Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་ Berlin དུ་ཕེབས་འབྱོར།

Tibetan News Headlines

  • Report Card: Exclusive interview with Sikyong Penpa Tsering as his Kashag completes 3 years in office

རེས་གཟའ་ཉི་མ། ༢༠༢༤།༠༥།༢༦

  • སྲིད་སྐྱོང་མཆོག་དང་ལྷན་དུ་སྐབས་ ༡༦ པའི་བཀའ་ཤག་གི་འདས་པའི་ལོ་གསུམ་གྱི་ལས་དོན་སྐོར་གླེང་མོལ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་སྔོན་མའི་ཟླ་མཇུག་ཙམ་ནས་སུད་སི་གཙོས་ཡོ་རོབ་རྒྱལ་ཁབ་བཞིའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། ཁ་སང་འཇར་མན་རྒྱལ་ས་ Berlin དུ་ཕེབས་འབྱོར་གྱིས་ཁུལ་དེར་ནང་མོལ་ཚོགས་འདུ་འཚོགས་ཡོད་པ་དང་དེ་བཞིན་ཉེ་ཆར་ལྷོ་ཊཡེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་མཆོག་དང་མཇལ་མོལ་གྱིས་ཕྱོགས་གཉིས་དབར་མཉམ་ལས་གནང་འཆར་སྐོར་གྲོས་མོལ་གནང་འདུག

sikyong and Tyrol president

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། སྲིད་སྐྱོང་མཆོག་སུད་སི་དང་ Italy ལྷོ་ Tyrol བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ་ཀྱིས་ཁ་སང་ཕྱི་ཚེས་ ༥ ཉིན་འཇར་མན་རྒྱལ་ས་ Berlin ནང་ཕེབས་འབྱོར་བྱུང་ཡོད་པ་དང་དེར་སྲིད་སྐྱོང་མཆོག་ནས་ Swaraj Foundation ཡིས་གོ་སྒྲིག་ཞུས་པའི་ཆབ་སྲིད་དང་ཕྱི་སྲིད་མི་སྣ་ཁག་ལྷན་འཛོམས་ཀྱིས་ཉིན་གཉིས་རིང་གི་ནང་མོལ་ཚོགས་འདུར་གཙོ་བཞུགས་གནང་སྟེ། གཙོ་བོ་འཇར་མ་ནི་གཞུང་ནས་རྒྱ་ནག་ཐོག་ལངས་ཕྱོགས་ཇི་འདྲ་འཛིན་དགོས་མིན་ཐད་བཀའ་སྡུར་གནང་འདུག་པ་མ་ཟད། ཉིན་གཉིས་ཀྱི་ནང་མོལ་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡོ་རོབ་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱང་ཆེད་ཕེབས་གནང་འདུག

Photo credit : Central Tibetan Administration

རྩ་བའི་སྲིད་སྐྱོང་མཆོག་ཁ་སང་ Berlin ནང་ཆེད་ཕེབས་མ་གནང་གོང་ཟླ་བ་འདིའི་ཚེས་ ༢ ཉིན་ལྷོ་ཊཡེ་རོལ་རང་སྐྱོང་མངའ་ཁུལ་གྱི་རྒྱལ་ས་ Bolzano ནང་ཆེད་ཕེབས་ཀྱིས་སྲིད་འཛིན་སྐུ་ཞབས་ Arno Kompatscher ལགས་མཇལ་འཕྲད་གནང་འདུག་པ་དང་། སྐབས་དེར་ཕྱོགས་གཉིས་ནས་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། སྒོས་བོད་ནང་གི་རིག་གཞུང་དང་། ཆོས་དད། དཔལ་འབྱོར་རང་དབང་སོགས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཏེ་བོད་དེ་བཞིན་འཛམ་གླིང་ནང་གི་ཆེས་རང་དབང་ཞན་པའི་ས་ཁུལ་ཞིག་ཏུ་གྱུར་ཡོད་སྐོར་གྲོས་མོལ་གནང་བ་མ་ཟད། ལྷག་པར་སྲིད་སྐྱོང་མཆོག་གིས་རྒྱ་གཞུང་ནས་བོད་ནང་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་བརྒྱུད་བོད་པའི་བྱིས་པ་ས་ཡ་གཅིག་ལྷག་རང་གི་ཕ་མ་དང་ཁ་བྲལ་དུ་བཅུག་སྟེ་ཆབ་སྲིད་ཀྱི་སློབ་གསོ་དང་། བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བྱུས་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་གསལ་སྟོན་དང་སྦྲགས། བོད་མི་རྣམས་ནས་ཛ་དྲག་དཀའ་ངལ་དེ་དག་ལ་གདོང་ལེན་བྱེད་ཀྱི་ཡོད་པ་མ་ཟད། ཁྱད་པར་དུ་ལྷོ་ཊེ་རོལ་རང་སྐྱོང་གི་གནས་བབ་ལ་མིག་ལྟོས་ལྟ་ཡི་ཡོད་པ་གསུངས་འདུག

