Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

༸གོང་ས་མཆོག་གིས་བཙུན་མའི་འཇང་དགུན་ཆོས་མཇུག་སྒྲིལ་མཛད་སྒོར་དབུ་བཞུགས་དང་ཆོས་འབྲེལ་རྩལ་གནང་མཛད་པ།

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཟླ་ ༡༡ ཕྱི་ཚེས་ ༣༡ ཉིན་གྱི་སྔ་དྲོ་ཚོུད་ ༩།༠༠ སྟེང་ ཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བཙུན་མའི་འཇང་དགུན་ཆོས་གོ་སྒྲིག་ཚོགས་ཆུང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་དགུན་ཆོས་ཐེངས་ ༢༡ མཛད་སྒོར་དབུ་བཞུགས་གནང་པ་དང་སྦྲགས། དེའི་ཐོག་བཅར་བའི་བཙུན་མ་རྣམས་ལ་པཎ་སྒྲུབ་བཅུ་བདུན་གྱི་གསོལ་འདེབས་སྐོར་ཆོས་འབྲེལམཛད་པ་མ་ཟད། མཐུན་མོང་མ་ཡིན་པའི་དཔལ་ནཱ་ལེནྡྲའི་པཎ་སྒྲུབ་རྣམས་ཀྱིས་མཛད་པའི་ནང་པའི་གཞུང་ལ་ཐོས་བསམ་སྒོམ་གསུམ་གྱིས་སློབ་གཉེར་གནང་གལ་ཡིན་པ་དང་ དེ་སྔ་བོད་ནང་བྱུང་མྱོང་མེད་པའི་བཙུན་མའི་འཇང་དགུན་ཆོས་འདི་བཞིན་རིམ་པས་བཙན་བྱོན་ནང་དར་འཕེལ་བྱུང་སྐོར་སོགས་བཀའ་སྩལ་ཕེབས་ཡོད་པ་རེད། དེ་བཞིན་མགོན་པོ་མཆོག་གིས་ཛམ་བུ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་རྣམས་ལ་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང། ཆོས་ལུགས་ཇི་ཡོད་ཚང་མས་རང་གཞན་ཀུན་ལ་ཕན་པའི་བྱམས་བརྩེའི་སྐོར་གཅིག་མཚུངས་གསུང་གི་ཡོད་པས་ཆོས་ལུགས་ཁྱད་ཕན་ཚུལ་དབར་ལ་གུས་བརྩི་གནང་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་བཀའ་རྩལ་མཛད་པ་མ་ཟད། ད་དུང་མགོན་པོ་མཆོག་གིས་དེ་སྔ་བོད་ནང་གི་ཕྱག་དཔེ་གཟིགས་སྟངས་ཙམ་མ་ཡིན་པར། རིས་སུ་མ་ཆད་པའི་ནང་པའི་ཆོས་བརྒྱུད་ཁག་གི་གཞུང་ཆེན་མོ་དག་ལ་ཁྱད་མེད་ཀྱིས་གསན་བསམ་གནང་གལ་ཆེ་བ་ཡིན་པ་གསུངས་སོང་། ལྷག་དོན་༸གང་ཉིད་མཆོག་གིས་བཙུན་མའི་དགོན་པ་རྣམས་ནས་མགོན་པོ་མཆོག་གི་ཇི་ལྟར་འབོད་སྐུལ་གནང་པ་བཞིན་གཞུང་ཆེན་མོ་དག་ལ་ཐོས་བསམ་དང་། ཚད་མའི་སློབ་འཁྲིད་སོགས་ལ་འབད་བརྩོན་ཧུར་ཐག་གནང་པར་དགའ་བསུའི་བསྔགས་བརྗོད་ཀྱང་མཛད་ཡོད་པ་རེད། དེ་བཞིན་སྐབས་དེར་དགུན་ཆོས་ནང་མཉམ་བཞུགས་གནང་མཁན་རྒྱ་བལ་གཉིས་ནང་ཡོད་པའི་བཙུན་དགོན་ཁག་གི་སྐུ་ཚབ་རྣམས་ནས་མགོན་པོ་མཆོག་སྤྱན་མངར་རྟགས་གསལ་སྤྱན་འབུལ་ཞུས་ཡོད་པ་རེད། རྩ་བའི་བཙུན་མའི་འཇང་དགུན་ཆོས་ཐེངས་ ༢༡ འདིའི་ཐོག་རྒྱ་གར་ནང་ཡོད་པའི་བཙུན་དགོན་ལྔ་དང་། བལ་ཡུལ་ནང་ཡོད་པའི་བཙུན་དགོན་གཉིས་བཅས་ནས་ཁྱོན་བཙུན་མ་ ༣༠༠ ལྷག་ནས་མཉམ་ཞུགས་གནང་འདུག

༸གོང་ས་མཆོག་རྒྱ་གར་གྱི་སྲིད་འཛིན་དམ་པ་སྐུ་ཞབས་ཨབྡུལ་ཀལཱམ་མཆོག་གི་གཟེངས་རྟགས་མཛད་སྒོར་དབུ་བཞུགས་མཛད་རྒྱུ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༡༡ ཕྱི་ཚེས་ ༩ ཉིན་རྒྱ་གར་ལྷོ་ཕྱོགས་ Tamil Nadu མངའ་སྡེའི་གྲོང་ཁྱེར་ Chennai ནང་རྟེན་གཞི་བྱས་པའི་ Chennai Trade Center རུ་ཆིབས་སྒྱུར་དང་སྦྲགས། རྒྱ་གར་གྱི་སྲིད་འཛིན་དམ་པ་སྐུ་ཞབས་ཨབྡུལ་ཀལཱམ་(Abdul Kalam) མཆོག་གི་མཚན་གནས་རྗེས་དྲན་གཟེངས་རྟགས་ཀྱི་མཛད་སྒོར་དབུ་བཞུགས་མཛད་རྒྱུ་མ་ཟད། ད་ལན་གྱི་ Abdul Kalam Seva Ratna ཞེས་པའི་གཟེངས་རྟགས་ཆེས་ཐོག་མ་དེ་མགོན་པོ་༸གང་ཉིད་མཆོག་གི་ཕྱག་ནས་གསོལ་སྩལ་གནང་རྒྱུ་ཡིན་འདུག   སྲིད་འཛིན་དམ་པ་སྐུ་ཞབས་ཨབྡུལ་ཀལཱམ་མཆོག་འདི་ལོ་སྐུ་གཤེགས་པའི་རྗེས་མཚན་གནས་རྗེས་དྲན་ཆེད་འབུལ་ལམ་ཞུ་རྒྱུའི་གཟེངས་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང། སྲིད་འཛིན་དམ་པ་ཁོང་གི་སློབ་སྟོན་པ་སྐུ་ཞབས་ V.Ponarj ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་འཛིན་དམ་པ་ཨབྡུལ་ཀལཱམ་མཆོག་གཉིས་དབར་ལ་ཞི་བདེ་དང་བདེ་སྐྱིད་ལྡན་པའི་འཛམ་གླིང་སྐྲུན་རྒྱུའི་ཐུགས་ཀྱི་དགོངས་པ་གཅིག་མཚུངས་ཡིན་པ་མ་ཟད། དབུ་ཁྲིད་གཉིས་རྣམ་གཉིས་ཀྱིས་མི་རབས་གསར་པའི་གཞོན་སྐྱེས་ཚོས་ཡང་དག་པའི་སྤྱི་ཚོགས་ཞིག་སྐྲུན་རྒྱུར་དུས་ནས་དུས་སུ་ལམ་སྟོན་དང་སྐུ་ལས་བསྐྱོན་མཁན་གཅིག་པ་ཡིན་སྟབས། ད་ལན་གྱི་ཆེས་སྙན་གྲགས་ཆེ་བའི་གཟེངས་རྟགས་འདི་བཞིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གསོལ་སྩལ་གནང་སྐྱོང་སླད་ཆེད་དུ་གདན་ཞུ་ཕུལ་བ་ཡིན་ཞེས་གསུངས་འདུག རྩ་བའི་ཐེངས་འདིའི་ Abdul Kalam Seva Ratna Award ཞེས་པའི་གཟེངས་རྟགས་དེ་ནི་རྒྱ་གར་གྱི་སྲིད་འཛིན་དམ་པ་སྐུ་ཞབས་ཨབྡུལ་ཀལཱམ་མཆོག་གི་མཚན་གནས་རྗེས་དྲན་ཆེད། སྲིད་འཛིན་དམ་པོ་མཆོག་གིས་མ་འོངས་པའི་རྒྱ་གར་འཆར་སྣང་ཞེས་པའི་ལས་འགུལ་ནང། ཤིང་སྣ་འདེབས་འཛུགས་ཀྱི་ལས་འགུལ་དང། འཐུང་ཆུང་སྲུང་སྐྱོབ། སྨྱོ་རྫས་ངན་གོམས་སྔོན་འགོག སྔོན་ལྗངས་ཅན་གྱི་གྲོང་ཁྱེར་དང་གྲོང་གསེབ་སྐྲུན་རྒྱུའི་ལས་འཆར་ཐོག་ཕུལ་བྱུང་གཟེངས་སུ་ཐོན་མཁན་གྱི་མི་སྒེར་པ་དང་ཚོགས་སྐྱིད་ཁག་ལ་ཕུལ་རྒྱུ་ཡིན་པ་རེད་འདུག ད་ལན་གྱི་གཟེངས་རྟགས་དེའི་ཆེད་རྒྱ་གར་ཁྱོན་ཡོངས་ནས་མི་སྒེར་པ་དང་ཚོགས་སྐྱིད་ཁག་འབུམ་ ༡༠ ལྷག་གིས་ཐོ་འགོད་གནང་ཟིན་འདུག་ལ། གོ་སྒྲིག་ཚོགས་ཆུང་ངོས་ནས་གཟེངས་རྟགས་ཀྱི་མཛད་སྟོན་དེ་བཞིན་རིན་མེད་ངང་མང་ཚོགས་ཚང་མ་མགྲོན་འབོད་ཞུས་འདུག་པ་མ་ཟད།  ལྷག་དོན་མཛད་སྒོའི་མདུན་ཕྱོགས་ཀྱི་ཞབས་སྟེགས་ཁག་ལ་རྒྱ་གར་ནང་གི་ཞིང་པ་དང། ཁ་ལོ་བ་དང་དེ་དག་ཕྲུ་གུ་རྣམས་ལ་དམིགས་བསལ་ཟུར་འཇོག་གནང་འདུག   གཞན་ཡང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་འཆི་མེད་རིན་འཛིན་ལགས་ཀྱི་གསུངས་པར། ཟླ་བ་རྗེས་མའི་ཕྱི་ཚེས་ ༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་ཆིབས་བསྒྱུར་མཛད་རྒྱུ་ཡིན་པ་དང། ཕྱི་ཚེས་ ༩ ཉིན་རྒྱ་གར་གྱི་སྲིད་འཛིན་ཞིང་གཤེགས་དམ་པ་སྐུ་ཞབས་ཨབྡུལ་ཀལཱམ་མཆོག་གི་མཚན་གནས་རྗེས་དྲན་ཆེད་གཟེངས་རྟགས་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུ་བཞུགས་གནང་རྒྱུ་དང།  ཕྱི་ཚེས་ ༡༠ ཉིན་ Chennai གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ IIT འཕྲུལ་རིགས་ལྟེ་གནས་ཁང་དུ་ཆིབས་བསྒྱུར་གྱིས་དགེ་ལས་སློབ་གཉེར་བ་ཚོར་བཀའ་སློབ་ལམ་སྟོན་བསྩལ་གནང་མཛད་གྲུབ་རྗེས།  ཕྱི་ཚེས་ ༡༢ དང་ ༡༣ བཅས་སུ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ JNU གཙུག་ལག་སློབ་གྲྭ་ཆེན་མོར་ནང་ཆོས་དང་ཚན་རིགས་ཀྱི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་ཀྱི་ཡོད་པ་རེད་འདུག  ཕྱི་ཚེས་༡༤ ཉིན་རྒྱ་གར་གྱི་ Punjab མངའ་སྡེའི་གྲོང་ཁྱེར་ Phagwara ནང་རྟེན་གཞི་བྱས་པའི་ lovely Professional གཙུག་ལག་སློབ་གྲྭ་ཆེན་མོས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་མགོན་པོ་༸གང་ཉིད་མཆོག་སློབ་གྲྭ་ཆེན་མོའི་བསླབ་པ་མཐར་སོན་གྱི་མཛད་སྒོར་མགྲོན་གཙོར་དབུ་བཞུགས་མཛད་རྒྱུ་དང་འདི་བཞིན་གཙུག་ལག་སློབ་གྲྭ་ཆེན་མོས་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་མཁས་དབང་ཕྱག་འཁྱེར་ཞིག་ཀྱང་འབུལ་བཞེས་བསྐྱང་རྒྱུ་རེད་འདུག

