Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

༸གོང་ས་མཆོག་༸སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་མཛད་འཕྲིན་ཆེ་ཆེར་རྒྱས་དགོས་པ་ནི་བོད་མིའི་འཕྲལ་ཕུགས་གཉིས་ཀའི་བདེ་སྐྱིད་ཀྱི་རྩ་བ་ཡིན།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་གུང་གྲངས་ ༨༢ ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་དུས་ཆེན་ཁྱད་པར་ཅན་འདིའི་ཐོག་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ངོས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་མགོན་པོ་༸གང་ཉིད་མཆོག་ལ་སྒོ་གསུམ་གུས་པའི་ལྷ་ཕྱག་གྲངས་མེད་དང་བཅས་དགའ་དད་སྤྲོ་གསུམ་ངང་ནས་འཚམས་འདྲི་ཞུས་པ་མ་ཟད། ༸གོང་ས་མཆོག་༸སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་པ་དང་མཛད་འཕྲིན་ཆེ་ཆེར་རྒྱས་དགོས་པ་ནི་བོད་མིའི་འཕྲལ་ཕུགས་གཉིས་ཀའི་བདེ་སྐྱིད་ཀྱི་རྩ་བ་ཡིན་ཞེས་གསུང་སོང། དེའང་དེ་རིང་༸སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་སྩལ་བའི་བཀའ་ཤག་གི་ཡོངས་ཁྱབ་གསུང་བཤད་ནང། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་གི་འགོ་ཁྲིད་གཞན་སུ་ཞིག་དང་བསྡུར་ཐབས་ཀྱང་མེད་པའི་དབུ་ཁྲིད་ཁྱད་དུ་འཕགས་པ་ཞིག་ཡིན་པ་དང། ༸རྒྱལ་དབང་མཆོག་གིས་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ཆིག་སྒྲིལ་གྱི་ནུས་པ་ཡང་རྩེར་སོན་ཐུབ་པ་དང་བོད་ཀྱི་ཆོས་བརྒྱུད་ཁག་གི་དབར་ཐུགས་མཐུན་དམ་གཙང་བྱུང་ཐུབ་པ་བཅས་བོད་མི་རིགས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་རྨད་བྱུང་གི་མཛད་བཟང་དེ་དག་ནི་༸རྒྱལ་དབང་༸སྐུ་གོང་མ་རྣམས་ཀྱི་མཛད་པ་ཡོངས་རྫོགས་གཅིག་ཏུ་བསྡོམས་པ་ལས་ཀྱང་ལྷག་པ་ཞིག་ཡིན་སྐོར་གསུངས་པ་མ་ཟད། བོད་མིའི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མཐའ་དག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་འཕྲིན་ལས་ཁོ་ནར་རག་ལུས་ཡོད་པས་མགོན་པོ་མཆོག་༸སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་མཛད་འཕྲིན་ཆེ་ཆེར་རྒྱས་དགོས་པ་ནི་བོད་མིའི་འཕྲལ་ཕུགས་གཉིས་ཀའི་བདེ་སྐྱིད་ཀྱི་རྩ་བ་ཡིན་སྟབས། མགོན་པོ་༸གང་ཉིད་མཆོག་གིས་ཇི་ལྟར་མ་ཡིས་བུ་ལ་གདམས་པ་བཞིན་རིན་བྲལ་གྱི་བཀའ་དགོངས་རྣམས་ཇི་ལྟ་བ་བཞིན་བསྒྲུབ་དགོས་པའི་ཐོག་༸གོང་ས་མཆོག་གི་བཀའ་དྲིན་ཤེས་པའི་སྒོ་ནས་རྗེས་དྲན་ཞུ་དགོས་པ་དང། རང་ཅག་བོད་མི་ཚོའི་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་རྒྱུའི་ཐོག་བླ་སློབ་དབར་དང་བོད་མི་ནང་ཁུལ་དམ་ཚིག་གོང་བུ་གཅིག་གྱུར་དགོས་པ་བཅས་ནི་ང་ཚོ་བོད་མི་ཡོངས་ཀྱི་འདོར་དུ་མེད་པའི་འགན་འཁྲི་ཞིག་ཡིན་ཞེས་ནན་སྐུལ་ཞུས་འདུག བཀའ་ཤག་གི་ངོས་ནས་ད་དུང་དེ་རིང་ཁྱད་པར་ཅན་གྱི་དུས་ཚིགས་དང་བསྟུན། བོད་ནང་དམ་བསྒྲགས་བྱེད་རྒྱུ་མཚམས་འཇོག་གིས་རང་ལུས་མེར་བསྲེགས་གནང་མཁན་བོད་མི་ ༡༤༩ གཙོས་པའི་བོད་ཀྱི་བདེན་དོན་ཆེད་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་པའི་བོད་མི་ཡོངས་ཀྱི་མགྲིན་དབྱངས་གཅིག་གྱུར་ཐོག་བོད་མིའི་རང་དབང་བསྐྱར་གསོ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་ལ་གདན་འདྲེན་ཞུ་དགོས་པའི་མངོན་འདོད་ཁག་ལ་རྒྱ་གཞུང་ནས་ཡ་ལན་ངེས་པར་བྱེད་དགོས་ཞེས་སྐུལ་མ་གནང་པ་མ་ཟད། རྒྱ་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་ཀྱི་གནད་དོན་འགྲིག་འཇགས་ཡོང་ཆེད་ཀྱི་ཐབས་ལམ་ཡིན་པ་ལས་འགོག་རྐྱེན་མིན་པ་གསལ་པོ་ངོ་འཕྲོད་པའི་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་འཕྲལ་དུ་འགོ་འཛུགས་བྱེད་དགོས་པ་ནན་བརྗོད་བྱས་པ་དང་ཆབས་ཅིག བཀའ་ཤག་གི་ངོས་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་ཐོག བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཁོ་ན་ལས་རང་བཙན་རྩོད་སྒྲུབ་བྱེད་ཀྱི་མེད་པ་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་བསྐྱར་དུ་ནན་བརྗོད་བྱེད་རྒྱུ་ཡིན་ཞེས་གསུངས་འདུག བཀའ་ཤག་གི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གཞིས་བྱེས་བོད་མིའི་བདེན་དོན་འཐབ་རྩོད་ཙམ་མིན་པར་འཛམ་གླིང་ཞི་བདེ་དང་། འཛམ་གླིང་གི་སྐྱེ་འགྲོ་ཀུན་ལ་བདེ་སྐྱིད་བསྐྲུན་ཐབས་སུ་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་འཕེལ་གཏོང་རྒྱུ་༸སྐུ་ཚེའི་ཐུགས་བསྐྱེད་དམ་བཅའ་ཇི་ལྟར་མཛད་བཞེས་གནང་པ་ལྟར་མཛད་འཕྲིན་རྒྱ་ཆེ་སྐྱོང་བཞིན་པའི་མཛད་རྗེས་ལ་ཆེ་བསྟོད་ཞུས་པ་དང། ལྷག་དོན་གོ་སྐབས་འདི་བརྒྱུད་ཨ་རིའི་སྲིད་འཛིན་མཆོག་ནས་༸གོང་ས་མཆོག་དང་གང་མྱུར་མཇལ་འཕྲད་ཞུ་ཐོག་དབུ་མའི་ལམ་གྱི་སྲིད་བྱུས་དང་བོད་རྒྱའི་དབར་དོན་ཕན་ལྡན་པའི་གྲོས་མོལ་ཡོང་ཆེད་རྒྱབ་སྐྱོར་མུ་མཐུད་ཡོང་བའི་སྐུལ་མ་ཡང་ཞུས་ཡོད་པ་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་དེ་རིང་གི་དུས་ཁྱད་འདིའི་ཐོག་ནས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་ཡོངས་ཀྱིས་མགོན་པོ་༸གང་ཉིད་མཆོག་གི་བླང་དོར་ལམ་སྟོན་མཛད་པ་གང་ཐུབ་ཅི་ཐུབ་ཀྱིས་ཉམས་ལེན་ཞུ་རྒྱུའི་དམ་བཅའ་བསྐྱར་ནན་ཞུ་རྒྱུ་ནི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་དགོས་དོན་སྙིང་པོ་ཆགས་ཡོད་པ་དང། བོད་མི་རྣམས་ཀྱིས་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱིས་བོད་མིའི་འཐབ་རྩོད་སྤྱི་དང་། ཆོས་རིག སྐད་ཡིག་བཅས་པར་དོ་སྣང་ཆེ་རུ་འགྲོ་བཞིན་པར་བསྔགས་བརྗོད་དང་། བོད་མིའི་ཐུན་མིན་ཁྱད་ཆོས་རྣམས་བརྒྱུད་འཛིན་དར་སྤེལ་གནང་དགོས་པ་ནི་གཡོལ་ཐབས་མེད་པའི་ལས་འགན་གལ་ཆེ་ཞིག་ཆགས་ཡོད་པས་གཞུང་མང་འབྲེལ་ཡོད་བཅས་ནས་འགན་འཁུར་ཆེ་བཞེས་གནང་དགོས་ཞེས་གསོལ་འདེབས་ཞུས་འདུག དེ་བཞིན་རྒྱ་གཞུང་གིས་བོད་ཀྱི་ས་ཕྱོགས་གང་སར་འགྲོ་འོང་སོགས་ལ་དམ་དྲག་ཆེ་རུ་འགྲོ་བཞིན་པ་དང་། མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་འཛིན་ཏེ་གནད་དོན་ཆུང་རྩག་ལའང་ས་གནས་ཉེན་རྟོག་པས་བོད་མིར་རྡུང་རྡེག་ཚོད་མེད་བཏང་པ་མ་ཟད། མཐོང་ཆུང་དང་བརྙས་བཅོས་བྱས་པ་གྲངས་ཀྱིས་མི་ལངས་པ་ཡོད་པ་དེ་རིགས་ནི་རྒྱ་ནག་གི་མི་རིགས་འདྲ་མཉམ་གྱི་སྲིད་བྱུས་དང་། ཁྲིམས་ལུགས་གཅིག་གྱུར་གྱི་ལག་བསྟར་ཇི་བཞིན་མེད་པ་དབྱེ་འབྱེད་ཀྱི་རྣམ་པ་གསལ་པོ་ཐོན་བཞིན་ཡོད་སྐོར་གསུངས་པ་དང་ཆབས་ཅིག རིང་མིན་ཚོགས་ལ་ཉེ་བའི་རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་ ༡༩ ཐོག་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་གནས་བབ་སྤྱི་དང་སྒོས་བོད་དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་རྣམས་ལ་བསྐྱར་ཞིབ་དང་། རྗེས་འབྲས་ཇི་འབྱུང་ལ་རྒྱལ་སྤྱིའི་ཁྱོན་ནས་དོ་སྣང་དང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུའི་རེ་བ་འཆང་བཞིན་ཡོད་ཅེས་གསུངས་པ་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་དབར་གྲོས་མོལ་ཡོང་ཐབས་སུ་རྒྱ་ནག་གཞུང་གི་འགོ་ཁྲིད་རྣམས་ནས་མཁྲེགས་འཛིན་གྱི་རྣམ་པ་དོར་ཏེ་གོ་སྐབས་དམ་འཛིན་གྱིས་གྲོས་མོལ་བསྐྱར་དུ་ཡོང་ཐབས་སུ་འབད་བརྩོན་སྔར་ལྷག་གནང་དགོས་པའི་འབོད་སྐུལ་བསྐྱར་ནན་ཞུས་ཡོད་པ་རེད། རྩ་བའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ་པོ་མཆོག་ད་ལྟའི་ཆར་རྒྱ་གར་བྱང་ཕྱོགས་ལ་དྭགས་ནང་བཞུགས་ཞག་མཛད་མུས་ཡིན་པ་དང། དེ་རིང་ལ་དྭགས་ཀྱི་རྒྱལ་ས་སླེ་རུ་༸གོང་ས་མཆོག་དབུ་བཞུགས་ཐོག་ལ་དྭགས་ཡུལ་མི་དང་ས་གནས་བོད་མི་སེར་སྐྱ་མ་ཚོགས་ཁྲི་ཚོ་འགལ་བ་འདུ་འཛོམས་ཀྱིས་༸གོང་ས་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་གྱི་སྒོ་ནས་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་དང། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནསམ་བསྟན་འཕེལ་མཆོག་རྣམ་གཉིས་ནས་ཀྱང་མཛད་སྒོའི་ཐོག་ལྷན་ཞུགས་ཀྱིས་གོང་གསལ་༸སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་གསུང་བཤད་གནང་ཡོད་པ་རེད།    

