Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

ཨོ་བྷ་མས་ཞི་ཅིང་ཕིང་ལ་༸གོང་ས་མཆོག་དང་༸གང་ཉིད་ཀྱི་སྐུ་ཚབ་གང་རུང་ལྷན་དུ་བོད་དོན་གླེང་དགོས་པ་གསུངས་འདུག

ཨ་རི་དང་རྒྱ་ནག་གི་སྲིད་འཛིན་གཉིས་མཇལ་མོལ་གྱི་གསར་འགོད་ལྷན་ཚོགས་ཐོག་སྲིད་འཛིན་ཨོ་བྷ་མས་ཞི་ཅིང་ཕིང་ལ་བོད་མིའི་ཆོས་དད་རང་དབང་ལ་བརྩི་བཀུར་ཞུས་དགོས་པ་དང་ཆབས་ཅིག ༸གོང་ས་མཆོག་དང་ཡང་ན་༸གང་ཉིད་ཀྱི་སྐུ་ཚབ་ལྷན་དུབོད་དོན་གླེང་དགོས་སྐོར་གསལ་སྟོན་གནང་འདུག གསར་འགོད་ལྷན་ཚོགས་དེ་བཞིན་ཞི་ཅིང་ཕིང་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་དོན་ཡོང་འབྱོར་བྱུང་བའི་ཉིན་གཅིག་གི་རྗེས། ཕྱི་ཚེས་ ༢༥ ཉིན་ཨ་རིའི་ཕོ་བྲང་དཀར་པོའི་ནང་བསྐོང་ཚོགས་གནང་འདུག་པ་དང་། སྐབས་དེར་སྲིད་འཛིན་ཨོ་བྷ་མས་རྒྱ་ནག་གི་དྲ་རྒྱའི་བརྒྱུད་ནས་ཨ་རིའི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་ཀྱི་ཡོད་པ་དང་། ལྷག་དོན་འགྲོ་བ་མིའི་ཐོབ་ཐང་ཁག་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཁག་ཅིག་གླེང་འདུག་པའི་ཁྲོད། སྲིད་འཛིན་ཨོ་བྷ་མས་ཞི་ཅིང་ཕིང་ལ་ཨ་རིའི་གཞུང་ནས་བོད་དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་སུ་ངོས་འཤིན་ཞུས་བཞིན་ཡོད་པ་དེ་ལྟར་ཡང་། རྒྱ་གཞུང་གི་ངོས་ནས་བོད་མི་ཚོར་རང་ཉིད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་རང་དབང་ཆ་ཚང་སྤྲད་དགོས་ཀྱི་ཡོད་པ་མ་ཟད། བོད་མིའི་དཀའ་སྡུག་སེལ་ཐབས་སུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཡང་ན་མགོན་པོ་༸གང་ཉིད་ཀྱི་སྐུ་ཚབ་ལྷན་དུ་བཀའ་མོལ་གནང་དགོས་པ་ཨ་རི་གཞུང་ནས་འབོད་སྐུལ་མུ་མཐུད་ཞུ་རྒྱུ་ཡིན་སྐོར་གསུངས་འདུག སྲིད་འཛིན་ཨོ་བྷ་མས་མུ་མཐུད་གསུངས་དོན་ལ་ཞི་ཅིང་ཕིང་ལ་རྒྱ་ནག་གཞུང་ནས་ཁུལ་དེའི་ནང་ཡོད་པའི་གསར་འགོད་པ་དང་། ཁྲིམས་རྩོད་པ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་མི་མང་དཀྱུས་མ་ཚོ་རང་དབང་ངང་བསྐྱོད་རྒྱུར་འགོག་ཐབས་བྱས་པ་དང་ལྷག་པར་དུ་གྲངས་ཉུང་མི་རིགས་ཐོག་གཞན་དང་མི་འདྲ་བའི་སྟངས་འཛིན་ནན་པོ་བྱས་དང་བྱེད་བཞིན་ཡོད་པ་དེ་དག་ནི་རྩོད་གཞི་ཅན་གྱི་གནང་དོན་ཞིག་ཆགས་ཀྱི་ཡོད་སྐོར་ནན་བརྗོད་གནང་འདུག

༸གོང་ས་མཆོག་གིས་དབྱིན་ཡུལ་གྱི་སྲིད་བློན་ནས་བཟང་སྤྱོད་ལས་དཔལ་འབྱོར་གལ་ཆེར་འཛིན་གྱི་ཡོད་སྐོར་བཀའ་གནང་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཡུལ་གྱི་སྲིད་བློན་ David Cameron ལགས་ཀྱིས་བཟང་སྤྱོད་དོར་ནས་དཔལ་འབྱོར་གལ་འགངས་ཆེ་བར་འཛིན་གྱི་ཡོད་པའི་སྐྱོན་བརྗོད་གནང་འདུག ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབྱིན་ཡུལ་ནང་གི་མཛད་འཕྲིན་ཁག་མཇུག་སྒྲིལ་ཟིན་མཚམས་དེར་ཡུལ་དེའི་ Spectator གསར་ཁང་གི་གསར་འགོད་པས་༸གོང་ས་མཆོག་ལ་བཀའ་འདྲི་ཞུས་པའི་ལས་རིམ་ཞིག་གི་ཐོག་གལ་སྲིད་མ་འོངས་པར་༸གང་ཉིད་དང་སྲིད་བློན་ David Cameron ལགས་མཇལ་འཕྲད་བྱུང་ཚེ། ༸གང་ཉིད་ནས་བཀའ་མོལ་ཐོག་མར་གང་གནང་འདོད་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་ཟུར་ཟ་དང་སྦྲགས་དཔལ་འབྱོར་མ་གཏོགས་བཟང་སྤྱོད་གང་བྱས་པ་རེད་ཅེས་བཀའ་གནང་འདུག ༸གང་ཉིད་མཆོག་གིས་དབྱིན་ཡུལ་གྱི་སྲིད་བློན་དང་རྒྱ་ནག་གི་སྲིད་འཛིན་གཉིས་ཀར་ཞུ་རྒྱུར། རྒྱ་རིགས་མང་ཚོགས་རྣམས་རྩ་བའི་ཆ་ནས་མི་ཡག་པོ་ཞིག་ཡིན་ཀྱང་། ཁོ་ཚོས་བོད་མིའི་ཁྲོད་ནས་འགྲོ་བ་མིའི་བཟང་སྤྱོད་ཐོག་ལེགས་ཆ་བླང་རྒྱུ་མང་དག་ཞིག་ཡོད་རེད་ཅེས་བཀའ་གནང་རྒྱུ་ཡིན་པ་གསུངས་འདུག གཞི་རྩའི་དབྱིན་ཡུལ་གྱི་སྲིད་བློན་མཆོག་ནས་ ༢༠༡༢ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་པ་དེས། ཁོང་རང་ཉིད་ལ་རྒྱ་ནག་གཞུང་གིས་སྐྱོན་བརྗོད་དང་། ལྷག་པར་དུ་ཡུལ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར་གྱི་འབྲེལ་ལམ་ཐད་ལ་འགོག་རྐྱེན་ཆེན་པོ་བཟོས་ཡོད་པར་རྒྱུ་མཚན་དུ་བཀོད་ནས་མ་འོངས་པར་སླར་༸གང་ཉིད་མཆོག་དང་མཇལ་འཕྲད་གནང་རྒྱུ་མིན་སྐོར་བརྗོད་ཡོད་པ་མ་ཟད། ཉེ་ཆར་༸གོང་ས་མཆོག་གིས་དབྱིན་ཡུལ་ནང་ཉིན་བཅུ་ལྷག་གི་མཛད་འཕྲིན་བསྐྱངས་པའི་ཁྲོད་དེར་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པས་དབྱིན་ཡུལ་གྱི་སྲིད་བློན་སྐུ་ཞབས་ David Cameron མཆོག་དང་ལོན་ཊོན་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Boris Johnson མཆོག་རྣམ་གཉིས་ནས་རྒྱ་ནག་གིས་གནོན་ཤུགས་ལ་མ་ལྟོས་པར་༸གོང་ས་མཆོག་དང་མཇལ་འཕྲད་ངེས་པར་དུ་གནང་དགོས་པའི་ཞུ་གཏུག་བསྟུད་མར་གནང་ཡང་མཇལ་འཕྲད་གནང་མེད་པ་རེད། དེའི་བར་ན་ཡི་ཤུའི་བླ་ཆེན་ Pope Francis མཆོག་ཟླ་འདིའི་ཕྱི་ཚེས་ ༢༣ ནས་བཟུང་སྟེ་ཨ་རིའི་ནང་འཚམས་གཟིགས་གནང་བཞིན་ཡོད་པ་མ་ཟད། སང་སྔ་ཐོག་རྒྱལ་ཚོགས་སུ་གཏམ་བཤད་གནང་རྒྱུའི་ལས་རིམ་ཁག་ཅིག་གཏན་འཁེལ་ཟིན་པ་དང་བསྟུན། ཨ་རི་ནང་རྟེན་གཞི་བྱས་པའི་ Human Rights Fundation ཚོགས་པའི་ཁྲིམས་ལས་འགན་འཛིན་སྐུ་ཞབས་Javier Hage ལགས་ཀྱིས་བླ་ཆེན་ Pope Francis མཆོག་གིས་སང་ཉིན་རྒྱལ་ཚོགས་སུ་གཏམ་བཤད་གནང་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣམས་ཀྱི་སྐུ་ཚབ་གནང་སྟེ། བོད་ནང་གི་ཛ་དྲག་དངོས་ཡོད་གནས་སྟངས་ཐད་ལ་གསལ་བཤད་ངེས་པར་དུ་གནང་དགོས་པ་མ་ཟད། རྒྱ་གཞུང་གིས་སྟངས་འཛིན་འོག་ཡོད་པའི་མི་སེར་དཀྱུས་མ་རྣམས་ཀྱི་མགྲིན་ཚབ་ཞིག་ཀྱང་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག

༸གོང་ས་མཆོག་གིས་དབྱིན་ཡུལ་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཟིན་རྗེས་ཨ་རིར་ཆིབས་སྒྱུར་མཛད་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཡུལ་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ཨ་རིར་ཆིབས་སྒྱུར་མཛད་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབྱིན་ཡུལ་ནང་གི་མཛད་འཆར་ལ་འགྱུར་ལྡོག་འཕྲན་བུ་གནང་སྟེ། ཕྱི་ཚེས་ ༢༡ ཉིན་མགོན་པོ་མཆོག་གིས་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ Buddhist Society ཞེས་པ་ནང་པའི་ཆོས་ཚོགས་དེ་དབུ་བརྙེས་ནས་ལོ་ ༩༠ འཁོར་བའི་དུས་ཆེན་མཛད་སྒོར་མགྲོན་གཙོར་དབུ་བཞུགས་ཀྱིས་ཆོས་ལུགས་རིས་མེད་ཀྱི་དབུ་ཁྲིད་དང་། སྐུ་ཚབ། དེ་བཞིན་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་བཀའ་སློབ་བཀའ་དྲིན་སྩལ་པ་མ་ཟད། ཉིན་རྒྱབ་ཏུ་མགོན་པོ་མཆོག་ནས་ཁུལ་དེར་རྟེན་གཞི་བྱས་པའི་Action