༸གོང་ས་མཆོག་ལ་ཨ་རིའི་ ༢༠༡༥ལོའི་རང་དབང་གཟེངས་རྟགས་ཕུལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་ཆེས་སྙན་པར་གྲགས་པའི་རང་དབང་གཟེངས་རྟགས་ཕུལ་ཡོད་ཀྱང། ༸གང་ཉིད་མཆོག་ཨ་རིའི་ནང་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་སྐབས་སྨན་པ་ཁག་གིས་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ལེགས་གྲུབ་རྗེས་མགོན་པོ་༸གང་ཉིད་ལ་༸སྐུ་ངལ་གསོ་བཞུགས་དགོས་གལ་ཡིན་པའི་ལམ་སྟོན་ཕུལ་བ་ལྟར་གཟེངས་བརྟགས་འབུལ་བཞེས་མཛད་སྟོན་ཐོག་མགོན་པོ་མཆོག་༸སྐུ་དངོས་ཕེབས་ཐུབ་མེད་པ་རེད།      ཁ་སང་ཟླ་ ༡༠ ཕྱི་ཚེས་ ༢༦ ཉིན་ཨ་རིའི་རྒྱལ་ཡོངས་རྩ་ཁྲིམས་ལྟེ་གནས་ཁང་གི་གོ་སྒྲིག་འོག་རང་དབང་གཟེངས་རྟགས་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ Philadelphia གྲོང་ཁྱེར་སྤྱི་ཁྱབ་མཆོག་དང་༸གོང་ས་མཆོག་གི་སྐུ་ཚབ་རྣམ་པ། ལྟེ་གནས་ཁང་གི་ཚོགས་གཙོ་གཙོས། གཞུང་འབྲེལ་གནད་ཡོད་མི་སྣ། དེ་བཞིན་མཛད་སྟོན་ཚོགས་ཁང་ཕྱི་ནང་གཉིས་སུ་མང་ཚོགས་ ༢༥༠༠ ལྷག་འདུ་འཛོམས་ཐོག་༸གང་ཉིད་མཆོག་གི་སྐུ་ཚབ་རྣམ་པར་རང་དབང་གཟེངས་རྟགས་དང་ཨ་སྒོར་ $100,000 བཅས་འབུལ་བཞེས་ཀྱི་མཛད་སྒོ་དབུ་འཛུགས་གནང་ཡོད་པ་རེད།   མཛད་སྟོན་ཐོག་རང་དབང་གཟེངས་རྟགས་བཞེས་པར་༸གོང་ས་མཆོག་གི་སྐུ་ཚབ་ཏུ་བཅར་མཁན་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས་དང། ཨ་རི་ནང་རྟེན་གཞི་བྱས་པའི་སེམས་དང་སྲོག་གི་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་༸སྐུའི་དབྱིན་སྐད་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང། ཚོགས་པའི་དེའི་ཚོགས་གཙོ་སྐུ་ཞབས་ Richard Davidsonལགས། དེ་བཞིན་ Carolyn Jacobsབཅས་ཁོང་རྣམ་པ་བཞི་ནས་༸གོང་ས་མཆོག་ལ་ཨ་རིའི་ཆེས་སྙན་པར་གྲགས་པའི་རང་དབང་གཟེངས་རྟགས་འབུལ་བཞེས་ཐོག་གནད་ཡོད་མི་སྣ་ཁག་གིས་ཆེ་བསྟོད་ཞུས་པའི་བརྙན་ཐུང་གཟིགས་འབུལ་ཞུས་གྲུབ་རྗེས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལན་གྱི་གཟེངས་རྟགས་གོ་སྒྲིག་ཚོགས་ཆུང་གཙོས་པའི་མང་ཚོགས་ལ་བརྙན་འཕྲིན་ཐོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་ཕེབས་ཡོད་པ་རེད།   མགོན་པོ་མཆོག་གིས་དེའི་ནང་གཟེངས་རྟགས་གོ་སྒྲིག་ཚོགས་ལ་ཆུང་ཐུགས་རྗེ་ཆེ་ཞུའི་བཀའ་སྩལ་ཕེབས་པ་མ་ཟད། ལྷག་དོན་དེ་སྔ་༸གང་ཉིད་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་སྐབས་གསུངས་པ་དང་མཚུངས་པར་མགོན་པོ་མཆོག་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན་སྐོར་བཀའ་སྩལ་གནང་པ་དང་ཆབས་ཅིག མགོན་པོ་མཆོག་ལ་གཟེངས་རྟགས་དེ་དག་གིས་༸གང་ཉིད་མཆོག་གིས་ད་བར་འགྲོ་བ་མིའི་བདེ་དོན་ཆེད་ཕྱག་ལས་གནང་པར་ངོས་འཛིན་དང་ཆེ་བསྟོད་ཀྱི་ཚུལ་དུ་ཕུལ་བར་ངོས་འཛིན་གནང་གི་ཡོད་ཅེས་བཀའ་སྩལ་གནང་པ་མ་ཟད།  ༸གོང་ས་མཆོག་གི་མཛད་འཁུར་གཙོ་བོ་གསུམ་གྱི་ཐོག་ལ་བཀའ་སློབ་གཙོ་བོ་སྩལ་གནང་མཛད་ཡོད་པ་རེད།   ད་ལན་གྱི་རང་དབང་གཟེངས་རྟགས་དེའི་ལྷན་ཨ་སྒོར་ $100,000 ཕུལ་བ་དེ་ཨ་རིའི་ནང་རྟེན་གཞི་བྱས་པའི་སེམས་དང་སྲོག་གི་ཚོགས་པས་ཚན་རིག་ལམ་ནས་འགྲོ་བ་མིའི་སེམས་བརྒྱུད་གོང་འཕེལ་དང་བཟང་སྤྱོད་སློབ་གསོའི་ཤེས་ཡོན་ལས་འཆར་ཆེད་གསོལ་སྩལ་གནང་ཡོད་པ་རེད།  རྩ་བའི་རྒྱལ་ཡོང་རྩ་ཁྲིམ་ལྟེ་གནས་ཁང་ནས། ད་ལན་༸གོང་ས་མཆོག་ལ་གཟེངས་རྟགས་དེ་འབུལ་ལམ་ཞུ་དོན་གཙོ་བོ་ནི། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་རྩ་དོན་དང་། དེ་བཞིན་འཛམ་གླིང་སྤྱི་ཡོངས་ལ་འདྲ་མཉམ་དགོས་པ་དང་། འགྲོ་བ་མི་རིགས་ཡོངས་ལ་བདེ་སྐྱིད། ཞི་བདེ། རང་དབང་། འདྲ་མཉམ་སོགས་ཀྱི་ཐོག་རྩོད་ལེན་མཛད་མཁན་ཞིག་ཡིན་པ་མ་ཟད་ཁོང་གིས་ཕྱི་ལོ་ ༡༩༨༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་གནང་མཛད་ཡོད། ཁོང་ནི་འཛམ་གླིང་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐོག་རྩོད་ལེན་མཛད་མཁན་ཞིག་དང་། ལྷག་བསམ་རྣམ་དག་གིས་སྒོ་ནས་རང་དབང། གྲོས་མོལ། དེ་བཞིན་བཟོད་བསྲན་བཅས་ཀྱི་དགོངས་པ་ནན་བརྗོད་ཀྱི་མཛད་རྗེས་ཁག་ད་ལན་གྱི་རང་དབང་གི་གཟེངས་རྟགས་དེའི་གསལ་པོ་མཚོན་གྱི་ཡོད་པར་བརྟེན་ཐེངས་འདིའི་གཟེངས་རྟགས་དེ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཕུལ་པ་ཞིག་ཡིན་འདུག  

