Tibetan Royal Year of 2151 | Year of the Wood Dragon

Hungary ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱིི་ལས་འགུལ་སྤེལ་འདུག

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ France དང་ Serbia ནང་གི་སྐོར་བསྐྱོད་རྗེས་ཁ་སང་ཕྱི་དྲོ་ Hungary ཡི་རྒྱལ་ས་ Budapest ནང་དུ་འབྱོར་བ་དང་འབྲེལ། ཁུལ་དེར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། ལས་འགུལ་དེ་བཞིན་ཁ་སང་ནས་དབུ་འཛུགས་ཀྱི་སང་ཉིན་བར་ཉིན་གྲངས་གསུམ་རིང་མུ་མཐུད་སྤེལ་རྒྱུ་རེད་འདུག

Xi Visit Hungary Protest
Zoltán Molnár Telex

དེ་ཡང་ཁ་སང་ Telex ཞེས་པའི་ Hungary གསར་ཁང་གི་གནས་ཚུལ་སྤེལ་བར་གཞིགས་ན། ཡུལ་དེའི་ནང་དུ་རྟེན་གཞི་བྱས་པའི་ Shambala Tibet Centre ཞེས་པའི་ཚོགས་པའི་གོ་སྒྲིག་འོག ཁུལ་དེའི་ནང་གི་བོད་མི་ཉུང་ཤས་ཤིག་ཡོད་པ་དེ་དག་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ Budapest གྲོང་ཁྱེར་གྱི་ Városháza Square ཞེས་པའི་མི་འཛོམས་ཆེ་སའི་ས་ཚིགས་སུ་ཞི་ཅིན་ཕིང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བཞིན་པའི་ཐོག ལས་འགུལ་བ་རྣམས་ནས་ཞི་ཅིན་ཕིང་ཁྱེད་རང་གི་དུས་ཚོད་རྫོགས་ཟིན་རེད། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག Hungary རྒྱལ་ཁབ་ནས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་རྒྱུ་མེད་པ་སོགས་ཀྱི་འབོད་ཚིག་བསྒྲགས་པ་དང་བོད་ཀྱི་རྒྱལ་དར་ཕྱར་ཏེ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག

Shambala Tibet Centre ཚོགས་པའི་འགན་འཛིན་ Tibor Hendrey ལགས་ཀྱིས་གསར་ཁང་ལ་འགྲེལ་བརྗོད་གནང་བར་གཞིགས་ན། རྩ་བའི་ཁོང་རྣམས་ནས་ཞི་ཅིན་ཕིང་གི་མོ་ཊའི་བརྒྱུད་ལམ་གྱི་ཉེ་འགྲམ་དུ་ངོ་རྒོལ་སྐད་འབོད་གནང་སྟེ། རྒྱ་ནག་གི་འགོ་ཁྲིད་རྣམས་ལ་ Hungary མང་ཚོགས་ཁྲོད་བོད་ཀྱི་གནད་དོན་སྐོར་གོ་རྟོགས་ཡོད་པའི་རྣམ་པ་སྟོན་འཆར་གནང་ཡོད་ཀྱང་སྲིད་གཞུང་གི་ཆོག་མཆན་ཐོབ་མེད་པ་མ་ཟད། དེ་རྗེས་ Budapest ནང་གི་མི་འཛོམས་མང་བའི་ས་ཁུལ་གཞན་ཁག་གཉིས་ལ་ངོ་རྒོལ་སྐད་འབོད་གནང་རྒྱུ་ལ་ཡང་ཆོག་མཆན་སྤྲད་མེད་པ་དེ་ལྟར་ཡང་། ད་ལྟ་ཆོག་མཆན་ཐོབ་པའི་ས་ཁུལ་དེ་ལ་ཡང་མི་འཛོམས་མང་པོ་ཡོད་པ་དང་། ཁོང་རྣམ་པའི་ལས་འགུལ་སྤེལ་བའི་སྐབས་སུ་ཡུལ་སྐོར་སྤྲོ་འཆམ་པ་དང་མང་ཚོགས་བཅས་ཀྱིས་དོ་སྣང་ཆེན་པོ་གནང་བཞིན་པ་གསུངས་འདུག