མཇལ་མོལ་དེའི་ཐོག་སྲིད་སྐྱོང་མཆོག་གིས་སྲིད་འཛིན་ Kompatscher མཆོག་བཞུགས་སྒར་དྷ་རམ་ས་ལར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྐུ་མགྲོན་དུ་མགྲོན་འབོད་གནང་བ་ལྟར་ཞལ་བཞེས་གནང་ཡོད་པ་དང་། དེ་བཞིན་སྲིད་སྐྱོང་མཆོག་གི་ཞུས་དོན་ཁག་ལ་སྲིད་འཛིན་མཆོག་ནས་གསན་བཞེས་དང་འབྲེལ། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལྷོ་ཊཡེ་རོལ་གྱི་གྲོས་ཚོགས་སུ་གླེང་སློང་དང་། འབྱུང་འགྱུར་བོད་དང་ལྷོ་ཊཡེ་རོལ་བར་མཉམ་ལས་གནང་འཆར་སྐོར་གླེང་མོལ་གནང་བ་མ་ཟད། ལས་གཞི་དེ་དང་འབྲེལ་ཏེ་ Bolzano མངའ་སྡེའི་དཔེ་མཛོད་ཁང་དུ་བོད་དང་འབྲེལ་བའི་སྡེ་ཚན་གསར་འཛུགས་གནང་རྒྱུ་ཡིན་པ་གསུངས་འདུག

Photo credit : Central Tibetan Administration

སྲིད་སྐྱོང་མཆོག་ཐེངས་འདིའི་ Bolzano ནང་གི་འཚམས་གཟིགས་དང་འབྲེལ་གནས་བོད་རིགས་མང་ཚོགས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་མཇལ་འཕྲད་གནང་བ་དང་ལྷག་དོན་ Eurac ཉམས་ཞིབ་ཁང་དུ་ཉམས་ཞིབ་པ་ཁག་གཅིག་དང་མཇལ་མོལ་གྱིས་དེང་གི་དུས་སུ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྲིད་བྱུས་དབུ་མའི་ལམ་གྱི་འོས་བབ་དང་དེར་རིན་ཐང་ཡོང་སླད་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་གསལ་སྟོན་གནང་རྒྱུའི་གལ་གནད་སྐོར་གསུངས་བཤད་གནང་བ་མ་ཟད། ཉམས་ཞིབ་ཁང་དེའི་དྲིལ་བསྒྲགས་ཚན་པ་དང་གསར་ཁང་གྲགས་ཅན་ཁག་གཅིག་གིས་བཅར་འདྲིར་དང་ལེན་གནང་སྐབས། རྒྱ་གཞུང་གིས་དྲག་གནོན་འོག་བོད་ནང་ཡ་ང་བའི་གནས་སྟངས་གཅིག་པུ་མ་ཡིན་པར་ཤིན་ཅང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བ་དང་། ཐེ་ཝན་ལ་བཙན་འཛུལ་གྱི་བྱ་སྤྱོད་སྤེལ་བ། དེ་བཞིན་འཛམ་གླིང་ཁྱོན་ལ་དྲིལ་བསྒྲགས་སྤེལ་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་བཅས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་སྟེ། སུད་སིས་རྒྱ་ནག་ཐོག་གི་སྲིད་བྱུས་ལ་ངེས་པར་བསྐྱར་ཞིབ་གནང་དགོས་པ་དང་ཆབས་ཅིག རྒྱལ་ཁབ་གཅིག་གི་དཔལ་འབྱོར་གྱི་ཁེ་ཕན་ནི་རྟོགས་ཐུབ་པ་ཞིག་ཡིན་ནའང་། ནུབ་ཕྱོགས་རྒྱལ་ཁབ་ཚོས་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་། མང་གཙོ་ལྟ་བུའི་གཞི་རྩའི་རིན་ཐང་རྣམས་རྒྱ་ནག་གི་ཁ་གཏད་དུ་ལངས་ནས་སྲུང་སྐྱོབ་གནང་དགོས་པ་མ་ཟད། ང་ཚོས་རྒྱུན་དུ་ཚོང་ལས་དང་ཁེ་བཟང་ཁོ་ནར་བསམ་བློ་གཏོང་མི་ཉེན་ཞེས་གསུངས་འདུག