༸གོང་ས་མཆོག་གིས་སྐུ་ཞབས་ Justin Trudeau ལགས་ཁེ་ན་ཌའི་སྲིད་བློན་དུ་འདེམས་ཐོན་བྱུང་བར་འཚམས་འདྲི་གནང་འདུག

སྐུ་ཞབས་ Justin Trudeau ལགས་ཁེ་ན་ཌའི་སྲིད་བློན་གསར་པར་འདེམས་ཐོན་བྱུང་བར་མགོན་པོ་༸གང་ཉིད་མཆོག་གིས་དགའ་བསུའི་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་ཡོད་པ་རེད།  ཁ་སང་ཟླ་ ༡༠ ཕྱི་ཚེས་ ༢༠ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་Justin Trudeau ལགས་ཁེ་ན་ཌའི་སྲིད་བློན་གསར་པར་འདེམས་ཐོན་བྱུང་བར་འཚམས་འདྲིའི་གསུང་འཕྲིན་བསྩལ་གནང་པ་དང་ ཁོང་ལ་བྱ་བཞག་མཐའ་དག་འབད་མེད་ལྷུན་འགྲུབ་ཡོང་བའི་སྨོན་འདུན་མཛད་འདུག   ༸གོང་ས་མཆོག་གིས་དམིགས་བསལ་འཚམས་འདྲིའི་གསུང་འཕྲིན་གནང་པའི་ནང་༸གང་ཉིད་མཆོག་གིས་ཐོག་མར་རྒྱལ་ཡོངས་འོས་བསྡུའི་སྐབས་སྐུ་ཞབས་Justin ལགས་ཀྱི་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་པར་ཐུགས་དགྱེས་ཚོར་ཆེན་པོས་འཚམས་འདྲི་ཡོད་སྐོར་དང་འབྲེལ། འདས་པའི་ལོ་མང་གི་དུས་ཡུན་ནང་༸གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་གནང་པའི་ཁྲོད་ཁེ་ན་ཌའི་སྤྱི་ཚོགས་ཁྱོན་ཡོངས་ནས་མགོན་པོ་མཆོག་ལ་མཛའ་བརྩེའི་འདུན་པ་ཤུགས་ཆེ་བསྟན་པ་ཐུགས་ཚོར་ཆེན་པོ་བྱུང་ཞེས་དང་། ལྷག་དོན་ཕྱི་ལོ་ ༡༩༧༠ ནས་བཟུང་ཁེ་ན་ཌའི་གཞུང་གི་ངོས་ནས་བོད་མི་སྐྱབས་བཅོལ་བ་ཚོ་ཡུལ་དེའི་ནང་གནས་སྤོས་ཞུ་རྒྱུ་ཐད་རོགས་རམ་ཤུགས་ཆེ་གནང་བཞིན་པའི་ལས་འཆར་ལ་དམིགས་བསལ་གྱི་བཀྲིས་ཆེན་པོ་ཡིན་པར་དྲན་བཞིན་ཡོད་ལ། ཁུལ་དེར་གཞིས་སྡོད་བོད་མི་ཚོས་ཀྱང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བཞིན་ཡོད་པ་རེད་ཅེས་བཀའ་གནང་འདུག   དེ་བཞིན་༸གོང་ས་མཆོག་གིས་སྐུ་ཞབས་Justin Tredeau ལ་ཐེངས་འདིའི་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེ་ནི་ཁོང་གི་ཡབ་དམ་པ་དེ་སྔོན་ཁེ་ན་ཌའི་སྲིད་བློན་གནང་མྱོང་མཁན་ཁོང་ལ་སྤོབས་པ་འབྱིན་རྒྱུ་མ་ཟད། ཁོང་གི་ཞབས་རྗེས་སུ་འགྲོ་ཐུབ་པ་དང་ལྷག་པར་འབྱུང་འགྱུར་ཁོང་གི་དབུ་ཁྲིད་པའི་སྲིད་བློན་གྱི་བརྒྱུད་རིམ་ནང་བྱ་བ་མཐའ་དག་འགེག་མེད་ལྷུན་འགྲུབ་ཡོང་བའི་འཚམས་ཞུ་ཡོད་ཅེས་བཀའ་སྩལ་ཕེབས་གནང་མཛད་ཡོད་པ་རེད།   རྩ་བའི་ཟླ་བ་འདིའི་ཚེས་༡༩ ཉིན་ཁེ་ན་ཌའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས་ད་ལྟའི་གཞུང་འཛིན་ Conservative Party འམ་རྙིང་ཞེན་གྱི་ཚོགས་པ་དེར་ཁེ་ན་ཌའི་གྲོས་ཚོགས་ནང་འཐུས་མི་ ༣༣༨ ཞབས་སྟེགས་ཡོད་པའི་ཁོངས་ནས་ཁྱོན་ཞབས་སྟེགས་ ༩༩ ལས་ཐོབ་མེད་ཀྱང་། སྐུ་ཞབས་Justin ལགས་ཀྱི་མགོ་ཁྲིད་པའི་གུ་ཡངས་ཚོགས་པ་ལ་ཁྱོན་ཞབས་སྟེགས་ ༡༨༤ ཐོབ་སྟེ་ Justin Trudeau ལགས་ཡུལ་དེའི་སྲིད་བློན་གསར་པར་འདེམས་ཐོན་བྱུང་འདུག་པ་མ་ཟད། ཁོང་ཁེ་ན་ཌའི་སྲིད་བློན་ལོ་ན་ཆུང་ཤོས་གཉིས་པ་དེ་ཡིན་པ་རེད།