Xi Visit Hungary Protest
Photo: Zoltán Molnár Telex

རྩ་བའི་ Hungary དེ་བཞིན་ཡོ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁོངས་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་ནང་དུ་བཞུགས་མཁན་ཐོག་མའི་གྲས་སུ་ཆགས་པ་དང་འབྲེལ། ད་ལྟའི་སྲིད་བློན་ Victor Orban སྲིད་གཞུང་གིས་རྒྱ་ནག་དང་ལྷན་དུ་བདེ་འཇགས་ཀྱི་གྲོས་མཐུན་འཇོག་པའི་ནང་དུ། རྒྱ་ནག་གི་ཉེན་རྟོག་པ་ Hungary ནང་དུ་ཡོངས་ཏེ་ལས་དོན་སྤེལ་ཆོག་པ་བཟོས་ཡོད་པར། རྒྱལ་ཁབ་ཕྱི་ནང་གཉིས་ཀ་ནས་སྐྱོན་བརྗོད་ཤུགས་ཆེ་བྱས་བཞིན་ཡོད་པ་རེད།

Tibor Hendrey ལགས་ཀྱི་ད་དུང་། ཁོང་ནས་འདས་པའི་ལོ་ངོ་ ༣༠ ཙམ་ནས་བོད་དོན་ལས་འགུལ་སྤེལ་བཞིན་ཡོད་པའི་ཁྲོད་མང་ཚོགས་ལ་བོད་ནང་གི་གནས་སྟངས་སྐོར་གོ་རྟོགས་གང་ཙམ་སྤེལ་ཐུབ་ཡོད་སྐོར་དང་། Hungary ནང་དུ་རྒྱ་ནག་གི་ཉེན་རྟོག་པ་ཡོང་བཅུག་པ་དེ་ལ་ཡང་ངོ་རྒོལ་ཡོད་པ། དེ་བཞིན་རྒྱ་ནག་དང་ Hungary ཉེན་རྟོག་པ་སུས་ཀྱང་ཁོང་ལ་བོད་ཀྱི་རྒྱལ་དར་ཕྱར་ནས་ལམ་ཟུར་དུ་ལངས་པ་ཙམ་ལ་ཉེས་རྡུང་བཏང་ཆོག་གི་མེད་སྐོར་དང་འབྲེལ། སྤྱིར་མང་གཙོ་དང་རྒྱབ་འགལ་འགྲོ་མཁན་གྱི་རྒྱུ་དེ་དག་སོ་སོའི་ལུང་པའི་ནང་དུ་ནང་འདྲེན་བྱེད་རྒྱུ་མེད་པ་གསུངས་འདུག

Xi Visit Hungary Protest
Photo: Zoltán Molnár Telex

ལྷག་པར་དུ་ཁོང་གིས་སྤྱིར་རྒྱ་ནག་དང་ཧང་ག་རི་གཉིས་དབར་གྱི་ཚོང་གི་འབྲེལ་ལམ་ལ་གང་ཡང་ཞུས་ཡག་མེད་ཀྱང་རྒྱལ་ཁབ་འགོ་ཁྲིད་གཉིས་ཀྱི་མཇལ་འཕྲད་ཐོག་བོད་ནང་གི་གནས་སྟངས་སྐོར་གླེང་སློང་ངེས་པར་དུ་གནང་དགོས་སྟབས། དེའི་ཐོག་ཁོང་གི་ཚོགས་པའི་ངོས་ནས་ Hungary སྲིད་བློན་དང་ཕྱི་སྲིད་བློན་ཆེན། དེ་བཞིན་ནང་སྲིད་བློན་ཆེན་གསུམ་གྱི་མཚན་ཐོག་ལ་ཕྱག་བྲིས་ཡང་ཕུལ་ཡོད་པ་གསུངས་འདུག

དེ་བཞིན་ཐེངས་འདིའི་རྒྱ་ནག་སྲིད་འཛིན་གྱི་ཡོ་རོབ་སྐོར་བསྐྱོད་དང་འབྲེལ་ནས་ཆེད་བསྔགས་ཨ་རི་ནས་ངོ་རྒོལ་གནང་བར་ཕེབས་པའི་རྒྱལ་སྤྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་མཆི་མེད་ལྷ་མོ་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་ཧང་ག་རི་དང་རྒྱ་ནག་གཉིས་དབར་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་དང་། ལྷག་པར་དུ་ད་ལྟ་ཁུལ་དེར་ Hungary དང་རྒྱ་ནག་གི་ཉེན་རྟོག་པ་གཉིས་ཀའི་དམ་དྲག་བྱེད་བཞིན་ཡོད་སར། ཁུལ་དེར་ལས་འགུལ་སྤེལ་རྒྱུ་ཧ་ཅང་ཁག་པོ་ཡོད་སྟབས། ཁོང་རྣམས་ནས་ས་གནས་ཀྱི་ལས་འགུལ་ནང་དུ་མཉམ་ཞུགས་གནང་བཞིན་ཡོད་པ་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།