Tibetan Royal Year of 2151 | Year of the Wood Dragon

ཏོག་དབྱིབས་རིམས་ནད།

རྒྱ་གཞུང་གིས་ཏོག་དབྱིབས་ནད་འབུ་སྐྱེ་ལྡན་མཚོན་ཆའི་སླད་ཆེད་བཟོ་བྱས་ཡོད་པ་མངོན་གསལ་གནང་འདུག

རྒྱ་གཞུང་གིས་ཏོག་དབྱིབས་ནད་འབུ་སྐྱེ་ལྡན་མཚོན་ཆའི་སླད་ཆེད་བཟོ་བྱས་ཡོད་པ་མངོན་གསལ་གནང་འདུག

རྒྱ་ནག་གིས་ཏོག་དབྱིབས་གཉན་རིམས་ཁྲོད་འདས་གྲོངས་སོང་བའི་གྲངས་ཐོ་ཁ་གསལ་མ་བྱས་པར་སྐྱོན་བརྗོད།

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་རྒྱ་ནག་གིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་དང་འབྲེལ་བའི་གྲངས་ཐོ་ཁ་གསལ་མ་བཏོན་པར་སྐྱོན་བརྗོད་དང་སྦྲགས། གནད་དོན་དེས་དོན་དངོས་ཐོག་རྒྱ་ནག་ནང་གཉན་རིམས་ཁྱབ་གདལ་གྱི་གནས་སྟངས་ཆེས་ཇེ་སྡུག་དང་མི་འདས་གྲོངས་ཇེ་མང་དུ་འགྲོ་བཞིན་པའི་རྣམ་པ་མངོན་གྱི་ཡོད་སྐོར་ནན་བརྗོད་གནང་འདུགཁ་ཉིན་ཕྱི་ཚེས་ ༣ ཉིན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྐུ་ཚབ་ཁག་ཅིག་ནས་རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་སྤྱི་དང་སྒོས་སུ་ནད་ཡམས་ཁྱབ་གདལ་ཁྲོད་རྐྱེན་འདས་སུ་སོང་བའི་གྲངས་འབོར་སོགས་གནད་དོན་ཞིབ་ཕྲ་རྒྱུས་ལོན་ཆེད་རྒྱ་ནག་གི་ཚན་རིག་པ་རྣམས་དང་ཐུགས་འཕྲད་ཀྱིས་དེ་འབྲེལ་གནས་ཚུལ་སྙན་སེང་ཞུ་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་འབྲེལ། ཁ་སང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་རྒྱ་ནག་ནང་གཉན་རིམས་སྟངས་འཛིན་གྱི་རིམ་པ་གསར་པ་ཞིག་འགྲོ་བཞིན་ཡོད་པར་གཉན་རིམས་སྟངས་འཛིན་དེའང་ཚན་རིག་དང་མཐུན་པ་ཞིག་ཡིན་པར་ལམ་ལྷོང་ལྡན་ཡོད་ཚུལ་སོགས་བཤད་འདུག གནད་དོན་དེར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཛ་དྲག་ཚོགས་ཆུང་གི་འགན་འཛིན་སྐུ་ཞབས་ Michael Ryan ལགས་ཀྱིས་ཇི་ནི་ཝའི་དེ་འབྲེལ་ཉན་ཞིབ་ལས་རིམ་ཐོག་རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཤུགས་ཆེར་འགྲོ་མུས་ཁྲོད་རྒྱ་གཞུང་གིས་དེ་འབྲེལ་ནད་གཞི་ཕོག་མཁན་དང་རྐྱེན་འདས་སོང་བའི་གྲངས་འབོར་ཁ་གསལ་བྱས་པ་དེ་ཆེས་ཉུང་བས་ཡིད་ཆེས་འཕེར་བ་ཞིག་མིན་སྐོར་སྐྱོན་བརྗོད་གནང་ཡོད་པ་མ་ཟད། ད་ལྟའི་ཆར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་རྒྱ་ནག་ནང་གི་རིམས་ནད་ཁྱབ་གདལ་དང་འབྲེལ་བའི་གྲངས་ཐོ་ཆ་ཚང་བ་ཞིག་རག་སོན་བྱུང་མེད་པར་དོན་དངོས་ཐོག་ཁུལ་དེར་གཉན་རིམས་ཀྱི་ཤུགས་རྐྱེན་ཆེས་ལྗིད་པོ་དང་ཧ་ཅང་ཉེན་འཚབ་ཀྱི་རང་བཞིན་དུ་གྱུར་ཡོད་པ་ནན་བརྗོད་གནང་འདུགReuters གསར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་ནས་ད་བར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་དེ་འབྲེལ་གནས་ཚུལ་ཞིབ་ཕྲ་གང་ཡང་སྙན་སེང་ཞུས་མེད་པ་མ་ཟད། རྒྱ་ནག་གི་གཞུང་འབྲེལ་གསར་ཤོག་ཐོག་སྤེལ་བའི་གནས་ཚུལ་ནང་རིམས་ནད་རྐྱེན་པས་མི་ལྔ་འདས་གྲོངས་སོང་བ་དང་མི་ ༥༢༥༨ ལྷག་ལ་ནད་གཞི་དེ་འགོས་ཡོད་ཚུལ་བཤད་སྐོར་དང་། ད་དུང་གོང་གསལ་གྲངས་ཐོ་དེ་འདས་པའི་ཟླ་བ་དྲུག་ནང་གི་གྲངས་ཐོའི་གནས་སྟངས་དང་བསྡུར་ཚེ་དེ་ཙམ་ཆེན་པོ་མེད་ལུགས་ཟེར་ནས་ནད་གཞི་ལྗིད་མོ་དང་ཉེན་ཁ་མེད་སྐོར་བཤད་ཡོད་པ་བཀོད་འདུག  