For Happiness ཞེས་པའི་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། ༸གང་ཉིད་མཆོག་ Lyceum ཚོགས་ཁང་ཆེན་མོར་ཚོགས་པ་དེའི་ཚོགས་མི་དང་དམངས་ཚོགས་དད་ལྡན་རྣམས་ལ་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་སོགས་ཀྱི་ཐད་བླང་དོར་བཀའ་སློབ་སྩལ་གནང་མཛད་རྫེས། དགོང་དྲོའི་ཚོུད་ ༥།༠༠ ཡས་མས་ཙམ་ལ་མགོན་པོ་མཆོག་ཨ་རིར་ཆིབས་སྒྱུར་གནང་འདུག དེ་བཞིན༸གོང་ས་མཆོག་གིས་ས་གནས་བོད་རིགས་རྣམས་ལ་དམིགས་བསལ་གྱི་མཇལ་ཁ་དང་བཀའ་སློབ་སྩལ་སྐབས་མགོན་པོ་༸གང་ཉིད་མཆོག་ཨ་རིའི་མེ་ཡོར་སྨན་ཁང་དུ་༧སྐུའི་འཕྲོད་བཞེས་བརྟག་དཔྱད་སླད་ཆིབས་ཐོན་མཛད་རྒྱུ་ལས་སྤྱིར་༸གང་ཉིད་མཆོག་༸སྐུ་གཟུགས་གསལ་ཐང་ཡིན་པས་ཚང་མ་སེམས་འཁྲལ་བྱ་མི་དགོས་པའི་བཀའ་སྩལ་བཟང་པོ་ཕེབས་ཡོད་འདུག རྩ་བའི་ད་ལན་མགོན་པོ་མཆོག་གིས་དབྱིན་ཡུལ་ནང་ཉིན་དགུ་ལྷག་གི་མཛད་འཕྲིན་བསྐྱངས་པ་དེ་ནི་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་བོད་ཁང་ཐེབས་རྩ་ས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། མཛད་འཕྲིན་དེའི་ཁྲོད་མགོན་པོ་༸གང་ཉིད་ནས་ཟླ་འདིའི་ཕྱི་ཚེས་ ༡༣ ནས་དབུ་འཛུགས་གནང་སྟེ། དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ Oxford དང་ Magdalen དེ་བཞིན་ Cambridge བཅས་གཙུག་ལག་སློབ་གྲྭ་ཆེན་མོར་རྒྱལ་སྤྱིའི་ཚན་རིག་པ་དང་། རྩོམ་པ་པོ། དེ་བཞིན་མི་དམངས་སློབ་ཕྲུག་རྣམས་ལ་མིའི་རྣམ་དཔྱོད་གོང་སྤེལ་དང་། འགྲོ་བ་མིའི་ཀུན་སྤྱོད། དེ་བཞིན་དུས་རབས་ཉེར་གཅིག་ནང་རྒྱལ་སྤྱིའི་དཀའ་རྙོག་ཁག་སེལ་ཐབས་སོགས་ཀྱི་ཐད་བཀའ་སློབ་དང་གྲོས་བསྡུར་ལེགས་པར་གྲུབ་རྗེས། ཕྱི་ཚེས་ ༡༦ ནས་བཟུང་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་ནང་རྟེན་གཞི་བྱས་པའི་ O2 ཚོགས་ཁང་ཆེན་མོའི་ནང་ས་གནས་བོད་རིགས་རྣམས་ལ་དམིགས་བསལ་གྱི་མཇལ་ཁ་དང་བཀའ་སློབ། ཁུལ་དེར་ཡོད་པའི་རྒྱ་རིགས་སློབ་ཕྲུག་དང་རྒྱ་གར་མི་རིགས། དེ་བཞིན་མང་ཚོགས་ཁྲི་ཚོ་བརྒལ་བར་བྱམས་བརྩེ་དང་འཚེ་མེད་ཞི་བ་སོགས་བརྗོད་གཞི་མང་དག་ཐད་བཀའ་སློབ་བཀའ་དྲིན་ཆེ་བ་གནང་སྟེ་དབྱིན་ཡུལ་ནང་གི་མཛད་འཕྲིན་ཁག་ལེགས་པར་སྩལ་གྲུབ་ཡོད་པ་རེད།  

༸གོང་ས་མཆོག་གིས་འཚེ་བ་མེད་པ་ནི་ཐབས་ལམ་བཟང་ཤོས་ཡིན་པ་གསུངས་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་འདིའི་ཐོག་འཕྲད་བཞིན་པའི་རྒྱལ་ཁབ་དང་མི་སེར་དབར་གྱི་དམག་འཁྲུག་དང་འཁོན་འཛིན་རྣམས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་སེལ་ཐབས་གནང་རྒྱུ་གལ་ཆེ་ཡིན་པ་གསུངས་འདུག ཟླ་ ༩ ཚེས་ ༢༡ ཉིན་༸གོང་ས་མཆོག་གིས་དབྱིན་ཡུལ་ནང་མཛད་འཕྲིན་སྐྱངས་བཞིན་པ་དང་བསྟུན། BBC གསར་ཁང་གི་གསར་འགོད་པ་ Clive Myrie ལགས་ཀྱིས་མགོན་པོ་མཆོག་ལ་འཛམ་གླིང་ཐོག་འཕྲད་བཞིན་པའི་དམག་འཁྲུག་དང་གཞུང་དམངས་གཉིས་དབར་གྱི་དཀའ་ངལ་སེལ་ཐབས་སྐོར་བཀའ་འདྲི་ཞུས་དོན་ལྟར་༸གང་ཉིད་ཀྱིས་ཉེ་ལམ་ Syria རྒྱལ་ཁབ་གཙོས་པའི་དཀྱིལ་ཤར་ཡུལ་གྲུ་ཁག་གི་ནང་མུ་མཐུད་འཕྲད་བཞིན་པའི་དམག་འཁྲུག་དང་། མི་དམངས་དང་སྲིད་གཞུང་དབར་གྱི་འཁོན་འཛིན་རྣམས་འཚེ་བ་མེད་པའི་ཐབས་ལམ་ཁོ་ནས་སེལ་ཐབས་གནང་དགོས་པ་ལས་དམག་འཁྲུག་དང་སྟོབས་ཤུགས་ཐོག་ནས་དཀའ་ངལ་དེ་དག་སེལ་ཐབས་མེད་པ་མ་ཟད། སྟོབས་ཤུགས་རྐྱེན་པས་རིམ་པའི་འཁོན་འཛིན་དང་མི་དགའ་བའི་བསམ་བློ་རྒྱ་ཆེར་འཕེལ་ངེས་ཡིན་པའི་བཀའ་སྩལ་གནང་འདུག