བོད་མི་ཚོས་ལྷག་བསམ་གཅིག་པོ་མིན་པར་དཔལ་འབྱོར་གྱི་ཐོག་ནས་རོགས་རམ་གནང་དགོས་པ་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་ ༡༤ པའི་ལྟ་གྲུབ་གཙོ་བོ་གསུམ་ལས་རང་ཁ་རང་གསོའི་ལྟ་གྲུབ་ཁྲོད་ཕྱི་རྒྱལ་ཡུལ་གྲུ་ཁག་དང་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་རིགས་དབར་འབྲེལ་ལམ་རྒྱུན་སྐྱོང་ཐུབ་སླད་དང་། ལྷག་དོན་རྒྱ་བལ་འབྲུག་གསུམ་ནང་གི་བོད་མིའི་གཞིས་ཆགས་ཁག་གི་དཀའ་ངལ་རྣམས་སེལས་ཕྱིར་ཕྱི་རྒྱལ་དུ་གནས་སྡོད་བོད་མི་སྤྱི་ཚོགས་ཁྲོད་ནས་ལྟ་རྟོག་སླད་སྤུན་སྲིང་གཞིས་ཆགས་ཀྱི་ལས་གཞི་ཞིག་ཡོད་པ་ལྟར་པོཊ་ལན་ཌི་བོད་རིགས་སྤྱི་མཐུན་ཚོགས་པ་ལས་གཞི་དེར་མཉམ་ཞུགས་ཀྱིས་ཨོ་རི་ས་ཕུན་ཚོགས་གླིང་གཞིས་སྒར་ལ་གཟིགས་སྐྱོང་གནང་རྒྱུ་རེད་འདུག དེ་ཡང་པོཊ་ལན་ཌི་བོད་རིགས་སྤྱི་མཐུན་ཚོགས་པས་ལས་གཞིའི་དེའི་ཁྲོད་ཨོ་རི་ས་གཞིས་ཆགས་ཀྱི་ལས་ཁུངས་དང་མཉམ་འབྲེལ་ཚོགས་ཁང་སོགས་ཉམས་གསོ་གནང་འཆར་ཡོད་པ་དང་། དེའི་ཆེད་ཁྱོན་ཧིན་སྒོར་འབུམ་ ༢༣ གྱི་འགྲོ་སོང་འགྲོ་གྱི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཧིན་སྒོར་འབུམ་ ༡༠ གསོལ་བསྩལ་གནང་གཏན་འཁེལ་ཡོད་པ་དང་འབུམ་ ༡༣ པོཊ་ལན་ཌི་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་མཁོ་སྒྲུབ་གནང་རྒྱུ་ཡིན་འདུག པོཊ་ལན་ཌི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བློ་བཟང་དོན་གྲུབ་ལགས་ཀྱིས་པོཊ་ལན་ཌི་ཉེ་འགྲམ་དུ་གནས་བཞུགས་ཨོ་རི་ས་གཞིས་ཟུར་བོད་མི་ཁག་ཅིག་དང་ཐུག་འཕྲད་ཀྱིས་སྤུན་སྲིང་གཞིས་ཆགས་ཀྱི་ལས་གཞི་ཆེད་ཞལ་འདེབས་མཁོ་སྒྲུབ་ཞུ་སྐབས་ Oregon མངའ་སྡེའི་གྲོང་ཁྱེར་ Eugene ནས་ཡིན་པའི་བོད་མི་འཇིགས་མེད་བློ་བདེ་ལགས་ཀྱིས་ཧིན་སྒོར་འབུམ་ ༡༠ ཞལ་འདེབས་གནང་ཡོད་པ་དང་། མ་དངུལ་ལྷག་མ་རྣམས་ཀྱི་ཆེད་དུ་སང་ཉིན་༸སྐུའི་འཁྲུངས་སྐར་སྐབས་ལས་རིམ་འདྲ་མིན་གོ་སྒྲིག་ཞུ་ཐོག་དཔལ་འབྱོར་བསྡུ་རུབ་གནང་འཆར་ཡོད་པ་གསུངས་སོང་། སྤུན་སྲིང་གི་ལས་འཆར་ནང་ཞལ་འདེབས་གནང་མཁན་འཇིགས་མེད་བློ་བདེ་ལགས་ཀྱིས་གསུངས་པར་ཁོང་དང་ཁོང་གི་བཟའ་ཟླ་གཉིས་ཀ་ཆུང་དུས་ནས་ཨོ་རི་ས་ཕུན་ཚོགས་བོད་མིའི་གཞིས་སྒར་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པར་བརྟེན་ད་ལན་ལས་འཆར་དེའི་བརྒྱུད་རང་གི་གཞིས་ཆགས་ལ་ལེགས་སྐྱེས་འབུལ་རྒྱུ་དང་ལྷག་དོན་༸གོང་ས་མཆོག་གི་འཁྲུངས་སྐར་དང་སྟབས་བསྟུན་མགོན་པོ་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་མ་དངུལ་ཕྲན་བུ་ཕུལ་ཐུབ་པར་དགའ་པོ་བྱུང་ཞེས་གསུངས་སོང་། རྩ་བའི་སྤུན་སྲིང་གཞིས་ཆགས་ཀྱི་ལས་འཆར་འདི་ནི་སྐབས་གོང་མའི་བཀའ་ཤག་གིས་ཕྱི་ལོ་  ༢༠༡༣ ལོ་ནས་འགོ་འཛུགས་གནང་པ་ཞིག་དང་། ལས་གཞི་དེའི་ཁྲོད་ད་བར་སྦེལ་ཇམ་བོད་རིགས་ཚོགས་པས་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་ལ་གཟིགས་སྐྱོང་དང་དེ་བཞིན་ནིའུ་ཡོག་དང་ནིའུ་ཇར་སི་ནས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་དང་བན་ད་ར་ནོར་གླིང་གླིང་བོད་མིའི་གཞིས་སྒར། ཕ་རན་སི་བོད་རིགས་སྤྱི་མཐུན་ཚོགས་པས་ལ་དྭགས་བོད་མིའི་གཞིས་ཆགས་དང་བོས་ཌོན་བོད་རིགས་ཚོགས་པས་ཨ་རུ་ནཱ་ཅལ་མངའ་ཁོངས་སུ་ཡོད་པའི་ཏི་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས། གཞན་ཡང་ཨ་རི་ཁོ་ལོ་ར་ཌོ་མངའ་སྡེ་ནང་རྟེན་གཞི་བྱས་པའི་བོད་རིགས་སྤྱི་མཐུན་ཚོགས་པས་བལ་ཡུལ་གི་ར་སུ་ཝ་བོད་མིའི་གཞིས་ཆགས་དང་ཁེལ་ཕོ་ནི་ཡ་བོད་རིགས་སྤྱི་མཐུན་ཚོགས་པས་བལ་ཡུལ་ནང་གི་ Dorpatan བོད་མིའི་གཞིས་ཆགས་བཅས་ལ་གཟིགས་སྐྱོང་གནང་བཞིན་པ་སོགས་ད་བར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་བདུན་ནས་རྒྱ་གར་དང་བལ་ཡུལ་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་བརྒྱད་ལ་རོགས་སྐྱོར་གནང་ཡོད་པ་རེད།