འདས་པའི་གཟའ་འཁོར་ནང་བོད་མི་ ༤༤ ལ་གཉན་རིམས་ཕོག་པ།

དེ་རིང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༨༦ པ་སྤེལ་བའི་ཐོག་འདས་པའི་བདུན་ཕྲག་ནང་བོད་མི་ ༤༤ ལ་ནད་ཡམས་ཕོག་ཡོད་པ་དང་འབྲེལ། ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོན་ལགས་ཀྱིས་ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམས་ ༡༩ ཡི་ནད་གཞི་ཕོག་མཁན་ཇེ་ཉུང་དུ་འགྲོ་བ་ལྟར་རྒྱ་གར་ནང་དུའང་དེ་བཞིན་ཇེ་ཉུང་དུ་ཕྱིན་ཡོད་ཀྱང་མི་མང་རྣམས་ཀྱིས་ཏོག་དབྱིབས་སྔོན་འགོག་གི་བྱེད་སྒོ་ཁག་མུ་མཐུད་བསྟེན་དགོས་པ་དང་། ལྷག་པར་བོད་མིའི་ཁྲོད་ད་དུང་ཡང་སྔོན་ཁབ་བརྒྱབ་མེད་ཚེ་སྤྱི་དང་སྒེར་གཉིས་ཀྱི་ཁེ་ཕན་སླད་སྔོན་ཁབ་ངེས་པར་དུ་རྒྱག་རོགས་ཞེས་འབོད་སྐུལ་གནང་ཡོད།ད་ཆ་རྒྱ་གར་ནང་སློབ་གྲྭ་ཁག་ཚོགས་འགོ་འཛུགས་པ་དང་འབྲེལ་ནས་སློབ་གྲྭའི་ཁོར་ཡུག་ནང་བཞུགས་མཁན་ཚོས་ནད་ཡམས་སྔོན་འགོག་གི་གནང་སྒོ་ཁག་ལ་དམིགས་བསལ་ཐུགས་སྣང་དང་ནད་རྟགས་རིགས་མངོན་ཚེ་གང་མགྱོགས་བརྟག་དཔྱད་གནང་དགོས་གལ། དེ་ལྟར་གནང་ཚེ་ནད་གཞི་ཁྱབ་གདལ་ཤུགས་ཆེ་མི་འགྲོ་བར་དགེ་མཚན་ཡོད་སྐོར་གྱི་ལམ་སྟོན་གནང་སོང་། གསོ་རིག་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་བལ་གཉིས་ནང་ཏོག་དབྱིབས་གཉན་རིམས་ ༡༩ དང་འབྲེལ་ལས་དོན་དང་གྲངས་ཐོ་ཁག་སྙན་སེང་ཞུས་སྐབས་འདས་པའི་བདུན་ཕྲག་ནང་རྒྱ་བལ་གཉིས་ནང་ཏོག་དབྱིབས་གཉན་རིམས་ ༡༩ ཕོག་མཁན་མི་གྲངས་ ༤༤ བྱུང་ཡོད་པའི་ཁྲོད་ལོ་ན་ཆེ་ཤོས་ ༩༡ དང་ཆུང་ཤོས་བྱིས་པ་ལོ་ ༡ བཅས་ཆགས་ཀྱི་ཡོད་པ་དང་ནད་ཡམས་རྐྱེན་གྱིས་མི་ ༡ འདས་གྲོངས་སུ་གྱུར་ཡོད་སྐོར་གསུངས་ཡོད། གཞི་རྩའི་འདས་པའི་བདུན་ཕྲག་ནང་ནད་གཞི་ཕོག་མཁན་རྣམས་ལ་དྭགས་དང་མོན་གྷོ་འདོད་རྒུ་གླིང་། སྦིར། སྦེལ་ཀོབ། ཀོ་ལི་གྷལ། དྷརྨ་ས་ལ། དེ་བཞིན་བལ་ཡུལ་སཱཡམ་བྷུ་བཅས་ཆགས་ཀྱི་ཡོད་པ་དང་། ལྷག་པར་དེའི་ཁྲོད་ཉེ་ལམ་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་ནས་ནད་གཞི་ཕོག་མཁན་མི་གྲངས་ ༡༡ ཙམ་བྱུང་ནས་ས་གནས་རྫོང་དཔོན་གཞོན་པའི་ལས་ཁུངས་ནས་སློབ་གྲྭ་དེ་བཀག་སྐྱིལ་ས་ཚིགས་ལ་ངོས་འཛིན་གནང་ཡོད་པ་རེད། གསར་འགོད་པས་དྷ་སྟེང་བོད་ཁྱིམ་གྱི་ངེས་སྟོན་པ་ཚུལ་ཁྲིམས་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་སྐབས་སློབ་གྲྭའི་ནང་ཐོག་མར་མི་གྲངས་ ༡༡ ལ་ནད་གཞི་ཕོག་པ་དང་དེ་ནས་རིམ་པས་འབྲེལ་ཡོད་མི་ ༩ ལ་ནད་གཞི་ཕོག་ནས་ད་ཆ་ཁྱོན་མི་གྲངས་ ༢༠ ལ་ནད་གཞི་ཕོག་ཡོད་ཀྱང་ཁོང་རྣམས་ལ་ནད་རྟགས་མངོན་པ་ཙམ་མ་གཏོགས་དམིགས་བསལ་ངལ་བ་གང་ཡང་མེད་པར་གསུངས་སོང་། སྤྱིར་དྷ་སྟེང་བོད་ཁྱིམ་དུ་ད་ཆ་འཛིན་རིམ་བཅིུག་གི་སློབ་མ་ཕྱིར་ཡོད་པ་དང་དེ་བཞིན་ཕ་མའི་བཀའ་ཁྲོལ་མེད་པའི་སློབ་མ་ཉུང་ཤས་ཞིག་མ་གཏོགས་སློབ་ཕྲུག་ཕལ་མོ་ཆེ་སློབ་གྲྭར་ཡོད་པ་དང་ཆབས་ཅིག ནད་ཡམས་ཀྱི་དུས་ཚིགས་འདིའི་ཁྲོད་སློབ་གྲྭར་ནད་ཡམས་དང་འབྲེལ་གོ་རྟོགས་སྤེལ་རྒྱུ་དང་གཡས་གཡོན་གྱི་ཁོར་ཡུག་ལ་དུག་སེལ་གནང་རྒྱུ། ཁ་རས་གྱོན་རྒྱུ་དང་སྤྱི་ཚོགས་རྒྱང་བཀྱེད་སོགས་ནད་ཡམས་སྔོན་འགོག་གི་བྱེད་སྒོ་ཁག་མུ་མཐུད་བསྟེན་མུས་ཡིན་པ་རེད་འདུག གཞི་རྩའི་བཙན་བྱོལ་རྒྱ་བལ་གཉིས་ཀྱི་བོད་མིའི་འདུས་སྡོད་ནང་ད་བར་ནད་གཞི་ཕོག་མཁན་བོད་མི་ ༦༨༥༩  བྱུང་བ་དང་དེའི་ཁོངས་དྲག་སྐྱེད་དུ་སོང་བ་ ༦༦༢༣ ནད་གཞི་ལས་འདས་གྲོངས་སུ་ཕྱིན་པ་  ༡༥༨  ད་ཆ་ནད་ཀྱིས་མནར་བཞིན་པ་ ༧༨ ཆགས་ཀྱི་ཡོད་པ་རེད།