མགོན་པོ་མཆོག་ནས་འཛམ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་ཚང་མའི་ཕུགས་ཀྱི་དམིགས་ཡུལ་དང་བསླབ་བྱ་གཙོ་བོ་ནི་བྱམས་བརྩེ་དང་བཟོད་བསྲན་ཡིན་སྟབས། དམག་འཁྲུག་གི་གནད་དོན་དེ་དག་ཆོས་ལུགས་བྱེད་བྲག་པ་གཅིག་ལ་ཁ་དཀྲིས་བྱ་རྒྱུ་མེད་པ་མ་ཟད། དཀའ་ངལ་དེ་དག་གི་འབྱུང་གཞི་དཔལ་འབྱོར་དང་ཆབ་སྲིད་སོགས་ཕྱོགས་ཡོངས་ལ་དགོངས་པ་བཞེས་རྒྱུ་གལ་ཆེ་ཡིན་པའི་གཞེན་སྐུལ་སྩལ་འདུག Myrie ལགས་ཀྱིས་མགོན་པོ་༸གང་ཉིད་ཀྱི་མ་འོངས་པའི་ཡང་སྲིད་དང་འབྲེལ་བའི་བཅའ་འདྲི་ཞུས་སྐབས་༸གོང་ས་མཆོག་ནས་གནད་དོན་དེ་ནི་གཙོ་བོ་བོད་མི་རྣམས་ཀྱི་ཐག་གཅོད་གནང་རྒྱུ་ཞིག་ཡིན་པ་དང་། ཅི་སྟེ་མ་འོངས་པར་མགོན་པོ་མཆོག་གི་ཡང་སྲིད་མུ་མཐུད་ཕེབས་དགོས་བྱུང་ཚེ། བེུད་ཀྱི་ལུས་རྟེན་ཐོག་ཕེབས་སྲིད་པ་གསུངས་པ་མ་ཟད། དེ་ཡང་༸གང་ཉིད་མཆོག་ནས་བུད་མེད་རྣམས་ལ་ལྷན་སྐྱེས་སུ་སྙིང་རྗེ་དང་བྱམས་བརྩེའི་བསམ་པ་ཤུགས་ཆེ་ཡོད་པས་གོ་ལ་འདིའི་ཐོག་འཕྲད་བཞིན་པའི་དཀའ་རྙོག་ཁག་སེལ་རྒྱུར་དགེ་མཚན་ཆེ་བ་ཡོད་སྐོར་གསུངས་འདུག བོད་རྒྱའི་ཆབ་སྲིད་དང་འབྲེལ་མགོན་པོ་མཆོག་ནས་དེང་སྐབས་རྒྱ་རིགས་མང་དག་ཞིག་ནས་བོད་དོན་ཐད་ལ་དོ་སྣང་སྔར་ལྷག་གནང་གི་ཡོད་པ་མ་ཟད། ལྷག་དོན་རྒྱ་རིགས་ཤེས་ཡོན་ཅན་ཚོས་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་དེ་དག་ལ་སྐྱོན་བརྗོད་དང་སྦྲགས་ཏེ་༸གང་ཉིད་ལ་བཟོད་གསོལ་ཞུ་མཁན་མང་པོ་བྱུང་བཞིན་ཡོད་པ་དེ་དག་ནི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ནུས་པ་ཐོན་པ་ཞིག་ཡིན་པར་བཀའ་སྩལ་ཕེབས་ཡོད་པ་རེད། རྩ་བའི་ད་ལན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་འདིའི་ཕྱི་ཚེས་ ༡༣ ནས་དབུ་འཛུགས་གནང་སྟེ། དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ Oxford དང་ Magdalen དེ་བཞིན་ Cambridge བཅས་གཙུག་ལག་སློབ་གྲྭ་ཆེན་མོར་རྒྱལ་སྤྱིའི་ཚན་རིག་པ་དང་། རྩོམ་པ་པོ། དེ་བཞིན་མི་དམངས་སློབ་ཕྲུག་རྣམས་ལ་མིའི་རྣམ་དཔྱོད་གོང་སྤེལ་དང་། འགྲོ་བ་མིའི་ཀུན་སྤྱོད། དེ་བཞིན་དུས་རབས་ཉེར་གཅིག་ནང་རྒྱལ་སྤྱིའི་དཀའ་རྙོག་ཁག་སེལ་ཐབས་སོགས་ཀྱི་ཐད་བཀའ་སློབ་དང་གྲོས་བསྡུར་ལེགས་པར་གྲུབ་རྗེས། ཕྱི་ཚེས་ ༡༦ ནས་བཟུང་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་ནང་ས་གནས་བོད་རིགས་རྣམས་ལ་དམིགས་བསལ་གྱི་མཇལ་ཁ་དང་བཀའ་སློབ། དེ་བཞིན་མང་ཚོགས་ཁྲི་ཚོ་བརྒལ་བར་བྱམས་བརྩེ་དང་འཚེ་མེད་ཞི་བ་སོགས་བརྗོད་གཞི་མང་དག་ཐད་བཀའ་སློབ་བཀའ་དྲིན་ཆེ་བ་ལེགས་པར་སྩལ་གྲུབ་རྗེས། ཁ་སང་དགོང་དྲོ་ཨ་རིར་ཆིབས་ཞལ་སྒྱུར་གནང་འདུག

