Tibetan Royal Year of 2151 | Year of the Wood Dragon

དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ་ཨ་རི་ཨེ་མོ་རིའི་གཙུག་ལག་སློབ་གཉེར་ཁང་གི་ Jefferson གཟེངས་རྟགས་ཕུལ་འདུག

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

ཨ་རི་ཨེ་མོ་རིའི་བྱམས་བརྩེ་བསྟི་གནས་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་སུ་སློབ་ཁང་གི་ཕྱི་ལོ་ ༢༠༢༤ ལོའི་ Jefferson Award ཞེས་པའི་གཟེངས་རྟགས་ཐོབ་འདུག

photo: Emory university

དེ་ཡང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གིས་ལོ་ལྟར་ཤེས་ཡོན་དང་སྤྱི་དམངས་ཀྱི་འཚོ་བར་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་སློབ་ཁང་དེ་ཉིད་ཀྱི་དགེ་ལས་རྣམས་ལ་ཆེ་བསྟོད་ཚུལ་དུ་  Jefferson Award ཞེས་པའི་གཟེངས་རྟགས་དེ་འབུལ་སྲོལ་ཡོད་པ་བཞིན། འདི་ལོར་སློབ་ཁང་གི་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ་གཟེངས་རྟགས་དེ་གནང་འདུག་པ་དང་། ཁོང་ལ་ད་རེས་གཟེངས་རྟགས་དེ་ཐོབ་པར་ཁོང་གི་ལས་རོགས་ཚོས་དགའ་བསུའི་འཚམས་འདྲི་དང་བསྔགས་བརྗོད་གནང་བཞིན་ཡོད་པའི་ཁྲོད། དགེ་བཤེས་ལགས་ཀྱིས་ཁོང་ལ་གཟེངས་རྟགས་དེ་ཐོབ་པར་བག་ཡོད་ཀྱི་ཚོར་བ་ཟབ་མོ་ཞིག་སྐྱེས་བྱུང་ཞེས་གསུངས་པ་དང་སྦྲགས། དེ་ནི་གཙོ་བོ་༸གོང་ས་མཆོག་དང་ཨེ་མོ་རི་དབུ་ཁྲིད་རྣམ་པ། དེ་བཞིན་སློབ་ཁང་གི་སྨན་པ་ Paul དང་ Gary Hauk ལགས་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཐོབ་ཡོད་སྐོར་གསུངས་འདུག ད་དུང་དགེ་བཤེས་ལགས་ཀྱིས་ཨེ་མོ་རིའི་ཤེས་ཡོན་རྩ་འཛིན་ཁོངས་ཀྱི་དམིགས་ཡུལ་གཅིག་ནི་མིའི་རྣམ་དཔྱོད་ལ་བཟོ་བཅོས་རྒྱག་པ་ཙམ་མིན་པར་གཤིས་ཀར་བཟོ་བཅོས་རྒྱག་རྒྱུ་དེ་རེད་ཅེས་གསུངས་པ་དང་། རྒྱུ་མཚན་དེ་ལ་བརྟེན་ཨེ་མོ་རིས་༸གོང་ས་མཆོག་དང་ལྷན་དུ་མཉམ་གནས་བརྒྱུད་གཙོ་བོ་ནང་སེམས་ཀྱི་སློབ་གསོར་གཞི་བཅོལ་གྱི་ཡོད་ཅེས་གསུངས་འདུག

ཨེ་མོ་རི་གཙུག་ལག་སློབ་ཁང་ངོས་ནས་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་ད་བར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་འོག་སློབ་ཁང་དེའི་ནང་འདས་པའི་ལོ་ངོ་སུམ་ཅུ་ལྷག་རིང་རང་ཉིད་ཀྱི་མཁས་པའི་ལས་དོན་དང་ཐབས་བྱུས་ཀྱི་བསམ་བློ། དེ་བཞིན་ངལ་བ་ཁྱད་གསོད་ཀྱིས་ནང་ཆོས་དང་ཚན་རིག་གི་ལམ་སྲོལ་གཉིས་དབར་འབྲེལ་མཐུད་གནང་སྟེ་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་བསྐྲུན་ཆེད་ཞབས་འདེགས་རླབས་ཆེན་བསྒྲུབས་པར་ཆེ་བསྟོད་གཟེངས་རྟགས་དེ་ཁོང་ལ་ཕུལ་གནང་ཡིན་པ་གསུངས་འདུག

རྩ་བའི་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁུ་ནུའི་ནང་དུ་ཕྱི་ལོ་ ༡༩༦༠ ལོར་འཁྲུངས་ཤིང་། གཞི་རིམ་དང་འབྲིང་རིམ་སློབ་གྲྭ་འགྲིམས་རྗེས་བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱེད་པའི་རིགས་ལམ་སློབ་གཉེར་ཁང་དུ་སྐད་ཡིག་དང་བཅུ་ཕྲག་རིག་གནས་ཐོག་གསན་བསམ་གནང་པ་དང་། དེ་ནས་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་དུ་འཛུལ་ཞུགས་ཀྱིས་གཞུང་ཆེན་ཀ་པོད་ལྔར་གསན་བསམ་སློབ་གཉེར་གྱིས་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་ཡོད། ཕྱི་ལོ་ ༡༩༨༧ ནས་ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆེད་བསྐྱོད་ཀྱིས་ནུབ་ཕྱོགས་དོན་གཉེར་ཅན་ཚོར་ནང་ཆོས་འཆད་འཁྲིད་དང་བོད་ཀྱི་རིག་གཞུང་ངོ་སྤྲོད་བཅས་གནང་རྗེས། ཕྱི་ལོ་ ༡༩༩༨ ལོར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་འབྲས་སྤུངས་བློ་གསལ་གླིང་ཕན་ཚུན་གན་རྒྱ་བཞག་སྟེ་ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་ཞེས་པ་ཐོག་མར་དབུ་བརྙེས་པ་ནས་བཟུང་། འདས་པའི་ལོ་ངོ་ ༢༦ རིང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སྒོམ་སྒྲུབ་ཚན་རིག་དང་སྙིང་རྗེ་གཞི་རྩར་བཟུང་བའི་ལྟེ་གནས་ཁང་གིས་སློབ་གསོའི་རང་བཞིན་ལྡན་པའི་ལས་གཞི་མང་དག་ཅིག་སྤེལ་དང་སྤེལ་མུས་ཁོངས་ནས་ལས་གཞི་ཆེ་བ་གསུམ་ཡོད་པ་དེ་དག་ནི། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་སཱི་ཤེས་ཡོན་སློབ་གསོ་དང་། དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེ་སྒོམ་ཐབས་ཀྱི་ལས་གཞི། དེ་བཞིན་ཨེ་མོ་རིག་དང་བོད་ཀྱི་ཚན་རིག་ལས་གཞི་བཅས་ཡིན་པ་དང་དེ་དག་བརྒྱུད་གཙོ་བོ་འཛམ་གླིང་འདི་བྱམས་བརྩེ་དང་ཞི་བདེ་ལྡན་པ་ཞིག་བསྐྲུན་རྒྱུར་འབད་བརྩོན་མུ་མཐུད་གནང་བཞིན་ཡོད་པ་སོགས་གཟེངས་སུ་ཐོན་པའི་ཕྱག་ལས་མང་དག་ཅིག་གནང་བཞིན་ཡོད་པ་རེད་ལ། ཁོང་གི་ཕྱག་ལས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་འགྱེས་པའི་བསྔགས་བརྗོད་ལན་མང་གནང་མྱོང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།