བདེ་ལེགས་སྨན་ཁང་ལ་གཉན་རིམས་བཅུ་དགུའི་སྔོན་ཁབ་བརྒྱབ་རྒྱུར་བཀའ་འཁྲོལ་ཐོབ་པ།  

རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཆེས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ནད་གཞི་ལ་གདོང་ལེན་སླད་ད་ལྟའི་ཆར་རྒྱ་གར་ནང་གཞུང་སྒེར་གཉིས་ཀྱི་སྨན་ཁང་ཁག་ཏུ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་རྒྱག་བཞིན་པ་དང་། དེའི་ཁྲོད་ཉེ་ལམ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བདེ་ལེགས་སྨན་ཁང་ལ་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་ནས་མང་ཚོགས་ལ་སྔོན་ཁབ་བརྒྱབ་ཆོག་པའི་བཀའ་འཁྲོལ་ཐོབ་ཡོད་པ་རེད། སྤྱིར་ད་ཆ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་དེ་ལོ་ན་ ༦༠ ཡན་དང་དེ་བཞིན་ ༤༥ ཡན་གང་ཞིག་ལ་ཁྲག་ཤེད་དང་གཅིན་སྙི་སོགས་བླ་གཉན་གྱི་ནད་གཞི་ཡོད་རིགས་ལ་བརྒྱབ་དང་རྒྱག་མུས་ཡིན་པ་རེད།གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་གྲངས་ཐོར་གཞིགས་ཚེ་ད་བར་བོད་མིའི་འདུ་སྡོད་ཁག་ཏུ་གནས་བཞུགས་བོད་མིའི་ཞལ་གྲངས་ ༡༦༢༥ ཙམ་ལ་གཉན་རིམས་ཕོག་ཡོད་པ་དང་། དེའི་ཁྲོད་བོད་མི་ ༤༥ འདས་གྲོངས་སུ་གྱུར་བའི་གནས་སྟངས་བྱུང་བ་དེ་ལྟར་ཡང་། དྲག་སྐྱེད་བྱུང་བ་ ༡༥༤༩  དང་དེ་བཞིན་ད་ལྟ་ནད་ཀྱིས་མནར་བཞིན་པ་ ༣༡ ཆགས་ཀྱི་ཡོད་པ་རེད།རྒྱ་གར་ནང་སྔོན་ཁབ་དབུ་འཛུགས་གནང་བ་ནས་ད་བར་མདུན་བསྐྱོད་ཞབས་ཞུ་བ་མི་གྲངས་ ༦༨༡ དེ་བཞིན་བོད་མི་ལོ་ན་ ༦༡ ཡན་དང་ ༤༥ ཡན་བླ་གཉན་གྱི་ནད་གཞི་ཡོད་པ་མི་གྲངས་ ༦༦༠༧ བཅས་ཁྱོན་མི་གྲངས་ ༧༢༨༨ ཙམ་ལ་རྒྱ་གར་གཞུང་གི་མཐུན་འགྱུར་འོག་སྔོན་ཁབ་བརྒྱབ་ཐུབ་པ་བྱུང་ཡོད་པ་རེད།

དྷ་སའི་བོད་མིའི་འཕྲོད་བསྟེན་ཆེད་ལས་པ་རྣམས་ལ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་ཆེས་ཐོག་མ་བརྒྱབ་པ།

རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ དེ་རྒྱལ་སྤྱིའི་ཁྲོད་ཁྱབ་གདལ་བྱུང་ནས་ད་ཆ་ལོ་གཅིག་ལྷག་ཙམ་འགྲོ་བཞིན་ཡོད་པ་དང་། གཉན་རིམས་དེར་གདོང་ལེན་སླད་ཡར་ཐོན་ཅན་གྱི་རྒྱལ་ཁབ་རྣམས་ཀྱིས་སྔོན་ཁབ་བཟོ་འགོ་བཙུགས་ཡོད་པ་རེད། ལྷག་པར་དུ་གཉན་རིམས་ཁྱབ་གདལ་གྱི་ངལ་བ་ཆེས་ཆེར་འཕྲད་བཞིན་པའི་དུས་སྐབས་འདིའི་ཁྲོད་ཨ་རིས་གཙོས་པའི་རྒྱལ་ཁབ་ཁག་ཅིག་ཏུ་གཞུང་གི་ཆོག་མཆན་འོག་སྔོན་ཁབ་བརྒྱབ་འགོ་བཙུགས་ཟིན་པ་དང་། རྒྱ་གར་ལྟ་བུར་མཚོན་ན་ Oxford དང་དབྱིན་ཡུལ་གྱི་སྨན་སྦྱོར་བཟོ་ཚོང་ཁང་ AstraZeneca གཉིས་ཟུང་འབྲེལ་གྱིས་བཟོས་པའི་སྔོན་ཁབ་དང་དེ་བཞིན་རྒྱ་གར་གྱི་བཟོ་ཚོང་ཁང་ Bharat Biotech གྱིས་བཟོས་པའི་སྔོན་ཁབ་གཉིས་ཛ་དྲག་ཐོག་ནས་བརྒྱབ་རྒྱུར་ཆོག་མཆན་ཐོབ་ཡོད་པ་རེད།རྒྱ་གར་རྒྱལ་ཡོངས་ནང་ཟླ་ ༡ ཚེས་ ༡༦ ཉིན་འཕྲོད་བསྟེན་ཆེད་ལས་པ་ཚོར་སྔོན་ཁབ་བརྒྱབ་རྒྱུ་འགོ་བཙུགས་ཡོད་པའི་ཁྲོད་འདིར་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ ཡོལ་ཙམ་ལ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རྒྱ་གར་གཞུང་གི་སྨན་ཁང་ཛོ་ནཱལ་  Zonal ནང་རྒྱ་གར་གྱི་འཕྲོད་བསྟེན་ཆེད་ལས་པ་ཁག་ཅིག་དང་ལྷན་དུ་དབུས་བདེ་ལེགས་སྨན་ཁང་གི་སྨན་པ་གཙོས་སྨན་ཞབས་པ་དང་འཕྲོད་བསྟེན་ཆེད་ལས་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་ཞབས་པ་བཅས་ཁྱོན་མི་བཅུ་ལ་ཆེས་ཐོག་མའི་  Covishield ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་རིམ་པ་དང་པོ་དེ་བརྒྱབ་སོང་། སྐབས་དེར་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་ད་རེས་སྔོན་ཁབ་རིམ་པ་དང་པོ་ཐོབ་མཁན་ཁོངས་སུ་ཡོད་པ་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་སུ་དེ་འབྲེལ་བཅར་འདྲི་ཁག་ཅིག་ཞུས་ཡོད།   རྩ་བའི་རྒྱལ་སྤྱིའི་ཁྲོད་ཏོག་དབྱིབས་སྔོན་ཁབ་བརྒྱབ་འགོ་བཙུགས་ནས་བཟུང་གང་ཟག་ཁག་ཅིག་ལ་ཚ་བ་འབར་བ་དང་། ཁབ་བརྒྱབ་སའི་ལག་པར་ཟུག་རྒྱག་པ་སོགས་ཟུར་ཕོག་ཕྲན་བུ་བྱུང་བ་བརྗོད་ཀྱི་ཡོད་པ་རེད།  ལྷག་པར་དུ་འཕྲོད་བསྟེན་ཆེད་ལས་པས་དེ་འབྲེལ་གྱི་ཟུར་ཕོག་བྱུང་ངེས་ཡིན་པ་གསུངས་ཀྱི་ཡོད་པ་རེད། འོན་ཀྱང་ཉེ་ལམ་ནོར་ཝེ་ནང་ལོ་ན་བགྲེས་པ་ཁག་ཅིག་ལ་ Pfizer སྔོན་ཁབ་བརྒྱབ་པའི་རྗེས་སུ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་བྱུང་ཡོད་པ་རེད།ནོར་ཝེ་སྤྱི་དམངས་བདེ་འཇགས་ཀྱི་འཕྲོད་བསྟེན་ལྟེ་གནས་ཀྱིས་ཕྱིན་ཆད་སྨན་པ་ཚོས་ལོ་ན་བགྲེས་པ་བརྒྱད་ཅུ་ཡན་ཚོར་སྔོན་ཁབ་བརྒྱབ་རྒྱུར་གཟབ་ནན་གནང་དགོས་པ་གསུངས་ཡོད་པར་མ་ཟད། ད་ཆ་སྔོན་ཁབ་བཟོ་སྐྲུན་གནང་མཁན་དང་ནོར་ཝེ་གཉིས་ཀྱིས་འདས་གྲོངས་སུ་གྱུར་བའི་གནད་དོན་ཐད་ཞིབ་འཇུག་གནང་མུས་རེད་འདུག