༸གོང་ས་མཆོག་གིས་རང་ཉིད་ཀྱི་རིག་གཞུང་ལ་ཁེངས་དྲེགས་མེད་པའི་སྤོབས་པ་གནང་དགོས་པ་གསུངས་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་ཚོས་རྣམས་པ་ཀུན་ཏུ་རང་ཉིད་ཀྱི་སྲོལ་རྒྱུན་རིག་གཞུང་བཟང་པོ་དེ་དག་ལ་ཁེངས་དྲེགས་མེད་པའི་ཐོག་ནས་སྤོབས་པ་གནང་དགོས་གལ་ཡིན་པ་གསུངས་འདུག ཟླ་ ༩ ཕྱི་ཚེས་ ༡༩ ཉིན་གྱི་སྔ་ཐོག་མགོན་པོ་མཆོག་ནས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་ནང་རྟེན་གཞི་བྱས་པའི་ O2 ཚོགས་ཁང་ཆེན་མོའི་ནང་དབྱིན་ཡུལ་དང་ཡུ་རོབ་ཁུལ་ནས་ཆེད་བཅར་ཞུས་པའི་བོད་རིགས་བདུན་བརྒྱ་ལྷག་ལ་འཚམས་འདྲིའི་མཇལ་ཁ་དང་། འཛམ་གླིང་འདིའི་ཐོག་བོད་རྒྱལ་ཁབ་ཆེན་པོའི་མི་རིགས་དང་སྲོལ་རྒྱུན་རིག་གཞུང་རྣམས་དར་འཕེལ་བྱུང་སྟངས་སོགས་ཀྱི་ཐད་ལ་བཀའ་སློབ་རྩལ་གནང་ཡོད་པ་དང་། དེང་སྐབས་བོད་ཀྱི་ནང་ཆོས་གཙོ་བོར་གྱུར་པའི་སྲོལ་རྒྱུན་རིག་གཞུང་ཁག་རྒྱལ་སྤྱིའི་ཐོག་དར་སྤེལ་ཤུགས་ཆེ་འགྲོ་བཞིན་པ་མ་ཟད། འགྲོ་བ་མིའི་རིགས་ལ་ཕན་ཐོགས་རླབས་ཆེན་སྒྲུབ་བཞིན་པ་དེ་ནི་བོད་མི་རིགས་ཀྱི་སྤོབས་པ་བྱ་འོས་པ་ཞིག་ཡིན་ནའང་། དུས་ནམ་ཡང་ཁེངས་དྲེགས་གནང་རྒྱུ་མེད་སྐོར་གསུངས་འདུག དེ་བཞིན་མགོན་པོ་མཆོག་ནས་རྒྱ་ནག་གཞུང་གིས་མུ་མཐུད་བོད་ནང་དྲག་གནོན་བྱེད་བཞིན་ཡོད་ཀྱང་། བོད་མིའི་ཞུམ་པ་མེད་པའི་སྙིང་སྟོབས་དང་ལྷག་བསམ་ལ་བརྟེན་ནས་རྒྱ་ནག་གི་བསམ་པ་བཞིན་དུས་ད་ལྟའང་ཡང་བསྒྲུབ་ཐུབ་མེད་པ་མ་ཟད། མ་འོངས་པར་དེ་དག་རྒྱུན་གནས་ཐུབ་ཐབས་སུ་ང་ཚོའི་བོད་རིགས་ཡོངས་ནས་ཤེས་ཡོན་གྱི་ཆུད་ཚད་གོང་མཐོར་གནང་དགོས་པའི་བཀའ་སློབ་སྩལ་ཡོད་པ་རེད། ལྷག་དོན་དུ་མགོན་པོ་མཆོག་གིས་དོལ་རྒྱལ་གནད་དོན་དང་འབྲེལ། དོལ་རྒྱལ་རྗེས་འབྲང་པ་རྣམས་ནས་དངོས་ཡོད་གནས་ཚུལ་མ་ཤེས་པའི་དབང་གིས་མུ་མཐུད་སྐད་འབོད་སོགས་བྱས་ཀྱི་ཡོད་པ་དང་། བོད་མི་ཚོས་གནད་དོན་དེའི་ཐད་ལ་ཁོང་ཁྲོ་ལངས་པ་སོགས་ནམ་ཡང་བྱེད་རྒྱུ་མེད་པ་མ་ཟད། བྱུང་ན་དངོས་ཡོད་གནས་ཚུལ་ཁག་གསལ་བཤད་གནང་རྒྱུ་དང་ཁོང་རྣམ་པར་སྙིང་རྗེ་བསྒོམ་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་སྩལ་ཕེབས་འདུག དེའི་རྗེས་མགོན་པོ་༸གང་ཉིད་མཆོག་ནས་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་འཚམས་འདྲི་དང་སྦྲགས། བོད་རྒྱལ་ཁབ་དེ་ནི་འཛམ་གླིང་གི་སྣེ་གསུམ་པ་ལྟ་བུ་ཆགས་ཡོད་པ་མ་ཟད་། ཨེ་ཤེ་ཡའི་མི་སིེར་དུང་ཕྱུར་བཅུ་ལྷག་གི་འཚོ་གནས་བོད་ཀྱི་རྒྱུགས་ཆུ་ཁག་ལ་ཐུག་གི་ཡོད་སྟབས། རྒྱལ་སྤྱིའི་ཐོག་ནས་བོད་ཀྱི་ཁོར་ཡུག་ལ་དོ་སྣང་གང་ཆེ་ཞུ་རྒྱུ་གནད་ཆེ་ཡིན་སྐོར་གཞེན་སྐུལ་གནང་འདུག ཉིན་རྒྱབ་ཏུ་༸གོང་ས་མཆོག་ནས་ཚོགས་ཁང་ཆེན་མོ་ O2 ནང་ལ་མང་ཚོགས་གཅིག་ཁྲི་བརྒལ་བར་བྱམས་བརྩེའི་སྐོར་བཀའ་སློབ་དང་དྲི་ལན་སོགས་གནང་ཡོད་པ་དང་། སྐབས་དེར་༸གང་ཉིད་ནས་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་ཅིག་གྱུར་ཡིན་པ་དང་། རྣམ་ཀུན་ནས་མིའི་རིགས་ལ་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེའི་བསམ་པ་དེ་གོང་མཐོར་གཏོང་དགོས་པ་དང་། དེ་ལྟར་བྱུང་ཚེ་རང་ཉིད་ཙམ་མ་ཟད་རང་ཉིད་ཀྱི་ཉེ་འཁོར་དུ་ཡོད་པའི་ཁྱིམ་མཚེས་ཁྱིམ་མི་རྣམས་ཀྱི་འཚོ་བར་བདེ་སྐྱིད་བསྐྲུན་ཐུབ་རྒྱུུ་ཡིན་པའི་བླང་དོར་གྱི་བཀའ་སློབ་ཟབ་མོ་སྩལ་འདུག  

གོང་ས་མཆོག་དབྱིན་ཡུལ་ནང་གི་མཛད་འཕྲིན་དང་བསྟུན་ Greenwich གྲོང་སྡེའི་ཚོགས་ཁང་ནང་བོད་ཀྱི་རྒྱལ་དར་བསྒྲེངས་པ།