༸གོང་ས་མཆོག་གིས་འདི་ལོ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལ་དགའ་བསུའི་གསུང་འཕྲིན་བསྩལ་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ Tunisia’s National Dialogue Quartet ཞེས་པའི་ལྷན་ཚོགས་ལ་དགའ་བསུའི་གསུང་འཕྲིན་ཞིག་བསྩལ་བ་དང་ཆབས་ཅིག ཚོགས་པ་དེས་ཕྱག་ལས་གནང་བཞག་པ་དེ་དག་ནི་གཞན་ལ་མིག་དཔེ་ཞིག་ཆགས་ཡོད་པའི་བསྔགས་བརྗོད་གནང་འདུག  རྩ་བའི་ Tunisia’s National Dialogue Quartet ཞེས་པའི་ལྷན་ཚོགས་འདི་ནི། དཀྱིལ་ཤར་ཡུལ་གྲུ་ Tunisia ནང་མང་གཙོ་གོང་འཕེལ་ཆེད་དམིགས་པའི་ཚོགས་པ་བྱེ་བྲག་པ་བཞི་ལས་བསྡུས་པ་ཞིག་ཡིན་པ་དང། ལྷན་ཚོགས་འདི་ནི་ ༢༠༡༢ ལོར་ཁུལ་དེར་བྱུང་བའི་བ་སྤུ་མེ་ཏོག་གི་གསར་བརྗེ་ལས་འགུལ་རྗེས་གསར་འཛུགས་གནང་པ་ཞིག་ཡིན་པ་རེད།  ༸གོང་ས་མཆོག་གིས་ལྷན་ཚོགས་དེར་བསྩལ་བའི་དགའ་བསུའི་གསུང་འཕྲིན་ནང་། འདི་ལོ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ལྷན་ཚོགས་དེ་ནས་ Tunisia ནང་ཆབ་སྲིད་ཀྱི་འཕོ་འགྱུར་བྱུང་རྗེས་ད་བར་དཀའ་ངལ་རུ་འཛིངས་པའི་དུས་ཡུན་དེའི་ནང་། ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གནང་ནས་ཆབ་སྲིད་ཚོགས་པ་མི་འདྲ་ཕུན་ཚུན། གྲོས་མོལ་དང་འདུམ་སྒྲིག་གི་བརྒྱུད་རིམ་ནང་འཁྲིད་ཐུབ་ཡོད་པ་འདི་ནི་གཞན་ལ་མིག་དཔེ་ཞིག་ཆགས་ཡོད་པ་ཙམ་དུ་མ་ཟད། ཁོང་རྣམ་པའི་གྲུབ་འབྲས་དེ་ནི་ང་ཚོ་ཞི་བ་དང་འཚེ་བ་མེད་པའི་ཐོག་ནས་རང་དབང་དང་མང་གཙོ་འཐབ་འཚོལ་གནང་མཁན་སྤྱི་ལ་སེམས་སྐུལ་ཐེབས་གཞི་ཞིག་ཀྱང་ཡིན་པས་བསྔགས་བརྗོད་གནང་འདུག ཁྱད་པར་དུ་མགོན་པོ་༸གང་ཉིད་མཆོག་གིས་དེ་རིང་སང་ང་ཚོར་རྩོད་རྙོག་དང་འཚེ་བའི་དཀའ་ངལ་རིགས་འཕྲད་བཞིན་པའི་དུས་མཚམས་འདིར། ང་ཚོས་རང་གཞན་ཕན་ཚུན་དབར་ལ་ཕུ་ནུ་མིང་སྲིང་འདུ་ཤེས་བཞག་ནས་ཁྱིམ་ཚང་གཅིག་ལྟར་གནས་ཐུབ་པ་ཡིན་ན། འཛམ་གླིང་ཞི་བདེ་ལྡན་པ་ཞིག་སྐྲུན་ཐུབ་རྒྱུ་ངེས་པ་རེད་ཅེས་གསུངས་པ་དང་ཆབས་ཅིག གསུང་འཕྲིན་དེའི་ཐོག་ནས་ནོ་སྦེལ་ཚོགས་ཆུང་ནས་འདི་ལོ་ Tunisia འི་ལྷན་ཚོགས་དེ་ལ་ཞི་བདེའི་གཟེངས་རྟགས་གནང་པ་འདི་བརྒྱུད། དྲག་ཤུགས་ལས་ལྡོག་སྟེ་ཞི་བ་དང་གྲོལ་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་གནང་མཁན་གང་ཟག་སྒེར་དང་ཚོགས་པ་སྒྲིག་འཛུགས་གཞན་ལ་སེམས་ཤུགས་འཕར་རྒྱུ་ཡིན་པ་བཀའ་གནང་འདུག

སྐུ་ཞབས་ Richard Gere ལགས་ཀྱིས་༸གོང་ས་མཆོག་གི་སྐུ་ཚབ་ཞུས་ནས་ཨ་རིའི་རང་དབང་གཟེངས་རྟགས་བཞེས་རྒྱུ་རེད་འདུག

ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས་ཀྱིས་༸གོང་ས་མཆོག་གི་སྐུ་ཚབ་ཞུས་ནས་ ༢༠༡༥ལོའི་སྙན་གྲགས་ཆེ་བའི་ཨ་རིའི་རང་དབང་གཟེངས་རྟགས་བཞེས་རྒྱུ་རེད་འདུག ཨ་རིའི་རྒྱལ་ཡོངས་རྩ་ཁྲིམས་ལྟེ་གནས་ཁང་ནས་འདི་ལོ་ ༢༠༡༥ལོའི་ཨ་རིའི་རང་དབང་གཟེངས་དེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་རྒྱུའི་ཡོང་གྲགས་ཀྱི་གསལ་བསྒྲགས་བསྐྱངས་ཡོད་ཀྱང། སྨན་པ་ཁག་གིས་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ལེགས་གྲུབ་ཞུས་རྗེས་༸གང་ཉིད་མཆོག་ལ་༸སྐུ་ངལ་གསོ་བཞུགས་གནང་གལ་ཡིན་པའི་ལམ་སྟོན་ཕུལ་བ་ལྟར། མགོན་ཆེན་པོ་མཆོག་ནས་ཕྱི་ཟླ་ ༡༠ པའི་ནང་ཨ་རི་ནང་གི་མཛད་འཆར་ཁག་ཕྱིར་འཐེན་གནང་ཡོད་པ་རེད།  འོན་ཀྱང་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་གི་མེད་ཀྱང། ཨ་རིའི་ Pennsylvania’s མངའ་སྡེའི་གྲོང་ཁྱེར་ Philadelphia ནང་དུ་ ༢༠༡༥ལོའི་སྙན་གྲགས་ཆེ་བའི་ཨ་རིའི་རང་དབང་གཟེངས་རྟགས་འབུལ་བཞེས་མཛད་སྟོན་ཚོགས་རྒྱུ་ཡིན་སྟབས། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས་དང། ཨ་རི་ནང་རྟེན་གཞི་བྱས་པའི་སེམས་དང་སྲོག་གི་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་༸སྐུའི་དབྱིན་སྐད་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང། ཚོགས་པའི་དེའི་ཚོགས་གཙོ་སྐུ་ཞབས་ Richie Davidsonལགས། དེ་བཞིན་ Carolyn Jacobsབཅས་ཁོང་རྣམ་པ་བཞི་ནས་༸གོང་ས་མཆོག་གི་སྐུ་ཚབ་ཞུས་ནས་ཨ་རིའི་རང་དབང་གཟེངས་རྟགས་དེ་བཞེས་རྒྱུ་རེད་འདུག