བོད་མི་བདུན་ལ་གཉན་རིམས་ཕོག་ཀྱང་འདས་གྲོང་སུ་གྱུར་བ་གཅིག་ཀྱང་བྱུང་མི་འདུག

ཁ་སང་རེས་གཟའ་ཕུར་བུ་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༤༢ པ་གནང་སོང་བ་དང་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་གཟའ་འཁོར་གཅིག་གི་ནང་ལ་བལ་ཡུལ་གཙོས་ཕྱིའི་རྒྱལ་ཁབ་ཁག་ཏུ་བཞུགས་པའི་བོད་མིའི་ཁྲོད་ཏོག་དབྱིགས་གཉན་རིམས་ཕོག་པའི་ གྲངས་འབོར་ཇི་ཡིན་སྙན་སེང་ཞུས་མེད་ཀྱང་། རྒྱ་གར་ནང་གནས་བཞུགས་བོད་མི་བདུན་ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་དེའི་ཁྲོད་ལོ་ན་རྒན་ཤོས་དེ་ ༤༤ དང་ལོ་ན་ཆུང་ཤོས་དེ་ ༢༧ ཆགས་ཀྱི་ཡོད་པ་དང་། གཉན་རིམས་ཕོག་མཁན་ཁོངས་ནས་འདས་གྲོང་སུ་གྱུར་བ་གཅིག་ཀྱང་བྱུང་མི་འདུག སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ད་བར་ས་གནས་ཁག་ཏུ་ཆེད་འཛུགས་གནང་བའི་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ཚོགས་ཆུང་ཁག་གིས་རྒྱ་གར་གྱི་དབུས་ས་གཉིས་ཀྱི་ལམ་སྟོན་གཞིར་བཟུང་སྔོན་འགོག་དང་བརྟག་དཔྱད་སོགས་ཀྱི་ལད་དོན་ཁག་མུ་མཐུད་གནང་ཡིན་པར་མ་ཟད། ལྷག་པར་དུ་བོད་པའི་སྤྱི་ཚོགས་ཁྲོད་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་ལ་གཞིགས་པའི་སེམས་ཁམས་སློབ་གསོའི་ལས་གཞི་ཁག་ཅིག་གོ་སྒྲིག་ཞུས་ཡོད་པ་ངོ་སྤྲོད་གནང་ཡོད། ད་བར་རྒྱ་གར་དང་བལ་ཡུལ་གཙོ་པའི་བོད་མི་གནས་ཡུལ་གྱི་ས་གནས་ཁག་ཏུ་བོད་མི་ཏོག་དབྱིབས་གཉན་རིམས་ཕོག་པ་ ༡༤༧༩ བྱུང་བའི་ཁྲོད་ ༡༤༡༡ དྲག་སྐྱེད་དང་། ༣༧ འདས་གྲོངས། དེ་བཞིན་ད་ལྟའི་ཆར་ཏོག་དབྱིབས་གཉན་རིམས་ཀྱིས་མནར་བཞིན་པ་ ༣༡ བཅས་ཆགས་ཡོད།གསར་འགོད་ལྷན་ཚོགས་ཐོག་འཕྲོད་བསྟེན་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་ཀྱིས་རིང་མིན་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་འབྲེལ་བའི་སྨན་ཁབ་ཀྱི་ལས་གཞི་ཁག་དབུ་འཛུགས་གནང་གི་ཡོད་སྟབས། དབུས་འཕྲོད་བསྟེན་དྲུང་ཆེ་མཆོག་གིས་ས་གནས་འགོ་འཛིན་དང་འཕྲོད་བསྟེན་འགན་འཛིན་རྣམས་ལ་རྒྱ་གར་གྱི་ས་གནས་སོ་སོའི་འཕྲོད་བསྟེན་འགན་འཛིན་ཚོ་དང་མཇལ་འཕྲད་ཀྱིས་བོད་མི་རྣམས་ལ་གཞན་དང་གཅིག་མཚུངས་ཀྱི་སྨན་ཁབ་ཁག་རག་ཐབས་སླད་ཞུ་སྐུལ་གནང་དགོས་པའི་ལམ་སྟོན་ཕུལ་ཟིན་པ་ལྟར། ད་ཆར་བོད་པའི་འཕྲོད་ལས་སྨན་པ་དང་སྨན་ཞབས་པ་རྣམས་ཀྱི་མཚན་ཐོག་ནས་རྒྱ་གར་གྱི་འབྲེལ་ཡོད་ལྷན་ཁང་ཁག་ལ་ཞུ་སྙན་ཕུལ་ཡོད་པ་སོགས་གསུངས་ཡོད།དེ་བཞིན་སྐབས་དེར་བདེ་ལེགས་སྨན་ཁང་གི་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས་གཉན་རིམས་སྔོན་འགོག་གི་སྨན་ཁབ་དེ་དང་ཐོག་འཕྲོད་བསྟེན་ཞབས་ཞུ་བ་དང་། གཉན་རིམས་ལ་གདོང་ལེན་གནང་མཁན་གྱི་ལས་བྱེད་ཚོར་བརྒྱག་རྒྱུ་དང་། དེ་ནས་རིམ་པས་དགུང་ལོ་ ༥༠ ཡན་གྱི་མི་རབས་རྒན་པ་དང་། སྙིང་ནད་དང་ཁྲག་ཤེད་སོགས་ཀྱི་ནད་གཞི་ཡོད་མཁན་ཚོར་བརྒྱག་རྒྱུ་ཡིན་པ་སོགས་ངོ་སྤྲོད་གནང་བ་དང་སྦྲགས། གཉན་རིམས་ཕོག་མཁན་གྱི་གྲངས་ཚད་ཉུང་དུ་འགྲོ་བཞིན་ཡོད་སྟབས། མང་ཚོགས་རྣམས་ནས་སྔོན་འགོག་གི་སྨན་ཁབ་ཐོན་མིན་སོགས་ལ་ལྟོས་མེད་རྒྱུན་དུ་ཁ་རས་གྱོན་རྒྱུ་དང་། རྒྱང་ཁྱད་བསྟེན་རྒྱུ། དེ་བཞིན་དུག་སེལ་གནང་རྒྱུ་སོགས་སྔོན་འགོག་གི་གནང་སྒོ་ཁག་འཐས་ཤོར་མེད་པར་གནང་གལ་ཡིན་པར་ལམ་སྟོན་དང་གཞེན་སྐུལ་གནང་ཡོད།

