག་ཨ་སམ་ནང་གི་ཆིབས་བསྒྱུར་འདི་ནི་ཆོས་ཕྱོགས་ཁོ་ན་ཡིན་པ་གསུངས་ཡོད་པ་རེད། ༸གོང་ས་མཆོག་ད་རེས་ས་མཚམས་མངའ་སྡེ་གཉིས་ནང་གི་ཆིབས་བསྒྱུར་འདིའི་ཐད་རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་རྒྱ་གར་ལ་མཛད་འཆར་དེས་རྒྱ་དཀར་ནག་གཉིས་བར་གྱི་ས་མཚམས་བརྟན་ལྷིང་དང་། ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ལ་དོ་ཕོག་ཧ་ཅང་ཆེན་པོ་ཡོང་རྒྱུ་ཡིན་པ་ཉེན་བརྡ་ཡང་བཏང་ཡོད་པ་རེད། ཚོགས་པ་དེའི་ཚོགས་གཙོ་ Dr Abhizeet Asom ཡིས་ཉེན་བརྡའི་ཡི་གེ་ནང་རྐང་༸གོང་ས་མཆོག་ལ་རྒྱ་ནག་ནི་ཨ་སམ་དང་འབྲེལ་བ་ཧ་ཅང་དམ་ཟབ་ཡོད་པའི་ཁྱིམ་མཚེས་འཆམ་པོ་ཞིག་ཆགས་ཡོད་སྟབས། ད་རེས་༸གང་ཉིད་མཆོག་ཨ་སམ་ས་ཐོག་ཏུ་ཆིབས་བསྒྱུར་མཛད་འཆར་སྐབས་མི་གཞན་སུ་གཅིག་དང་། དེ་བཞིན་མང་ཚོགས་ལ་བཀའ་སློབ་སོགས་གནང་སྐབས་རྒྱ་ནག་ལ་གནོད་གཞིའི་རིགས་དང། དེ་བཞིན་རྒྱ་གར་གཞུང་གི་ལངས་ཕྱོགས་རིགས་དྲིལ་བསྒྲགས་གནང་ཚེ་ཚོགས་པ་དེས་དེར་བཟོད་བསྲན་ཏན་ནས་ཞུ་ཐབས་མེད་ཅེས་ཞུས་འདུག་པ་དང་སྦྲགས།  གལ་ཏེ་༸གོང་ས་མཆོག་གིས་ཁུལ་དེའི་ནང་གི་མཛད་འཆར་ཁག་འཛམ་གླིང་ཞི་བདེ་དང་འབྲེལ་བའི་ཐོག་གོ་སྐབས་བཞེས་ཚེ་ཁོང་ཚོར་དཀའ་ངལ་གང་ཡང་མེད་ཚུལ་གྱི་དགོངས་ཚུལ་སྙན་གསེང་ཞུས་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༤ ཚེས་ ༡ ནས་ ༤ བར་ Assam མངའ་སྡེའི་རྒྱལ་ས་ Guwahati དང་ Dibrugarh བཅས་ཀྱི་མང་ཚོགས་དང་ས་གནས་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་བཀའ་སློབ་དང་། དེའི་རྗེས་ཕྱི་ཚེས་ ༥ ནས་ ༡༢ བར་ Arunachal མངའ་སྡེར་ཆིབས་བསྒྱུར་མཛད་ནས་མང་ཚོགས་ལ་ཆོས་འབྲེལ་དང་བཀའ་སློབ་སྩལ་རྒྱུའི་མཛད་འཆར་ཐུགས་གཏན་འཁེལ་ཡོད་པ་རེད།

Latest news