རང་དབང་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྟོན་གོ་སྒྲིག་བའི་ཁོངས་སུ་ཡོད་པའི། Philadelphia ནང་རྟེན་གཞི་བྱས་པའི་ནང་པའི་ཆོས་ཚོགས་ཀྱི་ཆོས་དགེ་བློ་བཟང་བསམ་གཏན་ལགས་ཀྱིས་གསུངས་དོན་ལ། རང་དབང་གཟེངས་བརྟགས་འབུལ་བཞེས་ཀྱི་ཉི་མོར་ས་གནས་བོད་མི་རྣམས་ནས་༸གོང་ས་མཆོག་ལ་དགའ་སྟོན་ཞུ་ཕྱིར་གཞས་སྣ་ཁག་ཅིག་འཁྲབ་སྟོན་དང། ལྷག་པར་དུ་ཕྱི་ཚེས་ ༢༧ ཉིན་Philadelphia གྲོང་ཁྱེར་སྤྱི་ཁྱབ་མཆོག་ནས་མགོན་པོ་མཆོག་གི་མཛད་རྗེས་ལ་ཆེསབསྟོད་དང་སྦྲགས། སྙིང་རྗེའི་ཉི་མོ་ཞེས་སྲུང་བརྩི་ཞུ་རྒྱུ་སོགས་ཀྱི་མཛད་རིམ་ཡོད་པ་གསུངས་སོང།  རྒྱལ་ཡོང་རྩ་ཁྲིམ་ལྟེ་གནས་ཁང་ནས། ད་ལན་༸གོང་ས་མཆོག་ལ་གཟེངས་རྟགས་དེ་འབུལ་ལམ་ཞུ་དགོས་པའི་ཐོག་གསལ་བཤད་གནང་པའི་ནང། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་རྩ་དོན་དང་། དེ་བཞིན་འཛམ་གླིང་སྤྱི་ཡོངས་ལ་འདྲ་མཉམ་དགོས་པ་དང་། འགྲོ་བ་མི་རིགས་ཡོངས་ལ་བདེ་སྐྱིད། ཞི་བདེ། རང་དབང་། འདྲ་མཉམ་སོགས་ཀྱི་ཐོག་རྩོད་ལེན་མཛད་མཁན་ཞིག་ཡིན་པ་མ་ཟད་ཁོང་གིས་ཕྱི་ལོ་ ༡༩༨༩ ལོར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་གནང་མཛད་ཡོད། ཁོང་ནི་འཛམ་གླིང་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐོག་རྩོད་ལེན་མཛད་མཁན་ཞིག་དང་། ལྷག་བསམ་རྣམ་དག་གིས་སྒོ་ནས་རང་དབང། གྲོས་མོལ། དེ་བཞིན་བཟོད་བསྲན་བཅས་ཀྱི་དགོངས་པ་ནན་བརྗོད་ཀྱི་མཛད་རྗེས་ཁག་ད་ལན་གྱི་རང་དབང་གི་གཟེངས་རྟགས་དེའི་གསལ་པོ་མཚོན་གྱི་ཡོད་པར་བརྟེན་ཐེངས་འདིའི་གཟེངས་རྟགས་དེ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་་མར་འབུལ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་འདུག

སྲིད་འཛིན་ཞི་ཅིང་ཕིང་གིས་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྲིད་བྱུས་ཤིག་འཛིན་དགོས་པ་བཀའ་སྩལ་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ CNN གསར་ཁང་གི་གསར་འགོད་པས་བཀའ་འདྲི་ཞུས་པར་༸གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན་ལ། སྲིད་འཛིན་ཞི་ཅིང་ཕིང་གིས་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྲིད་བྱུས་ཤིག་འཛིན་དགོས་པ་བཀའ་སྩལ་འདུག ༸གོང་ས་མཆོག་གི་དབྱིན་ཡུལ་ནང་གི་མཛད་འཕྲིན་ཁག་བསྐྱངས་པ་དང་བསྟུན། ཨ་རིའི་CNN གསར་ཁང་གི་གསར་འགོད་པ་ Christiane Amanpour ལགས་ཀྱིས་༸གང་ཉིད་མཆོག་ལ་སྲིད་འཛིན་ཞི་ཅིང་ཕིང་ལ་དམིགས་བསལ་གྱི་བཀའ་བསྩལ་གང་གནང་རྒྱུ་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་༸གོས་ས་མཆོག་ནས་བོད་དེ་བཞིན་ལོ་རྒྱུས་ཀྱི་ཆ་ནས་རང་བཙན་ཡིན་པ་ནི་རྒྱ་གཞུང་མ་གཏོགས་རྒྱལ་སྤྱིའི་ལོ་རྒྱུས་སྨྲ་བ་ཡོངས་ཀྱི་ཤེས་ཀྱི་ཡོདཔ་དེ་ལྟར་ཡང།   ད་ཆ་ང་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འོག་ནས་རང་བཙན་མི་རྩོད་པར། བོད་མི་ཚོར་རང་མི་རིགས་ཀྱི་སྐད་ཡིག་དང་ཆོས་དེ་བཞིན་རིག་གཞུང་སྲུང་སྐྱོབ་ཀྱི་རང་དབང་ལོང་སུ་སྤྱོད་རྒྱུའི་ཐོབ་ཐང་རྩོད་བཞིན་ཡོད་ཅེས་བཀའ་སྩལ་བ་དང་། ལྷག་པར་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལྟ་བུ་ད་ཆ་སྟོབས་ཆེན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཞིག་ཆགས་ཡོད་སྟབས། དོན་དངོས་ཀྱི་གནས་ཚུལ་དང་མཐུན་པའི་སྲིད་བྱུས་ཤིག་འཛིན་དགོས་པ་རེད་ཅེས་བཀའ་སྩལ་གནང་རྒྱུ་ཡིན་པ་གསུངས་གནང་མཛད་འདུག ༸གོང་ས་མཆོག་གིས་སྲིད་འཛིན་ཞི་ཅིང་ཕིང་ནས་དེ་སྔ་ Paris དང་། Delhi