རྒྱ་གར་ནང་གི་བོད་མི་དགོས་ངེས་ཅན་ལ་གཉན་རིམས་སྔོན་ཁབ་ཆེད་དཔལ་འབྱོར་གྱི་ཞལ་འདེབས།

རྒྱ་གར་གཞུང་གིས་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་སྨན་ཁབ་བརྒྱག་རྒྱུ་གྲ་སྒྲིག་གནང་བཞིན་པའི་ཁྲོད་འདིར་ཨོ་སི་ཊི་རི་ཡའི་ Austria བོད་རིགས་ཚོགས་པ་དང་སུད་སི་ནས་ཡིན་པའི་ཆོས་སྐྱིད་ལགས་ཀྱིས་བཙན་བྱོལ་ནང་གི་བོད་མི་དགོས་ངེས་ཅན་ཚོར་ཏོག་དབྱིབས་གཉན་རིམས་སྔོན་འགོག་སྨན་ཁབ་ཆེད་ཡུ་སྒོར་ ༤༢༢༡ ལྷག་ཞལ་འདེབས་གནང་འདུགདེང་སྐབས་འཛམ་གླིང་ཁྱོན་དུ་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་དུས་སྐབས་སུ་ཕྱིའི་རྒྱལ་ཁབ་ཁག་ཏུ་དེ་འབྲེལ་གཉན་རིམས་ཀྱི་སྔོན་ཁབ་དེ་སྤྱོད་འགོ་ཚུགས་ཡོད་པའི་ཁྲོད་རྒྱ་གར་ནང་དུའང་དེ་འབྲེལ་སྔོན་འགོག་སྨན་ཁབ་བརྒྱག་རྒྱུ་གྲ་སྒྲིག་དང་འབྲེལ་བདུན་ཕྲག་འདིའི་རེས་གཟའ་ཉི་མའི་ཉིན་སྨན་ཁབ་དེ་སྤྱོད་རྒྱུ་ཡིན་པ་ལྟར། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ལམ་ཨོ་སི་ཊི་རི་ཡའི་བོད་རིགས་ཚོགས་པས་རྒྱ་གར་ནང་ཡོད་པའི་བོད་མི་དགོས་ངེས་ཅན་ཚོར་དམིགས་ཏེ་ཏོག་དབྱིབས་གཉན་རིམས་སྔོན་འགོག་སྨན་ཁབ་ཀྱི་མཐུན་འགྱུར་རོགས་རམ་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ལ་ཡུ་སྒོར་ ༣༢༩༨།༠༠ ཞལ་འདེབས་ཕུལ་ཡོད་པ་དང་དེ་བཞིན་སུད་སི་ནས་ཡིན་པའི་ཆོས་སྐྱིད་ལགས་ཀྱིས་སུད་སི་སྒོར་ ༡༠༠༠།༠༠ ཐམ་པ་ཕུལ་ཡོད་པ་བཀོད་འདུགརྩ་བའི་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་སྔོན་ཁབ་གྲ་སྒྲིག་དང་འབྲེལ་བདུན་ཕྲག་འདིའི་རེས་གཟའ་ཉི་མའི་ཉིན་ཆེས་ཐོག་མ་སྔོན་ཁབ་དེ་སྤྱོད་རྒྱུ་ཡིན་པ་ལྟར། རྒྱ་གར་གཞུང་གིས་བོད་མིར་སྔོན་ཁབ་ཀྱི་མཐུན་རྐྱེན་གནང་རྒྱུར་ཐེ་ཚོམ་མེད་ཅེས་གསུངས་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཀྱང་ས་གནས་རྫོང་གི་སྨན་ཁང་ལ་ཟླ་བ་སྔོན་མའི་ཚེས་ ༡༥ ཉིན་སྙན་ཞུ་ཕུལ་ཟིན་པ་ཆགས་ཀྱི་འདུག རྒྱ་གར་གཞུང་གིས་བདེ་ལེགས་སྨན་ཁང་དེ་སྔོན་ཁབ་བརྒྱག་རྒྱུའི་ས་ཚིགས་སུ་ངོས་འཛིན་གནང་ཡོད་ཀྱང་ད་ལྟའི་ཆར་སྔོན་ཁབ་དངོས་སུ་འགོད་འགྲེམས་གནང་རྒྱུའི་དུས་ཚོད་ནམ་ཡིན་གསལ་པོ་མེད་པ་རེད། འོན་ཀྱང་སྔོན་ཁབ་ཀྱི་རིམ་པ་དང་པོ་འདི་བདེ་ལེགས་སྨན་ཁང་གི་སྨན་པ་དང་སྨན་ཞབས་པ། རིམ་པ་གཉིས་པར་ལོ་ན་ ༥༠ ཡན་གྱི་བགྲེས་སོང་རྣམ་པར་བརྒྱག་རྒྱུ་ཡིན་པ་རེད།གཞི་རྩའི་འཛམ་གླིང་ཁྲོད་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་རྐྱེན་པས་མང་ཚོགས་ས་ཡ་གཉིས་མན་ཙམ་གྱི་ཚེ་སྲོག་ཤོར་བ་དང་དེ་བཞིན་མང་ཚོགས་ས་ཡ་དགུ་བཅུ་ལྷག་ལ་གཉན་རིམས་དེ་ཕོག་པའི་རྐྱེན་གྱིས་ངལ་བ་བཟོད་གླགས་མེད་མྱངས་པའི་ཁྲོད་རྒྱ་ནག་ནང་གཉན་རིམས་ཁྱབ་གདལ་དེ་མི་ཁྱབ་པར་སྟངས་འཛིན་བྱས་ཡོད་ཀྱང་ཉེ་དུས་སུ་རྒྱ་ནག་ནང་སླར་གཉན་རིམས་ཁྱབ་གདལ་ཇེ་ཆེར་སོང་བའི་རྐྱེན་གྱིས་རྒྱ་ནག་གི་གྲོང་ཁྱེར་མང་དག་ཅིག་ཕྱི་ལ་སྒོ་མོ་བརྒྱབ་ནས་མང་ཚོགས་རྣམས་རང་ཁྱིམ་དུ་ཟུར་བཀག་བྱེད་མུས་རེད་འདུག