ཁ་སང་ཟླ་ ༩ ཕྱི ཚེས་ ༡༨ ཉིན་༸གོང་ས་མཆོག་ལ་ Greenwich གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Norman Adams ལགས་ཀྱིས་ཆིབས་སྒྱུར་བསྐྱངས་པར་དགའ་གུས་ཆེན་པོས་ཕེབས་བསུའི་འཚམས་འདྲི་ཞུས་འདུག ཕྱོགས་མཚུངས་བོད་དོན་རྒྱབ་སྐྱོར་མཚོན་ཕྱིར་གྲོང་སྡེའི་ཚོགས་ཁང་ཆེན་མོའི་ནང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་བསྒྲེངས་འཛུགས་གནང་པ་མ་ཟད་བོད་རིགས་སློབ་ཕྲུག་ཁག་ཅིག་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་རྔ་རོལ་དང་བཅས་འབུལ་འདུག མགོན་པོ་༸གང་ཉིད་མཆོག་དང་ཆོས་དཔོན་ Lord Rowan Williams མཆོག་རྣམ་གཉིས་ནས་ཁུལ་དེར་རྟེན་གཞི་བྱས་པའི་ Newton Preparatory སློབ་གྲྭའི་སློབ་ཕྲུག་རྣམས་ལ་ཤེས་ཡོན་སྐོར་ལ་བཀའ་སློབ་སྩལ་བ་དང་སློབ་མ་ཚོས་བསྟོད་གླུ་འབུལ་ནས་འདི་ལོ་༸གང་ཉིད་མཆོག་དགུང་གྲངས་ ༨༠ ཕེབས་པའི་བཀྲིས་རྟེན་འབྲེལ་ལ་དགའ་བསུ་ཞུས་ཡོད་པ་རེད། དེ་རིང་སྔ་ཐོག་ O2 ཚོགས་ཁང་ཆེན་མོའི་ནང་དབྱིན་ཡུལ་དང་ཡུ་རོབ་ཁུལ་ནས་ཆེད་བཅར་ཞུས་པའི་བོད་རིགས་ཚོར་འཚམས་འདྲིའི་ཞལ་མཇལ་དང་བཀའ་སློབ་གྲུབ་རྗེས། ཉིན་རྒྱབ་ཏུ་མགོན་པོ་མཆོག་ནས་ Greenwich གྲོང་སྡེའི་སྤྱི་ཁྱབ་ Norman Adams ལགས་གཙོས་པའི་མང་ཚོགས་ཁྲི་ཚོ་བརྒལ་བར་བྱམས་བརྩེ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་འདུག ༸གང་ཉིད་མཆོག་གིས་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ Global Tibetan Volunteers for Truth ཞེས་རྒྱལ་སྤྱིའི་བོད་མིའི་བདེན་དོན་དང་བླངས་ཚོགས་པ་དང་ས་གནས་བོད་རིགས་ཁག་ཅིག་ནས་དབྱིན་ཡུལ་ནང་ཡོད་པའི་དོལ་རྒྱལ་ཆོས་ཚོགས་མདུན་དུ་དོལ་རྒྱལ་རྗེས་འབྲང་པ་ཚོས་ད་ལན་ནས་བཟུང་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་གཞི་མེད་སྐྱོན་བརྗོད་དང་། ངོ་རྒོལ་རིགས་བྱ་རྒྱུ་གང་མྱུར་མཚམས་འཇོག་དགོས་པའི་ངོ་རྒོལ་ཤུགས་ཆེ་བྱས་འདུག མཛད་འཆར་ལྟར་ན་སང་ཕྱི་ཚེས་ ༢༠ ཉིན་གོང་ས་མཆོག་ནས་ London ནང་ཡོད་པའི་ Coliseum ཚོགས་ཁང་ཆེན་མོར་རྒྱ་གར་མི་རིགས་གཙོས་པའི་མང་ཚོགས་དད་ལྡན་པ་རྣམས་ལ་འཚེ་མེད་ཞི་བ་ ( Ahimsa ) ཐོག་ལ་བཀའ་སློབ་བསྩལ་རྒྱུའི་མཛད་འཆར་ཡོད་པ་རེད་འདུག།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་གྱི་རྒྱལ་ས་ London ནང་ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཡུལ་དུ་རྣམ་དཔྱོད་གོང་སྤེལ་དང་། ཀུན་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བླང་དོར་གྱི་བཀའ་སློབ་དང་བགྲོ་གླེང་མཛད་འདུག ཟླ་འདིའི་ཕྱི་ཚེས་ ༡༣ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༡༧ བར་ཉིན་གྲངས་ལྔའི་ནང་༸གོང་ས་མཆོག་གིས་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ Oxford དང་Magdalen དེ་བཞིན་ Cambridge བཅས་གཙུག་ལག་སློབ་གྲྭ་ཆེན་མོར་རྒྱལ་སྤྱིའི་ཚན་རིག་པ་དང་། རྩོམ་པ་པོ། དེ་བཞིན་མི་དམངས་སློབ་ཕྲུག་རྣམས་ལ་མིའི་རྣམ་དཔྱོད་གོང་སྤེལ་དང་། འགྲོ་བ་མིའི་ཀུན་སྤྱོད། དེ་བཞིན་དུས་རབས་ཉེར་གཅིག་ནང་རྒྱལ་སྤྱིའི་དཀའ་རྙོག་ཁག་སེལ་ཐབས་སོགས་ཀྱི་ཐད་བཀའ་སློབ་དང་གྲོས་བསྡུར་ལེགས་པར་གྲུབ་རྗེས། དེ་རིང་ཉིན་རྒྱབ་མགོན་པོ་མཆོག་ཆོས་དཔོན་ཟུར་པ་ Lord Rowan Williams མཆོག་གི་ལྷན་དུ་དབྱིན་ཡུལ་གྱི་རྒྱལ་ས་ London དུ་ཆིབས་སྒྱུར་གནང་སྟེ་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག དེ་རིང་མགོན་པོ་མཆོག་ London ནང་ཞབས་སོར་འཁོད་མ་ཐག་ཆོས་དཔོན་ Lord Rowan Williams མཆོག་དང་ལྷན་དུ་ཁུལ་དེའི་ནང་ཡོད་པའི་གཞི་རིམ་སློབ་གྲྭ་གཅིག་ནང་དགེ་ལས་སློབ་ཕྲུག་རྣམས་ལ་འཚམས་འདྲིའི་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་པ་དང་། ཕྱོགས་མཚུངས་སུ་སང་ཕྱི་ཚེས་ ༡༨ ཉིན་གྱི་སྔ་ཐོག་མགོན་པོ་མཆོག་གིས་ཁུལ་དེའི་ནང་རྟེན་གཞི་བྱས་པའི་ O2 ཚོགས་ཁང་ཆེན་མོའི་ནང་དབྱིན་ཡུལ་དང་ཡུ་རོབ་ཁུལ་ནས་ཆེད་བཅར་ཞུས་པའི་བོད་རིགས་གཙོས་པའི་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་མང་ཚོགས་རྣམས་ལ་བྱམས་བརྩེ་ཞེས་པའི་བརྗོད་གཞིའི་ཐོག་བླང་དོར་གྱི་བཀའ་སློབ་མཛད་རྒྱུ་ཡིན་འདུག  

༸གོང་ས་མཆོག་ནས་བུད་མེད་ཀྱི་འགོ་ཁྲིད་མང་ཙམ་དགོས་གལ་ཡིན་པ་གསུང་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེང་སྐབས་འཛམ་གླིང་འདིའི་སྟེང་དམག་འཁྲུག་རྣམས་ཞི་འཇམ་གཏོང་ཐབས་དང་བྱམས་བརྩེའི་ནུས་སྟོབས་གོང་མཐོར་ཡོང་བར་བུད་མེད་ཀྱི་འགོ་ཁྲིད་མང་ཙམ་དགོས་གལ་ཡིན་པ་གསུངས་འདུག ཁ་སང་ཟླ་ ༩ ཚེས་ ༡༦ ཉིན་དབྱིན་ཡུལ་གྱི་ Canterbury ཡི་ཤུའི་ཆོས་དཔོན་ཟུར་པ་ Lord Rowan Williams མཆོག་གིས་གདན་ཞུ་གནང་དོན་ལྟར་མགོན་པོ་༸གང་ཉིད་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག ཡུལ་དེའི་ནང་རྟེན་གཞི་བྱས་པའི་ Cambridge གཙུག་ལག་སློབ་གཉེར་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་སྤྱིའི་ཚན་རིག་པ་དང་། རྩོམ་པ་པོ། དེ་བཞིན་ན་གཞོན་སློབ་ཕྲུག་རྣམས་ལ་དེང་སྐབས་འཛམ་གླིང་འདིའི་ནང་ལ་ང་ཚོས་གདོང་ལེན་བྱེད་བཞིན་པའི་དཀའ་རྙོག་དེ་དག་སེལ་ཐབས་དང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་བཀའ་སློབ་དང་བགྲོ་གླེང་གནང་པ་མ་ཟད། མགོན་པོ་མཆོག་ནས་དཀའ་རྙོག་དེ་དག་སེལ་ཐབས་སུ་གཙོ་བོ་འགྲོ་བ་མིའི་རིགསཀྱི་རྒྱུད་ལ་བྱམས་སྙིང་རྗེའི་བསམ་བློ་གོང་མཐོར་གཏོང་དགོས་པ་དང་། ལྷག་དོན་རྩོད་རྙོག་ཆེ་བའི་དུས་མཚམས་དེར་བུད་མེད་ཀྱི་འགོ་ཁྲིད་མང་ཙམ་བྱུང་ན་དགེ་མཚན་ཆེ་བ་ཡོད་པའི་དགོངས་འཆར་གནང་འདུག དེ་བཞིན་༸གོང་ས་མཆོག་ནས་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་གྱུར་ཡིན་སྟབས། རྣམ་ཀུན་ནས་གོ་ལ་སྤྱི་ལ་འཕྲད་བཞིན་པའི་དཀའ་རྙོག་ཁག་སེལ་ཐབས་གནང་དགོས་པ་གསུངས་འདུག ལྷག་དོན་དུས་ཀྱི་འགྱུར་ལྡོག་འགྲོ་བཞིན་པའི་མཚམས་འདིར་རང་གཅེས་འཛིན་གྱི་བསམ་བློ་ཁོ་ན་མ་ཡིན་པར་མི་གཞན་གྱི་བསམ་ཚུལ་ལ་ཉན་འཇོག་གནང་གལ་ཆེ་བ་ཡིན་པར་གསུངས་པ་དང་ཕྱོགས་མཚུངས་ང་ཚོར་འཕྲད་བཞིན་པའི་ཁོར་ཡུག་དང་དབུལ་ཕྱུག་གི་ངལ་བ་དེ་དག་གཙོ་བོ་ཤེས་ཡོན་གྱི་ཐོག་ནས་སེལ་དགོས་པ་དང་ཆབས་ཅིག་ཏུ་དུས་རབས་ཉེར་གཅིག་འདིའི་ནང་ང་ཚོ་ཚང་མས་འཛམ་གླིང་འདི་ཞི་བདེ་ལྷིང་འཇགས་ལྡན་པའི་གོ་ལ་ཞིག་སྐྲུན་ཐབས་གནང་དགོས་པའི་གཞེན་སྐུལ་སོགས་གནང་འདུག ཡི་ཤུའི་ཆོས་དཔོན་ Lord Rowan Williams མཆོག་ནས་ཁོང་སྐུ་སྒེར་གྱི་དགོངས་ཚུལ་དང་སྦྲགས་ཏེ་རྒྱལ་སྤྱིའི་དཀའ་རྙོག་དེ་དག་གཙོ་བོ་འཇིགས་སྣང་དང་ཆགས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས་དེའི་རྒྱུ་གང་ཡིན་ངོས་འཛིན་གནང་ཕྱིར་དཔྱད་ཞིབ་ནན་པོ་གནང་དགོས་པ་གསུངས་འདུག