བཅས་སུ་རྒྱ་ནག་ནང་ལ་ནང་པ་སངས་རྒྱས་པའི་ཆོས་དེ་གལ་ཆེན་པོ་ཡིན་པར་གསུངས་པར་བསྔགས་བརྗོད་གནང་པ་དང་འབྲེལ། རྒྱ་གཞུང་ངོས་ནས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དང་འབྲེལ་བའི་རིག་གཞུང་འདི་དག་སྲུང་སྐྱོབ་བྱེད་ཚེ། དེའི་བརྒྱུད་ནས་རྒྱ་ནག་ནང་གི་ནང་པའི་རྗེས་འཇུག་པ་ས་ཡ་མང་པོར་ཕན་ཐོགས་ཡོང་ངེས་ཡིན་པ་བཀའ་སྩལ་པ་མ་ཟད། ལྷག་དོན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་ལྐོག་བཟའ་རོལ་སུངས་དང་། དྲང་བདེན་འཐབ་རྩོད་ལ་ཕན་ཐོགས་ཡོང་རྒྱུ་ཡིན་པ་བཀའ་སྩལ་མཛད་འདུག སྐབས་དེར་ཨ་རིའི་ CNN གསར་ཁང་གི་གསར་འགོད་པ་ Amanpour ལགས་ཀྱིས་མ་འོངས་པའི་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་དེ་སྔ་ཕྱི་ལོ་༡༩༦༩ ལོ་ནས་བཟུང་གཞུང་འབྲེལ་གྱི་ཐོག་ནས་མང་ཚོགས་ཁྲོད་ལ། མ་འོངས་པར་ཏཱ་ལའི་བླ་མའི་སྒྲིག་འཛུགས་དེ་རྒྱུན་གནས་ཐུབ་མིན་ནི། བོད་རྒྱ་ཆེའི་མང་ཚོགས་ལ་རག་ལས་ཡོད་ཅེས་བཀའ་སྩལ་གནང་ཟིན་ཡོད་ཅེས་བསྐྱར་ནན་གྱི་བཀའ་ལན་གནང་པ་དང་སྦྲགས། རྒྱ་གཞུང་གིས་ཏཱ་ལའི་བླ་མའི་སྒྲིག་འཛུགས་ཐད་ལ་༸གང་ཉིད་ལས་ལྷག་པའི་སེམས་ཁྲལ་བྱེད་ཀྱི་འདུག་ཅེས་བཀའ་སྩལ་མཛད་འདུག  

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་གནང་མཛད་སོང་།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་དང་ཨ་རི་བཅས་ཀྱི་མཛད་འཕྲིན་ཁག་ལེ གས་གྲུབ་ཟིན་ནས་བཞུགས་སྒར་དུ་ཞབས་སོར་འཁོད་གནང་མཛད་སོང།     དེ་རིང་ཟླ་ ༡༠ ཕྱི་ཚེས་ ༣ ཉིན་སྔ་དྲོ་ཚོུད་ ༡༠།༣༠ ཙམ་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབྱིན་ཡུལ་དང་ཨ་རིའི་མཛད་འཆར་ཡོངས་རྫོགས་ལེགས་གྲུབ་ཟིན་ནས་དྷ་སར་ཆིབས་སྒྱུར་མཛད་སོང། དེ་ཡང་གཙོ་བོ་མགོན་པོ་༸གང་ཉིད་མཆོག་ནས་ཟླ་སྔོན་མའི་ཕྱི་ཚེས་ ༡༣ ནས་དབུ་འཛུགས་གནང་སྟེ། དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ Oxford དང་ Magdalen དེ་བཞིན་Cambridge བཅས་གཙུག་ལག་སློབ་གྲྭ་ཆེན་མོར་རྒྱལ་སྤྱིའི་ཚན་རིག་པ་དང་། རྩོམ་པ་པོ། དེ་བཞིན་མི་དམངས་སློབ་ཕྲུག་རྣམས་ལ་མིའི་རྣམ་དཔྱོད་གོང་སྤེལ་དང་། འགྲོ་བ་མིའི་ཀུན་སྤྱོད། དེ་བཞིན་དུས་རབས་ཉེར་གཅིག་ནང་རྒྱལ་སྤྱིའི་དཀའ་རྙོག་ཁག་སེལ་ཐབས་སོགས་ཀྱི་ཐད་བཀའ་སློབ་དང་གྲོས་བསྡུར་ལེགས་པར་གྲུབ་རྗེས། ཕྱི་ཚེས་ ༡༦ ཉིན་མགོན་པོ་མཆོག་ Canterbury ཡི་ཤུའི་ཆོས་དཔོན་ཟུར་པ་ Lord Rowan Williams མཆོག་གི་ལྷན་དུ་དབྱིན་ཡུལ་གྱི་རྒྱལ་ས་ London དུ་ཆིབས་སྒྱུར་གནང་སྟེ་ཕྱི་ཚེས་ ༢༡ བར་ཁུལ་དེའི་ནང་ཡོད་པའི་གཞི་རིམ་སློབ་གྲྭ་གཅིག་ནང་དགེ་ལས་སློབ་ཕྲུག་རྣམས་དང་། ས་གནས་བོད་རིགས་རྣམས་ལ་དམིགས་བསལ་གྱི་མཇལ་ཁ་དང་བཀའ་སློབ། དེ་བཞིན་རྒྱ་རིགས་སློབ་ཕྲུག་དང་རྒྱ་གར་མི་རིགས་གཙོས་པའི་མང་ཚོགས་ཁྲི་ཚོ་བརྒལ་བར་བྱམས་བརྩེ་དང་འཚེ་མེད་ཞི་བ་སོགས་བརྗོད་གཞི་མང་དག་ཐད་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཏེ་དབྱིན་ཡུལ་ནང་གི་མཛད་འཕྲིན་ཁག་ལེགས་པར་སྩལ་གྲུབ་རྗེས། ཕྱི་ཚེས་ ༢༡ ཉིན་༸གང་ཉིད་མཆོག་ཨ་རིའི་མི་ནེ་སོ་ཊ་མངའ་སྡེའི་མཱ་ཡོ་སྨན་ཁང་དུ་ལོ་ལྟར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་མུས་བཞིན་ད་ལན་ཡང་དེ་ལྟར་གནང་པ་མ་ཟད། ཕྱི་ཚེས་ ༣༠ ཉིན་མི་ནེ་སོ་ཊ་མངའ་ཁུལ་གྱི་བོད་རིགས་ཚོས་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་༸གང་ཉིད་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་མང་ཚོགས་ལ་ཞལ་མཇལ་དང་བཀའ་སློབ་བཀྲིན་ཆེ་བ་བཅས་ཀྱི་མཛད་འཕྲིན་ཁག་ལེགས་གྲུབ་ཟིན་ནས་དེ་རིང་བཞུགས་སྒར་དུ་ཞབས་སོར་འཁོད་གནང་མཛད་སོང།

༸གོང་ས་མཆོག་གིས་བོད་མི་རྣམས་བློ་བདེ་པོ་བྱོས་ནས་སྡོད་ཅེས་བཀའ་བསྩལ་འདུག