ཉེ་ལམ་རྒྱ་ནག་བྱང་ཕྱོགས་ཀྱི་ Hebei ཞིང་ཆེན་གྱི་མི་འབོར་ ༡༡༠༠༠༠༠༠ ཡོད་པའི་ཧྲི་ཅ་ཀྲོང་གྲོང་ཁྱེར་ལ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་བྱུང་སྟེ་གྲོང་ཁྱེར་དེ་ནས་པེ་ཅིང་ལ་གནམ་གྲུ་དང་མེ་འཁོར། དེ་བཞིན་སྤྱི་སྤྱོད་རླངས་འཁོར་བཅས་ཀྱི་འགྲིམ་འགྲུལ་ཁག་ཡོངས་སུ་བཀག་སྡོམ་བྱས་པའི་གནས་ཚུལ་ཐོན་ཡོད་པ་དང་། དེ་རིང་རྒྱ་ནག་གཞུང་གིས་ཡུལ་དེའི་ནང་སླར་ཡང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་འབྱུང་བཞིན་པའི་ཆེས་ཛ་དྲག་གི་གནས་སྟངས་ལ་དམིགས་ཏེ་པེ་ཅིང་གི་ཉེ་འགྲམ་དུ་ཡོད་པའི་གྲོང་ཁྱེར་ཁག་ཏུ་མང་ཚོགས་ས་ཡ་ ༤༌༩ ལྷག་གི་འགྲོ་འོང་ལ་བཀག་སྡོམ་གྱིས་རང་ཁྱིམ་དུ་ཟུར་བཀག་བྱས་འདུགརྒྱ་ནག་འཕྲོད་བསྟེན་ལྷན་ཚོགས་ཀྱིས་དེ་རིང་རྒྱ་ནག་ནང་གཉན་རིམས་ཕོག་མཁན་མི་གྲངས་ ༥༥ བྱུང་ཡོད་པ་དང་དེའི་ཁོངས་ནས་མི་ ༤༠  ཧྲེ་ལུང་ཅང་ཞིང་ཆེན་གྱི་གྲོང་ཁྱེར་ནང་ཁུལ་ལ་འགྲུལ་བཞུད་བྱས་པ་ཤ་སྟག་ཆགས་ཀྱི་ཡོད་སྟབས་ཧེ་བྷེ་ཞིང་ཆེན་གྱི་ Langfang གྲོང་ཁྱེར་གིས་ཁུལ་དེར་གནས་སྡོད་གནང་མཁན་གྱི་མང་ཚོགས་ས་ཡ་བཞི་དང་ཕྱེད་ཀ་ལྷག་དེ་རིང་ནས་རྩིས་པའི་ཉིན་གྲངས་བདུན་གྱི་རིང་རང་ཁྱིམ་དུ་ཟུར་བཀག་སྡོད་དགོས་པ་མ་ཟད། དེ་དག་ཁྲོད་གཉན་རིམས་ཕོག་ཡོད་མེད་ཀྱི་བརྟག་དཔྱད་ཀྱང་བྱེད་དགོས་པར་བརྗོད་འདུག ད་ལྟའི་ཆར་ཧེ་བྷེ་ཞིང་ཆེན་གྱི་ Langfang གྲོང་ཁྱེར་གྱི་ Guan རྫོང་དང་ Sanhe གྲོང་ཁྱེར་གཉིས་ཀྱི་མང་ཚོགས་རྣམས་རང་ཁྱིམ་དུ་ཟུར་བཀག་བྱེད་མུས་ཁྲོད་ཁ་སང་རྒྱ་ནག་གི་ Heilongjiang ཞིང་ཆེན་གིས་ Wangkui རྫོང་ནང་ནད་རྟགས་མེད་པའི་ནད་པ་གསར་པ་མི་གྲངས་ ༣༨ ཐོན་ཡོད་པ་མངོན་གསལ་གྱིས་མང་ཚོགས་ཀྱི་འགྲོ་འོང་ལ་བཀག་སྡོམ་བྱས་པ་དང་དེ་འབྲེལ་ཞིང་ཆེན་གྱི་ Yichun གྲོང་ཁྱེར་ནང་ལའང་ནད་པ་རེ་ཟུང་ཐོན་པར་མ་ཟད། ཁ་སང་ Jilin ཞིང་ཆེན་གྱི་རྫོང་གཅིག་ནང་དེ་མཚུངས་ནད་རྟགས་མི་མངོན་པའི་ནད་པ་མི་གྲངས་བདུན་ཐོན་ཡོད་པ་དང་དེའི་ཁོངས་ནས་ནད་པ་བཞི་ཉེ་ཆར་ Wangkui རྫོང་ནས་འགྲུལ་བཞུད་གནང་བར་ར་སྤྲོད་བྱས་ཡོད་སྟབས་ད་ཆ་རྒྱ་གཞུང་གིས་གཉན་རིམས་ཐོན་སའི་གོང་གསལ་གྲོང་ཁྱེར་དང་རྫོང་ཁག་ཡོངས་རྫོགས་ནང་འགྲུལ་བཞུད་བྱ་རྒྱུར་བཀག་སྡོམ་བྱས་འདུག དེ་དག་གི་མང་ཚོགས་རྣམས་རང་ཁྱིམ་དུ་ཟུར་བཀག་བྱས་འདུགདེ་རིང་བར་རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་མངོན་གསལ་མེད་པའི་ནད་པ་གསར་པ་གྲངས་ ༨༡ ཐོན་ཡོད་པ་དང་ད་ལྟའི་ཆར་རྒྱ་ནག་སྐམ་ས་ཆེན་མོར་གཉན་རིམས་ཕོག་མཁན་མི་གྲངས་ ༨༧༥༩༡ ཆགས་ཡོད་པ་མ་ཟད་འདས་གྲོངས་སུ་གྱུར་བ་ ༤༦༣༤ ཡིན་པ་རེད།