༸གོང་ས་མཆོག་ནས་རྒྱ་རིགས་དང་བོད་རིགས་གྲོགས་པོ་འགྲིག་དགོས་ཀྱི་རེད་གསུངས་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་རིགས་སློབ་ཕྲུག་ཁག་ཅིག་ལ་བོད་དང་རྒྱ་ནག་གཉིས་ཀྱི་དབར་མཆོད་ཡོན་གྱི་འབྲེལ་ལམ་དམ་གཟབ་ཡོད་སྐོར་བཀའ་གནང་པ་དང་འབྲེལ། ལོ་རྒྱུས་ཀྱི་ཆ་ནས་རྒྱ་རིགས་དང་བོད་རིགས་གཉིས་གྲོགས་པོ་བྱེད་དགོས་ཀྱི་རེད་ལ་བྱེད་ཐུབ་རྒྱུ་ཡང་རེད་ཅེས་བཀའ་སྩལ་འདུག ཁ་སང་ཟླ་ ༩ ཚེས་ ༡༥ ཉིན་དབྱིན་ཡུལ་ནང་སློབ་སྦྱོང་བྱེད་བཞིན་པའི་རྒྱ་རིགས་སློབ་ཕྲུག་ཁག་ཅིག་ནས་༸གང་ཉིད་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་། མགོན་པོ་མཆོག་ནས་ St. Anne’s མཐོ་སློབ་ཏུ་རྒྱ་རིགས་སློབ་ཕྲུག་རྣམས་ལ་ཟུར་དུ་མཇལ་འཕྲད་ཀྱིས་དེ་སྔ་༸གང་ཉིད་མཆོག་ཕྱི་ལོ་ ༡༩༥༤ དང་། ༡༩༥༥ ལོར་རྒྱ་ནག་ནང་ཕེབས་སྐབས་ནང་པའི་གནས་ཆེན་དང་དགོན་པ་མང་དག་ཞིག་མཇལ་མྱོང་ཡོད་སྐོར་གསུངས་པ་དང་སྦྲགས། རྒྱ་ནག་དེ་བཞིན་རྒྱལ་རབས་ཀྱི་ཐོག་ནས་ནང་པའི་རྒྱལ་ཁབ་གཅིག་ཡིན་པ་མ་ཟད། དུས་ད་ལྟའང་རྒྱ་ནག་ཁྱོན་ཡོངས་ལ་ནང་པ་ས་ཡ་བཞི་བརྒྱ་ལྷག་ཡོད་པ་དང། དེའི་ཁོངས་སུ་བོད་ཀྱི་ནང་ཆོས་ཉམས་ལེན་དང་སྲུང་སྐྱོབ་གནང་མཁན་སྔར་ལྷག་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། རྒྱ་ནག་ཧན་མི་རིགས་དང་བོད་རིགས་དབར་ཆོས་གྲོགས་ཀྱི་འདུ་ཤེས་འཛིན་པའི་ཐོག་གྲོགས་པོ་གྲོགས་མོ་གནང་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་འདུག སྐབས་དེར་རྒྱ་རིགས་སློབ་མ་ཞིག་ནས་མགོན་པོ་མཆོག་ལ་མ་འོངས་པ་ལ་༸སྐུའི་ཡང་སྲིད་མ་ཕེབས་པ་ཡིན་ན། བོད་ཀྱི་ནང་ཆོས་དེ་འཚོ་གནས་ཐུབ་མིན་གྱི་ཐད་ལ་བཀའ་འདྲི་ཞུས་པར་༸གང་ཉིད་མཆོག་ནས་བདག་ཅག་གི་སངས་རྒྱས་སྟོན་པ་བཅོམ་ལྡན་འདས་ཀྱི་ཡང་སྲིད་མེད་པར་ད་བར་ལོ་ངོ་སྟོང་ཕྲག་གཉིས་དང་ཕྱེད་ཀ་ཙམ་འགྲོ་བཞིན་ཡོད་ནའང། སྟོན་པའི་ཆོས་དང་། གསུང་རྣམས་དུས་ད་ལྟའང་མཇལ་རྒྱུ་ཡོད་པའི་རྒྱུ་མཚན་དུ་བཀོད་དེ། གཙོ་བོ་ཆོས་གང་ཞིག་ཡིན་རུང་རང་ཉིད་ཀྱི་རྒྱུ་མཚན་ཡང་དག་ཐོག་བརྟག་དཔྱད་གནང་སྟེ་ཁས་ལེན་བྱེད་པ་ཡིན་ན་ཆོས་དེ་ཉིད་རྒྱུན་འཛིན་ཐུབ་རྒྱུ་ཡིན་པར་བཀའ་སྩལ་མཛད་འདུག དེ་བཞིན་མགོན་པོ་མཆོག་ནས་རྒྱ་རིགས་སློབ་ཕྲུག་རྣམས་ལ་མགོན་པོ་༸གང་ཉིད་ཀྱི་༸སྐུ་ཚེ་ཧྲིལ་པོ་འདིའི་རིང་གི་ཐུགས་འགན་གཙོ་བོ་གསུམ་ངོ་སྤྲོད་གནང་ཡོད་པ་མ་ཟད་། རྒྱ་ནག་གི་ཧན་མི་རིགས་ཚོས་འཛམ་གླིང་གི་ས་ཕྱོགས་གང་དུའང་རང་ཉིད་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབ་བྱ་ཕྱིར་འབད་བརྩོན་ཤུགས་ཆེན་བྱེད་བཞིན་པར་བསྔགས་བརྗོད་གནང་ཡོད་པ་རེད། ནང་པའི་ཆོས་རྒྱུན་གནས་ཐུབ་པར་བོད་ཡིག་དེ་ཧ་ཅང་གལ་ཆེ་ཡིན་སྟབས། བོད་ཡིག་སྲུང་སྐྱོབ་ཀྱི་ལས་དོན་ལ་ཁ་བྲལ་བ་རེད་ཅེས་མིང་བཏགས་པ་ཡིན་ན་དེ་ནི་བསམ་བློ་གུ་དོགས་དྲགས་པ་ཞིག་རེད་ཅེས་བཀའ་གནང་བ་དང་ལྷན་ཅིག རྒྱ་རིགས་སློབ་མ་དེ་དག་ལ་ནང་པའི་མཚན་ཉིད་ཚང་པའི་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་ཆགས་ཐུབ་པ་གནང་དགོས་པའི་བཀའ་སློབ་བཀའ་དྲིན་ཆེ་བ་གནང་འདུག

Latest news