ཀརྨ་པ་རིན་པོ་ཆེ་མཆོག་ཨ་རི་ནང་༸ཞབས་སོར་བདེ་བར་འཁོད་འདུག

སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཁེ་ན་ཌའི་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་དེ་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་༸ཞབས་སོར་བདེ་བར་འཁོད་འདུག དེ་ཡང་ཨ་རི་བོད་ཀྱི་སྐུ་ཚབ་དོན་ཁང་གི་ངོ་དེབ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཀརྨ་པ་རིན་པོ་ཆེ་མཆོག་དེ་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་༸ཞབས་སོར་བདེ་བར་འཁོད་བསྟུན། རིན་པོ་ཆེའི་བཞུགས་གནས་གསོལ་མགྲོན་ཁང་དུ་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་གཙོས་པའི་དོན་ཁང་གི་ལས་བྱེད་ཁག་ཅིག་དང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག རྩ་བའི་རིན་པོ་ཆེ་མཆོག་ཟླ་ ༧ ཚེས་ ༥ ཉིན་ཨ་རི་དོན་གཅོད་ལས་ཁུངས་སུ་འཚམས་གཟིགས་ལ་ཕེབས་ཀྱི་ཡོད་པ་རེད། གཞི་རྩའི་རིན་པོ་ཆེ་མཆོག་ད་རེས་ཨ་རི་ནང་ཆིབས་བསྒྱུར་མ་བསྐྱང་གོང་དུ་ཁེ་ན་ཌའི་ Vancouver གྲོང་ཁྱེར་ནང་བདུན་ཕྲག་གཅིག་ཙམ་རིང་ལ་གྲོང་ཁྱེར་དེའི་སྤྱི་ཁྱབ་པ་སྐུ་ཞབས་Gregor Robertson མཆོག་དང་མཇལ་འཕྲད་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐབས་ལམ་དང་འཆར་གཞི་བཅས་ཀྱི་བརྗོད་གཞི་ཐོག་བཀའ་མོལ་གནང་པ་དང་། ས་གནས་བོད་མིར་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་བཀའ་སློབ་བསྩལ་བ་མ་ཟད། དེ་བཞིན་མངའ་སྡེ་ཨོན་ཊ་རོའོ་བཅས་ཀྱི་ནང་ལ་ཆིབས་སྒྱུར་གྱིས་ཆོས་ཕྱོགས་ཀྱི་མཛད་འཕྲིན་མང་དག་བསྐྱངས་ཡོད་པ་རེད།

དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་རྩོམ་སྒྱུར་ཟབ་སྦྱོང་ཐེངས་ ༡༢ པ་དབུ་འཛུགས་གནང་སོང་།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་དུ་རྩོམ་སྒྱུར་ཟབ་སྦྱོང་ཐེངས་ ༡༢ དབུ་འབྱེད་ཀྱི་མཛད་སྒོར་ལོ་རྒྱུས་སློབ་དཔོན་བྱམས་པ་བསམ་གཏན་ལགས་ཀྱིས་འཛམ་གླིང་འདིའི་སྟེང་ཡོད་པའི་ནང་པའི་གཞུང་ལུགས་ཀྱི་ལྟ་གྲུབ་དེ་བོད་མི་ཚོས་ཉར་ཚགས་བྱས་པ་ཙམ་མིན་པར་གཞུང་ལུགས་ཀྱི་ཚིག་དོན་གཉིས་ཀར་བྱང་ཆུབ་པ་ཡོད་མཁན་དེ་བོད་པ་མ་གཏོགས་གཞན་སུ་གཅིག་མེད་པ་རེད་ཅེས་གསུངས་སོང་། དེ་རིང་ཟླ་ ༧ ཚེས་ ༡ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་རྩོམ་སྒྱུར་ཟབ་སྦྱོང་ཐེངས་པ་ ༡༢ པའི་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བྱམས་པ་བསམ་གཏན་ལགས་ཀྱིས་གཙོས། བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་དོར་ལགས་དང་དེ་ལས་དྲུང་ཆེ་དང་འབྲེལ་ཡོད་ལས་བྱེད། དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་མཉམ་ཞུགས་བ་བཅས་ལྷན་འཛོམས་གནང་འདུག སྐབས་དེར་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བྱམས་པ་བསམ་གཏན་ལགས་ཀྱིས་ལོ་ཙྭ་བ་ཞིག་ནི་རང་ཉིད་ཀྱི་ཆེད་ལས་དེའི་བརྒྱུད་ནས་འཚོ་རྟེན་ཡག་པོ་དང་དཔལ་འབྱོར་ཕྱུག་པོ་བཟོ་རྒྱུ་ལས་ལྷག་པ་རང་ངོས་ནས་བསྒྱུར་བའི་བརྩམས་ཆོས་དེ་མི་རབས་ནས་རབས་བར་གནས་ནས་ཕན་ཐོགས་པ་ཞིག་ཡོང་བ་བྱ་རྒྱུ་ནི་ལོ་ཙྭ་བའི་དགོས་དམིགས་གནད་ཆེ་ཞིག་ཡིན་སྐོར་ལམ་སྟོན་གནང་སོང་། ལྷག་པར་དུ་དེང་གི་ཆར་འཛམ་གླིང་འདིའི་སྟེང་ནང་པའི་ཆོས་ལ་ཐོས་བསམ་སློབ་གཉེར་བྱེད་དགོས་ན་ངེས་པར་དུ་བོད་ཀྱི་སྐད་ཡིག་ལ་མ་བསྟེན་ཐབས་མེད་ཞིག་ཆགས་ཡོད་ཅེས་གསུངས་སོང་། ཁྱད་པར་དུ་ད་ལྟ་འཛམ་གླིང་འདིའི་སྟེང་ཡོད་པའི་ནང་པའི་གཞུང་ལུགས་ཀྱི་ལྟ་གྲུབ་དེ་བོད་མི་ཚོས་ཉར་ཚགས་གནང་པ་ཙམ་མིན་པར་གཞུང་ལུགས་ཀྱི་ཚིག་དོན་གཉིས་ཀར་བྱང་ཆུབ་པ་ཡོད་མཁན་དེ་བོད་པ་མ་གཏོགས་གཞན་སུ་གཅིག་མེད་པ་རེད་ཅེས་གསུངས་ཡོད། ཁོང་གིས་སྤྱིར་དེ་སྔ་ལོ་ཙྭ་བ་རྣམས་ཀྱིས་བོད་སྐད་ནང་དུ་བསྒྱུར་བའི་བརྩམས་ཆོས་དེ་དག་རིག་གནས་ཆེ་བ་ལྔའི་ཁོངས་ནས་བརྒྱ་ཆ་ ༩༠ ལྷག་ནང་དོན་རིག་པ་ཆགས་ཡོད་སྐོར་གསུངས་པ་དང་ཆབས་ཅིག  འཛམ་གླིང་འདིའི་ཐོག་སྐད་ཡིག་གཅིག་ནས་གཅིག་ཏུ་སྒྱུར་བ་མང་པོ་ཡོད་ཀྱང་། བོད་མི་ཚོས་སྐད་ཡིག་གཞན་ཞིག་ནས་བོད་སྒྱུར་ཞུས་པ་ལྟར་མི་གཞན་ཚོས་དེ་ལྟར་ཐུབ་ཀྱི་མ་རེད་ལགས། བོད་སྒྱུར་ཞུས་པ་དེའང་སྒྱུར་གྲངས་ཕོན་ཆེ་ཙམ་མིན་པར་ལམ་སྟོན་ངེས་ཅན་དང་སྒྲིག་གཞི་གཏན་འབེབས་འོག་ནས་བསྒྱུར་ཡོད་པ་ཞིག་རེད་ཅེས་ནན་བརྗོད་གནང་སོང་། རྩ་བའི་རྩོམ་སྒྱུར་ཟབ་སྦྱོང་དེ་བོད་ཀྱི་དཔེ་མཛོད་ཁང་ནས་བོད་པའི་སྤྱི་ཚོགས་ཁྲོད་དུ་རྩོམ་སྒྱུར་ཆེད་ལས་དོ་གཉེར་ཅན་ལ་ཆེད་དམིགས་ཀྱིས་ཕྱི་ལོ་ ༢༠༠༦ ལོ་ནས་དབུ་བཙུགས་པ་ཞིག་ཡིན་པ་དང་། དེའང་ལོ་ལྟར་ཟླ་ ༧ ནས་ཟླ་ ༩ བར་སློབ་ཕྲུག་སེར་སྐྱ་ཁྱད་མེད་གྲངས་ ༣༠ ལ་རིན་མེད་ཐོག་ཟབ་སྦྱོང་གནང་གི་ཡོད་པ་རེད། ད་བར་མཁྱོན་སློབ་མ་ ༣༠༠ ལྷག་ལ་ཟབ་སྦྱོང་གནང་ཐུབ་པ་བྱུང་འདུག་པ་དང་། ཟབ་ཁྲིད་ཀྱི་སློབ་ཚན་ཁག་ནི་བོད་ཡིག  ནང་ཆོས། དབྱིན་ཡིག་དང་རྩོམ་སྒྱུར་གྱི་ཐབས་བྱུས་སོགས་ཡིན་པ་རེད། ལྷག་དོན་ཆེད་ལས་མི་སྣ་གདན་ཞུས་ཐོག་གསུང་བཤད་དང་བགྲོ་གླེང་གི་ལས་རིམ་བང་སྒྲིག་འདུག བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་དོར་ལགས་ཀྱིས་ཟབ་སྦྱོང་དེར་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། མཉམ་ཞུགས་གནང་མཁན་ཚོའི་ངོས་ནས་ས་མིག་ཡོད་པ་ལས་མང་བ་ཡོང་གི་འདུག་ཅེས་སོགས་གསུངས་སོང་། རྩ་བའི་ཐེངས་འདིའི་ཟབ་སྦྱོང་ནང་མཐོ་སློབ་འདྲ་མིན་གྱི་སློབ་མ་དང་། གདན་ས་ཁག་གི་དགེ་འདུན་པ། དེ་བཞིན་འབྲུག་བཅས་ནས་ཤེས་ཡོན་གྱི་རྒྱབ་ལྗོངས་མི་འདྲ་བའི་སློབ་མ་གྲངས་ ༤༣ ནས་ལྷན་ཞུགས་གནང་འདུག