རྒྱ་གར་གཞུང་གིས་གཉན་རིམས་སྔོན་ཁབ་གནང་རྒྱུར་ཐེ་ཚོམ་མེད་ཅེས་གསུངས་སོང་།  

བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་སྔོན་འགོག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༤༡ གནང་ཐོག་འཕྲོད་བསྟེན་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས་ཏོག་དབྱིབས་གཉེན་རིམས་ཀྱི་སྔོན་ཁབ་དེ་ཕྱིའི་རྒྱལ་ཁབ་ཁག་ཏུ་སྤྱོད་འགོ་ཚུགས་པ་དང་སྦྲགས། རྒྱ་གར་ནང་སྔོན་ཁབ་གྲ་སྒྲིག་གནང་བཞིན་ཡོད་པ་ལྟར་རྒྱ་གར་གཞུང་ནས་ཀྱང་ད་བར་བོད་མིར་མཐུན་འགྱུར་གང་ཐུབ་གནང་བཞིན་ཡོད་སྟབས། རྒྱ་གར་གཞུང་གིས་བོད་མིར་སྔོན་ཁབ་ཀྱི་ཐུན་རྐྱེན་སྦྱོར་གནང་བར་ཐེ་ཚོམ་མེད་ཅེས་གསུངས་པ་དང་འབྲེལ། འཕྲོད་བསྟེན་ལས་ཁུངས་ཀྱིས་ཀྱང་ས་གནས་རྫོང་གི་སྨན་ཁང་ལ་ཟླ་བ་སྔོན་མའི་ཚེས་ ༡༥ ཉིན་སྙན་ཞུ་ཕུལ་ཟིན་སྐོར་གསུངས་ཡོད། དེ་བཞིན་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ད་ལྟའི་ཆར་ཧི་མཱ་ཅལ་མངའ་སྡེའི་གཙོས་རྒྱ་གར་གྱི་མངའ་སྡེ་མང་དག་ཞིག་གི་ནང་བྱ་ནད་དམ་ Bird Flu ཁྱབ་གདལ་འགྲོ་བཞིན་པའི་གནས་ཚུལ་ཐོན་བཞིན་པ་མ་ཟད། བཞུགས་སྒར་དྷརྨ་ས་ལའི་ཉེ་འདབས་དང་ཀངྒ་རཱ་རྫོང་ཁོངས་སུ་ཡོད་པའི་ Pong Dam འམ་སྤོང་ཆུ་རགས་ཀྱི་སར་འདས་པའི་བདུན་ཕྲག་ནང་དུ་བོད་གཙོས་པའི་རྒྱལ་ཁབ་གཞན་ནས་ཡོང་བའི་བྱ་ ༡༨༠༠ ལྷག་ཞིག་ཤི་ཡོད་པར་ཤེས་རྟོགས་བྱུང་ཡོད་སྐོར་དང་། ད་བར་བྱ་ནད་དེ་མིར་འགོས་པའི་གནད་དོན་གང་ཡང་བྱུང་མེད་སྟབས་ཐུགས་འཚབ་གནང་མི་དགོས་ཀྱང་བྱ་དང་འབྲེལ་བའི་ལས་དོན་གཉེར་མཁན་རྣམས་ནས་གཟབ་གཟབ་གནང་རྒྱུ་དང་། ལྷག་པར་དུ་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་ས་གནས་ཁག་ལ་ཡིད་གཟབ་གནང་དགོས་པའི་ལམ་སྟོན་ཕེབས་དོན་བཞིན་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བོད་མིའི་གཞིས་སྒར་དུ་གནས་བཞུགས་བོད་མི་རྣམས་ནས་ཡིད་གཟབ་གནང་དགོས་པའི་ལམ་སྟོན་གནང་སོང་།རྩ་བའི་འདས་པའི་བདུན་ཕྲག་འདིའི་ནང་ཏོག་དབྱིབས་གནས་སྟངས་དང་འབྲེལ་རྒྱ་གར་ནང་གི་བོད་མིའི་འདུ་སྡོད་ཁག་ཏུ་བོད་མི་ ༢༥ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་། དེའི་ཁྲོད་ནས་ལོ་ན་རྒན་ཤོས་དེ་  ༧༡  དང་ལོ་ན་ཆུང་ཤོས་དེ་ ༡༤  བཅས་ཆགས་ཀྱི་ཡོད་པ་རེད།

རྒྱ་བལ་གཉིས་ཀྱི་ནང་བོད་མི་ ༤༤ ལ་ཏོག་དབྱིབས་གཉན་རིམས་ཕོག་པ་དང་བོད་མི་ ༢ འདས་གྲོངས།