Photo credit : Central Tibetan Administration

སྲིད་སྐྱོང་མཆོག་གིས་ད་དུང་ཁུལ་དེར་ཡོ་རོབ་རྒྱལ་ཁབ་དང་སྲིད་གཞུང་ཁག་གི་འགོ་ཁྲིད་དང་མཐོ་རིམ་མི་སྣ། དེ་བཞིན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་དང་མཇལ་འཕྲད་ཀྱིས་བཀའ་མོལ་ཞུས་སྐབས། ང་ཚོས་རྒྱལ་སྤྱིའི་འབྲེལ་ལམ་ནང་བཙན་ཤེད་ཀྱི་སྲིད་བྱུས་ལག་བསྟར་ཤུགས་ཆེར་གཏོང་བཞིན་པའི་རྒྱ་ནག་ལ་འབྲེལ་གཏུགས་བྱེད་བཞིན་ཡོད་པ་དེས་རང་དབང་ལྡན་པའི་འཛམ་གླིང་ལ་གནོད་སྐྱོན་གཏོང་གི་ཡོད་པ་ཤེས་དགོས་པ་ཡིན་ཞེས་ནན་བཤད་གནང་འདུག སྲིད་སྐྱོང་མཆོག་ད་རེས་བོལ་ཛ་བར་མ་ཕེབས་གོང་ཟླ་བ་འདིའི་ཚེས་ ༡ ཉིན་ཨི་ཊ་ལིའི་གྲོང་ཁྱེར་མི་ལན་ Milan ནང་གི་བོད་མི་དང་ཐུག་འཕྲད་གནང་ཡོད་པ་དང་དེ་རྗེས་ Trentino  བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོས་གདན་ཞུ་ལྟར་ཟངས་དཀར་འཁྱགས་པའི་མཆོད་རྟེན་ཞེས་པའི་འགྲེམས་སྟོན་གཟིགས་སྐོར་དུ་ཕེབས་སྐབས་གྲོང་སྡེའི་སྤྱི་ཁྱབ་པ་དང་ས་གནས་བོད་མི་རྣམས་ཀྱིས་ཕེབས་བསུ་ཞུས་ཡོད་པ་རེད།

sikyong and Tyrol president

ལས་རིམ་ལྟར་ན་སྲིད་སྐྱོང་མཆོག་སང་ཉིན་དང་གནང་ཉིན་བཅས་ཉིན་གཉིས་ཀྱི་རིང་ Berlin ནང་གི་གནད་ཡོད་མི་སྣ་ཁག་མཇལ་འཕྲད་ཀྱི་ལས་རིམ་གྲུབ་རྗེས་ Rome དང་ Vienna དེ་ནས་སུད་སིར་སླར་སྐོར་བསྐྱོད་གནང་རྒྱུ་རེད་འདུག

sikyong-and-arno-kompatscher

འབྲེལ་ཡོད་གསར་གནས།

གསར་གནས།