སིངྒ་ལའི་དེབ་ཐོག་ཏུ་འཁོད་པའི་རླབས་ཆེན་གྱི་བོད་མི་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་པ།

ཁ་སང་ཟླ་ ༦ ཚེས་ ༣༠ ཉིན་རྒྱབ་ཚོུད་ ༤།༠༠ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀིརྟི་བྱེས་པ་གྲྭ་ཚང་གི་དཔེ་མཛོད་ཁང་དུ་སྐུ་མགྲོན་གཙོ་བོ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་དང་ཀིརྟི་བྱེས་པ་གྲྭ་ཚང་གི་དཔེ་མཛོད་འགན་འཛིན་དཀོན་མཆོག་རྒྱ་མཚོ་ལགས། དེ་བཞིན་ཀིརྟིའི་བྱེས་པ་གྲྭ་ཚང་གི་དགེ་ལས་སློབ་མ་དང་། དོ་དབྱིངས་ཅན་གྱི་མང་ཚོགས་བཅས་ལྷན་འཛོམས་ཐོག་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་མཆོག་གིས་བརྩམས་པའི་སིངྒ་ལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་གྱི་བོད་མི་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་། དེབ་དེའི་ནང་གཙོ་བོ་དུས་རབས་ཉི་ཤུའི་མགོ་སྟོད་དུ་སིངྒ་ལའི་ཡུལ་དུ་ཕེབས་པའི་བོད་མི་སྤེན་པ་དོན་གྲུབ་ལགས་ཀྱི་མི་ཚེ་ལོ་རྒྱུས་དང་། ལྷག་པར་དུ་ཁོང་གིས་སིངྒལའི་ཡུལ་གྱི་ནང་པའི་བསྟན་པ་དང་། ཆབ་སྲིད་ཀྱི་རང་དབང་། དེ་བཞིན་སྙན་རྩོམ་རིགས་འདྲ་མིན་བརྩམས་ཏེ་མང་ཚོགས་ཀྱི་རིག་གནས་གོང་མཐོར་བཏང་པ་སོགས་གཙོས་དམ་པ་དེའི་མཛད་རྗེས་ཁག་ཅིག ཡུལ་དེའི་སྲིད་འཛིན་སོགས་གནད་ཡོད་མི་སྣ་དང་མང་ཚོགས་ཚོས་ཁོང་ལ་གདེང་འཇོག་ཇི་ལྟར་གནང་གི་ཡོད་པ་དང་འབྲེལ་བའི་ལོ་རྒྱུས་ཀྱི་དེབ་ཞིག་ཡིན་པ་རེད། དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོར་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་མཆོག་གིས་དེབ་དེ་བརྩམ་དོན་ངོ་སྤྲོད་གནང་པ་དང་སྦྲགས། འདས་པའི་རྒྱལ་རབས་ལོ་རྒྱུས་ཁྲོད་དུ་བོད་པའི་མཁས་པ་གཅིག་གིས་བོད་ནང་ཙམ་དུ་མ་ཟད། རྒྱལ་ཁབ་གཞན་གྱི་ནང་ལ་ཡང་བྱས་རྗེས་རླབས་ཆེན་བཞག་ནས་དཔའ་བོ་སོགས་ཀྱི་མཚན་སྙན་གྲགས་ཐོབ་པ་བྱུང་ཡོད་ཀྱང་། ང་ཚོའི་རྒྱལ་རབས་ཀྱི་དེབ་ཐེར་ཁྲོད་དུ་དེ་ལྟར་མ་གསལ་བར་ལུས་པ་དེ་མང་ཚོགས་ལ་ངོ་སྤྲོད་ཐུབ་ཐབས་དང་། ལྷག་པར་དུ་བོད་རིགས་གཞོན་སྐྱེས་ཚོ་ལ་བོད་མི་རིགས་རྣམས་ལ་གོ་སྐབས་དང་སྡིངས་ཆ། ཁོར་ཡུག་སོགས་རག་ཚེ་རྒྱལ་སྤྱིའི་རྒྱལ་ཁབ་གཞན་གྱི་མི་རིགས་དང་དཔུང་པ་མཉམ་གཤིབ་ཐོག་བསྐྱོད་ཐུབ་མཁན་གྱི་མི་རིགས་ཤིག་ཡིན་པ་ར་སྤྲོད་བྱ་རྒྱུ་སོགས་ལ་ཆེད་དམིགས་ཀྱིས་བརྩམས་པ་ཞིག་ཡིན་པ་གསུངས་སོང་། སྐབས་དེར་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་དང་དཀོན་མཆོག་རྒྱ་མཚོ་ལགས་རྣམ་གཉིས་ནས་དཔེ་ཀློག་གི་མྱོང་ཚོར་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད། གཞི་རྩའི་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་མཆོག་གིས་དཔེ་དེབ་དེའི་ཆེད་དུ་ཕྱི་ལོ་ ༢༠༡༥ ལོ་མཇུག་ཙམ་ནས་འགོ་འཛུགས་ཀྱིས་རྒྱ་གར་གྱི་ས་གནས་འབྲས་ལྗོངས་དང་། གཞན་ཡང་སིངྒ་ལ། འབྲུག་ཡུལ་བཅས་སུ་ཡོད་པའི་སྤེན་པ་དོན་གྲུབ་ལགས་དམ་པ་དེ་ནིད་ཀྱི་ནང་མི་སྤུན་མཆེད་དང་ཐུག་འཕྲད་གནང་པ་མ་ཟད། ལོ་རྒྱུས་ཀྱི་ཡིག་ཆ་ཁག་མཁོ་སྒྲུབ་སོགས་གནང་པར་ཁྱོན་ལོ་གཅིག་དང་ཟླ་བཅུ་ལྷག་གི་དུས་ཚོད་བཏང་འདུག་པ་དང་། དེ་བཞིན་བདག་ཅག་གི་སྟོན་པ་སིངྒ་ལར་ཐེངས་གསུམ་པ་ཕེབས་པའི་སྐོར་བཀོད་འདུག ཁྱད་པར་དུ་ཡུལ་དེའི་ནང་རྒྱལ་བའི་བསྟན་པ་ཐེངས་བཞི་ཉམས་པའི་ལོ་རྒྱུས་དང་། ཕྱི་ལོ་ ༡༩༤༣ ལོར་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་སིངྒ་ལར་ཕེབས་སྐབས་སྤེན་པ་དོན་གྲུབ་དམ་པ་ཁོང་དང་ཐུག་འཕྲད་གནང་པའི་གནད་དོན་སོགས་ཁྱོན་ལེ་ཚན་ ༢༡ དང་ཤོག་གྲངས་ ༢༩༢ འདུག གསར་འགོད་པས་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་མཆོག་ལ་དཔེ་དེབ་དེ་ཐོག་མར་བྲིས་རྩོམ་གནང་པའི་ཀུན་སློང་དང་། དམ་པ་དེ་ཉིད་བོད་མི་ཞིག་ཡིན་པའི་གཏན་ཚིགས་གང་ཡོད་བཅས་དང་འབྲེལ་བཅར་འདྲི་ཞུས་ཡོད།

