Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་གྲོས་ཚོགས་གོང་མས་སྤྱི་མོས་ཀྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས།

Tibetan News Headlines

  • In conversation with 3 former bodyguards of the Dalai Lama

རེས་གཟའ་ཉི་མ། ༢༠༢༤།༠༦།༡༦

  • ༸གོང་ས་མཆོག་གི་༸སྐུའི་སྲུང་བྱའི་ཐོག་ཞབས་ཞུ་བསྒྲུབས་མྱོང་མཁན་སྐུ་སྲུང་ཟུར་པ་གསུམ་དང་གླེང་མོལ།

ཁ་སང་ཕྱི་ཟླ་ ༥ པའི་ཚེས་ ༢༣ བོད་ལུགས་ཀྱི་ས་ག་ཟླ་བའི་ཚེས་པ་ ༡༥ ཉིན། ཨ་རིའི་གྲོས་ཚོགས་གོང་མའི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་སྤྱི་མོས་ཀྱི་སྒོ་ནས་གཏན་འབེབས་གནང་འདུག

Tibet Resolve Act Passes

གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་ཆེད་འདོན་གནང་མཁན་སྐུ་ཞབས་ Jeff Merkly ལགས་ཀྱིས། བོད་མི་གཙོས་པའི་རྒྱལ་སྤྱིའི་མང་ཚོགས་ཡོངས་ལ་རང་དབང་དང་རང་ཐག་གཅོད་ཀྱི་ཐོབ་ཐང་ཡོད་པ་བཞིན། ད་རེས་གྲོས་ཚོགས་གོང་མའི་ནང་ཨ་རིའི་ཆབ་སྲིད་ཚོགས་པ་དབྱེས་མེད་ཀྱི་ཁྲིམས་འཆར་གཏན་འབེབས་གནང་ཐུབ་པ་དེ་ནི་བོད་མིའི་གཞི་རྩའི་རང་དབང་རྩིས་མེད་རྡོག་རོལ་གཏོང་མཁན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་ཐད་ཀར་བརྡ་ལན་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག་པ་མ་ཟད། སྐུ་ཞབས་ Todd Young ལགས་ཀྱིས་ཁྲིམས་འཆར་དེའི་བརྒྱུད། རྒྱ་ནག་དམར་ཤོག་གཞུང་གིས་བོད་དང་ས་གནས་གཞན་ཐོག་འཛིན་པའི་ད་ལྟའི་སྲིད་བྱུས་ལ་ཨ་རིའི་ངོས་ནས་དྭངས་ལེན་རྩ་བ་ནས་གནང་ཐུབ་ཐབས་མེད་པའི་ཆོད་སེམས་གསལ་འདོན་བྱེད་ཀྱི་ཡོད་སྐོར་གསུངས་འདུག

དེ་རིང་འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཨ་རིའི་གྲོས་ཚོགས་ནང་དེ་ལྟ་བུའི་ཁྲིམས་འཆར་གཏན་འབེབས་གནང་ཐུབ་ཡོད་པ་དེའི་ཐོག་བཀའ་འདྲི་ཞུས་སྐབས། སྲིད་སྐྱོང་མཆོག་གིས། ད་ལྟའི་འཆར་ལས་དོན་བརྒྱ་ཆ་ ༩༠ གྲུབ་ཡོད་པ་དང་། ཁྲིམས་འཆར་དེ་ད་ཆ་སླར་ཡང་གྲོས་ཚོགས་འོག་མའི་ནང་འགྲོ་དགོས་པ་དེ་ལྟར་ཡང་ཁྲིམས་འཆར་དེ་རྒྱ་ནག་ཙམ་མ་ཟད། རྒྱལ་སྤྱིར་གོ་བརྡ་ཞིག་ཆགས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་འབྲེལ། ཨ་རིའི་སྲིད་འཛིན་མཆོག་གིས་ཁྲིམས་འཆར་དེ་ཁྲིམས་སུ་གཅད་པའི་ཉིན་མོ་དེ་ནི་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱག་རྟགས་ལྟ་བུ་ཞིག་ཆགས་རྒྱུ་ཡིན་པ་གསུངས་སོང་།

Tibet Resolve Act Passes

གཞི་རྩའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེའི་ནང་རྒྱ་གཞུང་གིས་བོད་དེ་གནའ་རབས་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་འཁྱོག་བཤད་དེ་ཏག་ཏག་མིན་པ་གསལ་འདོན་དང་འབྲེལ། རྒྱ་ནག་གཞུང་ངོས་ནས་ཆ་རྐྱེན་གང་ཡང་མེད་པའི་ཐོག་༸གོང་ས་མཆོག་དང་གང་ཉིད་ཀྱི་སྐུ་ཚབ་ལྷན་དོན་དམ་པའི་ཞི་མོལ་བརྒྱུད། ཕྱོགས་གཉིས་ཀྱི་དཀའ་རྙོག་སེལ་དགོས་པའི་ཞུ་སྐུལ་གནང་གི་ཡོད་པ་རེད། གཤམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་འགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་དེ་སྔོན་འདི་ག་རླུང་འཕྲིན་ཁང་ལ་ཁྲིམས་འཆར་དེིའི་གནད་འགག་དང་ནང་དོན་སྐོར་ངོ་སྤྲོད་གནང་བ་ཞིག་གསན་གནང་ཡོང་བར་ཞུ།

ཨ་རིའི་ཁྲིམས་འཆར་དེར་བོད་མིའི་སྒྲིག་འཛུགས་ཙམ་མ་ཟད། རྒྱལ་ས་ཝ་ཤིང་ཀྲོན་གྲི་སི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། གཞན་ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པ། ཨ་རིའི་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ཡོངས་ནས་རྒྱུན་རིང་འབད་བརྩོན་ལྷོད་མེད་ཀྱི་གཏན་འབེབས་ཐུབ་པ་ལྟར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། ཁྲིམས་འཆར་དེའི་བརྒྱུད་ཨ་རིའི་ངོས་ནས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་ནམ་ཡང་མཚམས་འཇོག་གནང་རྒྱུ་མིན་པ་གསལ་འདོན་གནང་ཡོད་པ་འགྲེལ་བརྗོད་དང་འབྲེལ། ཁྲིམས་འཆར་ཆེད་འདོན་གནང་མཁན་གྱི་གྲོས་ཚོགས་འཐུས་མིར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། རྒྱ་ནག་ངོས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་དཔལ་ཡོན་ལ་དྲག་རྒོལ་བྱ་རྒྱུ་མཚམས་འཇོག་དང་སྦྲགས། ཞི་མོལ་བརྒྱུད་ཕྱོགས་གཉིས་ཀྱི་དཀའ་རྙོག་སེལ་དགོས་པོའི་ངེས་ཤེས་རྙེད་པའི་ཡིད་ཆེས་ཡོད་པ་དང་། རྒྱ་ནག་གིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་གཙོས་པའི་བོད་ཀྱི་གནད་དོན་ཐོག་འཁྱོག་བཤད་བྱས་པ་ཅི་རིགས་ལ་ད་ཆ་ཨ་རིའི་ངོས་ནས་དང་ལེན་རྩ་བ་ནས་གནང་གི་མ་རེད་ཅེས་གསུངས་འདུག

Tibet Resolve Act Passes

འབྲེལ་ཡོད་གསར་གནས།

གསར་གནས།