གཟའ་འཁོར་འདིའི་ནང་བཙན་བྱོལ་བོད་མིའི་འདུ་སྡོད་ཁྲོད་ཏོག་དབྱིབས་གཉན་རིམས་ཕོག་པ་བོད་མི་ ༤༤ དང་ ༢ འདས་གྲོངས་སུ་གྱུར་འདུགཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༣༦ སྤེལ་སྐབས་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གཟའ་འཁོར་འདིའི་ནང་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་བོད་མིའི་འདུ་སྡོད་ས་ཁུལ་ཁག་ཏུ་བོད་མི་ ༤༤ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་དེའི་ཁོངས་ནས་རྒྱ་གར་ནས་བོད་མི་ ༣༦ དང་བལ་ཡུལ་ཁུལ་ནས་ ༨ བཅས་ལ་གཉན་རིམས་དེ་ཕོག་ཡོད་པར་མ་ཟད། དེའི་ཁྲོད་ནས་ལོ་ན་རྒན་ཤོས་དེ་ ༨༧ དང་ལོ་ན་ཆུང་ཤོས་དེ་ ༧ བཅས་ཆགས་ཀྱི་འདུག་པ་དང་། ནད་ཡམས་དེའི་རྐྱེན་གྱིས་ལྷོ་ཕྱོགས་སྦེལ་ཀོབ་ནས་སྐྱེས་པ་རང་ལོ་ ༣༡ དང་ལ་དྭགས་ནས་སྐྱེས་མ་རང་ལོ་ ༦༧ སོན་པ་བཅས་བོད་མི་གཉིས་འདས་གྲོངས་སུ་གྱུར་འདུག གསར་འགོད་ལྷན་ཚོགས་ཐོག་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ད་ལྟའི་ཆར་རྒྱ་གར་ནང་ལ་ནད་མནར་དང་འདས་གྲོངས་སུ་གྱུར་བའི་གྲངས་འབོར་དེ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་མུས་ལ་བརྟེན་བོད་མི་མང་ཚོགས་ཀྱི་ངོས་ནས་སྔོན་འགོག་སོགས་ཀྱི་གནང་སྒོ་ཁག་ལ་ཐུགས་སྣང་དང་ལྷག་དོན་བླ་གཉན་ནད་རིགས་ཡོད་པ་དང་ལོ་ན་བགྲེས་པ་ཚོར་སྡང་བ་ཡོད་སྟབས་ཐུགས་གཟབ་གནང་དགོས་སྐོར་ལམ་སྟོན་གནང་ཡོད་པར་མ་ཟད།དེ་བཞིན་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ད་ལྟའི་ཆར་ཧི་མཱ་ཅལ་མངའ་སྡེའི་ཁུལ་དུ་ཏོག་དབྱིབས་གཉན་རིམས་ཕོག་མཁན་གྱི་གྲངས་འབོར་དེ་ཚད་མཐོ་པོར་བསླེབས་ཡོད་པ་དང་། དེང་ཆར་གནམ་གཤིས་གྲང་ངར་ཆེ་རྐྱེན་ཁ་བ་འབབ་ཀྱི་ཡོད་སྟབས་ཡུལ་སྐོར་སྤྲོ་འཆམ་པ་མི་ཉུང་བ་ཞིག་ཁ་བ་ལྟ་བར་ཡོང་གི་ཡོད་པས་བཞུགས་སྒར་དུ་གནས་འཁོད་བོད་མི་མང་ཚོགས་ཀྱིས་ཡིད་གཟབ་དགོས་ཞེས་གཞེན་སྐུལ་ནན་པོ་གནང་སོང་།དེའི་བར་ན། ཁ་སང་ཕྱི་ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་རྒྱ་གར་དབུས་གཞུང་དང་ཧི་མཱ་ཅལ་མངའ་སྡེའི་ནང་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཕོག་མཁན་གྱི་གྲངས་འབོར་ཇེ་མང་འགྲོ་བཞིན་པ་དང་། དྷ་ས་བཞུགས་སྒར་དུའང་ཡུལ་སྐོར་སྤྲོ་འཆམ་ཡོང་མཁན་ཡོད་ཁོངས་ Truind རི་རྩེ་དང་བྷག་སུ། མེག་གྷན་བཅས་སུ་སྤྲོ་འཆམ་ཡོང་མཁན་མི་ཉུང་བ་ཡོད་པ་ས་ཆ་དེ་དག་ནས་ནད་གཞི་འགོ་ཉེན་ཆེན་པོ་ཡོད་སྟབས་སྔོན་འགོག་དང་འབྲེལ་བའི་རྩ་འཛིན་ལག་བསྟར་དགོས་པའི་དོན་ཚན་ ༡༢ ཅན་ཡོད་པའི་བཀོད་ཁྱབ་ཅིག་གནང་འདུག་པ་དང་། དེའི་ནང་གཙོ་བོ་ཟླ་བ་འདིའི་ཚེས་ ༡༧ ནས་ ༢༠ བར་སྲི་ཞུ་བ་རྣམས་ལས་བཅར་མ་དགོས་པའི་སྐོར་ངག་ཐོག་རྩ་འཛིན་ཁུངས་ཁྱབ་སོང་དོན་ལྟར་སླད་མར་ཛ་དྲག་གནས་སྟངས་ལ་གཞིགས་ནས་འཕྲོད་ལས་ནས་ལམ་སྟོན་ཁུངས་ཁྱབ་དེ་དག་རྩ་འཛིན་ལག་བསྟར་ཞུ་དགོས་པ་དང་། ཕྱི་ཟླ་ ༡༢ ཚེས་ ༡ རེས་གཟའ་མིག་དམར་ནས་ཟླ་བ་གཅིག་རིང་ལས་ཁུངས་སོ་སོའི་སྲི་ཞུ་གྲངས་འབོར་གྱི་བརྒྱ་ཆ་ ༥༠ རེ་རེས་མོས་གནང་སྟེ་ལས་བཅར་ཞུ་དགོས་པར་མ་ཟད། ལས་ཁུངས་ཁག་གི་འོག་ལས་ཡོངས་ལ་མདུན་རེའི་ནང་རེས་གཟའ་པ་སངས་ནམ་ཡིན་ལ་ནམ་ཡམས་དང་འབྲེལ་བའི་དཔྱད་བསྡུར་གནང་དགོས་པ། དེ་བཞིན་འབྱུར་འགྱུར་ཡང་རྒྱ་གར་མངའ་གཞུང་གི་ལམ་སྟོན་བཀོད་ཁྱབ་ཇི་ཐོན་སྐབས་བསྟུན་ལམ་སྟོན་གསལ་ཆ་ཡོང་ངེས་ཡིན་པ་སོགས་དོན་གནད་བཅིུས་ཅན་གྱི་བཀའ་ཁྱབ་བསྒྲགས་འདུགགཞི་རྩའི་རྒྱ་བལ་གཉིས་སུ་ཆགས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ད་བར་བོད་མི་ཁྱོན་ ༡༢༧༤ ལ་ Covid-19 འམ་ཏོག་དབྱིབས་གཉན་རིམས་ཕོག་དེ་ཡོད་པ་དང་དེའི་ཁོངས་ནས་དྲག་སྐྱེད་བྱུང་བ་ ༡༠༨༥ དང་ ༣༡ འདས་གྲོངས། དེ་བཞིན་ད་ལྟའི་ཆར་ནད་ཀྱིས་མནར་བཞིན་པ་ ༡༥༨ ཆགས་ཡོད་པ་རེད།ཉེ་ཆར་ཧི་མཱ་ཅལ་མངའ་སྡེ་གཞུང་གིས་མངའ་སྡེའི་རྒྱལ་ས་སིམ་ལ་གཙོས་པའི་ཀངྒ་ར་དང་ཀུ་ལུ། མན་ཌི་བཅས་རྫོང་ཁག་བཞིའི་ནང་གནས་སྡོད་བྱེད་བཞིན་པའི་མང་ཚོགས་རྣམས་ལ་ཟླ་བ་འདིའི་ཚེས་ ༢༣ ཉིན་ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༡༢ ཕྱི་ཚེས་ ༡༥ བར་ཕྱི་དྲོ་ཚོུད་ ༨ ནས་ ༦ པ་བར་ཐེམ་སྤང་བཀའ་རྒྱ་ Curfew ཡིན་པ་དང་དེ་བཞིན་ཁ་རས་ངེས་པར་དུ་གྱོན་དགོས་པ་དང་ཁ་རས་མ་གྱོན་ཚེ་ཧིན་སྒོར་ ༡༠༠༠ ཉེས་ཆད་འགེལ་རྒྱུ་ཡིན་པའི་ལམ་སྟོན་བཀོད་ཁྱབ་གནང་ཡོད་པ་རེད། སླར་ཡང་ཧི་མཱ་ཅལ་མངའ་སྡེའི་ཉེན་རྟོག་སྤྱི་ཁྱབ་པའི་དམིགས་བསལ་དབང་ཚད་ཐོག་ནས་ཅི་སྟེ་ཁ་རས་མ་གྱོན་པའི་རིགས་འབྱུང་ཚེ་ཧིན་སྒོར་ ༥༠༠༠ ཉེས་ཆད་འགེལ་རྒྱུ་དང་ཡང་ན་ཧིན་སྒོར་ ༥༠༠༠ དང་ཉིན་གྲངས་ ༨ རིང་བཙོན་འཇུག་གནང་རྒྱུའི་ཉེས་ཆད་འགེལ་རྒྱུའི་བཀོད་ཁྱབ་གནང་འདུག

Latest news