མ་འོངས་ལོ་གསུམ་ནང་བོད་མི་གསུམ་སྟོང་ལ་ཨ་རིར་སྐྱབས་བཅོལ་གནང་དགོས་པའི་གྲོས་འཆར་བཏོན་འདུག

ཨ་རིའི་གྲོས་ཚོགས་ནང་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིའི་དཀའ་སྡུག་ཁག་སེལ་ཆེད་ཨ་རིའི་གཞུང་ནས་མ་འོངས་ལོ་གསུམ་ནང་བོད་མི་གསུམ་སྟོང་སྐྱབས་བཅོལ་དུ་ལེན་དགོས་པའི་བསྐྱར་དུ་གྲོས་འཆར་ཞིག་བཏོན་འདུག རྩ་བའི་གྲོས་འཆར་དེ་ནི་གཙོ་བོ་ཨ་རིའི་གཞུང་འཛིན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་མི་རྒན་གྲས་སྐུ་ཞབས་ Jim Sensenbrenner མཆོག་ནས་ཕྱི་ལོ་ ༢༠༡༥ ལོར་ Tibetan Refugee Assistance Act ཞེས་པའི་ཁྲིམས་སྒྲིག་འོག་ནས་བོད་མི་སྐྱབས་བཅོལ་བའི་དཀའ་ངལ་སེལ་ཆེད་དུ་བཏོན་གནང་པ་ཞིག་ཆགས་ཡོད་ཅིང་། ད་རེས་ཁོང་གིས་སླར་ཡང་བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་ཕྱོགས་འགལ་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ Zoe Lofgren མཆོག་དང་ལྷན་གྲོས་འཆར་དེ་བཏོན་གནང་པ་དང་སྦྲགས། ཨ་རིའི་གཞུང་ནས་ད་བར་འཛམ་གླིང་ནང་གི་རྒྱལ་ཁབ་དགོས་མཁོ་ཅན་ཁག་ཅིག་གི་མང་ཚོགས་ཀྱི་དཀའ་སྡུག་ཁག་སེལ་ཆེད་འགྲོ་བ་མིའི་བདེ་རྩར་དམིགས་ནས་རོགས་རམ་རྒྱ་ཆེ་གནང་བཞིན་པའི་ལོ་རྒྱུས་ཡོད་པ་ལུང་འདྲེན་གྱིས་ཐེངས་འདིའི་གྲོས་འཆར་འདི་ཡང་རྒྱ་ནག་གཞུང་གི་གཉའ་གནོན་འོག་དཀའ་སྡུག་ཚད་མེད་མྱངས་ནས་རང་ཡུལ་དུ་བསྡད་མ་ཐུབ་པར་རྒྱ་གར་དང་བལ་ཡུལ་ནང་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་གནས་སྟངས་དང་ཁོང་ཚོའི་བདེ་རྩར་དམིགས་ཡོད་པ་གསུངས་འདུག དེ་བཞིན་ཁོང་གིས་གྲོས་འཆར་འདི་ནི་བོད་ཀྱི་གནད་དོན་ཞི་བའི་ཐོག་ནས་འཐབ་རྩོད་གནང་བཞིན་པའི་བཙན་བྱོལ་བོད་མི་སྤྱི་ཚོགས་ཀྱི་བདེ་དོན་ལ་རྒྱབ་སྐྱོར་ཞིག་དང་། ཁོང་ཚོ་རྒྱ་གར་དང་བལ་ཡུལ་ནང་དུ་ཡུལ་དུས་ཀྱི་འགྱུར་བའི་རྐྱེན་འཚོ་རྟེན་དང་དཔལ་འབྱོར་སོགས་ཀྱི་དཀའ་ངལ་ལས་མཐར་ནས་ཨ་རི་ནང་དུ་ཨ་རིའི་བོད་མིའི་གོ་སྐབས་ཤིག་གི་འོག་ནས་རང་གི་ཆོས་དང་རིག་གཞུང་གཅེས་སྲུང་དང་དར་འཕེལ་ཡོང་ཆེད་དུ་ཡིན་པ་ཡང་གསུངས་འདུག ཁྱད་པར་དུ་གྲོས་ཚོགས་འཐུས་མི་ལྕམ་ Zoe Lofgren མཆོག་གིས་གྲོས་འཆར་འདི་ལ་གྲོས་ཚོགས་དང་གཞུང་ནས་རྒྱབ་སྐྱོར་དགོས་གལ་སྐོར་དང་འབྲེལ། བོད་མི་རྣམས་རྒྱ་ནག་གཞུང་གི་དཀའ་སྡུག་འགོ་ལོ་ངོ་བཅུ་ཕྲག་མང་པོ་མྱངས་ཡོད་པ་མ་ཟད། དེའི་ཐོག་ལ་ཉེ་ས་ནས་ ༢༠༡༥ ལོར་བལ་ཡུལ་ནང་ས་ཡོམ་གྱི་གོད་ཆག་ཚབས་ཆེ་ཕོག་པའི་རྐྱེན་ཁོང་ཚོར་དཀལ་ངལ་ཆེན་པོ་འཕྲད་ཡོད་སྟབས་ཨ་རིའི་གཞུང་ནས་བཙན་བྱོལ་བོད་མི་རྣམས་ལ་ཁྲིམས་ལུགས་ལྟར་གཞུང་ནས་སྐྱབས་བཅོལ་བའི་རོགས་རམ་གནང་རྒྱུ་ནི་ཆེས་དགོས་མཁོ་ཅན་ཞིག་ཏུ་གྱུར་ཡོད་པ་གསུངས་ཡོད་པ་རེད། དུས་མཚུངས་ཡང་གྲོས་ཚོགས་འཐུས་མི་ལྕམ་ Betty McCollum མཆོག་ནས་ཀྱང་རང་གི་ཕྱག་སྦྲེལ་གྲོས་ཚོགས་འཐུས་མི་རྣམས་པ་དང་སྲིད་འཛིན་སྐུ་ཞབས་ Trump མཆོག་ལ་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང། དེ་བཞིན་དོན་ཕན་ལྡན་པའི་བོད་རྒྱ་གྲོས་མོལ་ཡོང་ཆེད་དུ་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུས་ཡོད་པ་ PTI གསར་ཁང་ཐོག་གནས་ཚུལ་བཏོན་གནང་འདུག གཞི་རྩའི་ཨ་རིར་བོད་མི་སྐྱབས་བཅོལ་བ་གསུམ་སྟོང་ལེན་རྒྱུའི་གྲོས་འཆར་འདི་ནི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་མི་རྒན་གྲས་སྐུ་ཞབས་ Jim Sensenbrenner མཆོག་ནས་ཕྱི་ལོ་ ༢༠༠༨ དང་༢༠༡༥ སོགས་གྲོས་ཚོགས་སྔ་རྗེས་སུ་བཏོན་གནང་ཡོད་པ་རེད།

བོད་པའི་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་འགོག་རྐྱེན་འཕྲད་བཞིན་ཡོད་ནའང་གོ་སྒྲིག་ཚོགས་ཆུང་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་འདུག