ཉིན་ཤས་གོང་ཨ་རིའི་མཱ་ཡོ་སྨན་ཁང་ནས་༸གོང་ས་མཆོག་ལ་སྐུ་ལྷོད་བཞུགས་གནང་གལ་ཡིན་པའི་ལམ་སྟོན་ཕུལ་འཕྲལ། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་༸གང་ཉིད་མཆོག་གིས་ཟླ་བ་འདིའི་ནང་གི་ཨ་རིའི་མཛད་འཆར་ཕྱིར་འཐེན་གནང་པའི་གནས་ཚུལ་ཐོན་རྗེས། མང་ཚོགས་ནང་༸སྐུའི་འཕྲོད་བཞེས་ཐོག་སེམས་འཚབ་སྐྱེས་གཞིར་གྱུར་ཡོད་པ་རེད། འོན་ཀྱང་ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མི་ནེ་སོ་ཊ་མངའ་ཁུལ་གྱི་བོད་རིགས་རྣམས་ལ་བཀའ་སློབ་སྩལ་བའི་ཁྲོད་བོད་མི་རྣམས་ལ་བློ་བདེ་པོ་བྱས་ནས་སྡོད་༸སྐུའི་འཕྲོད་བཞེས་ཡག་ཐག་ཆོད་ཡོད་པའི་བཀའ་སློབ་བཀྲིན་ཆེ་བ་བསྩལ་འདུག   བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་སྔ་མའི་ཚེས་ ༢༡ ཉིན་ཨ་རིའི་མི་ནེ་སོ་ཊ་མངའ་སྡེར་༸ཞབས་སོར་བདེ་བར་འཁོད་རྗེས་ཁུལ་དེའི་མཱ་ཡོ་སྨན་ཁང་དུ་ལོ་ལྟར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་མུས་བཞིན་ད་ལན་ཡང་དེ་ལྟར་ཡོད་པ་རེད། ཁ་སང་ཚེས་ ༣༠ ཉིན་བརྟག་དཔྱད་ཞིབ་འཇུག་ལེགས་གྲུབ་ཀྱིས་ཚུར་རྒྱ་གར་དུ་ཆིབས་བསྒྱུར་མ་བསྐྱང་གོང། མི་ནེ་སོ་ཊ་མངའ་ཁུལ་གྱི་བོད་རིགས་ཚོས་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ ༸གང་ཉིད་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་མང་ཚོགས་ལ་ཞལ་མཇལ་དང་བཀའ་སློབ་བཀྲིན་ཆེ་བ་བསྩལ་འདུག  བཀའ་སློབ་ཀྱི་མཛད་འཆར་དེ་ནི་ཁུལ་དེའི་ Mayo civic center ཞེས་པའི་ཚོགས་ཁང་ཆེན་མོའི་ནང་སྔ་དྲོ་ཚོུད་ ༩།༠༠ ཡོལ་ཙམ་ལ་ཚོུད་གཅིག་ལྷག་རིང་གནང་འདུག་པ་དང་སྐབས་དེར་བོད་མི་སྟོང་ཕྲག་ཁ་ཤས་བཅར་འདུག ༸གོང་ས་མཆོག་གིས་སྐབས་དེར་མང་ཚོགས་ལ་ཆོས་ལུགས་མཐུན་སྒྲིལ་དང་འགྲོ་བ་མི་ལ་གཅིག་གྱུར་གྱི་བདེ་སྐྱིད་སྐྲུན་ཐབས་སོགས་༸སྐུའི་མཛད་འཁུར་གསུམ་གྱི་སྐོར་དང་། དཔལ་ན་ལེནྜའི་ཆོས་བརྒྱུད་དྲི་མ་མེད་པ་ལས་མཆེད་པའི་བོད་བརྒྱུད་ནང་བསྟན་གྱི་རིན་ཐང་། དེ་བཞིན་བྱམས་སྙིང་རྗེའི་ཕན་ཡོན་དང་བསླབ་བྱ་སོགས་གནད་དོན་ཁག་ཅིག་གི་ཐོག་ལ་བླང་དོར་གྱི་མཇུག་ལྡོག་བྱ་རྒྱུའི་ལམ་སྟོན་བཀྲིན་བསྐྱངས་འདུག   ལྷག་པར་དུ་མགོན་པོ་མཆོག་གིས་སྐབས་དེར་བོད་རིགས་ཚོར་ང་ཚོ་བཙན་བྱོལ་ཆགས་ནས་འདས་པའི་མི་ལོ་ ༥༦ དེའི་རིང་ལ་གཙོ་ཆེ་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་ལྷག་བསམ་དད་དམ་གཡོ་བ་མེད་པ་དང་དེ་བཞིན་བྱེས་ལ་ཡོད་པ་རྣམས་ནས་སྙིང་སྟོབས་བསྐྱེད་པ་ལ་བརྟེན་ནས་འཛམ་གླིང་འདིའི་ཐོག་ད་ལྟའང་བོད་དོན་ལ་དོ་སྣང་ཡོད་བྱེད་བཞིན་པ་མ་ཟད། རྒྱ་ནག་གཞུང་གིས་ངོས་ནས་ཀྱང་དཀའ་ངལ་ཅན་གྱི་གནད་དོན་ཞིག་ཏུ་ངོས་འཛིན་མ་བྱེད་ཀ་མེད་ཐུག་ཡོད་པར་བཀའ་བསྩལ་འདུག   དེ་ལྟར་ན་༸གོང་ས་མཆོག་གིས་ང་ཚོས་མུ་མཐུད་སེམས་ཤུགས་དང་ལྷག་བསམ་བསྐྱེད་པ་དང་། དམ་ཚིག་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུ་ལྷོད་ཡངས་མི་འགྲོ་བར་གནང་གལ་ཡིན་པའི་བཀའ་སྩལ་དང་སྦྲགས་ཏེ། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཚུད་བྱེད་པར་གཙོ་བོ་སྐད་ཡིག་ལ་ཐུག་ཡོད་སྟབས། གཞོན་པ་དང་ཕྲུ་གུ་ཚོ་ལ་བོད་ཡིག་དང་བོད་སྐད་སློབ་རྒྱུ་གལ་ཆེ་ཡིན་པ་དང་། རྒན་པ་ཚོས་ངོས་ནས་ཀྱང་ནང་པའི་ལྟ་གྲུབ་ཐོག་ལ་སློབ་སྦྱོང་བྱེད་ནས། ཤེས་ནས་དད་པ་ཐོབ་པ་ཞིག་ཆགས་ཐུབ་པ་གནང་གལ་ཡིན་པའི་ཐུགས་བརྩེའི་ལམ་སྟོན་བཀྲིན་ཆེ་བ་བཅས་བསྩལ་ཡོད་པ་རེད།  ཁ་སང་༸གོང་ས་མཆོག་གིས་ཨ་རིའི་མི་ནེ་སོ་ཊ་མངའ་ཁུལ་གྱི་བོད་རིགས་ཚོར་བླང་དོར་གྱི་བཀའ་བསྩལ་གྲུབ་རྗེས། ༸གང་ཉིད་མཆོག་རྒྱ་གར་ཕྱོགས་སུ་ཆིབས་ཞལ་སྒྱུར་གནང་འདུག་པ་དང་། གནངས་ཕྱི་ཚེས་ ༣ ཉིན་བཞུགས་སྒར་དུ་ཆིབས་སྒྱུར་བསྐྱང་གནང་གི་འདུག

Latest news