ཟླ་བ་རྗེས་མའི་ཕྱི་ཚེས་ ༧ ནས་ཁེ་ན་ཌ་ནང་ Vancouver International Soccer festival ཞེས་ཁུལ་དེའི་ནང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཅིག་གི་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་འདྲ་མིན་དབར་ལ་རྩེད་འགྲན་ཞིག་ཚོགས་འཆར་ཡོད་པ་ལྟར། ཁེ་ན་ཌའི་ BC Soccer བོུའི་རུ་ཁག་ནས་བོད་པའི་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཆ་རྐྱེན་འདྲ་མིན་བཏོན་ནས་འགོག་རྐྱེན་བཟོ་བཞིན་ཡོད་སྟབས། རྩེད་འགྲན་གོ་སྒྲིག་ཚོགས་ཆུང་ནས་ཁེ་ན་ཌའི་ BC Soccer རུ་ཁག་དང་འབྲེལ་ལམ་ཡོངས་སུ་བཅད་ནས་བོད་པའི་བེུད་རུ་ཁག་ལ་འཕྲད་བཞིན་པའི་དཀའ་ངལ་ཁག་ལ་གདོང་ལེན་གྱིས་རྒྱབ་སྐྱོར་གནང་འདུག གནད་དོན་འདིའི་སྐོར་ལ་ CBC བརྒྱུད་ལམ་སྟེང་གནས་ཚུལ་ཐོན་པར། ཐེངས་འདིའི་རྩེད་འགྲན་ཉིན་དང་པོའི་ཐོག་ཁེ་ན་ཌའི་ BC Soccer བོུའི་རུ་ཁག་དེ་ཉིད་དང་བོད་པའི་བོུའི་རུ་ཁག་གཉིས་དབར་ལ་འགྲན་བསྡུར་གནང་གཏན་འཁེལ་ཡོད་པ་དང་འབྲེལ། ཉིན་ཤས་གོང་ Canadaའི་ BC བོུའི་རུ་ཁག་ནས་གོ་སྒྲིག་ཚོགས་ཆུང་ལ་བོད་པའི་བེུད་རྩེད་འགྲན་པ་ཚོའི་མིང་དང་བོད་ཀྱི་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཆོག་མཆན་བཀའ་འཁྲོལ་ཡིག་ཆ་ཁག་སོགས་བསྟན་དགོས་པའི་ཆ་རྐྱེན་ཁག་ཅིག་བཏོན་ཡོད་པ་རེད་འདུག འོན་ཀྱང་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་གཙོ་འཛིན་སྐུ་ཞབས་ Adri Kamael ལགས་ནས་རྩེད་འགྲན་འདི་ནི་མི་རིགས་དང་རྒྱབ་ལྗོངས། ཡིག་ཆ་ཇི་ཡོད་སོགས་ལ་མ་ལྟ་བར་གུས་བརྩི་དང་འདྲ་མཉམ་གྱི་ལྟ་གྲུབ་གཙོ་བོར་བཞག་ནས་འགྲོ་གི་ཡོད་སྟབས། ཁེ་ན་ཌའི་བོུའི་རུ་ཁག་གི་བཏོན་པའི་ཆ་རྐྱེན་ཁག་ལ་ངོས་ལེན་གནང་ཐབས་མེད་པ་མ་ཟད། རུ་ཁག་དེ་ཉིད་རྩེད་འགྲན་ཁོངས་སུ་མ་ཞུགས་རོགས་ཞེས་ལན་འདེབས་གནང་འདུག ལྷག་པར་དུ་སྐུ་ཞབས་ Adri Kamael ལགས་ཀྱིས་བརྒྱུད་ལམ་དེའི་ཐོག་ད་རེས་བོད་པའི་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་དེ་Canada ནང་དུ་འཛམ་གླིང་ཁག་ཅིག་གི་བོུའི་རུ་ཁག་དང་མཉམ་དུ་ཐེངས་དང་པོ་འགྲན་བསྡུར་གནང་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག ད་དུང་ VISF རྩེད་འགྲན་གོ་སྒྲིག་ཚོགས་ཆུང་ནས་ཁོང་ཚོར་གནོན་ཤུགས་དང་དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་རུང་། འདི་ལོའི་རྩེད་འགྲན་དེ་དུས་ཚོུད་དང་ས་གནས་ཆ་བགོས་ལྟར་འགྲི་རྒྱུ་ཡིན་པ་ལས་འགྱུར་བ་གང་ཡང་མེད་པའི་ཐོག ཕྱི་ཟླ་༧ ཚེས་༧ཏེ་ཉིན་དང་པོར་ བོད་པའི་བེུད་རུ་ཁག་དང་ཁེ་ན་ཌའི་ BC Soccer རུ་ཁག་དབར་རྩེད་འགྲན་གནང་རྒྱུ་ཡིན་ཞེས་གསུངས་འདུག རྩ་བའི་ཨ་རི་བ་ཁེ་སི་ལགས་ནས་སྣེ་ཁྲིད་པའི་ཐེངས་འདིའི་བོད་པའི་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་དེ་སྔ་ཨ་རིར་སྐྱོད་རྒྱུར་མཐོང་མཆན་ཐོབ་མེད་ནའང་། ད་རེས་རྩེད་འགྲན་པ་བོུ་ ༡༤  ཡོད་པ་རྣམས་ལ་ཁེ་ན་ཌར་བསྐྱོད་རྒྱུའི་མཐོང་མཆན་ཐོབ་ཡོད་པ་མ་ཟད། ཕྱི་རྒྱལ་དུ་རྒྱལ་ཁབ་འདྲ་མིན་གྱི་རུ་ཁག་དང་མཉམ་དུ་འགྲན་བསྡུར་ཐེངས་དང་པོ་གནང་གི་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་ཨ་རི་བ་ Cassie ལགས་ནས་སྣེ་ཁྲིད་པའི་རུ་ཁག་དེ་ནི་མི་སྒེར་ཞིག་བཙུགས་པའི་རུ་ཁག་ཅིག་ལས་བོད་རྒྱལ་ཡོངས་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་ཅིག་ཏུ་ངོས་འཛིན་གནང་གི་མེད་པ་རེད།        

དུས་དབང་ཐེངས་ ༣༤ པའི་དངུལ་ལྷག་མ་སྒོར་ས་ཡ་ ༣༡ མན་ཙམ་ཡོད་པ་དེ་བོད་མིའི་སྤྱི་ཚོགས་ཀྱི་བདེ་རྩར་བགོས་འགྲེམས་གནང་འདུག

དེ་རིང་ཟླ་ ༦ ཚེས་ ༢༨ ཉིན་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་འདས་མ་ཐག་པ་དུས་འཁོར་དབང་ཆེན་ཐེངས་ ༣༤ པའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། ཚོགས་གཞོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་དབུས་པའི་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་དང་ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་བཅས་ཆེད་ཕེབས་ཀྱིས་དུས་འཁོར་དབང་ཆེན་ཐེངས་ ༣༤ པའི་དངུལ་བྱུང་སོང་བསྡད་གསུམ་གྱི་མཐའ་མའི་རྩིས་ཁྲ་ཁག་གསལ་བསྒྲགས་གནང་སོང་། ཁྱོན་ཡོང་ཁུངས་བྱུང་སྒོ་བཞི་ནས་བསྡོམས་ཧིན་སྒོར་ས་ཡས་ ༣༠༣,༦༤,༡༠༣༤ དང་། འགྲོ་གྲོན་སོང་སྒོར་ ༢༡ གི་ཐོག་ནས་ཁྱོན་བསྡོམས་སྒོར་ས་ཡ་ ༢༧༢,༦༩,༢༥༩༩ གནས་འདུག་པས། དངུལ་འབོར་ལྷག་བསྡད་པ་བསྡོམས་སྒོར་ས་ཡ་ ༣༠,༩༤,༨༤༣༥ བཅས་འདུག དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་མཆོག་གིས་གསར་འགོད་ལྷན་ཚོགས་ཐོག་འདས་མ་ཐག་པའི་དུས་དབང་གི་དངུལ་ལྷག་མ་ཧིན་སྒོར་ས་ཡ་ ༣༡ མན་ཙམ་ཡོད་པ་ཆ་ཚང་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྔོན་བསྩལ་རྩ་འཛིན་ལམ་སྟོན་ཇི་བཞིན་བོད་མིའི་སྒྲིག་འཛུགས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་རྩར་བགོས་འགྲེམས་གནང་ཡོད་པ་གསུངས་སོང་།  དེའི་ནང་ནས་དངུལ་འབོར་མང་ཤོས་སྒོར་ས་ཡ་བཅུ་ཐམ་པ་གདན་ས་ཁག་གི་དཔེ་འཁྲིད་དགེ་རྒན་དང་། གཞུང་ཆེན་སློབ་གཉེར་གནང་མཁན་ཁྲོད་མཆིན་པའི་གཉན་ཚད་ནད་གཞིའི་སྨན་བཅོས་ཞུ་ཆེད་དུ་བཏང་གནང་འདུག དེ་བཞིན་དུས་དབང་གོ་སྒྲིག་ཚོགས་ཆུང་ལ་མཐུན་འགྱུར་གནང་མཁན་རྣམས་ལ་ཐུགས་རྗེ་ལེགས་འབུལ་སྒོར་ས་ཡ་ ༩ ལྷག་ཙམ་དང་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་རྒན་གསོ་ཁང་ཁག་གི་ཆེད་ས་ཡ་བཞི་དང་འབུམ་དགུ་ཙམ་དང་གཞན་ཡང་མ་སུ་རི་བོད་ཁྱིམ་སློབ་གྲྭའི་གཞི་རིམ་སློབ་གྲྭ་མཐར་སོན་རྗེ་མཐོ་སློབ་སློབ་ཡོན་ཆེད་ས་ཡ་བཞི་ཐམ་པ་སོགས་དོན་ཚན་བདུན་ལ་ཆ་བགོས་གནང་འདུག ཆོས་རིག་བཀའ་བློན་མཆོག་གིས་ཐེངས་འདིའི་མཐའ་བསྡོམས་བྱུང་སོང་འབོར་དང་གསལ་བསྒྲགས་སྔ་མའི་བྱུང་སོང་ཚོད་རྩིས་ཀྱི་གྲངས་འབོར་ལ་བར་ཁྱད་ཕྲན་བུ་སོང་ཡོད་པ་དེ་ནི། གསལ་བསྒྲགས་སྔ་མའི་ནང་གི་ཕྱི་དངུལ་ཁག་ཅིག་གི་ཛ་ཐང་མཐོ་དམའ་སོང་རྐྱེན་ཐོག་མའི་ཚོད་རྩིས་ལྟར་མ་གནས་པ་སོགས་བྱུང་བའི་རྒྱུ་མཚན་ཁ་ཤས་ཡོད་པ་གསལ་བཤད་གནང་སོང་བ་དང། ཁྱད་པར་དུ་དུས་དབང་ཐེངས་ ༣༤ པའི་མཐའ་མའི་རྩིས་ཁྲ་འདི་བཞིན་ད་བར་འགོར་གཞིའི་སྐོར་ལ་འདི་ལྟར་གསུངས་གནང་སོང་། དུས་དབང་ཐེངས་ ༣༤ པའི་ཚོགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་དེ་རིང་སྔ་དྲོ་མཐའ་བསྡོམས་འགྲོ་སོང་གི་བརྒྱ་ཆ་  ༢༩ ལྷག་ཙམ་ཡོན་བདག་ཁག་གི་བསྡུ་འབབ་ཁོངས་ནས་དང་། དེ་འཕྲོས་བརྒྱ་ཆ་ ༧༠ ལྷག་ཙམ་དད་ལྡན་ཆོས་ཞུ་བ་མང་ཚོགས་ཀྱི་ཞལ་འདེབས་ཁོངས་ནས་བྱུང་འདུག་ཅེས་གསུངས་པ་དང་འབྲེལ། འདས་མ་ཐག་པའི་དུས་དབང་སྐོར་གྱི་གསལ་བསྒྲགས་དང་གསལ་བཤད་གནང་མཐར་དུས་འཁོར་དབང་ཆེན་ཐེངས་ ༣༤ པའི་ལས་དོན་ཞུ་སྒོ་མཐའ་དག་ཁྲིམས་སྒྲིག་འགྲོ་ལུགས་དང་ཡོངས་སུ་མཐུན་ཞིང་བྱ་སྤུ་གནོན་གྱི་གོ་རིམ་དང་ལྡན་པ་དང་། མང་ཚོགས་ཞབས་ཞུའི་ལས་དོན་རྣམས་ཀྱང་གནད་དུ་སྨིན་པ་བྱུང་ཡོད་ཅེས་དགའ་སྤྲོ་དང་སྤོབས་པ་ཆེན་པོས་ཞུ་འདོད་བྱུང་ཞེས་སོགས་གསུངས་ཡོད་པ་རེད། གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢ ནས་ ༡༤ བར་གནས་མཆོག་རྡོ་རྗེ་གདན་དུ་བསྩལ་བའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་སྐབས་འཛམ་གླིང་རྒྱལ་ཁབ་ ༩༠ ལྷག་ནས་དད་ལྡན་ཆོས་ཞུ་བ་འབུམ་གཉིས་མན་ཙམ་བཅར་ཡོད་པ་རེད།

བྱང་ཨ་རི་ཁུལ་གྱི་ས་གནས་བོད་ཀྱི་གཞོན་ལྷན་ནས་ཞི་རྒྱ་ཆེ་བའི་བོད་དོན་གྱི་ལས་འགུལ་སྤེལ་རྒྱུར་ཐག་གཅོད་བྱུང་འདུག

བྱང་ཨ་རི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༧ མཇུག་སྒྲིལ་དང་འབྲེལ། ཁུལ་དེའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིག་པའི་ཉིན་བརྒྱ་དུས་གཅིག་ལ་ཞི་རྒྱ་ཆེ་བའི་བོད་དོན་གྱི་ལས་འགུལ་སྤེལ་རྒྱུར་ཐག་གཅོད་བྱུང་ཡོད་པ་རེད། བྱང་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཁུལ་དེར་ཟླ་ ༦ ཚེས་ ༢༣ ནས་ ༢༥ བར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་གཙོ་བཞུགས་ཐོག Toronto Washington DC Minnesota San Francisco དེ་བཞིན་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ནས་མཉམ་ཞུགས་ཀྱིས་བྱང་ཨ་རི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༧ ཚོགས་ཡོད་པ་རེད།  འདི་ག་རླུང་འཕྲིན་ཁང་གིས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་སུ་ཐེངས་འདིའི་ཚོགས་འདུ་སྤྱི་དང་སྒོས་ད་ལྟའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གནས་བབ་སྐོར་ལ་བཅར་འདྲི་ཞུས་ཡོད།

Latest news